འབྲེལ་ཡོད་ཡིག་ཆ།

འབྲེལ་ཡོད་ཡིག་ཆ།

སྡེ་ཚན་དང་པོ།

ཤེས་རིག་དམིགས་བསལ་ཚོགས་འདུའི་ཚོགས་བཅར་བར་བསྩལ་བའི་བཀའ་སློབ།
(ཕྱི་ལོ་༡༩༧༧ ཟླ་ ༦ ཚེས་ ༡༡ ཉིན།)

ཚོགས་འདུ་གང་འདྲ་བྱུང་སོང། ཡག་པོ་བྱུང་སོང་ངམ། ཁྱེད་རང་ཚོ་འདོད་པ་ཁེངས་པ་ཞིག་བྱུང་ངམ། སེམས་ཁུར་ཡག་པོ་བླངས་ཏེ་ཚོགས་འདུ་འཚོགས་པ་ཡིན་ནམ། མིས་ག་རེ་ཤོད་ཀྱི་འདུག ག་རེ་བྱེད་ཀྱི་འདུག་བལྟས་ཏེ་བསྡད་པའི་བཟོ་འདྲ་པོ་བྱས་པ་ཡིན། གཏམ་ཡང་ཟོལ་གྱིས་སྨྲ། སྤྱོད་པ་ཡང་ཟོལ་གྱིས་སྤྱད། ཅེས་པ་ལྟར་བྱས་ན་དོན་ཕན་ཡོད་པ་མ་རེད། ང་ཚོ་ཚོགས་འདུ་ཚོགས་པའི་དགོས་དོན་ནི་ལས་དོན་གང་ལའང་དགེ་སྐྱོན་ཡོང་གི་རེད། ཡིན་ན་ཡང་རྩ་བ་ང་ཚོ་ཚང་མའི་བསམ་ཚུལ་ཡག་པོ་བྱུང་ན་བསམ་པ་དེ་རེད་མ་གཏོགས་གཞན་དག་གང་ཡང་མ་རེད། རང་རང་སོ་སོའི་ཉམས་མྱོང་གི་སྟེང་ནས་སྣོན་འཕྲི་ལེགས་བཅོས་གང་འདྲ་བྱེད་དགོས་མིན་ཚང་མས་གོ་སྡུརབྱས་ཏེ་ལས་ཀ་གྲ་འགྲིགས་པ་ཞིག་དང༌། ཚགས་ཚུད་པ་ཞིག་བྱུང་རོགས་བྱས་ན་བསམ་པའི་དོན་དག་དེ་རེད་མ་གཏོགས། ཞེ་ལ་དོན་དག་གཞན་ཞིག་འཆང་སྟེ་ཁ་ནས་འདྲ་ཆགས་ཆགས་ཀྱིས་ཚོགས་འདུ་བསྡུ་བསྐོང་བྱས་ནས་དེ་ཡི་ཐོག་ནས་ཀླད་པ་དཀྲུག་རྒྱུ་དང༌། ལམ་ཕྱོགས་གཞན་དག་ལ་འཁྲིད་རྒྱུའི་བཟོ་འདྲ་པོ་རྩ་བ་ཉིད་ནས་མ་རེད། ཚོགས་འདུ་ཚོགས་པའི་སྐབས་རང་རང་སོ་སོའི་ལྷག་བསམ་གྱི་ཐོག་ནས་ག་རེའི་དགེ་སྐྱོན་མཐོང་བ་དེ་ཟོལ་མེད་བྱས་ཏེ་བཤད་རྒྱུ་ཡོད་པ་བྱུང་ན་ཚོགས་པའི་དགོས་དོན་ཚང་བ་དང༌། ཉིང་ཁུ་ཞིག་ཐོན་ཐུབ་པ་ཡིན་སྟབས་ཡག་པོ་ཡོང་གི་རེད། དོན་དམ་པའི་སེམས་ཁུར་བླངས་ཏེ་ཤོད་རྒྱུ་བྱུང་ན་ཡག་པོ་བྱུང་བ་རེད། འགྲིགས་འདུག ཁྱེད་རང་ཚོ་ཕལ་ཆེར་འདོད་པ་ཁེངས་པ་བྱུང་སོང་ངམ། ཡག་པོ་རེད།

ཐོག་མར་གོ་སྡུར་བྱེད་རྒྱུའི་དོན་རྩ་གོ་སྒྲིག་བྱས་པའི་ཐོག་ཁྱེད་ཚོས་ཉིན་བསྟུད་གོ་སྡུར་བྱས་པ་རེད། ང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ཚང་མས་ཧུར་ཐག་མ་བྱས་དོགས་པ་མེད། ཚང་མས་ཧུར་ཐག་བྱེད་རོགས། ང་རང་ཚོ་བོད་ལུང་པ་ཐབས་སྐྱོ་པོ་འདི་འདྲ་ཞིག་བྱུང་བ་འདི་ང་ཚོར་ཆོས་ཀྱི་ཐོག་ནས་གནས་ཚད་ལོངས་པ་ཡོད་ན་ཡང༌། ཤེས་ཡོན་སྤྱི་བྱིངས་ཐོག་ལ་ང་རང་ཚོ་གནས་ཚད་ལོངས་ནས་འཛམ་གླིང་འདིའི་གདན་གྲལ་དུ་སླེབས་པ་ཞིག་མ་བྱུང་བ་ཡིན་པས་ང་རང་ཚོ་བོད་ལུང་པའི་ནང་ལ་འཐུས་ཤོར་མང་པོ་ཕྱིན་ཏེ། ད་ཆ་ང་རང་ཚོ་སྐྱབས་མེད་མགོན་མེད་ཐབས་སྐྱོ་པོ་འདི་འདྲ་ཞིག་ཆགས་ཏེ་བསྡད་ཡོད་པ་རེད། རྒྱ་མིས་ང་ཚོར་སྡུག་པོ་གཏོང་བ་ལ་འགྱོད་པ་གང་ཡང་མི་འདུག དགྲ་ཁ་གཏད་ཅིག་ཆགས་པ་ཡིན་སྟབས་དགྲས་དགྲ་ལ་སྡུག་སྣ་དགུ་གཏོང་རྒྱུ་ཟེར་བ་དེ་མཐུན་པ་ཞིག་ཡིན་པ་རེད། སྤྱི་སྲོལ་རེད།

འོན་ཀྱང་བར་ལམ་འབྲུག་དང༌། བལ་ཡུལ་ནང་ལ་དོན་དག་གཞི་རྩ་གཏན་ནས་མེད་མཁན་ཞིག་ལ་གནས་ཚུལ་དཀའ་ལས་ཁག་པོ་ཡོང་གི་ཡོད་པ་རེད། ང་ཚོ་རང་གི་ལུང་པ་བྲལ། མིའི་ལུང་པར་གྱར་ནས་འཚོ་བ་སྐྱེལ་དགོས་དུས་དངོས་གནས་དྲང་གནས་སྐྱབས་མེད་མགོན་མེད་རེད། སྐད་ཆ་ཤོད་རྒྱུ་བདེན་པ་ཞིག་ཡིན་ན་ཡང་བདེན་པའི་གཟི་བརྗིད་འཕྲོ་མ་ཐུབ་པ། དབང་དང་ནུས་པ་ཡོད་མཁན་ཞིག་ཡིན་ན་རྫུན་པ་གུང་སྒྲིག་སྟེ་བཤད་པ་ཡིན་ན་ཡང་དེ་ལ་ནུས་པ་ཡོད་མཁན། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཐབས་སྐྱོ་པོའི་དུས་ཚོད་ལ་སླེབས་ཡོད་པ་རེད། ང་རང་ཚོ་རང་རང་སོ་སོས་ནུས་པ་བཏོན། རང་རང་སོ་སོས་ལས་དོན་སྒྲུབ་ཐུབ་པ་ཞིག་མ་བྱུང་ན། སྙིང་རྗེ་རྐྱང་རྐྱང་གི་འོག་ནས་མི་ཚེ་འཁྱོལ་ཐུབ་ཐབས་མེད་པ་དངོས་ཡོད་གནས་ཚུལ་གྱིས་ཁ་གྲག་ཡོང་གི་འདུག འདས་པའི་ལོ་རྒྱུས་ནང་ལ་ང་ཚོ་བོད་མི་རིགས་འདིས་འཐུས་ཤོར་ཆེན་པོ་ཕྱིན་ཡོད། ད་ལྟ་དང༌། མ་འོངས་པར་ཤེས་ཡོན་གང་ཅིའི་ཐོག་ནས་འཛམ་གླིང་གི་མི་གྲལ་ལ་ཚུད་ཐུབ་པ་ཞིག་བྱེད་དགོས་ཀྱི་ཡོད་པ་རེད།

ང་རང་ཚོ་རྒྱ་གར་ལ་འབྱོར་ནས་བཙན་བྱོལ་བ་ཆགས་པའི་ལས་ཀ་དང་པོ་ཤེས་ཡོན་དང༌། གཞིས་ཆགས་ཀྱི་ལས་ཀ་གཉིས་པོ་དེ་གལ་ཆེ་ཤོས་སུ་བརྩིས་ནས་སློབ་གྲྭའི་ལས་ཀ་འདི་དག་ད་ལྟ་བར་ཕལ་ཆེར་ཡག་ཐག་ཆོད་བྱུང་ཡོད། སྔར་མེད་གཞི་རྩ་ཚུགས་པ་རེད། ད་དུང་ང་ཚོས་གཞི་རྩ་ཚུགས་ཡོད་སྙམ་སྟེ་ཆོག་ཤེས་བྱས་པས་མི་འགྲིགས་པར་མིང་དོན་གཉིས་མཚུངས་ཀྱི་གནས་ཚད་ལོངས་པ་བཟོ་དགོས། དེ་སྐོར་སྐད་ཆ་ཚར་གཅིག་གཉིས་བཤད་པས་འགྲིགས་ཐབས་ཡོད་པ་མ་རེད། ཁྱེད་རང་ཚོ་ལས་ཀ་བྱེད་མཁན་དང༌། དེ་བཞིན་སློབ་གྲྭ་སོ་སོའི་ནང་ལས་ཀ་བྱེད་མཁན་ཚང་མས་སེམས་ཤུགས་བསྐྱེད་དེ་ལོ་དང་ཟླ་བ་སྦྲེལ་ནས་དོན་དག་འགྲུབ་པ་ཞིག་བསམ་བློ་གཏོང་དགོས། ལོ་སྦྲེལ་ནས་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་སྟབས་དཀའ་ངལ་ཏན་ཏན་ཡོང་གི་ཡོད་ཀྱང། ཚང་མས་སྔར་བཞིན་སེམས་ཤུགས་མ་ཆག་པར་ཡག་པོ་བྱེད་དགོས།

ང་ཚོ་བོད་མི་མང་ཤེས་ཡོན་གྱིས་ཕོངས་ནས་དཀའ་ངལ་འཕྲད་པ་ཡིན་པས། ད་ཆ་ང་རང་ཚོའི་བོད་ཕྲུག་ཚོ་ལ་ཤེས་ཡོན་གྱི་རྒྱུ་ཆ་ཡོད་ཐག་ཆོད་རེད། བོད་པས་བོད་པར་བསྟོད་ར་བཏང་བ་དང༌། ཀྲོག་ཀྲོག་བྱས་པ་མ་རེད། བློ་གཟུ་བོར་གནས་པའི་སྤྱིར་བཏང་མི་མང་པོ་ཞིག་གིས་བོད་པའི་ཕྲུ་གུར་ཀླད་པའི་རྒྱུ་ཆ་ཡག་པོ་ཡོད་ལུགས་ཤོད་མུས་རེད། ང་རང་ཚོར་རྒྱུ་ཆ་ནི་ཡོད་པ་རེད། ཡོད་པ་དེ་བེད་སྤྱོད་ཡག་པོ་བྱེད་ཐུབ་པ་ཞིག་དགོས་པ་ཡིན་སྟབས་ཚང་མས་གཟབ་གཟབ་བྱས་ཏེ་ཤེས་ཡོན་གྱི་གནས་ཚད་མི་གྲལ་ལ་ཚུད་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས།

ངས་རྒྱུན་དུ་བརྗོད་མུས་ལྟར། མི་ལ་ཤེས་བྱ་ཡོན་ཏན་ཞིག་བྱུང་བ་ཡིན་ན་ཡང་ཤེས་བྱ་ཡོན་ཏན་ནི་ལག་ཆ་ལྟ་བུ་ཡིན། ལག་ཆ་དེ་བེད་སྤྱོད་གང་འདྲ་ཞིག་ལ་བྱེད་དང་མི་བྱེད་རྩ་བའི་ལྷག་བསམ་ལ་རག་ལས་པ་ཡིན་སྟབས། མི་ཁོ་རང་གི་གཞི་རྩའི་བསམ་བློ་གཏོང་སྟངས་ལྷག་བསམ་ཡག་པོ་ཞིག་བྱུང་བ་ཡིན་ན་དེ་ལ་ཅི་ཙམ་གྱིས་ཤེས་བྱ་ཡོན་ཏན་ཆེན་པོ་དང༌། ཡག་པོ་ཞིག་བྱུང་ན་དེའི་ཚོད་ཀྱིས་སོ་སོ་རང་ལ་ཡང་ཚེ་འདིར་སྐྱིད་པ། ཚེ་ཕྱི་མ་ཁས་བླངས་པ་ཡིན་ན་ཕྱི་མར་ཡང་ཕན་པ། ཚེ་འདི་སྐྱིད་པ་ཕྱི་མར་བདེ་བ་ཡོང་རྒྱུ་དང༌། རང་ཉིད་གང་དུ་གནས་པའི་སྤྱི་ཚོགས་སམ། རང་ཉིད་གང་དུ་གནས་པའི་ཡུལ་དེའི་ནང་ལའང་ཕན་ཐོགས་ཡོད་པ། སྤྱིའི་ཞབས་འདེགས་སྒྲུབ་ཐུབ་པ། སྤྱིའི་སྡུག་བསྔལ་སེལ་ཐུབ་པ། ཁེ་ཕན་མང་ཙམ་སྒྲུབ་ཐུབ་པ་བཅས་ཀྱི་ཕན་ཐོགས་ཡོང་གི་མ་རེད་དམ། ཤེས་བྱ་ཡོན་ཏན་གྱི་ལག་ཆ་ཡོད་མཁན་དེའི་རྩ་བའི་བསམ་བློ་ཀྱག་ཀྱོག་ཅིག་བྱུང་བ་ཡིན་ན། དེ་འདྲའི་ཤེས་བྱ་ཡོན་ཏན་དེས་སོ་སོ་རང་ལ་ཡིན་ཀྱང་བྱེད་རྒྱུ་མང་བ་དང༌། བྱེད་རྒྱུ་མང་ཙམ་བྱས་པའི་གྲུབ་འབྲས་ལ་སོ་སོར་བློ་ཕམ་མང་བ་ཡོང་རྒྱུ་ཞིག་དང༌། སོ་སོ་མ་སྐྱིད་པ་ཡོང་རྒྱུ། མི་ཚེ་མགོ་བདེ་དྲན་འཕྲུལ་དང༌། གཡོ་ཁྲམ་གྱི་ངང་ནས་བསྐྱལ་བ་ཡིན་ན་ཚེ་ཕྱི་མ་ཡིན་ཀྱང་བལྟ་རྒྱུ་མེད་པ་ཞིག་དང༌། གཙོ་ཆེ་ཤོས་རང་ཉིད་གང་དུ་གནས་པའི་ས་ཁུལ་དེའི་ནང་ལའང་ཁྲ་གེ་འཁྲུག་གེ་མང་བ། སྐད་ཆ་མང་བ། དོན་མེད་ཚང་མར་བརྡབ་གསིག ཕན་ཐོགས་མེད་པ་ཞིག་བཅས་ཆགས་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་སྟབས་ཤེས་བྱ་ཡོན་ཏན་གཅིག་པུར་ཧ་ལས་རྒྱུ་མི་འདུག ལྷག་བསམ་དག་པོ་དང༌། མི་དེ་སྤུས་དག་པོ་ཞིག་དགོས་ཀྱི་འདུག དེ་གལ་ཆེན་པོ་འདུག

མི་ལྷག་བསམ་དག་པོ་ཡོང་བ་དང༌། མི་བསམ་བློ་སྤུས་དག་པོ་ཆོས་བྱས་ཏེ་ཡོང་དགོས་ཟེར་ནས་ཆོས་བཤད་པ་གཅིག་པུས་འགྲིགས་ཀྱི་མ་རེད། སྨོན་ལམ་དང་འདོན་པ་བཏོན་པས་ཀྱང་ཕན་གྱི་མ་རེད། ལོ་ནས་ལོ་བསྟུད་ཕྲུ་གུ་དང་མཉམ་གཤིབ་བྱས་ཏེ་སྡོད་མཁན་ཆོས་དགེའི་མིང་དང། བླ་མའི་མིང་ཡོད་མེད་ལ་མ་ལྟོས་པར་གཤིབས་ནས་སྡོད་མཁན་ཚོས་ཕྲུ་གུའི་བསམ་བློའི་ནང་ཡ་རབས་ཀྱི་བསམ་བློ་འཇགས་ཐུབ་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་འདུག མི་དེ་ཡ་རབས་ཤིག་བྱུང་བ་ཡིན་ན་ཤེས་བྱ་ཡོན་ཏན་སྣེ་ཁ་གཅིག་གཉིས་ཤིག་མ་གཏོགས་མེད་ན་ཡང་མི་ཚེ་དེ་བཟང་པོ་ཞིག་སྐྱེལ་གྱི་རེད། མི་མ་རབས་ཤིག་ཆགས་པ་ཡིན་ན་ཤེས་བྱ་ཡོན་ཏན་ག་ཚོད་ཡོད་པ་ཡིན་ན་ཡང་སྐྱིད་པོ་ཡོང་གི་མ་རེད། དགེ་རྒན་ཕྲུ་གུ་དང་གཤིབ་སྡོད་མཁན་ཚོས་རྩ་བའི་མིའི་ངོ་བོ་ཡ་རབས་བཟང་པོ་ཡོང་ཐབས་ཡིན་གཅིག་མིན་གཅིག་བྱེད་རྒྱུ་སེམས་ལ་བཅངས་དགོས། གང་ལྟར་ཕྱིན་ཆད་ཤེས་བྱ་ཡོན་ཏན་ཡག་པོའི་ཐོག་ལ་བེད་སྤྱོད་བྱེད་མཁན་ལྷག་པའི་བསམ་པས་རྒྱབ་ཐེག་པ་ཞིག་དགོས་ཀྱི་ཡོད་པ་ཡིན་སྟབས་མི་ཡ་རབས་ཟེར་བ་དེ་ཁྱེད་རང་ཚོ་ཚང་མས་སེམས་ལ་དམིགས་བསལ་གྱི་དོ་སྣང་བྱེད་རོགས་ཞེས་ཟེར་རྒྱུ་ཡིན།

ང་རང་ཚོ་སྤྱིར་བཏང་མི་ཡིན་པའི་ཆ་ནས་ཡིན་ན་ཡང༌། མི་བཟང་པོ་ཞིག་བྱུང་བ་ཡིན་ན་རང་གཞན་གཉིས་ཀར་ཕན་པ་དང༌། མི་བཟང་པོ་མ་བྱུང་ན་རང་གཞན་གཉིས་ཀར་མི་ཕན་པར་གནོད་ཡོང་བ་དང༌། དཀྲུག་ཡོང་མཁན་ཞིག་ཆགས་ཡོང་གི་ཡོད་པ་ཡིན་སྟབས་མི་ཡིན་པའི་ཆ་ནས་ཀྱང་ཕྲུ་གུ་མི་རེ་ངོ་རེ་ཡག་པོ་ཡོང་ཐབས་བྱ་དགོས། སོ་སོ་ཆོས་ལ་ཡིད་ཆེས་ཡོད་རུང་མེད་རུང༌། གང་ལྟར་མིའི་སྤྱི་ཚོགས་ཀྱི་ཞབས་འདེགས་ཡག་པོ་སྒྲུབ་ན་དངོས་སུ་ཚེ་འདི་དང༌། བརྒྱུད་ནས་ཚེ་ཕྱི་མ་གཏན་གྱི་འདུན་མ་འགྲུབ་པའི་དོན་དག་ལ་ཕན་གྱི་རེད། ཁྱེད་རང་ཚོ་སོ་སོ་ཆོས་ཁས་ལེན་མཁན་ཞིག་ཡིན་ན་ནི་བསོད་ནམས་བསགས་པ་དང༌། འཇིག་རྟེན་སྤྱིར་བཏང་གི་ཆ་ནས་བཤད་པ་ཡིན་ན་སོ་སོའི་མི་རིགས་ཀྱི་ཞབས་འདེགས་ཡིན་བསམ་པས་བྱས་ནས་མི་བཟང་པོ་དང༌། མི་ཡ་རབས་བཟོ་རྒྱུ་དེ་ཡིན་གཅིག་ཁྱེད་རང་ཚོས་གཟབ་གཟབ་བྱེད་རོགས།

དེའི་ཐོག་ཏུ་ང་རང་ཚོ་བོད་པའི་ཕྲུ་གུར་སློབ་སྦྱོང་སྤྲད་དེ་བོད་མི་ཡག་པོ་ཞིག་བཟོ་དགོས། བོད་མི་རིགས་ཀྱི་རྐང་མ་འདྲེན་མཁན། རླབས་ཆེན་མི་རིགས་འདིའི་མཇུག་མཐུད་དེ་སྲིད་ཀྱི་ལས་ཀ་ཡིན་ནའང་རེད། ཆོས་ཀྱི་ལས་ཀ་ཡིན་ནའང་རེད། གང་ལྟར་མི་ཐོག་རྒན་པ་དེ་དག་གི་བྱ་བ་ལས་འཕྲོ་རྣམས་མཇུག་སྐྱེལ་མཁན་ཞིག་དགོས་ཀྱི་ཡོད་པ་ཡིན་སྟབས་སོ་སོའི་མི་རིགས་ཀྱི་ལ་ཞེན། ཤ་ཚ་ཤུགས་ཆེན་པོ་དགོས་པ་འདི་གལ་ཆེན་པོ་འདུག ང་རང་ཚོ་དེང་སང་སོ་སོའི་ལུང་པ་བྲལ་ནས་རྒྱ་མིར་ཁ་གཏད་གཅོག་གི་ཡོད་པ་རེད། རྒྱ་མིར་ཁ་གཏད་གཅོག་རྒྱུ་དེ་རྩ་བའི་སེམས་ཤུགས་ཡོད་ནས་ཁ་གཏད་བཅག་པ་མ་གཏོགས་སེམས་ཤུགས་མེད་ནས་བཅག་པ་མ་རེད།

བོད་ནས་ཡོང་མཁན་མི་རིགས་ཀྱི་སེམས་ཤུགས་ཡོད་པ་ཁ་ཤས་ཀྱིས་ཟེར་ན། གྲི་མེ་མདའ་སོགས་གོ་ལག་གི་ནུས་པ་གཅིག་པུས་འདང་གི་མ་རེད། བོད་མིའི་བསམ་བློ་ལ་ཆབ་སྲིད་ཀྱི་དྲག་ཆས་སློབ་སྦྱོང་སྤྲོད་དགོས། བོད་པའི་མིའི་བསམ་བློ་ལ་ཆབ་སྲིད་ཀྱི་དྲག་ཆས་སྤྲས་ཐུབ་ན་འདིས་རྒྱ་མི་ལ་ཁ་གཏད་གཅོག་ཐུབ་ཀྱི་རེད་ཟེར་གྱི་འདུག དེ་བདེན་པ་རེད། དངོས་གནས་དྲང་གནས་བསམ་བློ་ལ་ཆབ་སྲིད་ཀྱི་དྲག་ཆས་ཡག་པོ་ཞིག་སྤྲས་ཡོད་ན། ག་དུས་ཡིན་ཀྱང་དུས་དང་རྣམ་པ་ཀུན་ཏུ་རྒྱ་མི་ཟོས་མི་བདེ་བ་བཟོ་རྒྱུ་དང༌། རྒྱ་མིའི་དབང་སྒྱུར་འོག་ནས་ལངས་ཐུབ་པ་ཞིག་ང་ཚོས་ཏན་ཏན་བྱེད་ཐུབ་ཀྱི་རེད། བསམ་བློར་ཆབ་སྲིད་ཀྱི་དྲག་ཆས་ཡག་པོ་ཞིག་སྤྲས་མ་ཐུབ་ན་གོ་སྐབས་བཟང་པོ་ཞིག་བྱུང་བ་ཡིན་ཀྱང་ང་ཚོས་ཀོ་ཐག་གློད་རྒྱུ་དང༌། འཐུས་ཤོར་རྒྱུའི་ཉེན་ཁ་ཡོད།

རྒྱ་མི་དང༌། དེ་བཞིན་དམར་པོའི་རྒྱལ་ཁབ་མང་པོའི་ནང་ལ་ཆབ་སྲིད་ཀྱི་སློབ་སྦྱོང་དེ་གལ་ཆེན་པོར་བརྩི་གི་ཡོད་པ་རེད། རྒྱ་གར་གྱི་གཙོས་པའི་ལུང་པ་གཞན་དག་གི་ནང་དུ་དེ་ཙམ་རང་ཤུགས་མི་རྒྱག་མཁན་ལྟ་བུ་རེད། སྤྱིར་བཏང་ཤེས་ཡོན་གྱི་སློབ་སྦྱོང་དང༌། ཆབ་སྲིད་ཀྱི་སློབ་སྦྱོང་སྡེ་ཚན་ཐ་དད་ཡིན་ན་ཡང། ང་རང་ཚོ་བོད་མིའི་དེང་སང་གི་གནས་སྟངས་དང་བསྟུན་ནས་སྲིད་དོན་གྱི་ཐོག་ཤུགས་རྒྱག་དགོས་པ་དང༌། བསམ་བློ་གཏོང་དགོས་པ་རེད། སྲིད་དོན་གྱི་གནས་ལུགས་སློབ་ཚན་ནང་ཡོད་མིན་ལ་མ་ལྟོས་པར། བོད་དགེ་སོ་སོས་ཁུར་བླངས་ནས་བསམ་བློའི་ཐོག་སྲིད་དོན་གྱི་ཤུགས་རྐྱེན་ཐེབས་ཐབས་བྱ་རྒྱུ་གལ་ཆེན་པོ་འདུག

ང་ཚོ་བོད་པའི་སློབ་གྲྭ་ཁག་ནས་ཐོན་པའི་ནང་ལ་ལེགས་པའི་ཆ་དང༌། བཟང་པོའི་ཡོན་ཏན་མང་པོ་བྱུང་ཡོད། དེ་ཚོ་དམིགས་བསལ་ངས་བཤད་དགོས་པ་མི་འདུག ཉེས་པའི་ཆ་ནས་གང་འདྲ་བྱུང་ཡོད་དམ་ཟེར་ན། སློབ་གྲྭ་ཁག་ནས་ཐོན་པའི་ཕྲུ་གུ་དྲག་སློབ་ནང་ཡོད་པ་ཁ་ཤས་སློབ་སྦྱོང་བྱེད་འདོད་མེད་པ་ལྟ་བུ་དང༌། སློབ་སྦྱོང་དེ་དགོས་པ་མེད་པ་ལྟ་བུར་བལྟ་བ། ལས་ཁུངས་ཁག་ནས་བཙན་པོ་བྱས་ནས་བཏང་ལུགས། སྡོད་མ་འདོད་པར་ཁ་ཤས་བྱོལ་ཏེ་ཕྱིན་པ་དེ་འདྲ་ཡོང་གི་ཡོད་པ་རེད། མ་གཞི་ཕྲུ་གུ་བརྒྱ་ཕྲག་ནང་ལ་དེ་འདྲ་རེ་གཉིས་ཏན་ཏན་ཡོང་གི་རེད། ཡོང་སྲིད་པ་ཞིག་རེད། ཧ་ལས་རྒྱུ་མི་འདུག་སྟེ། ཡིན་ན་ཡང་མི་དགོས་པ་ཞིག་རེད། ང་རང་ཚོ་བོད་སྤྱི་པའི་དོན་དག་ལས་གཞན་དག་གང་ཡང་མ་རེད།

གཙོ་ཆེ་ཤོས་བོད་ནང་ལ་ཡོད་པའི་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་གྱི་གནས་ཚུལ་ཞིག་རེད། ནམ་ཞིག་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་གི་བསམ་བློའི་ནང་ང་ཚོ་རྒྱ་མིའི་འོག་ལ་སྡོད་དགོས་བྱུང་ཡང་ཁྱད་པར་གང་ཡང་མི་འདུག ང་ཚོ་སྐྱིད་ཐག་ཆོད་ཡོད། ང་ཚོར་བདེ་སྐྱིད་ཆེ་ཐག་ཆོད་ཡོད། ང་ཚོར་རང་བཙན་དང༌། རང་སྐྱོང་གང་ཡང་དགོས་དོན་མི་འདུག ད་ལྟའི་རྒྱ་མིའི་འོག་གི་གནས་སྟངས་འདིས་ང་ཚོ་མ་འགྲིགས་པ་མི་འདུག་ཅེས་དངོས་གནས་བརྒྱ་ཆ་བདུན་ཅུ་དོན་ལྔས་བཤད་སོང་ན། དེའི་ཉིན་མོ་དེ་ནས་ང་ཚོའི་ལས་ཀ་ཚང་མ་ཅམ་གྱིས་བཞག་རྒྱུ་རེད་མ་གཏོགས་བྱེད་དགོས་དོན་མེད། བྱས་ཏེ་དགོས་པའང་མེད། དེ་འདྲའི་དུས་ཚོད་ཅིག་མ་ཤར་བར་དུ་མིས་དེ་རིགས་བྱེད་མཁན་ཡོད་རུང་མེད་རུང༌། ཧོབ་སྟེ་བལྟས་པ་ཡིན་ན་འགྲུབ་ཚོད་ཅིག་ཡོད་རུང་མེད་རུང༌། གང་ལྟར་རྩ་བའི་དོན་དག་དང༌། ལངས་ཕྱོགས་དེ་བདེན་པ་དང་རྒྱུ་མཚན་ལྡན་པ་ཞིག་ཡིན་སྟབས་སེམས་ཤུགས་ཆག་རྒྱུ་དང༌། སྒྱིད་ལུག་བྱེད་ཐབས་རྩ་བ་ནས་མེད་པ་ཞིག་རེད། ཕྲུ་གུའི་བསམ་བློའི་ནང་སློབ་གསོ་གཏོང་སྟངས་ཀྱི་ཐོག་ནས་ཕན་གནོད་ཏན་ཏན་འགྲོ་གི་མེད་དམ་བསམ་པ་འདུག་པས། ཆབ་སྲིད་ཀྱི་སློབ་གསོ་བྱེད་རྒྱུར་ཡིན་གཅིག་མིན་གཅིག་ཁྱེད་རང་ཚོས་ཤུགས་སྣོན་བྱེད་དགོས།

རྒྱ་མིས་མི་བདེན་རྫུན་སྒྲིག་ཁོ་ནས་ཉིན་ནས་ཉིན་བསྟུད། ལོ་ནས་ལོར་བསྟུད་དེ་མིའི་བསམ་བློའི་ནང་བསྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད་ན། ང་རང་ཚོས་བདེན་པའི་རྒྱུ་མཚན་གཅིག་ནས་གཉིས་སུ་བགྲངས་ཏེ་ཁུངས་ལུང་ལྡན་པའི་སྐད་ཆ་ཤོད་ཀྱི་ཡོད་པ་མ་གཏོགས་ང་ཚོས་ཧམ་པའི་སྐད་ཆ་དང༌། དགའ་མི་དགས་མི་བདེན་རྫུན་སྒྲིག་གི་སྐད་ཆ་ཤོད་ཀྱི་མེད། བདེན་པ་བདེན་ཐུབ་ཀྱི་སྐད་ཆ་བཤད་པའི་ཐོག་ནས་མི་ལ་ངེས་པ་རྙེད་ཐུབ་པ་ཞིག་དང༌། མི་ལ་སེམས་ཤུགས་སྐྱེ་ཐུབ་པ་ཞིག་ལོས་ཡོང༌། ཡོང་མ་ཐུབ་པ་མ་རེད། དེ་ཚོ་དོ་སྣང་མ་བྱས་པ་དང༌། ཤུགས་མ་བརྒྱབ་ན་ཡོང་གི་མ་རེད། ང་ཚོས་ཧམ་པ་ཤོད་དགོས་དོན་མི་འདུག རྒྱ་མིར་བསྙོན་འཛུགས་དགོས་པ་མེད། བདེན་པ་བདེན་ཐོག་གི་གནས་ཚུལ་རྣམས་ཡག་པོ་ཤོད་དགོས་ཀྱི་འདུག བོད་པ་ཡིན་པའི་ཆ་ནས་བོད་པའི་སེམས་ཤུགས་ཤིག་དགོས་ཤིང། བོད་པ་སྤྱིའི་ལས་འགན་སྒྲུབ་པ་ལ་སེམས་ཤུགས་དགོས། ཆབ་སྲིད་ཀྱི་སློབ་གསོའི་ཐོག་ནས་བསམ་བློར་དྲག་ཆས་ཀྱི་སེམས་ཤུགས་ཡག་པོ་ཡོད་ན། ང་རང་ཚོར་སྤྱིར་བཏང་གི་ཕྱིའི་དཀའ་ངལ་གང་འདྲ་ཞིག་འཕྲད་པ་ཡིན་ན་ཡང༌། ནང་གི་སེམས་ཤུགས་མ་ཆག་པ་ཡོད་པའི་དབང་གིས་ཉིན་གཅིག་ང་ཚོར་བདེན་པའི་རྒྱལ་ཁ་འཐོབ་པ་ཞིག་ཏན་ཏན་ཡོང་གི་རེད། དེ་འདྲ་ཡིན་སྟབས་ཆབ་སྲིད་ཀྱི་སློབ་སྦྱོང་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག

གཞན་དག་ཟེར་རྒྱུ་མི་འདུག མདོ་དོན་སྙིང་པོ་མི་ཡིན་པའི་ཆ་ནས་བཟང་པོ་ཞིག་དང་ཡ་རབས་ཤིག་ཡོང་ཐབས་བྱེད་དགོས། དེང་སང་འཛམ་བུ་གླིང་ནང་དཀའ་ངལ་དང༌། རྙོག་དྲ་ཆེན་པོ་ཡོང་གི་ཡོད་པ་རེད། སློབ་སྦྱོང་བྱས་པའི་ཤེས་ཡོན་ཡོད་པ་ཚོས་ཤེས་ཡོན་དེའི་ཐོག་ནས་དཀའ་ངལ་སེལ་ཐབས་ཀྱི་ཐབས་ཤེས་མང་པོ་ཞིག་བྱེད་ཀྱི་ཡོད་པ་དང༌། དབང་ཡོད་པས་དབང་བེད་སྤྱོད་བྱེད་པ་དང༌། རྒྱུ་ཡོད་པས་རྒྱུ་བེད་སྤྱོད་བྱེད་པ། རིག་པ་ཡོད་པས་རིག་པ་བེད་སྤྱོད་བཅས་བྱེད་ཀྱི་ཡོད་པ་རེད། རྩ་བའི་མིའི་སྤྱི་ཚོགས་ནང་གི་དཀའ་ངལ་ཡོངས་སུ་རྫོགས་པ་སེལ་ཐུབ་ཀྱི་མེད་ཀྱང། མིའི་བསམ་བློའི་ནང་ཡ་རབས་མང་ཙམ་ཞིག་དང༌། བཟང་པོའི་བསམ་བློ་མང་ཙམ་བྱུང་བ་ཡིན་ན། དཀའ་ངལ་གང་ལ་གང་འཚམ་ཞིག་སེལ་ཐུབ་རྒྱུ་དང༌། མ་རབས་ཀྱི་གནས་ཚུལ་མང་བ་བྱུང་བ་ཡིན་ན་དཀའ་ངལ་མང་བ་ཡོང་གི་ཡོད་པ་ཕྱི་ནང་གང་དུ་བལྟས་ཀྱང་ཤེས་གསལ་རེད། ང་ཚོ་བོད་པར་ཡ་རབས་དང་བཟང་པོའི་བསམ་བློའི་གཞི་མ་ཡོད་པ་ལྟ་བུ་རེད། གཞི་མ་དེ་སྔར་མེད་གསར་དུ་བསྒྲུབ་དགོས་པ་མིན་སྟབས་དེ་ཉར་ཚགས་བྱ་རྒྱུ་ལས་སླ་པོ་རེད། སྔར་མེད་པ་གཞི་ནས་གསར་དུ་བསྒྲུབ་དགོས་བྱུང་ན་ཁག་པོ་རེད།
ད་ལྟ་ང་རང་ཚོར་སྤྱིར་བཏང་ཡ་རབས་དང༌། ཕྲན་བུ་ཁོག་པ་གུ་ཡངས་པོ། བཟང་པོའི་མིག་ལྟོས་ཡོད་པ་འདི་ཚོ་རྒྱུན་འཛིན་ཐུབ་པར་དམིགས་བསལ་དོ་སྣང་དང༌། འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་འདུག བྱེ་བྲག་ཏུ་ང་རང་ཚོ་བོད་མི་རིགས་ད་ལྟའི་གནས་སྟངས་ཁ་ཐབས་སྐྱོ་པོ་འདི་འདྲ་ཞིག་གི་སྒང་ལ་བསྡད་དུས་སོ་སོའི་མི་རིགས་ལ་ཤ་ཞེན་དང༌། སོ་སོའི་མི་རིགས་ལ་སྤོབས་པ་སྐྱེད་ཐབས། ང་ཚོ་བོད་པ་ཟེར་བ་འདི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་བསམ་པ། ང་ཚོ་བོད་པ་སྐྱོ་པོ་མིན་བསམ་པ་བྱེད་དགོས། སྐབས་རེ་འགའ་ཞིག་ནས་རང་གི་རང་ལ་བྱིན་གྱིས་བརླབས་ཟེར་བ་ལྟར་སོ་སོ་སོ་སོས་ཡག་པོ་མ་བྱས་པར་ཞབས་འདྲེན་ཞུས་ཏེ་ཀོ་ཐག་གློད་པ་མ་གཏོགས། རྩ་བའི་ང་རང་ཚོའི་མི་རིགས་སྤྱིའི་ཆ་ནས་རླབས་ཆེན་གྱི་མི་རིགས་ཤིག་དངོས་འབྲེལ་ཆགས་ཡོད། ཞུམ་དགོས་པ་དང༌། དམའ་ཕབ་ནས་སྡོད་དགོས་པ་རྩ་བ་ཉིད་ནས་མེད། དེ་འདྲ་ཡིན་སྟབས་རང་གི་མི་རིགས་འདི་རླབས་ཆེན་ཡིན་པ། དེང་སང་ང་ཚོས་རྩོད་གླེང་དང༌། འཐབ་འཛིང་བྱེད་རྒྱུའི་ངོ་བོ་དྲང་བདེན་དང་དམིགས་ཡུལ་བཟང་པོ་ཡོད་པ། རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་བསྒྲུབ་རྒྱུ་འདི་དག་དྲང་བདེན་འོས་བབ་ཡིན་པ་སོགས་ཀྱི་སློབ་གསོ་རྒྱུན་མཐུད་སྤྲད་དེ་མི་རིགས་ཀྱི་སེམས་ཤུགས་སྐྱེ་ཐུབ་པ་བྱེད་དགོས། རྡོ་དོན་སྙིང་པོ་ཡ་རབས་དང༌། མི་རིགས་ཀྱི་སེམས་ཤུགས་ཡག་པོ་བཟོ་རྒྱུ་དེ་ཁྱེད་རང་ཚོའི་སེམས་ལ་རྒྱུན་བཅངས་བྱེད་དགོས།

ཁྱེད་རང་ཚོ་ལས་འགན་ཧ་ཅང་གལ་ཆེན་པོ་དང༌། ལྗིད་པོ་རེད། གཞིས་ཆགས་ཀྱི་ལས་ཀ་དང་བཟོ་ལས་ཀྱི་འཆར་གཞིའི་ལས་ཀའི་རིགས་ཡིན་ན། གལ་ཏེ་གྲ་མ་འགྲིགས་ཤིག་ཐོན་པ་ཡིན་ན་ཡང་ལོ་གཅིག་གཉིས་ཀྱི་ལོ་ཏོག་གི་རྩ་བ་དང༌། ལོ་གཅིག་གཉིས་ཀྱི་ཚོང་གི་རྩ་བ་རེད། ཁྱེད་རང་ཚོ་འཛིན་གྲྭའི་ནང་ཕྲུ་གུར་སློབ་སྦྱོང་སྤྲོད་མཁན་གྱི་བསམ་བློའི་ཐོག་ལ་སྒྱིད་ལུག་དང༌། འཐུས་ཤོར་ཟླ་བ་གཅིག་གཉིས་དང༌། ལོ་གཅིག་གཉིས་ཕྱིན་པ་ཡིན་ན། འཚར་ལོངས་བྱེད་མཁན་གྱི་ཕྲུ་གུ་དེ་ཚོའི་མི་ཚེའི་རིང་ལ་ཕན་གནོད་འབྲེལ་བ་ཞིག་ཡིན་པས་དོན་དག་ཆུང་ཆུང་གཏན་ནས་མིན། ཆེན་པོ་རེད། དེར་བརྟེན་ཚང་མས་སྙིང་ལ་རུས་པ་བཅུག་ནས་གཟབ་གཟབ་བྱེད་རོགས། ཤེས་སོང་ངམ། ཚུར་ཤོད་རྒྱུ་འདྲ་དང༌། སྐད་ཆ་འདྲི་རྒྱུ་འདྲ་མེད་དམ། བཀྲ་ཤིས་བདེ་ལེགས།། །། (ཕོ་བྲང་ཐེག་ཆེན་ཆོས་གླིང་དུ་ཤེས་རིག་ཁོངས་དམིགས་བསལ་ཚོགས་འདུར་བཅར་འབྱོར་སློབ་གྲྭ་ཁག་གི་འགོ་འཛིན་དང༌། སློབ་དགེ་བཅས་མཇལ་བཅར་སྐབས་བསྩལ་བའི་བཀའ་སློབ།)

སྡེ་ཚན་གཉིས་པ།

ཤེས་རིག་ལས་དོན་གལ་ཆེའི་སྐོར་གྱི་ཚོགས་འདུར་ཕེབས་མཁན་ཚོར་བསྩལ་བའི་བཀའ་སློབ།
(ཕྱི་ལོ་ ༡༩༨༤ ཟླ་བ་ ༩ ཚེས་ ༡༡ ཉིན)

ཁྱེད་རང་ཚོ་ཚང་མ་ལས་དོན་འདིར་རྒྱུས་ཡོད་ཡིན་སྟབས་གང་དགའ་ཅི་ལེགས་ཀྱི་དཀའ་ངལ་སེལ་ཐབས་ཁྱེད་རང་ཚོས་གང་ལྟར་ཚོད་ཐིག་གི་རེད། ཕུགས་རྒྱང་རིང་པོའི་ཆ་ནས་བསྒྲུབ་དགོས་པའི་དམིགས་ཡུལ་གང་འདྲ་ཡོད་མེད་དང༌། ཡང་ཕུགས་རྒྱང་རིང་པོའི་ཆ་ནས་བསྒྲུབ་དགོས་པ་ཡིན་ནའང་ད་ལྟ་འཕྲལ་སེལ་ལམ་སང་ལག་ལེན་ཁེལ་མ་ཐུབ་པ་ཡོད་མེད། ད་ལྟ་ལག་ལེན་འཁེལ་ཐབས་མེད་པ་ཡིན་ནའང༌། མ་འོངས་པའི་ཐོག་བསམ་བློ་བཏང་སྟེ་ཕྱིན་ཆད་ཀྱི་བསམ་བློའི་རྩ་འཛིན་བྱེད་སའི་རིགས་ཤིག་ཡོང་གི་རེད། རིགས་གཅིག་ནི་ད་ལྟ་ལམ་སང་འཕྲལ་སེལ་སྒྱུར་བཅོས་བཏང་སྟེ་གང་དགའ་ཅི་ལེགས་ཀྱི་ཐབས་ཤེས་ལག་ལེན་བྱེད་རྒྱུ་ཞིག་ཡོང་གི་རེད། བྱེད་ཕྱོགས་སྐོར་ད་ལྟ་རོབ་ཙམ་བཤད་པ་དེ་ཚོ་ཡག་པོ་བྱུང་འདུག

དེ་ནས་ཁ་སང་བཀའ་ཤག་དང་སྐད་ཆ་བྱུང་བ་བཞིན། ང་ཚོས་རིག་པ་བསྒྲིམ་དགོས་པའི་དུས་ཚོད་ལ་སླེབས་ཡོད། བར་ལམ་ཞིག་ནས་སློབ་གྲྭ་ཐོན་མཁན་དང༌། ད་ལྟ་སློབ་གྲྭའི་ནང་ཡོད་བཞིན་པའི་སློབ་ཕྲུག་ཚོའི་ཤེས་ཡོན་འཐུས་ཤོར་འགྲོ་གི་འདུག་ཅེས་སྐད་རྒྱག་དགོས་པའི་གནས་ཚུལ་ཡོངས་གྲགས་ཤིག་བྱུང་བ་རེད། སློབ་གྲྭ་ཐོན་པའི་ཕྲུ་གུ་ཚོའི་ཤེས་ཚད་དང༌། འཇོན་ཐང༌། རྩ་བའི་བསམ་བློ་གཏོང་སྟངས་སོགས་ད་ཆ་ལོ་ཉི་ཤུ་རྩ་གྲངས་ཕྱིན་པའི་མཚམས་ལ་ང་ཚོས་མཐོང་ཐུབ་པ་ཞིག་ཆགས་བསྡད་ཡོད།

ངས་ནམ་རྒྱུན་ཕྱི་མི་ཐུག་པའི་སྐབས་ལ་ཡིན་ནའང་ཤོད་ཀྱི་ཡོད། མི་ལ་ཤེས་བྱ་ཡོན་ཏན་རྐྱང་པས་འགྲིག་གི་ཡོད་པ་མ་རེད། ཤེས་བྱ་ཡོན་ཏན་གཅིག་པུ་མ་ཡིན་པར་ཤེས་བྱ་ཡོན་ཏན་གང་ལ་འཇགས་སའི་རྩ་བའི་མི་དེ་དངོས་གནས་དྲང་གནས་ཀྱི་མི་སྤུས་དག་པོ་དང༌། མིའི་མཚན་ཉིད་ཚང་བ་ཞིག་དགོས་པ་འདི་ང་ཚོའི་རྩ་དོན་ཞིག་ཆགས་བསྡད་ཡོད། ཡོན་ཏན་ག་ཚོད་ཡོད་པ་ཡིན་ནའང༌། རྩ་བའི་མི་དེའི་བསམ་བློ་གཏོང་སྟངས། བྱེད་སྟངས་ཡག་པོ་མ་བྱུང་བར་ཀྱག་ཀྱོག་ཅིག་གི་སྒང་ལ་ཕྱིན་ན་ཤེས་བྱ་ཡོན་ཏན་ག་ཚོད་ཡོད་ནའང་སོ་སོ་དོ་བདག་སྐྱིད་པ་ལ་བལྟ་རྒྱུ་ཡང་མེད། སྤྱི་ཚོགས་ནང་ཕན་པ་ལའང་བལྟ་རྒྱུ་ཡོང་གི་མ་རེད། དེ་ང་ཚོ་བོད་པ་གཅིག་པུའི་གནས་ཚུལ་མ་ཡིན་པར་འཛམ་གླིང་ནང་ཆེས་ཡར་ཐོན་ཅན་ཡིན་ཟེར་མཁན་གྱི་ནང་ལའང་གནས་ཚུལ་དེ་ཡོང་དང་ཡོང་བཞིན་པ་རེད། ཤེས་བྱ་ཡོན་ཏན་ཡོད་པའི་ཐོག་ལ་རྩ་བའི་བསམ་བློའི་འཁྱེར་སོ་ཡག་པོ་བྱུང་ན་མི་དེ་ཡག་པོ་འདུག་ཅེས་སུ་འདྲ་ཞིག་ཡིན་ནའང་ཤོད་ཀྱི་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་ལ་ཡིན་ནའང་དེ་འདྲ་རེད།

ང་ཚོའི་དཔེ་བལྟ་ས་དེ་རྒྱ་གར་གྱི་སློབ་གྲྭར་བལྟས། རྒྱ་གར་གྱི་དཔེ་བལྟ་ས་དེ་ནུབ་ཕྱོགས་ཀྱི་སློབ་གྲྭར་བལྟ་གི་ཡོད་པ་རེད། མཐར་ཐུག་དཔེ་བལྟ་ས་ནུབ་ཕྱོགས་ཀྱི་སློབ་གྲྭ་ཚོའི་ནང་ལ་ཆ་བཞག་ན། རིགས་གཅིག་གིས་ཆོས་བསླབས་ན་འགྲིག་གི་མ་རེད་ཅེས་ཤོད་ཀྱི་ཡོད་པ་དང༌། དེང་སང་ནི་ཆོས་ཀྱི་བསླབ་བྱ་གལ་ཆེན་པོ་འདུག་ཅེས་ཤོད་ཀྱི་ཡོད། གང་ལྟར་ཡང་ཤེས་ཡོན་ཡར་རྒྱས་ཚད་མཐོ་ཤོས་སླེབས་མཁན་གྱི་ལུང་པ་ཚོའི་ནང་ལ་ཡང་ད་ལྟ་ཕན་ཆད་སློབ་གྲྭའི་ནང་ལ་སློབ་སྦྱོང་སྤྲོད་སྟངས་འདི་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་ཆ་ཚང་སྤྲོད་མཁན་ཡག་ཤོས་ཤིག་ཡིན་མིན་ཐེ་ཚོམ་རེད། གང་ལྟར་དུས་ཚོད་འགྱུར་བ་ཕྱིན་པའི་སྐབས་སུ་དེ་ཚོའི་ཐོག་ལ་བསམ་བློ་གསར་པ་གཏོང་མ་ཐུབ་པའི་གནས་ཚུལ་ཆགས་བསྡད་ཡོད།

ང་རང་ཚོར་མཚོན་ན་དེང་དུས་ཤེས་ཡོན་གྱི་ལམ་སྒོར་ཞུགས་པ་ད་རེས་དང་པོ་རེད། ང་ཚོ་ལ་ཉམས་མྱོང་གང་ཡང་མེད། ཡིན་ནའང་ཕྱོགས་གཅིག་ནས་དེ་སྔ་ལོ་སྟོང་ཕྲག་གི་གོང་དུ་རྒྱ་གར་ནང་བསམ་བློའི་གནས་ཚད་ཤིན་ཏུ་མཐོན་པོར་སླེབས་མཁན་ཚོའི་སློབ་སྦྱོང་ཁག་བོད་ནང་ལ་སླེབས། བོད་ནང་ལ་འཇགས་ཏེ་ད་ལྟ་ང་ཚོར་ནང་པ་སངས་རྒྱས་པའི་ཆོས་རྩ་བར་གྱུར་པའི་སློབ་སྦྱོང་བྱེད་རྒྱུ་མེད་པ་རྩ་བ་ནས་མ་རེད། དེའི་ཆ་ནས་ལུང་པ་གཞན་དག་ཚོས་ལན་མ་ཐེབས་པ་དང། ཐབས་ཤེས་མ་རྙེད་པ་ཞིག་གཅིག་བྱས་ན་ང་ཚོ་ལ་ཡོང་མ་སྲིད་པ་མིན།

ནམ་རྒྱུན་ངས་རྟག་པར་ཁ་ཤོབ་ལྟ་བུར་ཤོད་ཀྱི་ཡོད། བོད་པའི་སྤྱི་ཚོགས་རྙིང་པ་དེ་རྗེས་ལུས་རེད། དེ་ལ་སྐྱོན་མེད་ཅེས་ངས་ཤོད་ཀྱི་མེད། ཡིན་ནའང་སྤྱི་ཚོགས་རྙིང་པ་དེ་ག་ཚོད་ཐབས་རྡུགས་ནའང་དེའི་ནང་འཚར་ལོངས་བྱུང་བའི་བོད་མིའི་རྣམ་འགྱུར་དེ་རང་བཞིན་གྱིས་མི་ལྷོད་ལྷོད་དང༌། རང་བཞིན་བཟང་པོ། སྐྱིད་སྣང་ཡོད་པའི་ཚོར་བ་ཞིག་སྤྱི་ཚོགས་དེའི་ནང་གི་མི་ཚོར་ཡོད་པ་རེད། རྒྱ་མིས་ཟེར་བ་ལྟར་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་ཆེས་གདུག་རྩུབ། ཆེས་ཀླ་ཀློ། ཆེས་མུན་ནག་ཅིག་ཡིན་ན་སྤྱི་ཚོགས་དེའི་ནང་འཚར་ལོངས་བྱུང་བའི་མི་དེ་ཚོའི་གདོང་ལ་བལྟས་པ་ཙམ་གྱིས་རྒྱག་རེས་རྒྱག་ཆོག་ཆོག་དང༌། ལམ་སང་སྡུག་སྐད་རྒྱག་ཆོག་ཆོག་ཅིག་ཆགས་དགོས་ཚོད་ཡོད་ཀྱང། དེ་འདྲ་མེད། སྤྱི་ཚོགས་རྙིང་པ་གང་འདྲ་ཞིག་ཡོད་དང་མེད་དེ་སྤྱི་ཚོགས་རྙིང་པ་དེའི་ནང་ལ་འཚར་ལོངས་བྱུང་བའི་མི་དེ་ཚོའི་གདོང་ལ་བལྟས་ན་ཤེས་ཀྱི་རེད་ཅེས་ངས་ནམ་རྒྱུན་ཤོད་ཀྱི་ཡོད། དཔེར་ན། བར་ལམ་ལོ་འགའ་ཤས་ཕྱིན་ཏེ་མི་ཐོག་གསར་པ་སླེབས་པ་ཚོར་བརྟག་ཞིབ་བྱས་ན། དེ་སྔའི་མི་ཐོག་རྒན་པ་དེ་ཚོར་ཆགས་སྡང་རྨོངས་གསུམ་རང་གཞན་སུ་ལ་ཡིན་ནའང་ཡོང་གི་ཡོད་ཀྱང་ཕྲན་བུ་བརླིང་བ་ཡོད་པའི་བཟོ་འདྲ་པོ། ངོ་ཐོག་རྒྱག་རེས་ཤིག་བརྒྱབ་པ་ཡིན་ནའང་བསམ་གནག་བྱེད་རེས་ལོས་བྱེད་དེ། ཡིན་ནའང་རང་རྒྱུ་མཚན་དུ་བྱས་ཏེ་ངོ་ཚ་དང༌། གཞན་རྒྱུ་མཚན་དུ་བྱས་ནས་ཁྲེལ་ཡོད་ཅེས་པའི་བསམ་བློ་ཕྲན་བུ་ཤུགས་ཆེ་བ་ཡོད་པ་ལྟ་བུ་འདུག

ད་མི་ཐོག་གསར་པ་བརྗེས་པའི་ན་གཞོན་ཚོ་ལ་བལྟས་ན། དཔེར་ན། བོད་ནང་ནས་ཚུར་ཡོང་མཁན་གྱི་ན་གཞོན་འདི་ཚོའི་ནང་ལ་དངོས་གནས་དྲང་གནས་ལྷག་བསམ་ཡོད་པ་རེད། བོད་སྤྱི་པའི་དོན་དག་ལ་སེམས་ཤུགས་དངོས་གནས་ཡོད་ན་ཡང༌། (མཚམས་འདིར་བལ་ཡུལ་དོན་བྱེད་རིན་དར་ལ་གཟིགས་ནས།) རང་གིས་ཕྲན་བུ་ཤེས་མདོག་ཁ་པོ་རེད། བོད་ནས་ཚུར་ཡོང་མཁན་ན་གཞོན་དེ་ཚོའི་གྲས་ལ་དངོས་གནས་དྲང་གནས་ཕྱོགས་གཅིག་ནས་དགེ་མཚན་དཔག་ཏུ་མེད་པ་ཡོད། དངོས་གནས་ཧ་ལས་དགོས་པ། བསྔགས་བརྗོད་བྱེད་འོས་པ་རེད། དེ་དང་ཆབས་ཅིག་ཡ་ཡུད་ཚ་པོ། སྤྲང་རྟགས་ཚ་སི་སི་འདྲ་པོ། ཕྲན་བུ་ཞིག་མ་འགྲིགས་ན་ལམ་སང་མ་རབས་ཀྱི་སྤྱོད་ལམ་རྣམ་འགྱུར་བསྟན་ཡོང་མཁན་ཞིག་མཐོང་གི་འདུག དེ་དག་ཁག་ཁྱོན་ནས་མེད། བོད་ནང་ལ་རྒྱ་མིས་གསར་བརྗེ་ཡིན་ཞེས་གང་ལྟར་ཡང་སྙིང་བོད་ཀྱི་དེ་སྔའི་གོམས་གཤིས་ཆ་ཚང་རྨེག་མེད་དུ་བཏང༌། རྒྱ་མི་ཁོ་རང་ཚོའི་ངོས་ནས་མིའི་མི་ཚེ་སྐྱེལ་སྟངས་འདི་འདྲ་ཞིག་བྱས་ནས་བསྐྱལ་དགོས་ཞེས་ལམ་ཡང་དག་པ་ཞིག་ཁོ་རང་ཚོའི་ལུང་པའི་ནང་བསྟན་མ་ཐུབ་པ་ཞིག་བོད་ལུང་པའི་ནང་ལ་ག་ནས་བསྟན་ཐུབ། རྙིང་པ་དེ་གཏོར། གསར་པ་ཞིག་ལམ་སྟོན་བྱེད་མ་ཐུབ་པའི་འོག་ནས་འཚར་ལོངས་བྱུང་བ་ཡིན་པས་ཁག་མི་འདུག དེ་འདྲ་ཞིག་མཐོང་གི་འདུག

དེ་བཞིན་རྒྱ་གར་ནང་ལ་ང་ཚོའི་གཞོན་སྐྱེས་སློབ་གྲྭ་ཐོན་ཡོང་མཁན་ཚོའི་ནང་ལ་བལྟས་ན། དཔེར་ན། དེ་རིང་འདིར་ཚོགས་མཁན་བཀྲ་ཤིས་དབང་འདུས་གཙོ་གྱུར་ཁྱེད་རང་ཚོ་ཚང་མ་རྒྱ་གར་ནང་སློབ་སྦྱོང་བྱས་ནས་ཐོན་པ་ཤ་སྟག་རེད། དངོས་གནས་རང་གྲུབ་འབྲས་དཔེ་འདྲ་ཞིག་ཐོན་ཡོད། ཡང་ཕྱོགས་གཅིག་ནས་བོད་རིགས་གཞོན་སྐྱེས་བར་ལམ་སློབ་གྲྭ་ཐོན་མཁན་ཚོའི་ནང་ལ་ཁ་བསླུས་རྒྱག་མཁན་འདུག་ཟེར་མཁན་འདྲ་དང༌། རྐུ་མའི་སྒྲིག་འཛུགས་འདུག་ཟེར་མཁན་འདྲ་པོ་འདི་གྲས་ངོ་ཐོག་རང་མཛུབ་མོ་འཛུགས་ས་ཡོད་མེད་གང་ལྟར་ཡང༌། གླེང་ངན་ཞིག་ལྷགས་ཡོང་གི་ཡོད། དེ་བཞིན་ང་རང་ཚོའི་གཞོན་སྐྱེས་སློབ་གྲྭ་ཐོན་པ་ལས་བྱེད་ནང་ལ་ཞུགས་མཁན་ཚོའི་ནང་ལ་ཆ་བཞག་ནའང་མཚམས་རེར་གཤིས་ཀ་རྩུབ་པོ། ལམ་སང་རྒྱག་རེས་རྒྱག་མཁན་འདྲ་པོ་ཡོང་གི་ཡོད། ད་འདི་ཚོ་ག་རེ་བྱས་པ་རེད།

མ་འོངས་པ་ལ་འཚར་ལོངས་འབྱུང་མཁན་ཚོར་ཐོག་མའི་བསམ་བློའི་རྩ་འཛུགས་སམ། བསམ་བློའི་སྒྲོམ་བསླང་ས་དེ་སློབ་གྲྭའི་ནང་ཡིན་པ་རེད། སློབ་གྲྭའི་ནང་ནས་རང་བཞིན་གྱིས་ཕྲུ་གུའི་བསམ་བློའི་ནང་ལ་ཤེས་བྱ་ཡོན་ཏན་སློབ་སྦྱོང་བྱེད་རྒྱུའི་སློབ་ཚན་དེ་གཅིག་པུ་མ་ཡིན་པར། སྤྱིར་བཏང་མི་ཡིན་པའི་ཆ་ནས་མི་ཚེ་སྐྱེལ་སྟངས་ལ་བསམ་བློ་ཞིག་གཏོང་དགོས། འཛམ་བུ་གླིང་གི་མིའི་སྤྱི་ཚོགས་ནང་ལ་རྙོག་དྲ་བཟོ་མཁན་ཞིག་དང༌། མིའི་སྤྱི་ཚོགས་ནང་ལ་བརྡབ་གསིག་གཏོང་མཁན་གྱི་དོན་དག་ལ་ང་ཚོ་སྐྱེས་པ་མ་རེད། གང་ལྟར་དངོས་གནས་རང་མི་བཟང་པོ་ཞིག་ཡོང་བ་དང༌། ཡ་རབས་ཤིག་ཡོང་བ་དེ་སློབ་གྲྭའི་ནང་འཛུགས་སྐྲུན་བྱེད་དགོས། དེ་ཡོད་པའི་ཐོག་ལ་ཤེས་བྱ་ཡོན་ཏན་བྱུང་བ་ཡིན་ན་དཔལ་དང་རྒྱན་རེད། གལ་སྲིད་ཤེས་བྱ་ཡོན་ཏན་མེད་ན་ཡང་མི་ལྷག་བསམ་རྣམ་དག་དང༌། དྲང་པོ་དྲང་བཞག མི་ཡ་རབས་ཤིག་བྱས་ནས་མི་ཚེ་བསྐྱལ་བ་ཡིན་ན་མི་ཁོ་སྐྱིད་པ་ཞིག་ཡོང་གི་རེད་བསམ་པ་དྲན་ཡོང་གི་འདུག ཤེས་བྱ་ཡོན་ཏན་ཡོད་ན་དཔལ་དང་རྒྱན་རེད། ཤེས་བྱ་ཡོན་ཏན་མེད་ནའང་མི་ལ་བརྡབ་གསིག་གཏོང་གི་མ་རེད། གང་ལྟར་ཁོ་རང་གི་མི་ཚེ་ལ་ཆ་བཞག་ན་འགྱོད་པ་མེད་པའི་ཐོག་ནས་མི་ཚེ་སྐྱེལ་ཐུབ་ཀྱི་རེད།

མི་ཚོའི་ལུང་པའི་ནང་ལ་འདིའི་ཐོག་འཐུས་ཤོར་འགྲོ་གི་ཡོད་པ་ལྟར། ང་རང་ཚོའི་ནང་ལའང་དེ་དེ་བཞིན་རིམ་པས་རིམ་པས་འཐུས་ཤོར་ཕྱིན་པ་ཡིན་ན། ང་རང་ཚོའི་སྤྱི་ཚོགས་ནང་ལ་རྙོག་དྲ་བཟོ་མཁན་དང༌། དོ་བདག་སོ་སོའི་ངོས་ལ་ཡིན་ནའང་མི་ཚེ་སྡུག་ལ་སྦྱོར་མཁན་གྱི་བཟོ་འདྲ་པོའི་ཉེན་ཁ་ཡོང་སྲིད་པ་རེད། ང་ཚོས་གནད་དོན་དེ་ཚོའི་ཐོག་ལ་དོ་སྣང་ཆེན་པོ་ངེས་པར་དུ་བྱེད་དགོས་ཀྱི་འདུག དེ་འདྲའི་ཐོག་ལ་ང་ཚོས་འཐུས་ཤོར་ཕྱིན་འདུག་གམ་མི་འདུག གལ་སྲིད་ཕྱིན་ཡོད་པ་ཡིན་ན་དེ་རྒྱ་གར་གཞུང་ལ་ཁག་བཞག་ས་མེད། རྒྱ་གར་དབུས་བོད་སློབ་ཚོགས་པའི་ལས་ཀ་བྱེད་མཁན་ཚོ་ལ་ཁག་བཞག་ས་མེད། སློབ་གྲྭ་སོ་སོའི་ནང་གི་རྒྱ་གར་དགེ་རྒན་ཚོར་ཁག་བཞག་ས་མེད། དེའི་ལས་འགན་ང་རང་ཚོ་ལ་འཁྲི་བ་ཡིན་པས་ད་ཆ་ང་ཚོས་འཐུས་ཤོར་ཕྱིན་འདུག་ན་དེའི་ཐབས་ཤེས་ང་ཚོས་བྱེད་ཐུབ་པ་གང་དང་གང་འདུག་གམ། རྩ་བ་བོད་པའི་ཕྲུ་གུ་ཡིན་ཕྱིན་ཆད་ཆོས་ལ་དད་པ་བྱེད་དགོས་པ་དང༌། ཆོས་པ་བྱེད་དགོས་ཞེས་ང་ཚོས་ཤོད་ཐུབ་ཀྱི་མ་རེད་ལ། ཤོད་ཀྱི་ཡང་མེད། ཡིན་ནའང་མང་ཆེ་བ་ཆོས་ལ་དོ་སྣང་དང༌དད་པ་ཡོད་པ་བཟོ་འདྲ་པོ་ཞིག་རེད། དེ་འདྲ་ཡིན་སྟབས་གང་ལ་དད་པ་བྱེད་སའི་ཆོས་དེ་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོའི་ད་ལྟའི་ཆོས་ཀྱི་སློབ་སྦྱོང་སྤྲོད་སྟངས་ཐད་ཆོས་ཀྱི་སློབ་ཚན་རྣམས་ཤེས་བྱའི་རྣམ་གྲངས་ལྟ་བུར་སློབ་སྟོན་བྱས་པ་མ་གཏོགས། སེམས་ལ་ཚོས་རྒྱག་གི་ཡོད་པའི་བཟོ་འདྲ་པོ་མ་རེད། ཤེས་བྱའི་རྣམ་གྲངས་སུ་ཆོས་སློབ་སྦྱོང་བྱེད་པ་དང༌། ཆོས་དེས་ཤེས་རྒྱུད་ལ་ཕན་པ་བྱས་ནས་སེམས་ལ་ཟུག་རྒྱུ་གཉིས་ལ་ཁྱད་པར་ཡོད།

ཁ་སང་ཤེས་རིག་གི་ཐུགས་དམ་ཕུལ་འབྱོར་ལ་མོ་བརྒྱབ་པར་འཚུབ་པོ་ཡོད་པའི་བཟོ་འདྲ་པོ་འདུག ཞབས་བརྟན་རིམ་གྲོ་བྱས་ནའང་དེ་འདྲ་ཞིག་རེད། སྔོན་ལ་ཞབས་བརྟན་སྒྲུབ་མཁན་ཚོ་ཚད་ལོངས་པ་ཁག་པོ་རེད། དེ་ལས་དངོས་གནས་རང་ཞབས་བརྟན་ཟེར་བའི་དོན་དག་སྙིང་པོ་མིའི་བསོད་ནམས་བསག་རྒྱུ་དེ་ཡིན། བསོད་ནམས་གསོག་ཐབས་ནི་ཀུན་སློང་བཟང་པོ་ཞིག་སྐྱེས་པའི་སྒོ་ནས་བསོད་ནམས་བསག་དགོས་པ་རེད། སློབ་གྲྭ་ཁག་གི་ནང་ལ་རྣམ་ཀུན་ནས་ཆོས་དགེ་དེ་འདྲ་ཡོད་མུས་ཡིན་ཀྱང་ཉམས་མྱོང་གིས་འདང་མ་འདང་གནས་ཚུལ་ཡོང་གི་རེད་ལ། ཕྱོགས་གཅིག་ནས་དེ་ཚོའི་གྲས་རྣམ་ཀུན་སློབ་ཕྲུག་ཚོ་དང་རྟག་པར་གཤིབ་མཁན་ཡིན་སྟབས་རྒྱུས་ཡོད་ལྟ་བུ་ཆགས་ནས་བསྡད་ཡོད་པ་རེད། དེ་ལས་ངོ་ཐོག་རང་འགྲེལ་བཤད་མཁས་པོ་རྒྱག་ཤེས་མཁན་དང༌། སོ་སོའི་སྤྱོད་ལམ་གྱི་ཐོག་ནས་ཡིན་ནའང་ཕྲུ་གུས་མཐོང་ཡོང་དུས་དང་བ་འདྲེན་ནུས་པ་དེ་འདྲ་ཐབས་ཤེས་བྱས་ནས་སློབ་གྲྭ་ཁག་ལ་དུས་ཚོད་དང་བསྟུན་ཏེ་སྐོར་སྐྱོད་བྱས། ནང་པའི་ཆོས་ལ་འགྲེལ་བཤད་བརྒྱབ། ཆོས་དེ་ཤེས་བྱ་གཅིག་པུ་མ་ཡིན་པར་བསམ་བློའི་ནང་ལ་ཕན་པའི་ཆེད་དུ་བསླབ་བྱ་བྱས། ཡ་རབས་ཟེར་བ་དེ་གལ་ཆེན་པོ་ཡིན་པ་དང༌། མ་རབས་ཟེར་བ་དེ་སྤྱི་ལ་ཕན་ཐོགས་མེད་ལ། སྒེར་ལ་ཡིན་ནའང་ཕན་ཐོགས་མེད་པའི་སྐོར། ཡ་རབས་ཟེར་བ་དེ་ཚེ་ཕྱི་མ་ཕྱི་མ་རེད་མོད་ཀྱི། ཚེ་འདི་ལ་ཡིན་ནའང་སྤྱི་སྒེར་ཚང་མར་ཕན་ཐོགས་ཡོད་ལུགས་དེ་འདྲའི་ཐོག་ནས་བསླབ་བྱ་རྒྱག་རྒྱུ་བྱུང་ན་ཡག་པོ་མེད་དམ་བསམ།

ཡང་རིགས་གཅིག་ལ་འདི་འདྲ་བྱ་རྒྱུ་མེད་དམ། དེང་སང་ཕྱི་རྒྱལ་གྱི་མི་རིགས་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་མཁན་གང་འཚམ་ཡོད་པ་རེད། ནང་པའི་ཆོས་ལ་སློབ་སྦྱོང་བྱས་པས་མ་ཚད་སོ་སོ་རང་ཉིད་ནང་པ་ཆགས་ཏེ་ནང་པའི་ཆོས་ཉམས་ལེན་བྱེད་མཁན་ཡང་གང་འཚམ་ཡོང་གི་ཡོད་པ་རེད། དེ་ཚོའི་གྲས་སློབ་གྲྭར་གཏམ་བཤད་བྱེད་པར་འབོད་སྐུལ་བྱས་ན་སྙམ། བྱེད་སྟངས་འདི་རིགས་དེང་སང་རྒྱ་གར་ནང་ལ་ཡིན་ན་དེ་འདྲ་ཡོང་གི་ཡོད་པ་རེད་ལ། བོད་པའི་ནང་ལ་ཡང་དེ་དེ་བཞིན་ཡོང་གི་རེད།

སྤྱིར་བཏང་ནུབ་ཕྱོགས་པ་ཟེར་དུས་མངོན་པར་བསྟོད་ས་ཞིག་ཡིན། མངོན་པར་བསྟོད་ས་དེའི་མི་ཚོ་ནས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་དོ་སྣང་དང༌། ཉམས་ལེན་བྱས་ནས་སོ་སོ་སྒེར་ལ་ཕན་ཐོགས་ཡོད་པར་ངོས་འཛིན་བྱེད་མཁན་ཚོའི་ནང་ནས་བཤད་པ་ཡིན་ན་ཕན་ཐོགས་ཆེ་བ་མེད་དམ། ང་ཚོ་བོད་པ་གཅིག་གིས་བོད་པའི་བསྔགས་བརྗོད་མང་པོ་བྱེད་ཀྱིན་བསྡད་པ་ལས་ཕྱི་མི་གཅིག་གིས་བསྔགས་བརྗོད་བྱས་པ་ཡིན་ན་ལེགས་པ་ཡོང་སྲིད་ཀྱི་རེད། དེ་འདྲའི་ཐོག་ནས་ཐབས་ཤེས་འདྲ་བསམ་བློ་བཏང་རྒྱུ་མེད་དམ་བསམ་གྱི་འདུག གང་ལྟར་ང་ཚོས་རིག་པ་སྒྲིམ་དགོས་ཀྱི་འདུག

ཤེས་བྱ་ཡོན་ཏན་གྱི་ཐོག་ལ་བོད་ནང་རྒྱ་མིས་ཡར་རྒྱས་གཏོང་གི་ཡིན་ཟེར་གྱི་ཡོད་པ་རེད། དེའི་ཐོག་ལ་ང་ཚོས་ཁ་གཏད་གཅོག་ཐུབ་རུང་མ་ཐུབ་རུང་རིག་པ་བསྒྲིམས་ཏེ་ཁ་གཏད་གཅོག་དགོས་པ་ཞིག་ཆགས་བསྡད་ཡོད། ཡང་གཉིས་ནས་རྩ་བའི་མི་འཚར་ལོངས་བྱས་ཡོང་མཁན་འདི་ཚོ་དངོས་གནས་རང་མི་སྤུས་དག་པོ་ཞིག་དང༌། ཡག་པོ་ཞིག་ཡོང་ཐབས་ལ་ང་ཚོས་རིག་པ་བསྒྲིམས་ནས་བསམ་བློ་ཞིག་མ་བཏང་ན། ཕྱོགས་གཅིག་ནས་ང་ཚོས་ཤེས་བྱ་ཡོན་ཏན་འཐུས་ཤོར་འགྲོ་གི་ཡོད་པ་རེད། ཤེས་བྱ་ཡོན་ཏན་འཐུས་ཤོར་བའི་རྐྱེན་གྱིས་མ་འཇོན་པའི་ཐོག་ནས་ང་ཚོར་གྱོང་གུན་མང་པོ་ཞིག་ལྷགས་ཀྱི་ཡོད་པ་རེད། ཕྱོགས་གཞན་དག་ནས་མི་བཟང་པོ་དང་ཡ་རབས་བཟོ་རྒྱུའི་ཐོག་ནས་ཀྱང་ང་ཚོས་འཐུས་ཤོར་ཕྱིན་པ་ཡིན་ན། མ་འོངས་པར་ཤེས་བྱ་ཡོན་ཏན་དང༌། འཇོན་ཐང་ཡོད་པ་གང་ཞིག་ལ་གྲ་མ་འགྲིགས་ལུང་པ་གང་བཟོ་མཁན་ཞིག་བྱུང་བ་ཡིན་ན་དེ་ང་ཚོའི་དགོས་མཁོ་དང་མ་འཚམས་པ་རེད། ཡག་པོ་ཡོང་གི་མ་རེད། དེ་འདྲ་ཡིན་སྟབས་ང་ཚོས་ཏན་ཏན་བྱེད་དགོས་ཀྱི་འདུག ང་ཚོས་ཡག་པོ་ཞིག་བྱེད་ཐུབ་ན་མི་ཚོས་མ་ཐུབ་པ་ཞིག་ང་ཚོས་བསྒྲུབ་ཐུབ་པའི་གོ་སྐབས་ཡོད་པ་རེད་ལ། ཡོང་སྲིད་པ་ཞིག་རེད།
སྤྱིར་བཏང་འཛམ་བུ་གླིང་འདིའི་སྒང་ལ་མི་ཚོས་བོད་པའི་ཐོག་ལ་བསྟོད་བསྔགས་བྱེད་བཞིན་པ་རེད། བོད་པ་ཟེར་དུས་མི་འདྲ་ཙམ་ཞིག་འདུག་ཅེས་ཤོད་ཀྱི་ཡོད་རེད། བོད་པའི་སྤྱི་ཚོགས་ནང་ལ་རང་བཞིན་ལྷན་སྐྱེས་ཀྱི་བཟང་པོའི་བག་ཆགས་ཡོད་པ་དེ་ཙམ་དང༌། ང་རང་ཚོ་བཙན་བྱོལ་བའི་འགྲོ་སྟངས་སྡོད་སྟངས་སྐོར་གཅིག་པུ་མ་ཡིན་པར། ང་ཚོས་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐོག་ནས་མི་གཞན་དག་ལ་ཡང་ང་ཚོས་མིག་དཔེ་མཚོན་ཐུབ་པའི་ལམ་སྟོན་ཞིག་བྱས་ན། ལམ་བཟང་དཔེ་བཟང་སྟོན་མི་ཐུབ་པ་ག་ལ་ཡོད། ངས་དེ་འདྲ་དྲན་ཡོང་གི་འདུག ནམ་རྒྱུན་ནས་དོ་སྣང་དང༌། དེའི་ཐོག་ལ་བསམ་བློ་འཁོར་ཡོང་གི་ཡོད་དུས། དེ་རིང་ང་ཚོ་འདིར་མཉམ་དུ་འཛོམས་པའི་གོ་སྐབས་བྱུང་བ་ཡིན་སྟབས་ལབ་པ་ཡིན།

(མཚམས་འདིར་ཆོས་ཤེས་བཀའ་བློན་འཇུ་ཆེན་ཐུབ་བསྟན་ལ་གཟིགས་ནས།) ང་ཚོ་བོད་པའི་ནང་ལ། མི་དོན་མ་གོ་དང༌། མ་རབས་སྤྲང་རྟགས་ཚ་རུ་འགྲོ་གི་ཡོད་པའི་བཟོ་འདྲ་མཐོང་གི་འདུག་གམ་མི་འདུག ཐུབ་བསྟན་གཅིག་ཤོད་དང༌། དེ་སྔ་བོད་ནས་ཡོང་སྟེ་རྒྱུས་མངའ་ཡོད་པས། གང་འདྲ་ཞིག་འདུག་གམ། སྤྱིར་བཏང་བྱས་པ་ཡིན་ན། འགྱུར་བ་ཞིག་འགྲོ་གི་མེད་དམ་བསམ་གྱི་འདུག མ་གཞི་མི་ཐོག་གཅིག་བརྗེ་འགྲོ་གི་ཡོད་པ་དང༌། གནས་ཚུལ་ཤིན་ཏུ་མང་པོ་ཞིག་བརྗེ་འགྲོ་གི་ཡོད་དུས། དེ་འདྲའི་རྒྱུ་རྐྱེན་གྱི་ཐོག་ནས་འགྱུར་བ་ཕྲན་བུ་ག་རེ་བྱས་ནའང་འགྲོ་གི་རེད། ཡིན་ནའང་ང་ཚོས་ཐབས་ཤེས་གང་ཡོང་ཞིག་བྱས་པ་ཡིན་ན་ད་གཟོད་འདི་ལས་དྲག་པ་ཞིག་མི་ཡོང་ངམ་བསམ་པ་འདྲ་པོ་དང༌། གང་ལྟར་ལྷོད་ཡངས་ཤོར་ནས་དེ་འདྲའི་སྐྱོན་དེ་ལྷགས་པའི་བཟོ་འདྲ་ཡོང་གི་འདུག་གམ་མི་འདུག བརྟག་དཔྱད་བྱས་ན་ཡག་པོ་མེད་དམ། དེ་སྐོར་གཟབ་གཟབ་མ་བྱས་ན། དཔེར་ན། ང་ཚོའི་ལས་ཀ་བྱེད་མཁན་ཚོའི་ནང་ལ་ཡིན་ནའང་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེང་སང་མ་ཤེས་པའི་ཐོག་ནས་འཐུས་ཤོར་ཡོང་གི་ཡོད་ཀྱང། སྐབས་རེར་ཤེས་ཀྱིན་ཤེས་ཀྱིན་ལ་ལྷག་བསམ་མ་བྱས། སོ་སོའི་རྩ་བའི་བསམ་བློའི་ཐོག་ནས་ཡ་རབས་ཀྱི་བསམ་བློའི་ཤུགས་བསྐྱེད་མ་འདང་བ་དེ་ང་ཚོར་ཏན་ཏན་ཡོང་གི་འདུག མ་ཤེས་པའི་ཐོག་ནས་འཐུས་ཤོར་བ་དེ་གནས་ཚུལ་ཁ་ཁ་རེད། ཤེས་ཀྱིན་ཤེས་ཀྱིན་ལ་ཚུལ་བཞིན་མ་བྱས་པར་སྡུག་ཆག་བྱེད་མཁན་དེ་ཚོའི་གྲས་ཡོན་ཏན་གྱི་མ་འདང་བ་མ་རེད། རྩ་བའི་མི་བཟོ་ལྟ་བཟོ་སྟངས་མ་འགྲིགས་པའི་གནས་ཚུལ་རེད། འདིའི་སྐྱོན་སེལ་ཐབས་ཤེས་རིག་དང་འབྲེལ་བ་ཡོད་པ་རེད།

བདེན་པ་ཡིན་མིན་ནི་མི་ཤེས། སྔོན་མ་ལོ་གཅིག་ལྡི་ལིར་སློབ་གྲྭ་ཆེན་མོའི་དགེ་རྒན་འགའ་ཤས་དང་ཐུག་འཕྲད་བྱུང༌། དགེ་རྒན་གཅིག་གིས་འདི་བཤད་བྱུང༌། སྤྱིར་བཏང་སློབ་གྲྭའི་ནང་སློབ་སྦྱོང་སྤྲོད་སྟངས་ཐོག་ལ་མིའི་གཤིས་ཀ་དང་འབྲེལ་བ་ཏན་ཏན་ཡོང་གི་འདུག ཆོས་ཀྱི་བསླབ་བྱ་ཡོད་པ་ཡིན་ན་ག་རེ་བྱས་ཀྱང་མིའི་གཤིས་ཀ་འཇམ་པ་དང་ལེགས་པ་ཡོང་གི་འདུག སློབ་ཚན་ཐོག་ནས་མིའི་གཤིས་ཀ་ལ་ཁྱད་པར་ཡོང་གི་འདུག་ཅེས་བཤད་བྱུང༌། སློབ་ཚན་ཐོག་ནས་མིའི་གཤིས་ཀ་ལ་ཁྱད་པར་ཡོང་གི་ཡོད་པ་ཡིན་ན། ཏན་ཏན་ང་རང་ཚོས་དུས་རྒྱུན་གཏན་ནས་དགེ་རྒན་ཚོས་ཕྲུ་གུར་བཟང་པོའི་མིག་ལྟོས་བསླབ་རྒྱུའི་ཐོག་ལ་བསམ་བློ་གཏོང་རྒྱུ་གང་འདུག་གམ།

(ཟམ་གདོང་རིན་པོ་ཆེར་གཟིགས་ནས) ཟམ་གདོང་ག་རེ་དྲན་གྱི་འདུག་གམ། མི་ཐོག་གཅིག་བརྗེས་ཡོང་སྐབས་ཁྱད་པར་ཞིག་མཐོང་གི་འདུག་གམ་མི་འདུག (ཟམ་གདོང་རིན་པོ་ཆེས་དགོངས་ཚུལ་སྙན་སེང་ཞུས།) རྒྱ་གར་ནང་སྐྱེས་པའི་ཕྲུ་གུ་ཚོ་ཀླད་པ་སྐྱོ་བ་འདུག་ཟེར་བ་དེའི་མཐོང་ཚུལ་གང་ནས་བྱུང་བ་ཡིན་ནམ། རྒྱུ་མཚན་ག་རེ་ཡོད་དམ། ལྟོ་ཆས་ཀྱིས་ཁྱད་པར་ཡོང་གི་ཡོད་དམ། གནམ་གཤིས་ཀྱི་ཁྱད་པར་ཡོང་གི་ཡོད་དམ། (ཡང་ཟམ་གདོང་རིན་པོ་ཆེས་དགོངས་ཚུལ་ཞུས།) དེ་ཏན་ཏན་རེད། སློབ་གྲྭའི་ནང་ལ་དགེ་རྒན་ཟེར་བ་དེ་ཕྱོགས་གཅིག་ནས་སློབ་སྦྱོང་སྤྲོད་མཁན་རེད། ཕྱོགས་གཅིག་ནས་ཕྲུ་གུའི་སེམས་བཞག་སའམ། བློ་གཏད་ས་ལྟ་བུ་ཞིག་ཆགས་ཀྱི་མེད་དམ་བསམ་གྱི་འདུག དགེ་རྒན་ཁོ་རང་གི་ངོས་ནས་དངོས་གནས་རང་ཕྲུ་གུའི་མི་ཚེའི་མདུན་ལམ་སྟོན་གྱི་ཡོད་པའི་རྣམ་པ་མཚོན་ཐུབ་པ་ཞིག་བྱུང་བ་ཡིན་ན་ཕྲུ་གུའི་བློ་ལྟ་སྟངས་དེ་སྤྱིར་བཏང་སྒྲིག་སྲོལ་ལྟ་བུའི་གུས་ཞབས་བྱེད་པ་མིན་པར་སེམས་ཀྱི་གཏིང་ནས་དགའ་པོ་བྱས། དགའ་པོའི་ཐོག་ནས་བློ་གཏད་བརྩི་བཀུར་བྱས་ཡོང་བ་ཡིན་ན། དེའི་ཚོད་ཀྱིས་བསླབ་བྱ་ག་ཚོད་བརྒྱབ་པ་དེ་སེམས་ཀྱི་ནང་ལ་ཟུག་པ་དང༌། ཕན་ཆེ་བ་ཡོང་གི་རེད།

(མཚམས་འདིར་བདེ་ནང་བཀའ་བློན་བཀྲིས་དབང་འདུས་ལགས་ནས་དགོངས་ཚུལ་སྙན་སེང་ཞུས།) མུ་མཐུད་བཀའ་གནང་བར། འཛིན་གྲྭ་གང་འཚམ་བར་ཕྲུ་གུར་སློབ་འཁྲིད་བོད་སྐད་ཐོག་ཕྱིན་ན་ཡག་པོ་འདུག དེ་འདྲ་བྱས་ན་ཕྲུ་གུར་སློབ་པ་དང་ཆབས་ཅིག་བོད་པའི་སྐད་ཡིག་དེ་ག་ཡར་རྒྱས་འགྲོ་གི་རེད། དེ་སྔོན་ཕི་རི་མན་ཡོད་པའི་སྐབས་ལ་བོད་སྐད་ཐོག་གཙུག་ལག་སློབ་གཉེར་ཁང་ཟུར་དུ་འཛུགས་དགོས་པ་དང༌། སློབ་ཚན་ཁག་བོད་སྐད་ཐོག་ནས་བསླབ་རྒྱུ་ཞིག་བཙུགས། ཉིན་རེ་ཉིན་རེ་འཛིན་གྲྭའི་སློབ་ཚན་རྣམས་ཉིན་རེ་ཉིན་རེ་ཚིག་མཛོད་ནས་སྒྱུར་གྱིན་སྒྱུར་གྱིན་བྱས་ནས་འགྲོ་དགོས་བྱུང་ན་ཡང་རིམ་པས་རིམ་པས་དེ་བསགས་ཏེ་རྗེས་སུ་བོད་སྐད་ནང་སློབ་ཚན་ཆ་ཚང་འགྲོ་ཐུབ་པ་ཞིག་ཡོང་གི་རེད། མིང་ཚིག་ཁ་ཤས་བོད་སྐད་ནང་ལ་ཡིན་གཅིག་མིན་གཅིག་དོན་སྒྱུར་བྱེད་དགོས་དོན་མེད། དཔེར་ན། ཨེ་ཌོམ་(Atom)ཟེར་བ་ལྟ་བུ་ཞིག་ཡིན་ན། ཨ་རབ་མི་ཚོས་ཨེ་ཌོམ་ཟེར་གྱི་འདུག་བསམ་བྱུང༌། དེ་འདྲ་ང་རང་ཚོས་བོད་སྐད་ནང་ལ་ཡོད་ན་དེ་རང་བྱས། དེ་མིན་ཚན་རིག་གི་མིང་ཚིག་ཡིན་ནའང་རུང༌། ལ་ཌིན་གྱི་ཚིག་ཡིན་ནའང་རུང༌། དེ་ག་བེད་སྤྱོད་བྱས་ན་འགྲིགས་ཀྱི་རེད་ཅེས་དེ་དུས་བསམ་འཆར་དེ་འདྲ་བྱུང་བ་རེད། ཡིན་ན་ཡང་དེ་འདྲ་ལག་ལེན་འགེལ་ཐུབ་ཀྱི་མ་རེད་ཅེས་དེ་མུར་ལུས་པ་རེད།

ད་ཆ་ལོ་ཉི་ཤུ་རྩ་ལྔ་ཕྱིན་ན་ཡང་ད་དུང་དཀའ་ངལ་དེ་མུ་མཐུད་ནས་བསྡད་ཡོད་པས། དེ་ལ་འབད་རྩོལ་བྱེད་དགོས་ཀྱི་འདུག སྔོན་ལ་མཐོ་རིམ་གྱི་སློབ་ཚན་ལྟ་བུ་འགྲུབ་མིན་གང་ལྟར་ཡང་འཛིན་གྲྭ་གང་ལ་གང་འཚམ་བར་དུ་བོད་སྐད་ཁོ་ནའི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་པ་དགོས་གལ་ཆེན་པོ་འདུག ལོ་རེ་ལོ་རེར་འཛིན་གྲྭ་རེ་རེ་སྤར་ཏེ་ལོ་ཅི་སོང་གི་འཛིན་གྲྭ་རིམ་སྤར་བྱེད་ཐུབ་པའི་གོ་སྒྲིག་བྱེད་དགོས་པ་ཞིག་ཏན་ཏན་རེད། དེ་བྱུང་བ་ཡིན་ན་ཕྲུ་གུར་ལས་སླ་བ་ཡོང་གི་རེད། བོད་སྐད་དེ་སོ་སོའི་རང་སྐད་ཡིན་པས་སོ་སོའི་སྐད་ཁོ་ནའི་ཐོག་ནས་སློབ་ཚན་གྱི་དོན་དག་འགྲེལ་བཤད་བྱས་ན་དོན་དག་དེ་བསླབ་རྒྱུ་མ་གཏོགས་ཚིག་གསར་པ་ཞིག་སློབ་སྦྱོང་བྱེད་དགོས་དོན་མེད། དེ་མིན་ཚིག་དེ་གསར་པ་གཅིག་ཆགས། དོན་དག་དེ་ཡང་གསར་པ་ཞིག་བསླབ་དགོས་དུས་ཤུགས་གཉིས་རྒྱག་དགོས་ཀྱི་ཡོད།

ད་ལྟ་བོད་ནང་ལ་རྒྱ་མིས་གང་འདྲ་བྱེད་ཀྱི་འདུག དཔེར་ན། བོད་ནས་ཡོང་མཁན་ཁ་ཤས་དང་སྐད་ཆ་བྱུང༌། བོད་ནང་རྒྱ་མིས་རྒྱ་སྐད་ཀྱི་ཐོག་ལ་བེད་སྤྱོད་མང་བ་བྱས་ཡོང་དུས་བོད་སྐད་ཉམས་ཆག་འགྲོ་གི་འདུག བོད་ཡིག་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ཤོད་མཁན་འདུག ངས་ཁོ་ཚོ་ལ་འགྲེལ་བཤད་འདི་འདྲ་བརྒྱབ་པ་ཡིན། ང་ཚོས་བོད་སྐད་ལ་ཤ་ཞེན་བྱས་ནས་བོད་ཡིག་ཡར་རྒྱས་གཏོང་དགོས་ལབ་པ་གཅིག་པུས་མི་འགྲིགས་པར་གང་ལྟར་ང་ཚོའི་རྩ་བའི་སྐད་ཡིག་འདི་ག་ཡར་རྒྱས་ཤིག་བཏང་ནས་བརྗོད་བྱའི་དོན་དག་གང་འདྲ་ཞིག་འབྲི་དགོས་བྱུང་ན་བོད་སྐད་ཀྱི་ནང་ལ་ཆ་ཚང་འདང་ཐུབ་པ་ཞིག་བཟོ་མ་ཐུབ་ན་བོད་ཡིག་ལ་ཤ་ཞེན་བྱས་པས་ཕན་ཐོགས་མི་འདུག

རྩ་བའི་བོད་ཡིག་ཡར་རྒྱས་གཏོང་རྒྱུ་མེད་པ་མ་རེད། དཔེར་ན། དེང་སང་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྐོར་ཞིག་བཤད་དགོས་བྱུང་ན་བོད་ཡིག་ཟླ་མ་ཐུང་བ་ཞིག་ཡོད། ཨིན་ཇིའི་སྐད་ཡིག་དང༌། ཕ་རན་སིའི་སྐད་ཡིག་སོགས་སྐད་ཡིག་གཞན་དག་གི་ནང་ལ་འདང་གི་ཡོད་པ་མ་རེད། ཡང་ཚན་རིག་ལྟ་བུའི་དེང་དུས་འཛམ་གླིང་གི་གནས་ཚུལ་གསར་པའི་རིགས་ཤོད་དགོས་བྱུང་ན་བོད་ཡིག་ནང་ལ་འདང་གི་ཡོད་པ་མ་རེད། དེ་ནི་ད་ལྟ་བེད་སྤྱོད་བྱེད་རྒྱུ་མ་བྱུང་བ་དང༌། སྐད་ཡིག་འདིའི་ནང་ལ་བེད་སྤྱོད་བྱ་ཐབས་མིང་ཚིག་ཡར་རྒྱས་གཏོང་མ་ཐུབ་པས་ལན་པ་མ་གཏོགས། རྩ་བའི་བོད་ཡིག་ཁོ་རང་གི་འདང་གི་མེད་པ་རྩ་བ་ནས་མ་རེད། དེ་འདྲ་ཡིན་སྟབས་གཞི་རྩའི་ང་ཚོས་བོད་ཡིག་ལ་ཤ་ཞེན་བྱས་ན་བོད་ཡིག་རང་ཉིད་ཕྱུག་ཏུ་དང། ཡར་རྒྱས་གཏོང་དགོས་པ་ཞིག་རེད།

རྒྱ་གར་ནང་ལ་ཆ་བཞག་ནའང་རྩ་བའི་བོད་ཡིག་ཡར་རྒྱས་གཏོང་མ་ཐུབ་ན། བོད་ཡིག་ལ་སློབ་སྦྱོང་བྱས་ནས་བོད་ཡིག་ཡག་པོ་རྩེ་ཕུད་ཅིག་ཡིན་ནའང༌། དོན་དག་གཞན་དག་ཅིག་གི་ཐོག་སླེབས་ཡོང་དུས་དེ་ག་ནས་ལམ་འགག་སྡོད་མཁན་ཞིག་ཆགས་བསྡད་ཡོད་པ་རེད། བོད་ནང་ལ་ཆ་བཞག་ནའང་རྩ་བའི་བོད་ཡིག་ཡར་རྒྱས་སུ་གཏོང་མ་ཐུབ་ན་ལས་རིགས་གཞན་དག་ཅིག་འགོ་བཙུགས་པའི་མཚམས་སུ་བོད་ཡིག་ཐོག་ནས་ཀོ་ཐག་གློད་དེ་སྐད་ཡིག་གཞན་དག་ཅིག་མ་ཤེས་པར་བྱེད་ཐབས་མེད་པ་ཞིག་ཆགས་པ་རེད། བོད་སྐད་ཁོ་རང་ཡར་རྒྱས་གཏོང་ཐུབ་ན་ལུང་པ་གཞན་དག་ཅིག་ལ་བརྗེས་པ་ཡིན་ན་ནི་གང་ཤེས་མ་གཏོགས། བོད་ཀྱི་ནང་ལ་ལས་རིགས་གང་འདྲ་ཞིག་བྱེད་དགོས་བྱུང་ནའང་བོད་སྐད་རང་གི་ཐོག་ནས་མགོ་འདྲོངས་པ་ཞིག་ཆགས་ཕྱིན་ཆད་ལ་དཀའ་ངལ་ཁྱོན་ནས་ཡོང་གི་མ་རེད།

དེ་བཞིན་ང་ཚོས་རྒྱ་གར་ནང་ལ་ཡིན་ནའང་དངོས་གནས་དེ་འདྲ་ཞིག་དགོས་ཀྱི་འདུག བོད་ཀྱི་སྐད་ཡིག་རྩ་བ་ཆེན་པོར་བརྩིས་པ་ལ་བོད་སྐད་དེས་ལས་རིགས་སྡེ་ཚན་ག་རེའི་ནང་ལ་ཡིན་ནའང་འདང་ཐུབ་པ་ཞིག་བཟོ་མ་ཐུབ་ན་ཁག་པོ་རེད་ཅེས་སྐད་ཆ་བྱུང༌།

ད་ལྟ་བོད་ནས་ཡོང་མཁན་ཚོས་རྩ་བའི་བོད་ཡིག་ད་ལྟ་ཡོད་བཞིན་པ་ཁོ་རང་ལ་ཤུགས་བརྒྱབ་ནས་ཡག་པོ་ཞིག་བསླབས་པ་ཡིན་ན་དེ་གས་འགྲིག་གི་ཡོད་པའི་བཟོ་འདྲ་པོ་ཞིག་བཤད་པ་དེ་འདྲ་རང་ཨེ་ཡིན་བསམ་གྱི་འདུག སློབ་གྲྭའི་ནང་གི་སློབ་ཚན་འདྲ་མི་འདྲ་མང་པོ་ཡོད་པ་རྣམས་དོན་ཚན་སོ་སོ་སོ་སོར་བོད་པའི་མིང་ཚིག་གསར་པ་གཏན་ཁེལ་གྱིན་ཁེལ་གྱིན་བྱས་ཏེ་སློབ་ཚན་ཚང་མ་བོད་སྐད་རང་གི་ནང་ལ་བསླབ་ཐུབ་པ་ཞིག་བྱུང་བ་ཡིན་ན། གང་འཚམ་ནས་ལམ་བྱང་སྟེ་གཏན་འབེབས་ཆགས་ཡོང་དུས་ཆ་ཚང་ཞིག་འགྲུབ་ཐུབ་ཀྱི་རེད། དེ་ལ་ཏན་ཏན་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་འདུག གཞན་དག་ང་ལ་ཤོད་རྒྱུ་མེད། ཁྱེད་རང་ཚོས་ཚོགས་འདུར་རྩོད་གླེང་ཡག་པོ་བྱས་པ་དེ་འགྲིགས་འདུག ཐུགས་རྗེ་ཆེ།། །།(ཤེས་རིག་ལས་དོན་གལ་ཆེའི་སྐོར་ཆེས་མཐོའི་ལྷན་ཚོགས་གནང་རྒྱུའི་བརྡ་ཁྱབ་གནང་དོན་ལྟར། བཅར་འབྱོར་ཚོགས་མི་རྣམས་ལ་བསྩལ་བའི་བཀའ་སློབ།)

སྡེ་ཚན་གསུམ་པ།

རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུར་བསྩལ་བའི་བཀའ་སློབ།
(ཕྱི་ལོ་༡༩༨༧ ཟླ་ ༣ པའི་ཚེས་ ༡༡ ཉིན།)

ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ཉི་ཤུ་རྩ་བརྒྱད་སོང་བ་དེའི་རིང་ང་ཚོས་རྒྱ་གར་ནང་སྤྱིའི་སྒྲིག་འཛུགས་ཤིག་བཙུགས་ནས་ལས་རིམ་མང་པོ་ཞིག་ལག་ལེན་བསྟར་བའི་ནང་གཙོ་ཆེ་ཤོས་ཤེས་ཡོན་གྱི་ཐོག་ལ་གང་ཡོང་ཅི་ཡོང་བྱས་ཡོད། ཡིན་ནའང་རིགས་མང་པོ་ཞིག་བྱེད་འདོད་ཀྱང་དངོས་ཡོད་གནས་ཚུལ་གྱིས་འགྲུབ་མི་ཐུབ་པ་དང། ཡང་རིགས་ཁ་ཤས་ནི་འགྲུབ་ཐུབ་ཀྱི་རེད་སྙམ་ཡང་གྲ་མ་འགྲིགས་སྣ་ཚོགས་ཀྱིས་དེ་མུར་ལུས་པ་དཔེར་ན། བོད་ཡིག་ནང་མིང་ཚིག་གསར་པ་བཟོས་ཏེ་གཏན་འབེབས་བྱེད་དགོས་པ་དེ་ཚོའི་ཐད་རྩ་བའི་ལས་འགོ་བརྩམས་ཏེ་རྩོམ་སྒྲིག་དང་པོ་བྱེད་སྐབས་ད་ལྟ་འདིར་ཕེབས་པའི་བྲག་གཡབ་རིན་པོ་ཆེ་ཡང་ཡོད། ཕལ་ཆེར་ཕྱི་ལོ་ ༡༩༦༠ །༦༡ སློབ་གྲྭ་ཐོག་མར་འཛུགས་སྐབས་ང་ཚོས་གྲོས་འགོ་བཏོན་ནས་རིགས་ཁ་ཤས་ལམ་སེང་མཚན་ཉིད་ཚང་བའི་སྤུས་དག་པོ་ཞིག་ཡོང་མ་ཐུབ་ཀྱང། མཚན་ཉིད་ལམ་རོབ་ཚང་བ་ཞིག་ཡོང་རྒྱུར་ཤུགས་བརྒྱབ་ནས་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ནས་བསླབ་ཐུབ་པ་བྱེད་དགོས་བཤད་ཡོད།

དེའི་ཐོག་ལ་ལྡི་ལིར་བོད་ཁང་བཙུགས་ཏེ་ང་ཚོས་ཚད་ཚད་སྡུར་སྡུར་གང་ཡོང་བྱས་པ་ཡིན་། དེ་དུས་ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱང་འབྲེལ་བ་ཡོད། དེ་ནས་ད་བར་ལོ་གང་ཙམ་སོང་ཡང། དེ་དུས་ལས་ཀར་ཐེ་གཏོགས་ཡོད་མཁན་ཚོ་དེ་རིང་མཉམ་འཛོམ་ཐུབ་པ་འདི་ཡག་པོ་རེད། ད་ལམ་གྱི་དུས་ཚོད་འདིར་ང་ཚོས་ལས་ཀ་ཇི་ཙམ་ཞིག་བསྒྲུབ་ཐུབ་པའི་སྐོར་ཚང་མས་ལྷོད་པོའི་ངང་གོ་སྡུར་བྱེད་དགོས། བར་ལམ་ཁྱེད་ཚོ་ཕྱོགས་དང་མཚམས་སུ་འཁོད་ནས་སོ་སོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་ཡོད་པ་དང། གང་ཅིའི་གནས་ཚུལ་ཉམས་མྱོང་མང་པོ་ཞིག་ཐོབ་ཡོད་པར་བརྟེན་ད་རེས་ཏན་ཏན་གྲུབ་འབྲས་རྡོག་རྡོག་ཅིག་ཐོན་ཐུབ་པའི་རེ་བ་དང་བཅས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདས་པའི་དུས་ཡུན་རིང་བོད་ནང་ཧ་ལས་པའི་གཏོར་བཤིག་བཏང་ཡོད། ཉེ་བའི་ལོ་བདུན་བརྒྱད་ནང་གཞི་ནས་རྣམ་པ་གསར་པའི་འགྱུར་བ་ཞིག་བྱུང་སྟེ་དཔེ་དེབ་གསར་པ་མང་པོ་ཞིག་འཐོན་གྱི་འདུག། དེ་ཚོའི་ནང་གི་རིགས་ཁ་ཤས་ནི་ངོ་ཐོག་རྒྱ་གཞུང་རང་ལ་དགོས་མཁོ་ཡོད་པ་མངོན་གསལ་དོད་པོས་བྲིས་འདག ཡིན་ན་ཡང་མང་ཆེ་བ་ནི་དཔོན་པོ་གསར་པའི་ངོ་ལ་མ་བསྟུན་ཀ་མེད་དང་མི་འདོད་བཞིན་དུ་ཤོད་དགོས་པའི་གནས་ཚུལ་ཛ་དྲག་ཅིག་གི་འོག་ནས་ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སོ་སོའི་རིག་གཞུང་དང། སོ་སོའི་ཕ་ཡུལ་གྱི་དོན་ལ་བསམ་བློ་བཏང་སྟེ་བོད་ཀྱི་རིག་གཞུང་ཐོག་ལེགས་སྐྱེས་འབུལ་མཁན་གང་ལ་གང་འཚམ་ཡོང་གི་འདུག། བོད་ནས་འབྱོར་བ་སྐུ་ཞབས་ཁྱེད་གཉིས་སེར་སྨད་རི་འབུར་སྤྲུལ་སྐུ་དང། ཤེལ་དཀར་གླིང་བ་ཚེ་དབང་རྣམ་རྒྱལ་དང། གཞན་དག་མི་འདུག་གམ། ཕར་ལོག་མཁན་ཡིན་ན་ཡང་ད་རེས་རིག་གཞུང་གི་ཚོགས་འདུ་ཡིན་ཙང་སྟབས་མ་བདེ་བ་མེད་ཚེ་ཡོང་ཐུབ་ན་ཡག་པོ་རེད། ཁྱེད་རང་གཉིས་ནས་འདིར་སླེབས་པའི་གྲས་ལ་དོ་སྣང་དང་ཉམས་མྱོང་ཡོད་པ་སུ་འདུག་རྒྱུས་ཡོད་བྱེད་དགོས།

དེང་སང་བོད་ནང་ཤེས་ཡོན་ཅན་གསར་པ་ཐོན་པའི་ནང་གང་འདྲ་ཡོད་ད་ལྟ་གསལ་པོ་རང་མི་ཤེས། རྙིང་པ་འཕྲོས་ལྷག་ཚོའི་ནང་ནས་རིག་པ་བསྒྲིམས་ཏེ་གང་ཡོང་ཅི་ཡོང་བྱེད་ཀྱི་འདུག དེ་ཚོའི་གྲས་ནས་ཁྱེད་གཉིས་སླེབས་ཡོད་པས་བློ་གྲོས་འདོན་རྒྱུ་ཡོང་གི་རེད། དངོས་གནས་བོད་ནང་གི་མི་ཚོས་ཆེ་ས་ནས་བཤད་ན་ཧ་ལམ་སྲོག་ལ་ཉེན་ཁ་ཡོད་པ་དང། ཆུང་ས་ནས་བཤད་ན་རྒྱ་མིའི་མིག་ནང་ལ་མི་འགྲོ་བ་བྱུང་ནས་སོ་སོའི་མི་ཚེའི་མདུན་ལམ་ལ་འགོག་རྐྱེན་ཡོང་རྒྱུ་བརྒྱ་ཆ་བརྒྱ་ཐག་ཆོད་པ་བཅས་ཀྱི་གནས་ཚུལ་འོག་འབྲི་དགོས་ཀྱི་ཡོད་ཅིང། དེ་འདྲའི་གནས་སྟངས་འོག་ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་རིག་གཞུང་དོན་ལ་ཞབས་འདེགས་ཞུ་གི་ཡོད། དེ་ནི་དངོས་གནས་རྗེས་སུ་ཡི་རང་གི་གནས་རེད།

ང་རང་ཚོ་རང་དབང་ལུང་པར་བསྡད་ཡོད་སྟབས་སུ་གཅིག་ལ་ཞེད་སྣང་དང། བསྟུན་དགོས་མེད། རང་དབང་ལུང་པར་བསྡད་པའི་འབྲས་བུར་རང་སོ་སོའི་ངོས་ནས་སྐབས་བབ་བོད་སྤྱིའི་ཁེ་ཕན་གྱི་རིག་གཞུང་ལ་ཞབས་འདེགས་ཞུ་ཐུབ་པ་འདི་ནི་རྒྱལ་བའི་བསྟན་པ་ལ་ཞབས་འདེགས་ཞུས་པ་ཞིག་ཡིན། ད་དུང་རྒྱ་ཆེ་ས་ནས་བཤད་ན་འཛམ་གླིང་ཐོག་གི་རིག་གཞུང་རྙིང་པ་ཁུངས་ལྡན་ཞིག་གི་དོན་ལ་ལས་ཀ་དང་ཞབས་འདེགས་ཞུས་པ་ཞིག་རེད།

ད་བར་རང་དབང་ལུང་པར་སྡོད་མཁན་ཚོས་དེའི་ཐོག་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་བྱས་ཡོད། ཡིན་ནའང་མངོན་གསལ་དོད་པའི་གྲུབ་འབྲས་ཆེན་པོ་ཞིག་དྲང་པོ་བཤད་ན་མཐོང་རྒྱུ་མེད་པ་ལྟ་བུ་ཞིག་ཡོད། འོན་ཀྱང་ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ནས་གྲུབ་འབྲས་དང་ལག་རྗེས་ཤིག་བཞག་ཐུབ་ཀྱི་རེད་སྙམ། གཙོ་ཆེ་ཤོས་ཁྱེད་རང་ཚོ་ཕྱོགས་དང་མཚམས་གང་དུ་བསྡད་ཀྱང་སོ་སོའི་འཇོན་ཐང་དང་མཐུན་རྐྱེན་ལ་གཞིགས་པས་ཁུངས་སོ་སོ་ནས་གང་ཐུབ་ཀྱིས་བོད་སྤྱིའི་རིག་གཞུང་གི་ཞབས་འདེགས་ལ་འགྱུར་བའི་རྩོམ་ཡིག་རིགས་གང་མང་འདོན་ཐུབ་ན་ཕན་ཐོགས་ཡོད་པ་འདི་ནི་ངའི་བསམ་ཚུལཡིན།

ད་རེས་བོད་ཁུངས་མ་ཡིན་པ་རྒྱགར་བྱང་རྒྱུད་ནས་ཨང་འགྲུབ་དང་སེམས་དཔའ་རྡོ་རྗེ། རྒྱ་གར་བ་ཁོང་སོགས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་པ་ཁ་ཤས་ཕེབས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སང་ང་ཚོས་བོད་པ་ཉམ་ཐག་པའི་སྐབས་ལ་ཁྱེད་ཚོས་བསླབ་བྱ་གང་ཞིག་གནང་རྒྱུ་ཡོད་ཀྱང་གནང་རོགས། ང་རང་ཚོ་འཕགས་བོད་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད། རྩ་བའི་སྲིད་དོན་གྱི་གནས་སྟངས་ཐོག་ནས་བཤད་ན་རྒྱ་གར་འདི་ང་ཚོའི་གཞན་ཡུལ་རེད། ཡིན་ནའང་ཡུལ་འདིའི་ནང་ང་ཚོར་ལག་འཁྱེར་འཁྱེར་དགོས་པའི་དཀའ་ངལ་ཕྲན་བུ་ཡོད་པ་ལས། གཞན་རང་ཡུལ་དང་འདྲ་བར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་སྡོད་ཆོག་པ་འདི་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད།

ང་རང་ཚོའི་ཆབ་སྲིད་ཀྱི་གནས་ཚུལ་ནས་བཤད་ན་དངོས་གནས་འགྱེལ་ས་ནས་ལངས་ཐུབ་པའི་བསམ་བློ་གཏོང་གི་ཡོད། དེ་ཡང་བོད་ཀྱི་ཆབ་སྲིད་རྐྱང་པའི་གནས་ཚུལ་མ་ཡིན་པར་རྒྱལ་བའི་བསྟན་པ་དང་འབྲེལ་བའི་བོད་ཀྱི་རིག་གཞུང་གི་ལས་ཀ་མང་པོ་ཞིག་ལ་བསམ་བློ་བཏང་ནས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་པའི་བོད་ཀྱི་རིག་གཞུང་དང། ཆོས་ཀྱི་རྗེས་སུ་འབྲངས་མཁན་དེ་ཚོ་དེ་སྔ་ཡིན་ན་ཁ་མིག་བལྟ་ས་བོད་ལ་བྱས་ནས་བོད་ནང་བསྐྱོད་དེ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་ཞུ་བ་དང། རིག་གནས་སྦྱང་བརྩོན་བྱེད་ཀྱི་ཡོད། དཔེར་ན་ང་ལ་ཆ་བཞག་ན་ཁུ་ནུ་ལུང་པ་སྐྱོ་པོ་དེ་ནས་ཐོན་པའི་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་དང། དགེ་བཤེས་རིག་འཛིན་བསྟན་པ་གཉིས་ངས་བླ་མར་བསྟེན་པ་ཡིན། ཡུལ་དེ་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་རྗེས་སུ་འབྲང་མཁན་ཡིན་ཞིང། ད་ལྟ་བོད་ནང་ཁ་བལྟ་ས་ཞིག་བསྡད་མེད། དེར་བརྟེན་རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཚོས་བོད་ཀྱི་ཆོས་དང་རིག་གནས་ཀྱི་བསྟི་གནས་མང་པོ་ཞིག་བཙུགས་ཡོད་པ་དེ་དག་ནང་ཁོང་ཚོ་ནང་དོན་རིག་པ་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། དཔེར་ན། སེ་འབྲས་ཚོའི་ནང་སློབ་གཉེར་དུ་མང་པོ་སླེབས་པ་དེ་ཚོས་བོད་མི་སྤྱི་འགྲོས་སྤྱི་མཚུངས་ལྟར་སློབ་གཉེར་ཧུར་ཐག་བྱེད་ཀྱི་འདུག

ངས་དོ་སྣང་བྱུང་བ་ཞིག་ལ་སྒོ་མང་གྲྭ་ཚང་གི་བསྟན་པ་འཛིན་མཁན་ལ་དྭགས་ཟངས་དཀར་དང། ཁུ་ནུ་བ་ཚོ་ཆགས་འདུག འཛིན་གྲྭ་མཐོ་བ་ཐོན་པའི་ཨ་མདོ་རྒན་པོ་ཚོ་རྫོགས་འགྲོ་བའི་སྐབས་ལ་མཇུག་མཐུད་དེ་མཛོད་དང། དབུ་མ་གསར་རྙིང། ཕར་ཕྱིན་གྱི་གཞུང་གོང་འོག་དེ་ཚོ་ཤུགས་བརྒྱབ་ནས་བལྟ་མཁན་མངའ་རིས་པ་ཤ་སྟག་རེད། སྒོ་མང་གྲྭ་ཚང་གི་རྩ་བ་བཟུང་མཁན་རྒྱ་གར་བ་ཆགས་ཡོད་པའི་བཟོ་འདུག ཉེ་དུས་ལོ་ཤས་ནང་ཁམས་པ་ཨ་མདོའི་གྲྭ་རྒྱུན་གང་འཚམས་ཤིག་སླེབས་པ་དེ་ཚོ་རིགས་ལམ་རྟགས་རིག་དང་བློ་རིག་གཞི་ནས་འགོ་བཙུགས་ཏེ་བལྟ་གི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཚོ་སྡོད་སའི་ཆ་ནས་རྒྱ་གར་ས་ཁོངས་ཆགས་ཡོད་ཀྱང། ཆོས་དང་རིག་གཞུང་ཐོག་ང་ཚོ་བོད་པ་དང་གཅིག་པ་ཆགས་ཡོད།

ས་ཁུལ་དེ་ཚོའི་ནང་ཆོས་དང་རིག་གནས་ཀྱི་གནས་སྟངས་དངོས་གནས་གང་ཙམ་སྐྱོ་པོ་རེད། དེང་སང་བལྟ་དུས་སྔོན་མ་དང་མི་འདྲ་བ་ནང་པའི་ཆོས་དང་རིག་གནས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་མངོན་གྱི་འདུག ཧི་མ་ལ་ཡའི་རི་རྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་རང་གཅིག་པ་ཡིན་པའི་མི་འབུམ་ཕྲག་ཡོད། དེ་ཚོར་གང་ཐུབ་ཀྱི་ཞབས་འདེགས་དང་ཕན་གྲོགས་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཡིན། ང་ཚོས་འགྲུབ་མ་ཐུབ་པ་མ་གཏོགས་བསམ་པའི་འཁྱེར་སོ་འདི་འདྲ་ཞིག་སྔོན་ནས་ཡོད། ད་རེས་ས་ཁུལ་དེ་ཚོ་ནས་ཁྱེད་ཚོ་ཁ་ཤས་ཕེབས་པ་ཡག་པོ་བྱུང། འདི་ནི་བོད་པའི་དོན་དག་རེད་ལ། སོ་སོའི་ཡུལ་གྱི་དོན་དག་ཀྱང་རེད།

ད་དུང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་བོད་པའི་རིག་གཞུང་ཞེས་ལུང་པ་སྒེར་གཅིག་གི་གནས་ཚུལ་རང་ཕལ་ཆེར་ཆགས་མེད། གོང་དུ་བརྗོད་པ་བཞིན་བོད་ཀྱི་རིག་གཞུང་འདི་འཛམ་གླིང་གི་རིག་གཞུང་རྙིང་ཤོས་ཁུངས་ལྡན་ཞིག་ཡིན། དེང་སང་འཛམ་གླིང་ཐོག་སྤྱིར་བཏང་གི་དངོས་པོ་ཡར་རྒྱས་ཕྱིན་ནས་མི་གྲུང་པོ་ཆགས་ཏེ། བསམ་བློ་རྙོག་དྲ་ཚ་པོ་གཏོང་ཐུབ་པའི་དུས་ལ་སླེབས་ནས་སྤྱིར་བཏང་སྟབས་བདེའི་ཆོས་ལུགས་ཚོ་ཕྲན་བུ་ཁག་པོ་ཆགས་ཡོད། ཡིན་ནའང་ནང་པའི་ཆོས་འདི་ཚན་རིག་ཡར་རྒྱས་ཕྱིན་པ་དང་མཉམ་དུ་འགྲོ་ཐུབ་པའི་རྣམ་པ་གསར་པ་ཞིག་འཐོན་ཡོང་གི་ཡོད། དེ་ཡང་སྤྱིར་ནང་པ་དང། ཡང་སྒོས་ཐེག་ཆེན་གྱི་གཞུང་དང་ཟུང་འབྲེལ་གྱི་ཐོག་ནས་འགྲོ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་པ་དང། ལྷག་པར་སྔགས་ཀྱི་རྒྱུད་སྡེ་བཞིའི་ནང་ཚན་བླ་མེད་ནས་བཤད་པའི་རྩ་རླུང་ཐིག་ལེའི་རྣམ་གཞག་ལ་དམིགས་བསལ་གྱི་འབྲེལ་བ་སླེབས་ཀྱི་ཡོད། དེར་བརྟེན་འཛམ་གླིང་ཐོག་སྤྱིར་ནང་པ་དང། དེའི་ནང་ཚན་ནས་བོད་ཀྱི་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཞིག་སླེབས་ཡོང་གི་འདུག

ནང་པ་སྤྱིའི་གནས་ཚུལ་ནས་བཤད་ན་སྐད་ཡིག་མང་པོ་ཞིག་ཡོད་པའི་ནང་ནས་ནང་པའི་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་སྟོན་ཐུབ་པའི་སྐད་ཡིག་གསོན་པོར་ལྷག་པ་ཕལ་ཆེར་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་བཟོ་རེད། གནས་ཚུལ་དེའི་ཆ་ནས་ཀྱང་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་ཐུབ་པའི་འབད་བརྩོན་བྱེད་རྒྱུ་དེར་གལ་ཆེའི་དོན་སྙིང་ལྡན་ཡོད། ང་རང་ཚོ་བོད་པའི་སྐད་ཡིག་འདི་རྒྱ་མིའི་སྐད་ཡིག་དང་མི་འདྲ་བའི་ཡི་གེའི་འགྲོ་སྟངས་ཡག་པོ་ཞིག་ཡོད་པ་འདི་བེད་སྤྱོད་ལེགས་པར་བྱས་པ་ཡིན་ན་བརྗོད་བྱ་གང་གི་ཐོག་ལའང་ཡར་རྒྱས་ཆེན་པོ་འགྲོ་ཐུབ་རྒྱུར་ཕལ་ཆེར་ཚོད་དཔག་བྱེད་ཆོག་པ་ཞིག་རེད། ད་བར་བོད་ཡིག་གི་ནུས་པ་ཚ་ཚང་སྤྱད་ནས་འཚར་ལོངས་བྱེད་ས་དེ་གཙོ་ཆེ་ཤོས་ནང་དོན་རིག་པའི་ཐོག་ལ་བྱས་པ་ལས། གཞན་དག་ཐོག་གོ་སྐབས་བྱུང་མེད།

རང་རེ་བོད་པས་གླེན་རྟགས་དང། ལྐུགས་པ་ཨུ་ཚུགས་བྱས་ནས་སོ་སོའི་ལུང་པའི་ནང་མགོ་བརྒྱུས་ཏེ་བསྡད་པའི་ཉེར་ལེན་གྱིས། འཛམ་གླིང་ཐོག་དངོས་པོ་ཡར་རྒྱས་ཕྱིན་པའི་རྒྱུ་རྫས་ཀྱི་རྣམ་གཞག་མང་པོ་ཞིག་ཡོད་པ་དེ་ཚོ་བོད་ཀྱི་སྐད་ཡིག་ནང་བེད་སྤྱོད་བྱེད་པའི་གོ་སྐབས་མ་བྱུང་བ་རེད། དེས་རྐྱེན་པས་ད་ལྟ་བོད་ཀྱི་སྐད་ཡིག་ནང་མ་འདང་བ་མང་པོ་ཡོད། དེ་ལྟར་རྗེས་ལུས་ཐེབས་པ་དེས་རྒྱ་གར་ནང་ལ་ཆ་བཞག་ན་རང་རེའི་སློབ་གྲྭ་ཁག་གི་ཕྲུ་གུ་ཚོ་ཐོག་མར་བོད་སྐད་མིང་ཚིག་གིས་མི་འདང་བ་ཡིན་ཙང་ཨིན་ཇིའི་མིང་ཚིག་མང་པོ་ཞིག་སློབ་ཚན་ནང་བེད་སྤྱོད་མི་བྱེད་ཐབས་མེད་ཆགས་ཡོད། གནས་ཚུལ་དེས་ཕྲུ་གུ་ཚོར་འཕྲལ་སྒང་སློབ་སྦྱོང་བྱེད་སྐབས་དཀའ་ངལ་བཟོ་གི་ཡོད་ལ། དེ་བས་གལ་ཆེ་བ་ཞིག་ལ་ཕྱིན་ཆད་སློབ་གྲྭ་ཐོན་སྐབས་བོད་ཡིག་རྐྱང་པའི་ཐོག་མཁས་པོ་ཡོད་མཁན་ཚོ་ལས་རིགས་གཞན་གྱི་ནང་ཁུངས་འཁྱོལ་ཁག་པོ་བྱེད་ཅིང། དཀའ་ངལ་དེ་ད་ཕན་བོད་དུའང་བྱུང་ཡོད། ཡིན་ནའང་བོད་དུ་ཉེ་ཆར་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་ཚན་ཆ་ཚང་བོད་སྐད་ནང་བོད་ཆོལ་ཁ་གསུམ་ཡོངས་ལ་གཅིག་གྱུར་ཁྱབ་པའི་སློབ་དེབ་གསར་པ་ཞིག་བཟོས་འདུག དེ་ནི་ཡང་དག་པ་དང་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད།

རིམ་པས་འཛིན་རིམ་གང་ལ་གང་འཚམ་གྱི་སློབ་ཚན་ཆ་ཚང་བོད་སྐད་ཐོག་བཟོ་ཐུབ་བཟོ་འདུག་པ་ཧ་ཅང་ཡག་པོ་རེད། དེ་འདྲ་མེད་དུས་སློབ་ཚན་དང་ལས་རིགས་གཞན་ཞིག་ཐོག་ལ་སླེབས་དུས་བོད་ནང་རྒྱ་སྐད་ཀྱི་མིང་ཚིག་ཁོ་ན་བེད་སྤྱོད་བྱེད་དགོས་པ་དེས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། བོད་ཡིག་ཡག་པོ་ཤེས་ཀྱང་ལས་རིགས་གཞན་དག་ནང་བེད་སྤྱོད་བྱེད་ས་མེད་དུས་རིམ་པས་བོད་པའི་སྐད་ཡིག་ལ་ཤ་ཚ་ཡོད་ན་ཡང་ལག་ལེན་ཐོག་དགོས་མཁོ་ཆ་ཚང་འགྲུབ་མ་ཐུབ་པར་བརྟེན་ཁག་པོ་ཆགས་ཀྱི་འདུག དེའི་སྐོར་ང་ཚོ་དེ་སྔོན་ཡང་སྐད་ཆ་བྱུང། ད་ཆ་ཏན་ཏན་ཡག་པོ་ཡོང་གི་རེད། ཁྱེད་རང་ཚོས་ཀྱང་ཧུར་ཐག་བྱས་ནས་ཤུགས་རྒྱག་དགོས། ཐུགས་རྗེ་ཆེ། ། (བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུར་ཞུགས་མཁན་མཁས་པ་རྣམས་ལ་མཇལ་ཁའི་ཐོག་བསྩལ་བའི་བཀའ་སློབ།)

WordPress Lightbox