གླུ་གཞས།

གཞས་ཚིག་ཁག་ཚེག་བར་དུ་དབྱེ་བ།

ཚེག་བར་དྲུག་མའི་ཚིགས་བཅད།
ཀློག་ཚུལ། ཆ་ཆ་ཆ། (ཚིག་རྐང་སོ་སོར་ཚེག་བར་ཆ་གསུམ་ཡོད།)
ལྷ་ས་ནོར་བུའི་གླིང་ལ།།
ནོར་བུ་མི་འདུག་མ་གསུངས།།
ཇོ་ཤཱཀ་ཡིད་བཞིན་ནོར་བུ།།
ནོར་བུ་མིན་ན་གང་ཡིན།།
ཀོ་བ་འཕྲེད་ལ་བཏང་བས།།
ཆུ་མོའི་གཞུང་ལ་འཁྱེར་སོང་།།
གང་བྱས་འཁྱེར་ནི་འཁྱེར་སོང་།།
ལས་འགྲོའི་ཕྱོགས་ལ་འཁྱེར་སོང་།།
ཡབ་ཆེན་ཨ་ཕའི་བཀའ་བཀྱོན།།
ཤར་ཕྱོགས་རི་ལས་མཐོ་བ།།
ཡུམ་ཆེན་ཨ་མའི་བཀའ་བཀྱོན།།
དམར་པོའི་མེ་ལས་ཚ་བ།།
བུ་མོ་ང་རང་ངང་རྒྱུད།།
སྔོན་མོའི་ཆུ་ལས་རིང་བ།།
ལྷ་ཁང་ཆུང་ཆུང་མེད་ན།།
གསེར་སྐུ་གང་དུ་འཇོག་དགོས།།
ལག་སྒམ་ཆུང་ཆུང་མེད་ན།།
མུ་ཏིག་གང་དུ་འཇོག་དགོས།།
བྱམས་པ་ཆུང་འདྲིས་མེད་ན།།
སེམས་པ་གང་དུ་འཇོག་དགོས།།
ང་གཉིས་མ་མཇལ་བར་ལ།།
སྙུང་གཞི་གོད་ཆག་མ་གཏོང་།།
ང་གཉིས་མཇལ་བའི་རྗེས་སུ།།
མ་ཤི་གསོན་བྲལ་མ་གཏོང་།།
ང་གཉིས་མ་མཇལ་བར་ལ།།
མཇལ་ན་མཇལ་ན་བསམ་བྱུང་།།
ང་གཉིས་མཇལ་བས་ཡིད་སྤྲོ།།
ཐུགས་སེམས་བདེ་མོར་བཞུགས་དང་།།
དྭངས་གསལ་མེ་ལོང་མཐོང་དུས།།
བུ་མོའི་བཞིན་རས་དྲན་བྱུང་།།
འཇོལ་མོའི་གསུང་སྐད་ཐོས་དུས།།
བུ་མོའི་གླུ་སྒྲ་དྲན་བྱུང་།།
སྐར་མའི་འོད་ཟེར་མཐོང་དུས།།
བུ་མོའི་སྤྱན་གཉིས་དྲན་བྱུང་།།
ཆུ་མོའི་ཤག་སྒྲ་ཐོས་དུས།།
མཛའ་སེམས་ཡིད་ལ་འཁོར་བྱུང་།།
ཆུ་མོའི་ཕར་ཁ་ཚུར་ཁ།།
འགྲོ་བདེའི་ཟམ་པས་སྦྲེལ་ཡོད།།
རི་བོ་ཕར་རི་ཚུར་རི།།
འཇའ་ཚོན་སྣ་ལྔས་སྦྲེལ་ཡོད།།
ང་དང་ཆུང་འདྲིས་བྱམས་པ།།
སེམས་དང་སེམས་པས་སྦྲེལ་ཡོད།།
ང་ནི་གསེར་ཉ་ཡིན་ན།།
རྒྱ་མཚོའི་ནང་དུ་ཕྱིན་ནས།།
མཛེས་པའི་མུ་ཏིག་དཀར་ཆུང་།།
བླངས་ནས་ཁྱེད་ལ་ཕུལ་ཆོག།།
ང་ནི་གསེར་སྦྲང་ཡིན་ན།།
རི་ཀླུང་ཀུན་ལ་འཕུར་ནས།།
ཞིམ་པོའི་སྦྲང་རྩི་བླངས་ཏེ།།
ཁྱེད་ཀྱི་ཕྱག་ལ་ཕུལ་ཆོག།།
བཀྲ་ཤིས་ལུང་པའི་ཕུ་ལ།།
འབྲི་མོ་སྟོང་དང་རྩ་གཉིས།།
འབྲི་མོ་དེ་ལ་འཁོར་བའི།།
བེའུ་ཆུང་སྟོང་དང་རྩ་གཉིས།།
བེའུ་ཆུང་དེ་ལ་འཁོར་བའི།།
བེའུ་རྫི་བྱིས་པ་ལོ་བརྒྱད།།
སྒང་སྒང་སྒང་ལ་མ་རྒྱག།།
སྒང་སྒང་རླུང་གིས་འཁྱེར་ཡོང་།།
གཤོང་གཤོང་གཤོང་ལ་མ་རྒྱག།།
གཤོང་གཤོང་ཆུ་མོ་འཁྱིལ་ཡོང་།།
སྒང་གཤོང་སྙོམ་ས་གཅིག་ལ།།
དཀར་པོའི་གུར་གཅིག་རྒྱོབ་དང་།།
དཀར་པོའི་གུར་གྱིི་གུར་ཐག།།
གུར་ཐག་སྟོང་སྐུད་སྲིན་སྐུད།།
དཀར་པོའི་གུར་གྱི་གུར་རྒྱུག །
གུར་རྒྱུག་ཙན་དན་དཀར་པོ།།
དཀར་པོའི་གུར་གྱི་ལྡེབས་ལ།།
རི་མོ་བཀྲ་ཤིས་རྟགས་བརྒྱད།།
ཆར་པ་ལོ་གསུམ་བཏང་ཡང་།།
རི་མོ་ཟུབ་ས་མ་རེད།།
རླུང་བུ་ལོ་གསུམ་བརྒྱབ་ཀྱང་།།
རི་མོ་འཁྱེར་ས་མ་རེད།།
ང་ཚོ་འདི་རུ་འཛོམས་འཛོམས།།
གཏན་དུ་འཛོམས་རྒྱུ་བྱུང་ན།།
འདི་རུ་འཛོམས་པའི་དུས་སུ།།
དགའ་དགའ་སྤྲོ་སྤྲོ་གནང་དང་།།
ང་ཚོ་འདི་རུ་འཛོམས་འཛོམས།།
གཏན་དུ་འཛོམས་རྒྱུ་བྱུང་ན།།
འདི་རུ་འཛོམས་པའི་མི་ལ།།
སྙུང་གཞི་གོད་ཆག་མ་གཏོང་།།
ང་གཉིས་གཉིས་པོའི་བརྩེ་དུང་།།
འཇོལ་མོས་མ་གཏོགས་མི་ཤེས།།
ད་ཆ་ཚང་མས་ཤེས་པ།།
འཇོལ་མོ་སྐད་ཆ་མང་བྱུང་།།
ང་གཉིས་གཉིས་པོའི་མཛའ་བཤེས།།
ཆུ་མོས་མ་གཏོགས་མི་ཤེས།།
ད་ཆ་ཚང་མས་ཤེས་པ།།
ཆུ་མོ་སྐད་ཆ་མང་བྱུང་།།
ང་གཉིས་གཉིས་པོའི་དམ་བཅའ།།
ནམ་མཁའ་མ་གཏོགས་མི་ཤེས།།
ད་ཆ་ཚང་མ་ཤེས་པ།།
ར་བའི་ཁུག་ནས་མཐོང་འདུག།།
ལྷ་ཁང་ནང་དུ་ཡོང་ནས།།
ཆོས་ཤིག་ཞུ་དགོས་བསམས་ཀྱང་།།
ཆོས་དོད་འབུལ་རྒྱུ་མེད་པས།།
ཟུར་དུ་ལོངས་སྡོད་གསུངས་བྱུང་།།
ལྗོན་ཤིང་ལྡུམ་རར་ཡོང་ནས།།
ཤིང་ཏོག་ཟ་དགོས་བསམས་ཀྱང་།།
ཤིང་སྡོང་མཐོ་ཐག་ཆོད་ནས།།
ལག་པས་སྙོབ་པ་མི་འདུག།།
བྲོ་རའི་ནང་དུ་ཡོང་ནས།།
དགའ་རོགས་འཚོལ་དགོས་བསམས་ཀྱང་།།
རྐང་གི་རྡོག་འཁྲབ་མི་ཤེས།།
བྲོ་རའི་ཕྱི་ལ་ཕུད་བྱུང་།།
མི་ཚོས་ང་ལ་ལྟ་དུས།།
ང་ལ་སྣང་བ་མ་བྱུང་།།
ཁྱེད་ཀྱིས་ང་ལ་གཟིགས་དུས།།
ཡིད་ཀྱི་སྤུ་ལོང་གཡོས་བྱུང་།།
མི་ཚོས་གླུ་གཞས་གཏོང་དུས།།
ང་ལ་ཚོར་བ་མ་བྱུང་།།
ཁྱེད་ཀྱིས་གསུང་གཞས་གནང་དུས།།
ང་ཡི་སྣང་བ་བཀུག་སོང་།།
མི་ཚོས་བླུགས་པའི་ཆང་འདི།།
བཏུངས་ཀྱང་བྲོ་བ་མི་འདུག།
ཁྱེད་ཀྱིས་བླུགས་པའི་མཆོད་ཆང་།།
སེམས་ཀྱི་གཏིང་ནས་མངར་བྱུང་།།
ཁྱེད་ནི་ལ་མོའི་ཕར་རྒྱབ།།
ང་ནི་ལ་མོའི་ཚུར་རྒྱབ།།
ལྟ་རེས་མཐོང་རེས་མེད་ཀྱང་།།
སེམས་པའི་ཡིག་ཆུང་བསྐུར་ཡོད།།
ཁྱེད་ནི་གངས་རི་མཐོན་པོ།།
ང་ནི་སེང་གེ་དཀར་མོ།།
སེང་གེ་དཀར་མོའི་ཕུགས་རེ།།
གངས་རི་ཁྱེད་ལ་བཅོལ་ཡོད།།
ཁྱེད་ནི་སྤང་ལྗོངས་སྔོན་མོ།།
ང་ནི་ཤྭ་བ་སྨུག་ཆུང་།།
ཤྭ་བ་སྨུག་ཆུང་ང་ཡི།།
ཕུགས་རེ་སྤང་ལ་བཅོལ་ཡོད།།
ཁྱོད་ནི་གངས་རི་ཡིན་པ།།
ང་ནི་སེང་གེ་ཡིན་པ།།
གངས་རིར་འགྱུར་བ་མེད་ན།།
སེང་གེ་རྟག་ཏུ་འཁོར་ཡོང་།།
ཁྱོད་ནི་ཤུག་པ་ཡིན་པ།།
ང་ནི་ཁུ་བྱུག་ཡིན་པ།།
ཤུག་པར་འགྱུར་བ་མེད་ན།།
ཁུ་བྱུག་རྟག་ཏུ་བབས་ཡོང་།།
ཁྱོད་ནི་སྤང་ཁ་ཡིན་པ།།
ང་ནི་ཤྭ་ཕྲུག་ཡིན་པ།།
སྤང་ཁ་འགྱུར་བ་མེད་ན།།
ཤྭ་ཕྲུག་རྟག་ཏུ་སླེབས་ཡོང་།།
བཀྲ་ཤིས་ལུང་པའི་ཕུ་ལ།།
དར་དཀར་རླུང་གི་རྒྱན་ཆ།།
དེ་ནི་དར་དཀར་མ་རེད།།
ཐང་དཀར་རྒོད་པོ་རེད་འདུག།།
བཀྲ་ཤིས་ལུང་པོའི་དབུས་སུ།།
དར་སེར་རླུང་གི་རྒྱན་ཆ།།
དེ་ནི་དར་སེར་མ་རེད།།
ངང་པ་སེར་པོ་རེད་འདུག།།
བཀྲ་ཤིས་ལུང་པའི་མདའ་ལ།།
དར་སྔོན་རླུང་གི་རྒྱན་ཆ།།
དེ་ནི་དར་སྔོན་མ་རེད།།
བྱ་ཆེན་ཁུ་བྱུག་རེད་འདུག།།
ཁྱོད་ནི་གཙང་ཆུ་སྔོན་མོ།།
ང་ནི་ཆུ་ཕྲན་དྭངས་མ།།
རྒྱུག་ལམ་ཁག་ཁག་ཡིན་ཀྱང་།།
འདུ་ས་རྒྱ་མཚོ་ཆེན་མོ།།
ཁྱོད་ནི་བྱ་ཆེན་རྒོད་པོ།།
ང་ནི་ཁུག་རྟ་ཆུང་ཆུང་།།
གཤོག་རྩལ་ཆེ་ཆུང་ཡོད་ཀྱང་།།
འཕུར་ས་ཨ་སྔོན་གནམ་རེད།།
ཁྱོད་ནི་རྩྭ་ཐང་འབྲོག་པ།།
ང་ནི་སོ་ནམ་ཞིང་པ།།
སྡོད་ས་ཁག་ཁག་ཡིན་ཀྱང་།།
ལས་ཀྱི་དམིགས་ཡུལ་གཅིག་རེད།།
ཁྱོད་ནི་དཀར་གསལ་ཟླ་བ།།
ང་ནི་འོད་ཅན་སྐར་མ།།
འོད་སྣང་ཆེ་ཆུང་ཡོད་ཀྱང་།།
མཉམ་དུ་མཚན་ལམ་གསལ་དགོས།།
ཁྱིམ་ནས་བྲལ་བའི་ཉིན་མོ།།
ཨ་ཕས་ང་ལ་གསུངས་པར།།
ཕར་ཕྱོགས་དགའ་རོགས་བསྒྲིགས་ན།།
ཕྱུག་པོའི་བུ་མོ་འཚོལ་གསུངས།།
ཕྱུག་པོའི་བུ་མོ་ཡིན་ན།།
ང་ལ་མཐོང་ཆུང་བྱས་ཡོང་།།
ཕྱུག་པོའི་བུ་མོ་མི་དགོས།།
ཨ་ཕ་དགོངས་པ་མ་འཚོམས།།
ཁྱིམ་ནས་བྲལ་བའི་ཉིན་མོ།།
ཨ་ཁུས་ང་ལ་གསུངས་པར།།
ཕར་ཕྱོགས་དགའ་རོགས་བཙལ་ན།།
དཔོན་པོའི་བུ་མོ་འཚོལ་གསུངས།།
དཔོན་པོའི་བུ་མོ་ཡིན་ན།།
ང་ལ་བརྙས་བཅོས་བྱས་ཡོང་།།
དཔོན་པོའི་བུ་མོ་མི་དགོས།།
ཨ་ཁུ་དགོངས་པ་མ་འཚོམས།།
ཁྱིམ་ནས་བྲལ་བའི་ཉིན་མོ།།
ཨ་མས་ང་ལ་གསུངས་པར།།
ཕར་ཕྱོགས་དགའ་རོགས་བཙལ་ན།།
སེམས་བཟང་བུ་མོ་འཚོལ་གསུངས།།
སེམས་བཟང་བུ་མོ་ཡིན་ན།།
རྒྱུ་དང་གོ་གནས་མི་དགོས།།
ཨ་མ་ཐུགས་ཁྲལ་མ་གནང་།།
བཀའ་གསུངས་དང་ལེན་ཞུ་ཆོག།།
ཆུ་ཕྲན་འགྲམ་ལ་ང་ཡོད།།
མཚོ་མོའི་ཟུར་ལ་ཁྱོད་ཡོད།།
ས་ཐག་རིང་སོང་མ་སེམས།།
སྙིང་གཏམ་སེམས་ལ་བཞག་ཡོད།།
རྩྭ་ཐང་སྟེང་ལ་ང་ཡོད།།
གངས་རིའི་ཐོག་ལ་ཁྱོད་ཡོད།།
ས་ཐག་རིང་སོང་མ་སེམས།།
མཛུབ་དཀྲིས་ཕར་ཚུར་བརྒྱུས་ཡོད།།
ཕ་ཡུལ་ཁྱིམ་ལ་ང་ཡོད།།
མི་ཡུལ་ས་ལ་ཁྱོད་ཡོད།།
ས་ཐག་རིང་སོང་མ་སེམས།།
མཉམ་དུ་དམ་བཅའ་བཞག་ཡོད།།
རི་མདུན་ཤྭ་བའི་ཤྭ་ཕྲུག།།
རི་རྒྱབ་གླ་བའི་གླ་ཕྲུག།
སྤང་གཤོངས་སྟེང་ལ་འཛོམས་སོང་།།
གོམ་རྩལ་སྦྱོང་དགོས་བསམས་ཏེ།།
བཤིབས་ནས་བརྩེ་དུང་ཆགས་སོང་།།
ཆུ་ཆེན་ནང་གི་ཉ་ཆེན།།
ཆུ་ཆུང་ནང་གི་གསེར་ཉ།།
གཡུ་མཚོའི་ནང་དུ་ཐུག་སོང་།།
ཆུ་རྐྱལ་སྦྱོང་དགོས་བསམས་ཏེ།།
བཤིབས་ནས་བརྩེ་དུང་ཆགས་སོང་།།
ལྕང་རའི་ནང་གི་བྱ་ཁྲ།།
ལྡུམ་རའི་ནང་གི་བྱེའུ་ཆུང་།།
མཚམས་སྤྲིན་དཀྱིལ་ལ་འཛོམས་སོང་།།
གཤོག་རྩལ་སྦྱོང་དགོས་བསམས་ཏེ།།
བཤིབས་ནས་བརྩེ་དུང་ཆགས་སོང་།།
ཡར་གྲོང་ཡ་གིའི་སྟག་ཤར།།
མར་གྲོང་མ་གིའི་སྨན་ཆུང་།།
ལས་ཤིག་སྦྱོང་དགོས་བསམས་ཏེ།།
བཤིབས་ནས་བརྩེ་དུང་ཆགས་སོང་།།
བུ་མོས་བཏགས་པའི་ལྷམ་སྒྲོག།།
ང་ཡི་ཉྭ་ལ་བཅིངས་ཡོད།།
ཡར་འགྲོ་མར་འགྲོ་བྱེད་དུས།།
བདེ་མོ་ཡོད་ལ་ཡང་བ།།
བུ་མོས་བཏགས་པའི་སྐ་རགས།།
ང་ཡི་སྐེད་པར་བཅིངས་ཡོད།།
ནང་ལས་ཕྱི་ལས་བྱེད་དུས།།
བདེ་མོ་ཡོད་ལ་ཡང་བ།།
བུ་མོས་བསླས་པའི་འུར་རྡོ།།
ང་ཡི་ལག་ཏུ་བཟུང་ཡོད།།
རི་ལ་སེམས་ཅན་འཚོ་དུས།།
ཕན་ཐོགས་གཞན་ལས་ཆེ་བ།།
དཔྱིད་ཟླ་དང་པོ་ནང་ལ།།
ས་གཞི་དྲོ་རོགས་གནང་དང་།།
ང་ཡི་གུར་ཀུམ་མེ་ཏོག།།
རྩ་བ་འཛུགས་དགོས་ཡོད་དོ།།
དཔྱིད་ཟླ་གཉིས་པའི་ནང་ལ།།
སྦྲང་ཆར་འབེབས་རོགས་གནང་དང་།།
ང་ཡི་གུར་ཀུམ་མེ་ཏོག།།
ཞལ་ཁ་འབྱེད་དགོས་ཡོད་དོ།།
དཔྱིད་ཟླ་གསུམ་པའི་ནང་ལ།།
ཉི་འོད་ཕོག་རོགས་གནང་དང་།།
ངའི་གུར་ཀུམ་མེ་ཏོག།།
འབྲས་བུ་སྨིན་དགོས་ཡོད་དོ།།
དཔྱིད་ཟླ་གསུམ་ལ་སྨིན་པའི།།
ང་ཡི་གུར་ཀུམ་མེ་ཏོག།།
གནས་སྐབས་བུམ་པའི་མཛེས་རྒྱན།།
རྗེས་སོར་བྱམས་པའི་སེམས་རྟེན།།
ཚེས་པ་བཅོ་ལྔའི་ཞོགས་པར།།
དཔལ་ལྷ་གསོལ་བར་ཕྱིན་པས།།
སྔར་སོང་བཤིབས་པའི་ཆུང་འདྲིས།།
སྒོ་མཆོར་འོག་ཏུ་མཇལ་བྱུང་།།
དེ་འདྲའི་ཆུང་འདྲིས་བྱམས་པ།།
མིག་ཆུ་གཏོང་བ་མ་གནང་།།
ང་གཉིས་སྔོན་མ་བཤིབས་བཤིབས།།
ད་ཆ་གཤིབ་སྐལ་མི་འདུག།
ཚེས་པ་བཅོ་ལྔའི་དགོང་མོར།།
ཟླ་བ་མཇལ་བར་ཕྱིན་པས།།
ང་ལ་སྨན་ཆུང་བུ་མོས།།
མིག་ཆུ་དྲག་ཆར་ཕབ་བྱུང་།།
ཡ་གིིའི་ཨ་སྔོན་དེ་ལ།།
སྲས་མོ་སྤུན་གསུམ་གྲལ་བསྒྲིགས།།
གཅིག་དེ་སེར་ཆེན་ཉི་མ།།
གཉིས་དེ་དཀར་གསལ་ཟླ་བ།།
གསུམ་དེ་སྨིན་དྲུག་ཁྲ་མོ།།
སྲས་མོ་སྤུན་གསུམ་གྲལ་བསྒྲིགས།
ཡ་གིིའི་གངས་སྟོད་དེ་ལ།།
གྲ་ཡག་སྤུན་གསུམ་གྲལ་བསྒྲིགས།།
གཅིག་དེ་ཝ་དམར་གྲ་ཡག།།
གཉིས་དེ་གཟིག་མོ་གྲ་ཡག།།
གསུམ་དེ་སྟག་མོའི་གྲ་ཡག།།
གྲ་ཡག་སྤུན་གསུམ་གྲལ་བསྒྲིགས།
ཡ་གིིའི་གྲོང་སྟོད་དེ་ལ།།
བྲོ་པ་སྤུན་གསུམ་གྲལ་བསྒྲིགས།།
གཅིག་དེ་སྟག་ཤར་གཞོན་པ།།
གཉིས་དེ་སྨན་ཆུང་བུ་མོ།།
གསུམ་དེ་ཁ་གཞས་རྡོག་བྲོ།།
བྲོ་པ་སྤུན་གསུམ་གྲལ་བསྒྲིགས།
ས་གཞི་མར་ལ་གཟིགས་དང་།།
བཟང་པོ་སྣ་གསུམ་འཛོམས་འདུག།།
དང་པོ་གྲོ་ནས་དཀར་པོ།།
གཉིས་པ་སྲན་མ་ནག་པོ།།
གསུམ་པ་པད་ཁ་དམར་པོ།།
བཟང་པོ་མིན་ན་གང་ཡིན།།
བཞུགས་གྲལ་ཡར་ལ་གཟིགས་དང་།།
བཟང་པོ་གསུམ་ལྡན་འཛོམས་འདུག།།
དང་པོ་ཡབ་ཆེན་ཨ་ཕ།།
གཉིས་པ་ཡུམ་ཆེན་ཨ་མ།།
གསུམ་པ་ཚེ་གང་གཏན་གྲོགས།།
བཟང་པོ་མིན་ན་གང་ཡིིན།།

ཚེག་བར་བདུན་མའི་ཚིགས་བཅད།
བཀླག་ཚུལ། ཆ་ཆ་ཆ་ཡ། (ཚིག་རྐང་སོ་སོར་ཚེག་བར་ཆ་གསུམ་གྱི་རྗེས་སུ་ཡ་གཅིག་ཡོད།)
མི་འཇོན་གོས་ཆེན་གོན་མཁན་ཚོ། །
གོས་ཆེན་ས་ལ་དྲུད་རོགས་རེད། །
མི་བདེན་རྫུན་འབག་གྱོན་མཁན་ཚོ། །
སྔོ་ལོ་ལངས་ནས་འཕྱར་རོགས་རེད། །
རྒྱབ་རི་ལྷ་ཤིང་ཤུག་པ་ཡིན། །
བསངས་ཤུག་མི་ལ་རེ་དགོས་མེད། །
མདུན་རི་གནམ་མཚོ་ཕྱུག་མོ་ཡིན། །
ཇ་ཆུ་མི་ལ་རེ་དགོས་མེད། །
རི་འགོ་རེ་ལ་ཆུ་འགོ་རེ། །
རྫི་བོའི་ཇ་ཆུ་གར་བླང་རེད། །
རྫ་ཁྲ་རེ་ལ་མེ་ཏོག་རེ། །
མཛེས་པའི་མེ་ཏོག་གར་སྒྲུག་རེད། །
སྐེད་པ་ཕྲ་མོ་ལྡེམ་ལྡེམ་མ། །
ལྡེམ་རོགས་ཐིག་ཁྲའི་སྐ་རགས་ཡོད། །
ཀོ་ལྷམ་དཀར་ཆུང་མཛེས་མོ་མ། །
མཛེས་རོགས་ལྷམ་སྒྲོག་འཇའ་ཚོན་ཡོད། །
མགོ་བོ་ནག་ཆུང་སྐྲ་བཟང་མ། །
བཟང་རོགས་ཝ་ཞྭ་གྲ་ཆེན་ཡོད། །
རྣ་ཅོག་དུང་དཀར་གཡས་འཁྱིལ་ལ། །
ཨ་ལོང་གསེར་གྱི་པ་ཏྲ་ཡོད། །
སྙིང་ཁ་ཆོས་ཀྱི་ཕོ་བྲང་ལ། །
གའུ་ཉི་ཟླ་ཁ་བུབ་ཡོད། །
སྐེ་མོ་ངང་དཀར་མགུལ་རིང་ལ། །
གཟི་ཕྲུག་ཐིག་ལེ་དགུ་འཛོམས་ཡོད། །
རི་རྩེ་མཐོ་ལ་དགའ་ལེ་ཡིན། །
གཡང་ས་མང་ལ་དགའ་ལེ་མིན། །
ཆུ་མིག་དྭངས་ལ་དགའ་ལེ་ཡིན། །
ཆུ་སྦུག་ཐུང་ལ་དགའ་ལེ་མིན། །
ཆུང་འདྲིས་རོགས་ལ་དགའ་ལེ་ཡིན། །
བྱ་སྤྱོད་ངན་ལ་དགའ་ལེ་མིན། །
རལ་པ་སྨུག་ཆུང་མགོ་ལ་དོན། །
དེ་དུས་ཕ་མས་གཅེས་སྒང་རེད། །
སོ་དཀར་སུམ་ཅུ་ཁ་ནང་དོན། །
དེ་དུས་བྱམས་པས་གཅེས་སྒང་རེད། །
འཁོར་གསུམ་ཕྲ་རིང་རྒྱབ་ལ་འཁུར། །
དེ་དུས་དཔོན་གྱིས་གཅེས་སྒང་རེད། །
ས་གཞི་བདག་མེད་ཡིན་ཟེར་ན།
ས་མཐའ་འཇའ་ཚོན་འཁྲིགས་བཞིན་ཤོག།།
ཨ་སྔོན་བདག་མེད་ཡིན་ཟེར་ན། །
ནམ་མཐའ་གློག་དམར་འཁྱུག་བཞིན་ཤོག། །
རྐྱང་དཀར་བདག་མེད་ཡིན་ཟེར་ན། །
སྤུ་རྩེ་མེ་སྟག་འཚུབ་བཞིན་ཤོག།།
ཆུང་ལོ་བདག་མེད་ཡིན་ཟེར་ན། །
སུམ་ཅུའི་སོ་གྲལ་སྟར་བསྒྲིགས་ཤོག།།
བཀྲ་ཤིས་རི་ལ་རྒྱན་གསུམ་ཡོད། །
རི་མགོ་ཡ་ལ་གངས་ཀྱི་རྒྱན། །
རི་སྐེད་ཡ་ལ་ཤིང་གི་རྒྱན། །
རི་རྩ་མ་ལ་ཆུ་ཡི་རྒྱན། །
ཁྱུང་དཀར་གཡག་ལ་རྒྱན་གསུམ་ཡོད། །
གཡག་མགོར་རྭ་ནག་གཉིས་ཀྱི་རྒྱན། །
གཡག་སྐེད་གསེར་སྒ་ཁྲ་མོ་རྒྱན།
གཡག་མཇུག་སྟུག་པོ་སྤུ་ཡི་རྒྱན། །
རི་གསུམ་རི་བོའི་རྩེ་མོ་རུ། །
ཤིང་སྣ་མི་གཅིག་སྣ་གསུམ་འདུག།།
ཀ་བ་ཉན་པའི་ཙན་དན་འདུག །
དྲལ་མ་ཉན་པའི་ཤུག་པ་འདུག།།
རི་གསུམ་རི་བོའི་སྐེད་པ་རུ། །
གཅན་གཟན་མི་གཅིིག་སྣ་གསུམ་འདུག།།
རི་མོ་ཡག་པའི་སྟག་གཅིག་འདུག།།
ཨ་ལོང་འཁྱིལ་བའི་གཟིག་གཅིག་འདུག།།
ཞྭ་མོ་ཉན་པའི་ཝ་གཅིག་འདུག།།
རི་གསུམ་རི་བོའི་རྩ་བ་རུ། །
ཆུ་སྣ་མི་གཅིག་སྣ་གསུམ་འདུས། །
གངས་རི་དཀར་པོའི་ཆུ་གཅིག་འདུག།།
རྫ་རི་ནག་པོའི་ཆུ་གཅིག་འདུག།།
སྐྱིད་ཆུ་སྔོན་མོའི་ཆུ་གཅིག་འདུག།།

ཚེག་བར་བརྒྱད་མའི་ཚིགས་བཅད།
བཀླག་ཚུལ། ཡ་ཆ་ཆ་ཆ་ཡ། (ཚིག་རྐང་སོ་སོར་ཚེག་བར་ཡ་གཅིག་གི་རྗེས་སུ་ཆ་གསུམ་དང་། དེའི་རྗེས་སུ་ཡ་གཅིག་ཡོད།)
རོགས་རྒྱུ་མེད་གཅིག་དང་ཁྲེལ་མེད་གཅིག།།
ངས་སུར་དགའ་ཟེར་ན་རྒྱུ་མེད་དགའ། །
རྒྱུ་མེད་ན་རྒྱུ་ལ་གསོག་རྒྱུ་ཡོད། །
ཁྲེལ་མེད་ན་རོགས་ལ་བཟོ་རྒྱུ་མེད། །
དྲིན་ཕ་མ་གསེར་གྱི་ཕྱེ་མ་རེད། །
གསེར་ས་ལ་ཐོར་ན་སྒྲུག་རྒྱུ་མེད། །
རོགས་ཆུང་འདྲིས་རི་མགོའི་རྩྭ་འདྲ་རེད། །
རྩྭ་རེ་གཉིས་སྐམ་ཡང་སྐྱེ་རྒྱུ་ཡོད། །
མགོ་ཡར་སྐྱེས་སྐྲ་ལོ་དཀར་དང་གཅིག། །
ཁ་སོ་མེད་འགྲམ་པ་རྡིབ་དང་གཉིས། །
ཐོད་དཔྲལ་བར་གཉེར་མ་འཁོར་དང་གསུམ། །
སྨན་བུ་མོས་མི་འདོད་རྣམ་གསུམ་རེད། །
ཁྱོད་ཚེ་སྟོད་གྲྭ་པ་བྱས་ནས་སོང་། །
བཀའ་མདོ་སྔགས་མ་ཤེས་ག་ཚོད་མྱངས། །
ཁྱོད་ཚེ་སྨད་སྐྱ་བོ་བྱས་ནས་སོང་། །
ལས་ཚེ་རོགས་མ་རྙེད་ག་ཚོད་མྱངས། །
རྟ་ཞོན་དུས་སྒ་ལ་གཟབ་གཟབ་བྱོས། །
སྒ་འགྱུར་ལོག་ཤོར་ན་རྡབ་ཉེན་ཆེ། །
ཆུ་རྒལ་དུས་རབ་ལ་གཟབ་གཟབ་བྱོས། །
རབ་རབ་ལོག་ཤོར་ན་འཁྱེར་ཉེན་ཆེ། །
རོགས་སྒྲིག་དུས་ཚིག་ལ་གཟབ་གཟབ་བྱོས། །
ཚིག་གོ་ལོག་ཐེབས་ན་འགྱུར་ཉེན་ཆེ། །
ཆུ་ཆེན་པོ་གདའ་ན་བརྒལ་ཡོང་ཆོག །
རབ་འགྱུར་བ་གདའ་ན་བསྐོར་ཡོང་ཆོག །
ལ་མཐོ་བོ་གདའ་ན་བརྒྱབ་ཡོང་ཆོག །
གཡང་གཟར་པོ་འདུག་ན་བསྐོར་ཡོང་ཆོག །
རོགས་མཐུན་པོ་འདུག་ན་འགྲོགས་ཡོང་ཆོག།།
བློ་འགྱུར་བ་གདའ་ན་གཡོལ་ཕྱིན་ཆོག།།
བྱ་ཁུ་བྱུག་ཕེབས་ན་ཕེབས་རན་གདའ། །
ནགས་ཤིང་ལོའི་ཚོན་མདོག་སྔོ་ཐིང་ཐིང་། །
མཛེས་མེ་ཏོག་ཤར་ན་ཤར་རན་གདའ། །
ཡངས་རྩྭ་ཐང་དཔྱིད་རླུང་ལྷང་ལྷང་ལྡང་། །
རོགས་ཆུང་འདྲིས་བསྒྲིགས་ན་སྒྲིག་རན་གདའ། །
སྨན་བུ་མོའི་ལོ་ཚོད་ཏག་ཏག་རེད། །
ས་མ་འདྲིས་བྱང་ཐང་སྐྱ་མོ་རེད། །
འདྲིས་ཚར་ན་རང་གི་ཕ་ཡུལ་རེད། །
ཁྱི་མ་འདྲིས་སྟག་ཁྱི་གཟིག་ཁྱི་རེད། །
འདྲིས་ཚར་ན་རང་གི་སྒོ་ཁྱི་རེད། །
མི་མ་འདྲིས་སྲིན་འབུ་གདོང་དམར་རེད། །
འདྲིས་ཚར་ན་རང་གི་ཕ་མ་རེད། །
ཤར་སྤང་ཆུ་གཡས་དང་རྫ་ཆུ་གཡོན། །
ཁ་སྐོམ་དུས་ཆུ་མོ་གང་འཐུང་ཡིན། །
རྟ་དཀར་པོ་གཡས་ལ་ནག་པོ་གཡོན། །
རྒྱུག་རན་དུས་རྟ་བཟང་གང་ཞོན་ཡིན། །
མདའ་ཕྲ་རིང་གཡས་ལ་ཕྲ་ཐུང་གཡོན། །
རྫས་མུ་ཟི་གཡས་བདེ་གཡོན་བདེ་ཡིན།
ཆང་སྙལ་གྱི་ཡིན་ན་ལང་གི་རེད། །
མ་སྲུ་མོ་ཆང་མའི་རིགས་རྒྱུད་རེད། །
མདེའུ་འཕེན་གྱི་ཡིན་ན་འཕོག་གི་རེད། །
མདའ་སྔོན་མོ་སྡིག་པའི་ས་བོན་རེད། །
རྟ་འཁྱེར་གྱི་ཡིན་ན་བཅགས་ཀྱི་རེད། །
ཕ་ཨ་ཁུ་རྩལ་གྱི་རིགས་རྒྱུད་རེད། །
ཕུ་གངས་རི་དཀར་པོ་མ་ཆགས་ན། །
བར་རྫ་ཆུ་བསིལ་མ་ག་ནས་རྒྱུག།།
བར་རྫ་ཆུ་བསིལ་མ་མ་བརྒྱུགས་ན། །
མདའ་གཡུ་མཚོ་སྔོན་མོ་གང་ནས་འཁྱིལ། །
མདའ་གཡུ་མཚོ་སྔོན་མོ་མ་འཁྱིལ་ན། །
བྱ་སེར་བྱ་ངང་པ་གང་ནས་འཁོར། །
བྱ་སེར་བྱ་ངང་པ་མ་འཁོར་ན། །
མཚོ་མཛེས་པོའི་རྒྱན་ཆ་གང་ནས་ཡོང་། །
རི་ཡག་མོ་གསེར་གྱི་རི་རྩེ་ལ། །
མཚོ་ཡག་མོ་གསེར་མཚོ་འཁྱིལ་ནས་ཡོད། །
མཚོ་ཡག་མོ་གསེར་མཚོའི་དཀྱིལ་འཁོར་ན། །
ཤིང་ཡག་མོ་གསེར་ཤིང་འཚར་ནས་ཡོད། །
ཤིང་ཡག་མོ་གསེར་ཤིང་རྩེ་མོ་ལ། །
བྱ་ཡག་མོ་གསེར་བྱ་བབས་ནས་ཡོད། །
བྱ་ཡག་མོ་གསེར་བྱ་བབས་ནས་ནི། །
གསུང་སྙན་མོ་དྲུག་འགྱུར་བརྒྱབ་ནས་ཡོད། །
གསུང་སྙན་མོ་དྲུག་འགྱུར་བརྒྱབ་ནས་ནི། །
སྐད་སྙན་མོ་དྲུག་འགྱུར་བརྒྱབ་ནས་ཡོད། །
སྨན་བུ་མོ་ང་ཚོ་ཕ་ཡུལ་དྲན། །
ཕོ་གཞོན་པ་ང་ཚོ་ཕ་ཡུལ་དྲན། །
རྟ་འདོ་བ་ང་ཡི་འགྲོ་རོགས་ཡིན། །
ལམ་གང་འདྲ་རིང་ཡང་སྐྲག་ལེ་མིན། །
བོའུ་ཕྲ་རིང་ང་ཡི་འགྲོ་རོགས་ཡིན། །
འཇིགས་གཅན་གཟན་གང་ལ་སྐྲག་ལེ་མིན། །
སྙན་གླིང་བུ་ངའི་འགྲོ་རོགས་ཡིན། །
གཡོ་རྫུན་གཏམ་ཀུན་ལ་སྐྲག་ལེ་མིན། །
དགའ་ཆུང་འདྲིས་ང་ཡི་འགྲོ་རོགས་ཡིན། །
ངལ་དཀའ་བ་གང་ལ་སྐྲག་ལེ་མིན། །
ནམ་ཡར་ལངས་ཚ་མོ་ཇ་ལ་དགའ། །
དཀར་འོ་མ་བླུགས་ཤོག་འཐུང་སྟབས་བདེ། །
ས་ཐག་རིང་སྐྱོད་དུས་རྟ་ལ་དགའ། །
སྒ་གསེར་སྒ་བསྟད་ན་འཁྱེར་སྟབས་བདེ། །
མུན་མ་རུབ་ཆུང་འདྲིས་རོགས་ལ་དགའ། །
ཁ་ཚིག་གསུམ་ལབ་དང་གྲོས་སྟབས་བདེ། །
ང་རི་མགོ་མཐོན་པོར་འགྲོ་ཉིན་མོ། །
རྩྭ་ཐང་ཆེན་མེ་ཏོག་བཞད་བཞིན་གདའ། །
ངས་རང་སེམས་སྐྱིད་པའི་གླུ་ཞིག་ལེན། །
ངའི་གླུ་སྒྲ་མེ་ཏོག་བཞད་འདྲ་ཤོག། །
ང་རི་མགོ་མཐོན་པོར་འགྲོ་ཉིན་མོ། །
གཡུ་སྤང་གཤོངས་ཕྱུགས་ཀྱི་ཁེངས་བཞིན་གདའ། །
ངས་རང་སེམས་འགུལ་བའི་གླུ་ཞིག་ལེན། །
ངའི་གླུ་སྒྲ་ས་གཞིར་ཁྱབ་པར་ཤོག།།
དངུལ་དཀར་པོའི་བུམ་ཆུང་འདི་དང་གཅིག།།
ཤར་རྒྱ་གར་རྨ་བྱའི་སྒྲོ་དང་གཉིས། །
ནུབ་བོད་ཡུལ་རྫ་ཆུ་བསིལ་མ་གསུམ། །
རྒྱུ་དེ་ཚོ་ཕ་ཡུལ་མི་གཅིག་སྟེ། །
ལྷ་བླ་མའི་ཕྱག་ཏུ་མཉམ་དུ་འཛོམས། །
སྐུ་མཆོད་གཤོམ་ཐོག་ཏུ་རྟེན་འབྲེལ་འགྲིགས། །
དྲིན་ཕ་མས་ང་ལ་གསུངས་པ་ལ། །
སྨན་གྱ་གྱུའི་ངོ་ལ་མ་ལྟ་གསུངས། །
སྨན་གྱ་གྱུའི་ངོ་ལ་མ་བལྟས་ན། །
སྨན་ང་ཡག་ཁོ་ཡག་མི་ཤེས་འདུག།།
དྲིན་ཕ་མས་ང་ལ་གསུངས་པ་ལ། །
རི་མཐོན་པོའི་རྩེ་ལ་མ་འགྲོ་གསུངས། །
རི་མཐོན་པོའི་རྩེ་ལ་མ་སོང་ན། །
ཕྱུགས་ནོར་གྱི་གདེང་ཚོད་མི་ལོན་འདུག།།
དྲིན་ཕ་མས་ང་ལ་གསུངས་པ་ལ། །
ཆུ་ཆེན་པོའི་འགྲམ་དུ་མ་འགྲོ་གསུངས། །
ཆུ་ཆེན་པོའི་འགྲམ་དུ་མ་སོང་ན། །
རགས་བདེ་མོ་གང་ཡོད་མི་ཤེས་འདུག།།
དྲིན་ཕ་མས་ང་ལ་གསུངས་པ་ལ། །
ཁྲོམ་རྒྱ་ཁྲོམ་དཀྱིལ་ལ་མ་འགྲོ་གསུངས། །
ཁྲོམ་རྒྱ་ཁྲོམ་དཀྱིལ་ལ་མ་སོང་ན། །
ཚོང་རྒྱ་ཚོང་བོད་ཚོང་ཉམས་མི་ཆོད།
ལོ་ན་ཚོད་གཞོན་པའི་སྟག་ཤར་ཚོ། །
ཁྱོད་དྲོ་འཇམ་པགས་ཚག་གྱོན་བསམས་ན། །
ཟོག་སེམས་ཅན་ཤེད་ལེགས་འཚོ་རོགས་གྱིས། །
ལོ་ན་ཚོད་གཞོན་པའི་སྟག་ཤར་ཚོ། །
ཁྱོད་མཛེས་ལྡན་ཝ་ཞྭ་གྱོན་བསམས་ན། །
རིར་ཕྱིན་ནས་ཝ་མོ་གསོད་རོགས་གྱིས། །
ལོ་ན་ཚོད་གཞོན་པའི་སྟག་ཤར་ཚོ། །
འདོད་ཁེངས་པའི་འཚོ་བ་སྐྱེལ་བསམས་ན། །
ཁྱོད་ལས་སློབ་གཉིས་ལ་འབད་བརྩོན་གྱིས།
རི་གངས་རིའི་ཐོག་ལ་ང་འགྲོ་མྱོང་། །
མཛེས་གངས་ལྷ་མེ་ཏོག་ངས་འཐུ་མྱོང་། །
རི་རྫ་རིའི་ཐོག་ལ་ང་འགྲོ་མྱོང་། །
ཞིམ་རྫ་ཡུང་འབྲས་བུ་ངས་ཟ་མྱོང་། །
རི་ནགས་རིའི་ཐོག་ལ་ང་འགྲོ་མྱོང་། །
ཤིང་དྲི་ཞིམ་ཙན་དན་ངས་འཐུ་མྱོང་། །
རི་སྤང་རིའི་ཐོག་ལ་ང་འགྲོ་མྱོང་། །
སྨན་དབྱར་རྩྭ་དགུན་འབུ་ངས་བརྐོས་མྱོང་། །
རི་བྲག་རིའི་ཐོག་ལ་ང་འགྲོ་མྱོང་། །
སྨན་སྲིན་མོ་བྲག་སྲིན་ངས་མཇལ་མྱོང་། །
དབུས་ལྷ་སའི་གྲོང་ལ་ང་འགྲོ་མྱོང་། །
རྒྱ་ཁྲོམ་ལ་འདོད་གླུ་ངས་ལེན་མྱོང་། །
ང་དགའ་བའི་གྲོགས་གཅིག་འུར་རྡོ་ཡོད། །
ཡངས་རྩྭ་ཐང་ཡང་ཡང་སྐོར་དགོས་ཡོད། །
ཁྱོད་ང་གཉིས་མཉམ་འགྲོ་མཉམ་སྡོད་བྱེད། །
ཕྱུགས་དཀར་ནག་ཤ་ཤེད་ལེགས་པོ་འཚོ། །
ང་དགའ་བའི་གྲོགས་གཅིག་གླིང་བུ་ཡོད། །
ཡངས་རྩྭ་ཐང་ཡང་ཡང་སྐོར་དགོས་ཡོད། །
ཁྱོད་ང་གཉིས་མཉམ་འགྲོ་མཉམ་སྡོད་བྱེད། །
སྐྱིད་གླུ་དབྱངས་རྩྭ་ཐང་སྟེང་དུ་ཁྱབ། །
ང་དགའ་བའི་རོགས་གཅིག་ཆུང་འདྲིས་ཡོད། །
ཡངས་རྩྭ་ཐང་ཡང་ཡང་སྐོར་དགོས་ཡོད། །
ཁྱོད་ང་གཉིས་མཉམ་འགྲོ་མཉམ་སྡོད་བྱེད། །
དབུལ་ཕྱུག་འགྱུར་ཡོང་བའི་འབད་བརྩོན་བྱེད།།
ཁྱོད་སྤྲིན་དཀར་ནམ་མཁའི་དབྱིངས་སུ་གནས། །
ང་ལྗང་ཆུང་ཞིང་ཁ་ས་ནས་འཚར། །
ཁྱོད་ང་ལ་བསམ་པ་ཡོད་པ་ན། །
ཆར་ཟིམ་ཟིམ་ཚུར་ཚུར་འབབ་རོགས་གནང་། །
ཁྱོད་ལྕང་མ་གླིང་གའི་ནང་དུ་གནས། །
ང་མེ་ཏོག་ཆུང་ཆུང་ཕྱི་ལ་ཤར། །
ཁྱོད་ང་ལ་བསམ་པ་ཡོད་པ་ན། །
རླུང་བསིལ་བསིལ་ཚུར་ཚུར་རྒྱག་རོགས་གནང་། །
ཁྱོད་ཟླ་བ་ནམ་མཁའ་མཐོན་པོར་གནས། །
ང་བྱིའུ་ཆུང་ཤིང་ནགས་ནང་དུ་གནས། །
ཁྱེད་ང་ལ་བསམ་པ་ཡོད་པ་ན། །
གསལ་འོད་ཟེར་ཚུར་ཚུར་འཕྲོ་རོགས་གནང་། །
ཁྱོད་ཞིང་པས་དཔྱིད་རྨོད་རྒྱག་བཞིན་གདའ། །
ང་འབྲོག་མོས་ར་ལུག་འཚོ་བཞིན་གདའ། །
ཁྱོད་ང་ལ་བསམ་པ་ཡོད་པ་ན། །
སྙན་གླུ་གཞས་ཚུར་ཚུར་གཏོང་རོགས་གནང།།
ང་ད་ནངས་མདའ་ལུང་ནང་ནས་ཡོང་། །
མདའ་མ་འཕེན་ཟེར་མི་མང་པོ་གདའ། །
མདའ་མི་འཕེན་མདའ་རྩེ་གསར་པ་ཡིན། །
མདའ་འཕེན་ཚོད་སླེབས་དུས་ཅི་དགའ་ལྟ། །
ང་ད་ནངས་རྟ་ལུང་ནང་ནས་ཡོང་། །
རྟ་མ་ཁྱེར་ཟེར་མི་མང་པོ་གདའ། །
རྟ་མ་ཁྱེར་གོང་ལ་སྒ་བཅག་བྱེད། །
རྟ་འཁྱེར་ཚོད་སླེབས་དུས་ཅི་དགའ་ལྟ། །
ང་ད་ནངས་རོགས་ལུང་ནང་ནས་ཡོང་། །
རོགས་མ་སྒྲིག་ཟེར་མི་མང་པོ་གདའ། །
རོགས་མི་སྒྲིག་ཨ་ཉོག་ལོ་ཆུང་ཡིིན། །
རོགས་སྒྲིག་ཚོད་སླེབས་དུས་ཅི་དགའ་ལྟ། །
མཐོ་ནམ་མཁའི་བྱ་ལམ་གོང་མ་ན། །
དར་དམར་པོ་ཡུག་གཅིག་རླུང་གིས་བསྐྱོད། །
དར་དམར་པོ་མ་རེེད་རྨ་བྱ་རེད། །
ཁྲ་འཁྱིལ་ལེར་ལྷ་སའི་མཐིལ་ལ་སོང་། །
མཐོ་ནམ་མཁའི་བྱ་ལམ་བར་མ་ལ། །
དར་དཀར་པོ་ཡུག་གཅིག་རླུང་གིས་བསྐྱོད། །
དར་དཀར་པོ་མ་རེད་ཐང་དཀར་རེད། །
སྐྱ་ཤར་རེར་རྒྱ་གར་སྟོད་ལ་སོང་། །
མཐོ་ནམ་མཁའི་བྱ་ལམ་འོག་མ་ལ། །
དར་སྔོན་པོ་ཡུག་གཅིག་རླུང་གིས་བསྐྱོད། །
དར་སྔོན་པོ་མ་རེད་ཁུ་བྱུག་རེད། །
སྔོ་ཐིང་ངེར་མོན་ཡུལ་སྨད་ལ་སོང་། །
ཆབ་ཆུ་ཕྲན་ནང་གི་ཉ་ཆུང་ཁྱོད། །
ལོ་ཆུང་དུས་ཆུ་ཕྲན་ནང་ལ་རྩེས། །
ད་དེང་སང་གསེར་གཤོག་ཡར་འཚར་གདའ། །
ཡངས་མཚོ་མོར་མི་འགྲོ་ཅི་བྱེད་རེད། །
ཤིང་ནགས་ཚལ་ནང་གི་ཤྭ་ཕྲུག་ཁྱོད། །
ལོ་ཆུང་དུས་ནགས་ཚལ་ཟུར་དུ་རྩེས། །
ད་དེང་སང་རྭ་ཅོ་ཡར་འཚར་གདའ། །
སྤང་ཆེན་པོར་མི་འགྲོ་ཅི་བྱེད་རེད། །
རྒྱ་གྲོང་པའི་ནང་གི་བུ་མོ་ཁྱོད། །
ལོ་ཆུང་དུས་སྒོ་མོའི་འགྲམ་དུ་རྩེས། །
ད་དེང་སང་གཟུགས་པོ་ཡར་འཚར་གདའ། །
སྤྲོ་བོ་རང་མི་ཡོང་ཅི་བྱེད་རེད། །
ཕོ་ང་ནི་གསེར་གྱི་གཞུང་སྐུད་འདྲ། །
མོ་ཁྱོད་ནི་དངུལ་གྱི་འཕྲེད་སྐུད་འདྲ། །
ངེད་གཉིས་པོ་བློ་སེམས་མཐུན་གདའ་ན།
དར་གོས་ཆེན་འཐག་པར་ཅི་མི་དཀའ། །
ཕོ་ང་ནི་གསེར་གྱི་ཀ་བ་འདྲ། །
མོ་ཁྱོད་ནི་དངུལ་གྱི་གདུང་མ་འདྲ། །
ངེད་གཉིས་པོ་བློ་སེམས་མཐུན་གདའ་ན། །
མཛེས་ཁང་གསར་རྒྱག་པར་ཅི་མི་དཀའ། །
ཕོ་ང་ནི་གསེར་གྱི་རྒྱ་གླིང་འདྲ། །
མོ་ཁྱོད་ནི་དངུལ་གྱི་གླིང་བུ་འདྲ། །
ངེད་གཉིས་པོ་བློ་སེམས་མཐུན་གདའ་ན། །
གསུང་སྙན་པོའི་གླུ་ཞིག་མཉམ་གཏོང་ཡོང་། །
བྱ་ཁྲི་སྟོང་འཛོམས་པའི་བྱ་ཁྱུའི་ནང་། །
བྱ་ཆེན་པོ་གཅིག་ནི་མངོན་གསལ་ཆེ། །
དེས་གཤོག་རྩལ་ངོམ་སྟེ་ནམ་འཕང་གཅོད། །
ནམ་ཡིན་ཡང་ལམ་སྣེ་ཁྲིད་དེ་འཕུར། །
རྟ་ཁྲི་སྟོང་འཛོམས་པའི་རྟ་ཁྱུའི་ནང་། །
རྟ་རྐྱང་པོ་གཅིག་ནི་མངོན་གསལ་ཆེ། །
རྒྱུག་མགྱོགས་ལ་རླུང་གཤོག་ལྡན་འདྲ་འདུག །
ནམ་ཡིན་ཡང་རྟ་ཁྱུའི་གདོང་ལེན་བྱེད། །
མི་ཁྲི་སྟོང་འཛོམས་པའི་མི་ཚོགས་ནང་། །
མི་གཅིག་ནི་མངོན་གསལ་ཤིན་ཏུ་ཆེ། །
དེ་སློབ་སྦྱོང་བརྩོན་ཞིང་ལས་ལ་འབད། །
དུས་རྟག་ཏུ་མདུན་སྐྱོད་དཔེ་བཟང་བྱེད། །
མཐོ་ནམ་མཁའི་བྱ་ལམ་དགུང་སྔོན་ནས། །
བྱ་ཐང་དཀར་གསུམ་གྱིས་ཡར་ཤོག་ཟེར། །
ཡར་མི་ཡོང་ཐང་དཀར་སྐུ་ཚེ་རིང་། །
ཁྱེད་འདྲ་བའི་འཕུར་གཤོག་ང་ལ་མེད། །
དམའ་ས་གཞིའི་སྟེང་གི་མཚོ་ཆེན་དང་། །
ཉ་གསེར་གཤོག་གསུམ་གྱིས་ཡར་ཤོག་ཟེར། །
ཡར་མི་ཡོང་ཉ་ཆུང་སྐུ་ཚེ་རིང་། །
ཁྱེད་འདྲ་བའི་འཁྱུག་གཤོག་ང་ལ་མེད། །
ང་གངས་ལྷ་མེ་ཏོག་གངས་རིའི་སྟེང་། །
ཁྱེད་བསྐལ་བཟང་མེ་ཏོག་སྤང་ཁའི་སྟེང་། །
ངེད་གཉིས་པོ་གཅིག་སེམས་གཅིག་མཐུན་ན། །
མཛེས་ཞལ་ཁ་ཕྱེ་ན་ཕྱེ་མཉམ་བྱེད། །
ང་གསེར་ཉ་ཆུ་བོའི་སྟོད་དུ་གནས། །
ཁྱེད་དངུལ་ཉ་ཆུ་བོའི་སྨད་དུ་གནས། །
ངེད་གཉིས་པོ་གཅིག་སེམས་གཅིག་མཐུན་ན། །
བར་ཆུ་བོའི་དཀྱིལ་ལ་ཐུག་ལེ་བྱེད།
ང་ཤྭ་ཆུང་རི་བོའི་མདུན་དུ་གནས། །
ཁྱོད་གླ་ཆུང་རི་བོའི་རྒྱབ་ཏུ་འདུག།།
ངེད་གཉིས་པོ་གཅིག་སེམས་གཅིག་མཐུན་ན། །
སྐྱིད་སྤང་གཤོངས་སྟེང་དུ་ཐུག་ལེ་བྱེད། །
ང་ཐང་དཀར་བྲག་སྟོད་མཐོན་པོར་གནས། །
ཁྱོད་ཁུ་བྱུག་ནགས་ཀྱི་ནང་དུ་འདུག །
ངེད་གཉིས་པོ་གཅིག་སེམས་གཅིག་མཐུན་ན། །
འཇའ་སྤྲིན་པའི་ནང་དུ་ཐུག་ལེ་བྱེད། །

ཚེག་བར་དགུ་མའི་ཚིགས་བཅད།
བཀླག་ཚུལ། ཆ་ཆ་ཆ་ཆ་ཡ། ( ཚིག་རྐང་སོ་སོར་ཚེག་བར་ཆ་བཞིའི་རྗེས་སུ་ཡ་གཅིག་ཡོད།)
བུ་མོའི་རྐང་པ་ཤ་ཡི་འབོག་ཏོ་འདྲ། །
བུ་མོའི་ངར་གདོང་རྒྱ་གླིང་ཉིས་སྒྲིག་འདྲ། །
བུ་མོའི་པུས་མོ་ཤིང་རྟ་འཁོར་ལོ་འདྲ། །
བུ་མོའི་བརླ་ཤ་དུང་ཆེན་ཉིས་སྒྲིག་འདྲ། །
བུ་མོའི་སྐེད་པ་རྡོ་རྗེ་དྲིལ་བུ་འདྲ། །
བུ་མོའི་གྲོད་པ་སྤང་གཤོངས་བདེ་མོ་འདྲ། །
བུ་མོའི་ལག་ཆུང་རྨ་བྱའི་གཤོག་པ་འདྲ། །
བུ་མོའི་དཔུང་པ་ཚེ་དབང་བུམ་པ་འདྲ། །
བུ་མོའི་ཞལ་རས་དཀར་གསལ་ཟླ་བ་འདྲ། །
བུ་མོའི་དབུ་སྐྲ་སི་ལིང་ལྗང་པ་འདྲ། །
བུ་མོའི་སྐུ་གཟུགས་ཙ་རིའི་སྨྱུག་མ་འདྲ། །
ལུང་པའི་ཕུ་ལ་མ་ཆགས་ཕུ་ལ་ཆགས། །
ལུང་པའི་ཕུ་ལ་སྤང་རྒྱན་མེ་ཏོག་ཆགས། །
སྤང་རྒྱན་མེ་ཏོག་སྤང་ལ་འཇའ་རིས་ཤིག །
ལུང་པའི་བར་ལ་མ་ཆགས་བར་ལ་ཆགས། །
ལུང་པའི་བར་ལ་བྲག་ཆར་ཧ་ལོ་ཆགས། །
བྲག་ཆར་ཧ་ལོ་བྲག་ལ་འཇའ་རིས་ཤིག །
ལུང་པའི་མདའ་ལ་མ་ཆགས་མདའ་ལ་ཆགས། །
ལུང་པའི་མདའ་ལ་ཆུ་ཤིང་འོམ་བུ་ཆགས། །
ཆུ་ཤིང་འོམ་བུ་ཆུ་ལ་འཇའ་རིས་ཤིག །
མེ་ཏོག་དང་པོ་མ་ཤར་དང་པོ་ཤར། །
མེ་ཏོག་དང་པོ་སེར་ཆེན་མེ་ཏོག་ཤར། །
སེར་ཆེན་མེ་ཏོག་ཞལ་ཁ་ཕྱེ་བའི་དུས། །
ཡངས་པའི་རྩྭ་ཐང་དཔྱིད་ཉམས་ལྡན་ཟེ་ལྡན། །
མེ་ཏོག་གཉིས་པ་མ་ཤར་གཉིས་པ་ཤར། །
མེ་ཏོག་གཉིས་པ་སྟག་མའི་མེ་ཏོག་ཤར། །
སྟག་མའི་མེ་ཏོག་ཞལ་ཁ་ཕྱེ་བའི་དུས། །
ཡངས་པའི་རྩྭ་ཐང་དབྱར་ཉམས་ལྡན་ཟེ་ལྡན། །
མེ་ཏོག་གསུམ་པ་མ་ཤར་གསུམ་པ་ཤར། །
མེ་ཏོག་གསུམ་པ་ཉི་མ་མེ་ཏོག་ཤར། །
ཉི་མ་མེ་ཏོག་ཞལ་ཁ་ཕྱེ་བའི་དུས། །
ཡངས་པའི་རྩྭ་ཐང་སྟོན་ཉམས་ལྡན་ཟེ་ལྡན། །
མེ་ཏོག་བཞི་པ་མ་ཤར་བཞི་པ་ཤར། །
མེ་ཏོག་བཞི་པ་གངས་ལྷ་མེ་ཏོག་ཤར། །
གངས་ལྷ་མེ་ཏོག་ཞལ་ཁ་ཕྱེ་བའི་དུས། །
ཡངས་པའི་རྩྭ་ཐང་དགུན་ཉམས་ལྡན་ཟེ་ལྡན། །
བཀྲ་ཤིས་གཡང་ཆགས་ལྷས་ར་གོང་མ་ལ། །
ཁྱུང་དཀར་མཛོ་ཕོ་ལྔ་སྟོང་ལྔ་བརྒྱ་ཡོད། །
དཀར་མོ་འབྲུ་ཡི་རྩིག་པ་རི་ལས་མཐོ། །
རི་དེ་སྔར་ན་མེད་དེ་ད་ལྟ་གདའ། །
ནམ་ཞག་རྒྱུན་དུ་བརྟན་པའི་སྨོན་ལམ་ཞུ། །
བཀྲ་ཤིས་གཡང་ཆགས་ལྷས་ར་བར་མ་ན། །
ཟེ་དཀར་འབྲི་མོ་ལྔ་སྟོང་ལྔ་བརྒྱ་ཡོད། །
སེར་པོ་མར་གྱི་རྩིག་པ་རི་ལས་མཐོ། །
རི་དེ་སྔར་ན་མེད་དེ་ད་ལྟ་གདའ། །
ནམ་ཞག་རྒྱུན་དུ་བརྟན་པའི་སྨོན་ལམ་ཞུ། །
བཀྲ་ཤིས་གཡང་ཆགས་ལྷས་ར་འོག་མ་ན། །
གཡང་དཀར་མ་མོ་ལྔ་སྟོང་ལྔ་བརྒྱ་ཡོད། །
དཀར་ནག་བལ་གྱི་རྩིག་པ་རི་ལས་མཐོ། །
རི་དེ་སྔར་ན་མེད་དེ་ད་ལྟ་གདའ། །
ནམ་ཞག་རྒྱུན་དུ་བརྟན་པའི་སྨོན་ལམ་ཞུ།
རྟ་ཕོའི་མགོ་དེ་ཚེ་དབང་བུམ་པ་འདྲ། །
རྟ་ཕོའི་རྣ་ལྕོག་རྒྱ་ནག་རི་ལྔ་འདྲ། །
རྟ་ཕོའི་མིག་དེ་ནག་ཆུང་སྲན་མ་འདྲ། །
རྟ་ཕོའི་ཟེ་དེ་ལོ་ཡག་ལྗང་པ་འདྲ། །
རྟ་ཕོའི་སྣ་ཁུང་དངུལ་གྱི་དུང་ཆེན་འདྲ། །
རྟ་ཕོའི་ཁ་དེ་གའུ་ཁ་སྦྱར་འདྲ། །
རྟ་ཕོའི་སོ་དེ་བ་སོའི་ར་བ་འདྲ། །
རྟ་ཕོའི་སྐད་དེ་སེང་གེའི་ངར་སྐད་འདྲ། །
རྟ་ཕོའི་སྒལ་པ་སྤང་གཤོངས་མཐིང་སྔོན་འདྲ། །
རྟ་ཕོའི་སུག་བཞི་རླུང་གི་གཤོག་པ་འདྲ། །
རྟ་ཕོའི་གྲོད་ཁོག་རྩྭ་ཡི་བང་མཛོད་འདྲ། །
རྟ་ཕོའི་གཞུ་གུ་རྒྱ་ནག་སྟོང་སྐུད་འདྲ། །
རྨ་བྱས་སྒོ་ང་མ་བཏང་སྒོ་ང་བཏང་། །
སྒོ་ང་དང་པོ་ནམ་མཁའི་དབྱིངས་སུ་བཏང་། །
སྒོ་ང་དེ་ནས་བྱ་ཕྲུག་སྟོང་ཕྲག་ཐོན། །
ནམ་མཁའི་སྐར་ཚོགས་ཕྲེང་བ་དེ་ནས་བྱུང་། །
རྨ་བྱས་སྒོ་ང་མ་བཏང་སྒོ་ང་བཏང་། །
སྒོ་ང་གཉིས་པ་ལྷ་སའི་ཁྲོམ་དུ་བཏང་། །
སྒོ་ང་དེ་ནས་བྱ་ཕྲུག་སྟོང་ཕྲག་ཐོན། །
ལྷ་ས་མི་ཚོགས་མཐུག་པོ་དེ་ནས་བྱུང་། །
རྨ་བྱས་སྒོ་ང་མ་བཏང་སྒོ་ང་བཏང་། །
སྒོ་ང་གསུམ་པ་ཡར་འབྲོག་གཞུང་ལ་བཏང་། །
སྒོ་ང་དེ་ནས་བྱ་ཕྲུག་སྟོང་ཕྲག་ཐོན། །
ཡར་འབྲོག་ཉ་ཆུང་སྐམ་པོ་དེ་ནས་བྱུང་། །
རྨ་བྱས་སྒོ་ང་མ་བཏང་སྒོ་ང་བཏང་། །
སྒོ་ང་བཞི་པ་དྭགས་ཀོང་གཞུང་ལ་བཏང་། །
སྒོ་ང་དེ་ནས་བྱ་ཕྲུག་སྟོང་ཕྲག་ཐོན། །
དྭགས་ཀོང་ཤིང་སྣ་འཛོམས་པ་དེ་ནས་བྱུང་། །
རྨ་བྱས་སྒོ་ང་མ་བཏང་སྒོ་ང་བཏང་། །
སྒོ་ང་ལྔ་པ་བྱང་གི་ཐང་དུ་བཏང་། །
སྒོ་ང་དེ་ནས་བྱ་ཕྲུག་སྟོང་ཕྲག་ཐོན། །
བྱང་ཐང་ལུག་གི་ཁྱུ་ཚོགས་དེ་ནས་བྱུང་། །
མེ་ཏོག་དང་པོ་མ་སྐྱེས་དང་པོ་སྐྱེས། །
མེ་ཏོག་དང་པོ་ལ་མོའི་རྒྱབ་ལ་སྐྱེས། །
ལ་རྒྱབ་མེ་ཏོག་གཡག་ཆུང་རོག་པོས་བཟས། །
གཡག་གུ་གྲང་ཟུག་ཐེག་པ་དེ་ནས་བྱུང་། །
མེ་ཏོག་གཉིས་པ་མ་སྐྱེས་གཉིས་པ་སྐྱེས། །
མེ་ཏོག་གཉིས་པ་བྲག་གི་ལྡེབས་ལ་སྐྱེས། །
བྲག་རིའི་མེ་ཏོག་ར་ཕོ་དཀར་ཁྲས་བཟས། །
ར་ཕོ་རྩལ་ལག་ཆེ་བ་དེ་ནས་བྱུང་། །
མེ་ཏོག་གསུམ་པ་མ་སྐྱེས་གསུམ་པ་སྐྱེས། །
མེ་ཏོག་གསུམ་པ་གངས་ཀྱི་རི་ལ་སྐྱེས། །
གངས་ལྷ་མེ་ཏོག་སེང་གེ་དཀར་མོས་བཟས། །
སེང་གེ་རྩལ་དྲུག་འཛོམས་པ་དེ་ནས་བྱུང་། །
མེ་ཏོག་བཞི་པ་མ་སྐྱེས་བཞི་པ་སྐྱེས། །
མེ་ཏོག་བཞི་པ་སྤང་གི་རི་ལ་སྐྱེས། །
སྤང་རྒྱན་མེ་ཏོག་གཡང་དཀར་མ་མོས་བཟས། །
ལུག་གུ་བལ་རྒྱུད་འཇམ་པ་དེ་ནས་བྱུང་། །
མེ་ཏོག་ལྔ་པ་མ་སྐྱེས་ལྔ་པ་སྐྱེས། །
མེ་ཏོག་ལྔ་པ་ལྡུམ་རའི་ནང་ལ་སྐྱེས། །
ལྡུམ་རའི་མེ་ཏོག་བུང་བ་གཞོན་ནུས་བཟས། །
སྦྲང་རྩི་རོ་བཅུད་མངར་བ་དེ་ནས་བྱུང་། །
ནམ་མཁའ་ཡི་ལ་མི་འཛོམས་དགུ་འཛོམས་འཛོམས། །
ནམ་མཁའ་ཡི་ལ་སྐར་མ་སྨིན་དྲུག་འཛོམས། །
སྐར་མ་སྨིན་དྲུག་གནམ་གྱི་རྒྱན་ཆ་རེད། །
དུ་བ་མཇུག་རིང་སྐར་མའི་ཞབས་འདྲེན་རེད། །
ས་གཞི་འདི་ལ་མི་འཛོམས་དགུ་འཛོམས་འཛོམས།
ས་གཞི་འདི་ལ་གྲོ་ནས་སྲན་གསུམ་འཛོམས། །
གྲོ་ནས་སྲན་གསུམ་ས་གཞིའི་རྒྱན་ཆ་རེད། །
བཙན་དུག་ནག་པོ་ས་གཞིའི་ཞབས་འདྲེན་རེད། །
གཞས་ར་འདི་ལ་མི་འཛོམས་དགུ་འཛོམས་འཛོམས། །
གཞས་ར་འདི་ལ་ཕོ་གཞོན་མོ་གཞོན་འཛོམས། །
ཁ་མཆུ་རྒྱག་རེས་གཞས་རའི་ཞབས་འདྲེན་རེད། །

WordPress Lightbox