༡། དགེ་རྒན་གསར་པ།

དགེ་རྒན་གསར་པ།

སློབ་ཁྲིད་བྱེད་པ། ཅེར་ལྟ་བྱེད་པ། སྣབས་ལུག་པ། མེ་ཏོག་བཞད་པ། སློབ་སྦྱོང་བྱེད་པ། ཞིང་བཏབ་པ། ཕྱུགས་འཚོ་བ།

ང་ཚོས་དཔེ་ཁུག་རྒྱབ་ཏུ་འཁུར་ཏེ་སློབ་གྲྭར་བསྐྱོད། སློབ་གྲྭར་བསླེབས་དུས། དེ་གར་དགེ་རྒན་གསར་པ་ཞིག་བསླེབས་འདུག། ང་ཚོར་དཔེ་དེབ་ཀྱང་གསར་པ་གནང་བྱུང་། དགེ་རྒན་གསར་པ་དེའི་མིང་ལ་མི་འགྱུར་ཟེར། ང་ཚོས་དགེ་རྒན་མི་འགྱུར་དུ་འབོད་ཅིང་། ཁོང་གིས་སློབ་ཁྲིད་བྱེད་དུས་སྨྲ་དག་ཅིང་སྒོ་སམ་སྟེང་གི་ཡི་གེ་ཡང་དེ་ལྟར་གྲ་དག་པོ་ཡོད། ཁོང་གིས་ང་ཚོར་དང་ཐོག་སློབ་ཁྲིད་གནང་སྐབས། ང་ཚོས་ཁོང་གི་གདོང་ལ་ཅེར་བལྟས་བྱས་ནས་ལ་ལ་ཞིག་གི་སྣབས་ཀྱང་ཁ་ནང་དུ་ལུག། ང་ཚོའི་དགེ་རྒན་ནི་དངོས་གནས་བཟོ་ལྟ་ཅན་ཞིག་རེད་ཨང་། དེ་ལ་དགེ་རྒན་མི་འགྱུར་དུ་འབོད་པ་དེས་དབྱུག་པ་སྒོ་སམ་སྟེང་དུ་གཏད་བཞིན་”ཁྱེད་ཚོས་ངའི་གདོང་ལ་བལྟས་ནས་ཅི་བྱེད་དམ། ངའི་ངོ་ན་མེ་ཏོག་ནི་བཞད་མེད། སྒོ་སམ་སྟེང་ལྟོས་”ཞེས་བཤད་སོང་། མ་ཟད་དགེ་རྒན་གྱིས་ཞལ་ནས་སློབ་སྦྱོང་ལེགས་པོ་བྱས་ན། ཁྱོད་ཚོ་ཆེན་པོ་ཆགས་ཚེ་ད་ནི་ཞིང་བཏབ་ནས་ཕྱུགས་འཚོ་དགོས་པ་མ་རེད། ཁྱོད་ཚོ་ནི་བོད་ཀྱི་རེ་བ་ཡིན་ཟེར།

 

མཆན།

སྒོ་སམ། ནག་པང་། ཅེར་ལྟ། འབུར་ཚུགས་སུ་ལྟ་བ། ལ་ལ། ཁ་ཤས། བཞད། མེ་ཏོག་ཁ་ཕྱེ་བ། འཚོ། གསོ་བའམ་སྐྱོང་བ།

 


WordPress Lightbox