མིང་གི་ཁྱད་ཚིག

མིང་གི་ཁྱད་ཚིག (ཁྱད་ཚིག་གམ་ཁྱད་ཆོས།)

དོན་གང་ཞིག་གི་ཡོན་ཏན་ནམ་སྐྱོན་དང་། ཚད་སོགས་སྟོན་པར་བྱེད་པའི་ཚིག་ལ་ཁྱད་ཆོས་བརྗོད་པའི་སྒྲ་ཟེར་ཞིང་། ངོ་བོ་དང་ཁྱད་པར་གཉིས་སུ་ཕྱེ་བའི་ཁྱད་པར་དེ་ཡིན། དཔེར་ན།

༡། དྲང་བ། གུག་པ། འཁྱོག་པ་སོགས་ཀྱི་དབྱིབས་སྟོན་པ
༢། དཀར་བ། གསལ་བ། མུན་ནག་སོགས་ཀྱི་ཁ་དོག་སྟོན་པ
༣། མངར་བ། ཁ་བ། བསྐ་བ་སོགས་ཀྱི་རོ་སྟོན་པ
༤། ཞིམ་པ། དམེ་བ་སོགས་ཀྱི་དྲི་སྟོན་པ
༥། འཇམ་པ། གྲང་བ། སྐོམ་པ་སོགས་ཀྱི་རེག་བྱ་སྟོན་པ
༦། ལྕི་བ། རིང་བ། མཐོ་བ་སོགས་ཀྱི་ཚད་སྟོན་པ
༧། བཟང་བ། དཔའ་བ། བྱམས་པ་སོགས་ཀྱི་རང་བཞིན་ཁྱད་ཆོས་བྱེ་བྲག་པ་ཁོ་ན་བསྟན་པ་ལྟ་བུ་ཡིན།

 

ཁྱད་ཚིག་སྦྱོར་ཚུལ།

༡། བོད་སྐད་དུ་མིང་རྐྱང་སྔོན་དང་། དེའི་རྗེས་སུ་ཁྱད་ཆོས་སྦྱོར་བ་ཡིན་ཞིང་། འདི་ནི་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དཔེར་ན།
ས་ཆ་སྐྱིད་པོ། མེ་ཏོག་མཛེས་པོ། གཡག་ནག་པོ། ཤིང་སྡོང་རིང་པོ། མི་ཡག་པོ། མི་ཕྱུག་པོ། ཐབས་བཟང་པོ། ཟས་ཞིམ་པོ། དགེ་རྒན་མཁས་པ་ལ་སོགས་ཤིན་ཏུ་མང་པོ་ཡོད།
༢། མིང་རྐྱང་སྔོན་དུ་ཡང་ཁྱད་ཆོས་སྦྱོར་ཚུལ་ཡོད་ལ། ཁྱད་ཆོས་མིང་རྐྱང་གི་སྔོན་དུ་སྦྱོར་ན་ནི་དེ་གཉིས་ཀྱི་དབར་འབྲེལ་སྒྲ་སྦྱོར་དགོས།
དཔེར་ན། སྐྱིད་པའི་ས་ཆ། བཟང་པོའི་མིང་། མཛེས་པའི་མེ་ཏོག ནག་པོའི་གཡག ཞིམ་པོའི་ཟས། མཁས་པའི་མི། རིག་པ་ཅན་གྱི་སྐྱེ་བོ། ཚུལ་ཁྲིམས་ལྡན་པའི་དགེ་སློང་། དཔའ་མཛངས་ལྡན་པའི་དམག་དཔོན། ཕན་སེམས་ཅན་གྱི་དབུ་ཁྲིད་ལ་སོགས་མང་པོ་ཡོད།
༣། བོད་སྐད་དུ་གྲངས་ཚིག་རྣམས་ཀྱང་ཁྱད་ཆོས་ལྟ་བུ་ཡིན་ལ། དེ་རྣམས་མིང་ཚིག་གི་རྗེས་སུ་སྦྱར་བ། དཔེར་ན།
མི་གསུམ། སློབ་ཕྲུག་བརྒྱ། གཟའ་བདུན། ཞག་སུམ་ཅུ། ཟླ་བ་བཅུ་གཉིས། ཉི་མ་དྲུག་ལ་སོགས་པོའོ། །

 

ཁྱད་ཆོས་རེ་རེ་ལ་ཚད་གཞིའི་དབང་གིས་རིམ་པ་གསུམ་ཡོད། དཔེར་ན།
༡། བཟང་པོ། བཟང་བ། བཟང་ཤོས།
༢། ངན་པ། ངན་པ། ངན་ཤོས།
༣། སྐྱིད་པོ། སྐྱིད་པ། སྐྱིད་ཤོས།
༤། ཆེན་པོ། ཆེ་བ། ཆེ་ཤོས།
༧། རིང་པོ། རིང་བ། རིང་ཤོས། ལྟ་བུའོ། །

 

མདོར་ན། ལུ་གུ་དཀར་ནག་གཉིས་ལྡིང་རྩེད་བྱེད། ལྟ་བུར་མཚོན་ན།
ལུ་གུ་ནི་ཁྱད་གཞི། དཀར་ནག་གཉིས་ཁྱད་ཆོས་ཡིན།

 

ཁྱད་ཆོས་བརྗོད་པའི་ཚིག་ཡིན་ཡང་བསྡུས་ན་ཁྱད་ཆོས་སྟོན་པའི་མིང་དུ་གྲུབ་པ།

༡། ཁྱད་གཞི་དང་ཁྱད་ཆོས་བསྡུས་པ།

པད་མ་དཀར་པོ་ལ་པད་དཀར། པཎྜི་ཏ་ཆེན་པོ་ལ་པཎ་ཆེན། ཐེག་པ་དམན་པ་ལ་ཐེག་དམན།
ལོ་ཏོག་ཡག་པོ་བྱུང་བ་ལ་ལོ་ཡག།སློག་པ་ཐེད་པོ་ལ་སློག་ཐེད། སྡོང་པོ་ཆེན་པོ་ལ་སྡོང་རྒན། རྟ་རྒས་པ་ལ་རྟ་རྒན། རི་བོ་རབ་ཏུ་ཆེ་བ་ལ་རི་རབ། མཛེས་ཉམས་དང་ལྡན་པའི་ཆོས་ལ་མཛེས་ཆོས། སྙིང་གི་སྡུག་གུ་མ་ལ་སྙིང་སྡུག

༢། གཞི་མཐུན་བསྡུས་པ།

ཁ་དོག་དཀར་ཞིང་རེག་བྱ་འཇམ་པ་ལ་དཀར་འཇམ། དཀར་ཞིང་གསལ་བ་ལ་དཀར་གསལ། ཐུགས་མཉེས་ཤིང་གཤིན་པ་ལ་མཉེས་གཤིན། ཕྲ་ཞིང་ཞིབ་པ་ལ་ཕྲ་ཞིབ། བླུན་ཞིང་རྨོངས་པ་ལ་བླུན་རྨོངས་། ཁོག་གདུག་ཅིང་སྦྱོར་བ་རྩུབ་པ་ལ་གདུག་རྩུབ། མཛའ་ཞིང་མཐུན་པ་ལ་མཛའ་མཐུན། ཞི་ཞིང་དུལ་བ་ལ་ཞི་དུལ་ལྟ་བུའོ། །

 

མཚོ་ཆུ་སྔོ་ཞེ་ན། མཚོ་ཆུའི་ཁ་དོག་སྔོ་བ་ཙམ་ལས་དྭངས་ཉོག་གི་ཚོད་མི་ཟིན་མོད།
མཚོ་ཆུ་སྔོ་སེང་ངེ་བ། ཞེ་ན། མཚོ་ཆུ་སྔོ་ལ་ཧ་ཅང་དྭངས་པའི་དོན་འབྱོར་རོ། །
དར་དམར་རླུང་གིས་བསྐྱོད་ནས་གཡོ། ཞེ་ན། གཡོ་བའི་རྣམ་པ་ཇི་འདྲ་ཡིན་པ་མི་ཤེས་མོད། དར་དམར་རླུང་གིས་བསྐྱོད་ནས་ལྷབ་ལྷུབ་གཡོ། ཞེ་ན། གཡོ་བའི་རྣམ་འགྱུར་མངོན་པར་མཐོང་སྣང་དུ་བསྟན་བྱུང་བ་ལྟ་བུ།
ཞྭ་མོ་རླུང་གིས་ལྷབ་བེ་ཁུར་སོང་། གློ་བུར་དུ་བྱུང་བའི་རྣམ་པ་བསྟན་བྱུང་བ་ལྟ་བུ།

སེང་ངེ། ལྷབ་བེ། ཞེས་པ་དག་བརྗོད་བྱའི་ཆོས་དང་མ་སྦྱར་ན། དོན་ཅི་ཡང་ངེས་པར་བྱ་མི་ནུས་པས། བརྗོད་བྱའི་ཆོས་དང་ཉེ་བར་སྦྱར་དགོས་པ་ལྟ་བུས་གསལ་ལོ། །


ཉམས་མཚོན་པའི་སྒྲ།

WordPress Lightbox