མིང་ཚིག

མིང་ཚིག

མིང་ནི་ཡི་གེ་དུ་མ་འདུས་པ་ཡིན་ཏེ། ཡི་གེ་གཅིག་ཙམ་ལ་བརྗོད་བྱ་སྟོན་པའི་ནུས་པ་མེད་པས། ཡི་གེ་དུ་མ་འདུས་པ་ལས་མིང་བྱུང་ངོ་། །

ཚེག་དབར་གཅིག་ལྡན་གྱི་མིང་ཚིག

༡། ཡི་གེ་གཅིག་ཁོ་ན་ཡིན་ཞིང་ཚེག་དབར་ཡ་གཅིག་ལྡན་གྱི་མིང་ཚིག་སྟེ། དཔེར་ན།
ང། ཁ། ཆ། ཇ། ཉ། ཕ། བ། མ། ཝ། ཡ། ར། ལ། ཤ ས་ལྟ་བུ།

༢། ཚེག་དབར་གཅིག་ལྡན་ཡིིན་ཡང་ཡི་གེ་དུ་མ་དང་ལྡན་པའི་མིང་ཚིག དཔེར་ན།
མཁར། གངས། གླུ། སྒྲོ། སྒེར། དགྲ། སྒྲུང་། བརྒྱད། སྟག སྣ། ཕོགས། ཕྱོགས། མཚོ། ཡུམ་ལྟ་བུའོ། །

ཚེག་དབར་གཉིས་ལྡན་གྱི་མིང་ཚིག

བོད་སྐད་དུ་ཚེག་དབར་གཉིས་ལྡན་གྱི་མིང་ཚིག་མང་ཤོས་ཡིན་ཞིང་། དོན་སྟོན་པའི་མིང་ཚིག་ནི་ཚེག་དབར་གཉིས་པ་དེ་ཆ་ཚང་བ་ཡིན། དཔེར་ན། ཀ་བ། དཀར་པོ། ག་ཚོད། ཆེན་པོ། རྐང་པ། འཁོར་ལོ། རྐུབ་སྟེགས། སྐར་མ་ལྟ་བུ།
དངོས་འབྲེལ་བྱས་ན་མིང་ཚིག་གཅིག་ལ་ཚེག་དབར་གཉིས་ལས་མང་བ་མེད་ཅིང་། ཚེག་དབར་གཉིས་ལྡན་མང་པོ་སྦྲེལ་ནས་མིང་ཚིག་རིང་པོ་དག་བཟོས་པ་ཡིན། དེ་དག་དོན་དུ་མིང་ཚིག་འདུས་པ་ཙམ་ཞིག་ཡིན།

ཚོགས་པའི་མིང་ཚིག་གམ་འདུས་པའི་མིང་ཚིག

དཔེར་ན། མེ་འཁོར། གླིང་ཆེན། བོད་སྐད། བོད་མི། ལྕགས་ལམ། གངས་རི། རྒྱལ་སྲས། རྡུལ་ཕྲན་མཚོན་ཆ། སྒྲ་འཛིན་འཕྲུལ་འཁོར། གནམ་གྲུའི་འབབ་ཐང་། སྲིད་འཛིན་ལྟ་བུའོ། །
འདི་རྣམས་ནི་དངོས་དོན་དུ་མིང་ཚིག་གཅིག་ལས་མང་བ་གཅིག་ཏུ་བསྡུས་ནས་དོན་དམིགས་བསལ་བ་ཞིག་སྟོན་པའི་ཆེད་དུ་ཡིན། དཔེར་ན། མེ་འཁོར་ཞེས་པ་དེའི་མེ་དང་འཁོར་ལོ་གཉིས་མིང་ཚིག་ཁག་ཁག་ཡིན་ཡང་དངོས་པོ་བྱེ་བྲག་པ་ཞིག་སྟོན་ཆེད་དེ་གཉིས་གཅིག་ཏུ་བསྡུས་ནས་མིང་ཚིག་གཅིག་ལྟ་བུར་བཟོས་པ་རེད།

མིང་ལ་དབྱེ་ན།

དང་པོ། དངོས་མིང་། དོན་ཞིག་ལ་ཐོག་མར་མིང་དུ་སྦྱར་བ་གང་ཞིག་དོན་དེ་མ་ནོར་བ་གོ་བར་བྱེད་ཐུབ་པ་ཞིག་ཡིན།

འདོད་རྒྱལ་གྱི་དངོས་མིང་།

རྒྱུ་མཚན་མེད་པར་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བ་དང་དངོས་པོ་དེའི་མིང་དུ་ཆགས་པ་ལ་ཟེར། དཔེར་ན། བུམ་པ། ཀ་བ། ཁང་པ། མི། གནམ་ལྟ་བུའོ། །

རྗེས་གྲུབ་ཀྱི་དངོས་མིང་།

བཟོ་གྲྭ་དང་། སློབ་གྲྭ། ཆོས་གྲྭ། སྒྲུབ་གྲྭ། འབྲས་ཞིང་། གསེར་ཁང་ལྟ་བུ། བཟོ་གྲྭ་ནི་དངོས་མིང་ཡིན་ཡང་། ཐ་སྙད་དེ་ལྟར་བཏགས་པ་ལ་རྒྱུ་མཚན་བཤད་དུ་ཡོད་དེ། བཟོ་ལས་བྱེད་སའི་གྲྭའམ་གྲལ་ཡིན་པ་ལ་གཞིགས་ནས་དེ་འདྲ་བའི་ཐ་སྙད་བྱུང་བའི་མིང་ཡིན།

གཉིས་པ། བཏགས་མིང་

འདོད་རྒྱལ་གྱི་བཏགས་མིང་།

མི་ཕལ་བ་ཞིག་ལ་རྒྱུ་མཚན་མེད་པར་རང་འདོད་ཀྱིས་སངས་རྒྱས་ཞེས་བཏགས་ནས་དེའི་མིང་ལ་སངས་རྒྱས་ཞེས་ཆགས་པ། དེ་བཞིན་དུ་བུ་མོ་ཞིག་ལ་ལྷ་མོ་ཞེས་བཏགས་པ་ན། མིང་དེ་འདོད་རྒྱལ་དང་བཏགས་མིང་ཡིན།

རྗེས་གྲུབ་ཀྱི་བཏགས་མིང་།

༡། འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་པ། བྲམ་ཟེ་ཁ་ཆེ་སྣ་ཉག་ལ། སེང་གེ་ལྟ་བུ།
༢། རྟེན་དང་བརྟེན་པ་རྒྱུ་མཚན་དུ་བྱས་ན་བཏགས་པ། ཆུ་ལ་འཚོ་བ་སྐྱེལ་བའི་བྱ་ལ། ཆུ་བྱ་ཟེར་བ་ལྟ་བུ།
༣། འབྲེལ་བ་རྒྱུན་མཚན་དུ་བྱས་ནས་བཏགས་པ། ཞིང་ནང་དུ་ས་བོན་འདེབས་པ་ལ། ཞིང་འདེབས་ལྟ་བུ།
༤། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ། མེ་སྦར་བྱེད་ཀྱི་ཤིང་ལ། མེ་ཤིང་ཟེར་བ་ལྟ་བུ།
༥། བྱེད་ཚིག་གི་སྒོ་ནས་བཏགས་པ། སྒྲུབ་བྱེད་ཀྱི་ཐབས་ལ། སྒྲུབ་ཐབས་ལྟ་བུ།
༦། བྱ་ཚིག་གི་སྒོ་ནས་བཏགས་པ། བསླབ་པར་བྱ་བའི་ཡུལ། ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ་གསུམ་ལ། བསླབ་པ་གསུམ་ལྟ་བུ།
༧། འདས་ཚིག་གིས་བཏགས་པ། བཅད་གཏུབས་ལྟ་བུ།
༨། སྐུལ་ཚིག་གིས་བཏགས་པ། ཁྲོལ་ཚགས། ཐོངས་མཆན་ལྟ་བུ།
༩། འབྱུང་ཁུངས་ཀྱི་སྒོ་ནས་མིང་བཏགས་པ། རྒྱ་གླིང་། རྨ་ཆུ། ཙོང་ཆུ་ལྟ་བུ།
༡༠། བྱ་བའི་སྒོ་ནས་མིང་བཏགས་པ། ཚོང་པ། བཟོ་བ་ལྟ་བུ།
༡༡། རིགས་ཀྱི་སྒོ་ནས་མིང་བཏགས་པ། བྲམ་ཟེ་ལྟ་བུ།
༡༢། ཡོན་ཏན་གྱི་སྒོ་ནས་མིང་བཏགས་པ། ལག་རྩལ་ཅན་ལྟ་བུ།
༡༣། རྫས་ཀྱི་སྒོ་ནས་མིང་བཏགས་པ། དབྱུག་པ་ཅན་ལྟ་བུ།

གཞན་ཡང་།

སྤྱི་དང་བྱེ་བྲག་གི་མིང་།
སྤྱི་མིང་ནི་སྤྱི་ལ་ཁྱབ་པའི་མིང་རྐྱང་ལ་གོ། དཔེར་ན། སློབ་གྲྭ། རྒྱལ་ས། དགོན་པ། རྒྱལ་ཁབ་ལ་སོགས་པའོ། །
བྲེ་བྲག་གི་མིང་། དཔེ་སྟོན་སློབ་གྲྭ། དགའ་ལྡན་དགོན་པ། ལྡི་ལི། རྒྱ་གར་ལ་སོགས་པའོ། །

འདོད་རྒྱལ་གྱི་མིང་ལ་སྒྲ་བཤད་མེད་པའམ། ཡང་ན། ཚེག་དབར་རྣམས་སོ་སོར་ཕྲལ་ནས་རེ་རེས་དོན་སྟོན་མི་ནུས་པའི་མིང་ཚིག་ལ་ཟེར། ཚེག་དབར་གཅིག་ལྡན་གྱི་མིང་ཚིག་ཕལ་ཆེ་བ་འདོད་རྒྱལ་གྱི་མིང་ཡིན་ལ། ཚེག་དབར་གཅིག་ལས་མེད་པས་སོ་སོར་ཕྲལ་བར་བྱ་མི་ནུས་པ་ཡིན། དཔེར་ན། ང་། ཁྱོད། མི། གནམ། རི། མེ། ཆུ། རླུང་། གློག གཡག། རྟ་ལྟ་བུ།
ཚེག་དབར་གཉིས་རེ་ཡོད་ཅིང་སོ་སོར་དབྱེ་མི་རུང་བས་འདོད་རྒྱལ་ཡིན། དཔེར་ན། ཅོག་ཙེ། གྲུམ་ཙེ། ཁང་པ། མེ་ཏོག
རྗེས་གྲུབ་ཀྱི་མིང་ལ་ཚེག་དབར་རྣམས་སོ་སོར་ཕྲལ་ནས་དོན་སྟོན་ནུས་པའི་མིང་དེ་ལ་རྗེས་གྲུབ་ཀྱི་མིང་ཞེས་བྱ་སྟེ་དེ་ལ་སྒྲ་བཤད་དུ་ཡོད་པའི་མིང་ཡང་ཟེར།
སྒྲ་འཛིན། སྒྲ་འཛིན་འཕྲུལ་འཁོར། གཟུགས་མཐོང་རླུང་འཕྲིན། རྡུལ་ཕྲན་མཚོན་ཆ། བྱང་ཆུབ་སེམས་དཔའ། དྲི་འཛིན། འཛམ་གླིང་ལྟ་བུའོ། །


མིང་ཚབ།

WordPress Lightbox