བྱ་བའི་ཁྱད་ཚིག

ཉམས་མཚོན་པའི་སྒྲ།

ཚིག་སྦྱོར་དུ་བརྗོད་གཞི་དང་འབྲེལ་བའི་ཁྱད་ཆོས་ཀྱི་ཞིབ་ཆ་ཇི་ལྟར་ཡིན་པ་ཉེ་བར་མཚོན་ཐུབ་ཀྱང་རང་སྒྲ་ཡན་གར་བ་ཙམ་གྱིས་དོན་གྱི་ངོ་བོ་ཙམ་སྟོན་མི་སྲིད། དེ་བོད་ཀྱི་ཁྱད་ཆོས་མཆོག་ཏུ་གྱུར་པ་ཞིག་ཡིན། ཚིག་སྦྱོར་དུ་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཐོན་པས། རྩོམ་དང་ཁ་སྐད་དུ་འཇུག་པ་ཧ་ཅང་མང་།

ཉམས་མཚོན་པའི་སྒྲ་ཡི་སྦྱོར་བ།

དང་པོ།

སྒྲ་རིགས་འདྲ་གཉིས་མཉམ་དུ་སྦྱར་བ། གུལ་གུལ། ཁྱུག་ཁྱུག ལྕིག་ལྕིག ཆིལ་ཆིལ། ལྗབ་ལྗབ། བརྟས་བརྟས། སྦུད་སྦུད། མོག་མོག ཙར་ཙར། ལྷུང་ལྷུང་། ལྟ་བུ་ལ་སོགས་པའོ། །འདི་རིགས་ནི་ཁྱད་ཆོས་སྤྱིར་བཏང་རགས་པ་ཙམ་མཚོན་པ་ཡིན། དཔེར་ན།

གུལ་གུལ་ཞེས་གཡོ་བའི་རྣམ་པ་ཅུང་དལ་བ་བར་མཚམས་ཡོད་ལ།

གུལ་ལུ་ལུ། (གུལ་ལུ་གུལ་ལུའི་གུལ་ཕྱི་མ་དོར་བ་ཡིན་) ཞེས་མྱུར་བ་བར་མཚམས་མེད། དེ་བཞིན་དུ།

དཔེར་བརྗོད། འགྲེལ་བཤད།
སྙེ་མ་ལྡེམ་ལྡེམ་གཡོ། གཡོ་ཚུལ་ལམ་འགུལ་ཚུལ་ཞིག  མཉེན་ལྕུག་གི་ངང་ཚུལ།
མཆི་མ་ཤམ་ཤམ་དུ་བཞུར། མར་བཞུར་བའི་རྣམ་པ།
ལྗོན་ཤིང་ཚང་ཚིང་དུ་སྐྱེས། རྩི་ཤིང་སོགས་སྟུག་ཅིང་འཛིངས་པ།
མིག་ཀེམ་ཀེམ་དུ་གཡོ། མིག་གིས་ལྟ་ཚུལ།
ས་ཡོམ་ཡོམ་བྱས་པ། ཕར་ཚུར་གཡོ་བའི་རང་བཞིན།
སྐད་འཛེར་འཛེར་དུ་སྒྲོག སྐད་གདངས་དྲག་པའམ་སྐད་འགགས་པའི་དོན།
ལྟོ་བ་ལྷེམ་ལྷེམ་དུ་འགུལ། མཉེན་ཞིང་ལྡེམ་པའི་གཡོ་འགུལ།
ཁྲག་ཙར་ཙར་དུ་བཞུར། གཤེར་ཁུ་རིགས་ས་ཐོག་ཏུ་སྡེབ་གཅིག་མིན་པར་ནར་ནར་ཟགས་ཚུལ།
ཆུ་བོ་ཤང་ཤང་དུ་བཞུར། ཆུ་རྒྱུག་པའི་སྒྲའི་རྣམ་པ།
དབུགས་ལྷེམ་ལྷེམ་བྱེད། དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་ངང་ཚུལ།
དར་ལྷབ་ལྷུབ་དུ་གཡོ། མེ་ལྕེ་ལྷབ་ལྷབ་དུ་འབར། སྲབ་ལ་ཞེང་ཆེ་བའི་དངོས་རྫས་གཡོ་བའི་རྣམ་པ།
སྐེད་རགས་ལྷོད་ལྷོད་བཅིངས། མདུད་པ་སོགས་དམ་པོར་མ་བྱས་པ།
སྦྲང་ཆར་ཟིམ་ཟིམ་དུ་འབབ། ཆར་པ་ཆུང་ཆུང་འབབ་པའི་ངང་ཚུལ་དང་།
གངས་ཟིམ་ཟིམ་དུ་འབབ། ཆུ་ཐིགས་ཆུང་ཞིང་འབབ་པ་དལ་བའི་ཆར་པའི་མིང་།
ཉི་འོད་ཚ་ལམ་ལམ་དུ་འཕྲོས། གློག་དམར་ལམ་ལམ་དུ་འཁྱུག འོད་མདངས་སོགས་འཕྲོ་ཚུལ་ལམ་ཤར་ཚུལ།
ཆུ་ལ་ཉ་མོ་བདེ་འཁྱུག་འཁྱུག་ཏུ་རྐྱལ། མྱུར་པོའམ་མགྱོགས་པོའི་རྣམ་འགྱུར།
ལག་རྩ་ཀྱལ་ཀྱལ་དུ་འཕར། རྩའི་འཕར་ཚུལ་ཞིག
ཆུ་ཐིགས་ཕྲུམ་ཕྲུམ་དུ་འབབ། ཆར་ཆུ་སོགས་ཀྱི་རྒྱུན་འབབ་ཚུལ།
རྒྱལ་པོ་རྒྱལ་གཞི་བཟས་ནས་ལྟོགས་ལྷང་ལྷང་། སྟོང་པའི་ངང་ཚུལ།
ན་ཟུག་ལྷང་ལྷང་གཟེར་བ། དགའ་ལྷང་ལྷང་བྱེད་པ། མངོན་གསལ་དུ་ཐོན་པའམ་ལྐོག་ཏུ་མ་གྱུར་པའི་ཚུལ།
སྐར་འོད་ཆེམ་ཆེམ་དུ་འཚེར། འོད་འཚེར་ཚུལ་ཞིག
ས་ཆེམ་ཆེམ་དུ་གཡོ་བ། གཡོ་འགུལ་བྱེད་སྟངས་ཤིག
རོལ་མོའི་སྒྲ་ཆེམ་ཆེམ་དུ་དཀྲོལ་བ། སྒྲ་གྲགས་སྟངས་ཤིག
འོད་ཟེར་ལྷམ་ལྷམ་འཕྲོ། འོད་འབར་ཚུལ་ལམ་འཕྲོ་ཚུལ་ཞིག
ཆུ་ལྷོག་ལྷོག་ཏུ་ཁོལ། འོག་ནས་སྟེང་དང་ནང་ནས་ཕྱི་ལ་ཡར་འབུར་བའི་གཡོ་ཚུལ་ཞིག
སྤྲིན་ནག་ལྷོག་ལྷོག་ཏུ་འཁྲིགས། འབར་འབུར་མང་པོ་ཐོན་ཚུལ།
ཁང་པ་ལིང་ལིང་དུ་གཡོ། སྙིང་ལིང་ལིང་དུ་འདར། སྤྲིན་དཀར་ལིང་ལིང་དུ་རྒྱུག གཡོ་འགུལ་གྱི་རྣམ་པ་ཞིག
ཤིང་དུམ་དུམ་མེ་ལ་འབུད་བདེ། ཐུང་ཐུང༌གི་རྣམ་པ་ཞིག
མིག་ཧྲིག་ཧྲིག་གིས་བལྟས། མིག་གི་འབྲས་བུ་ཕར་ཚུར་རིལ་ཞིང་གཡོ་བའི་ངང་ཚུལ།
ཆུ་སྣོད་ལྟེམ་ལྟེམ་དུ་ཁེངས། གང་བའི་རྣམ་པ་ཞིག བྱུར་བུར་ཁེངས་བཞིན་ལུད་ཉེར་ཡོད་པ་ལྟ་བུ།
ལུས་པོ་འདར་སིག་སིག་བྱེད། སྐྲག་པའམ། གྲང་ངར་མ་བཟོད་པའི་རྣམ་འགྱུར།
གཅན་གཟན་ཁྲོས་ནས་རྫིག་རྫིག་བྱེད། འཇིགས་སུ་རུང་བ་དང་རྔམ་པའི་རྣམ་པ།
རྣ་བར་སྐད་ཆ་ཤབ་ཤུབ་ཏུ་བཤད། བཤད་པའི་སྐད་དམའ་བ།
རྣ་བ་ཀྲོང་ཀྲོང་བྱས་ནས་ཉན་ཞེས་པ་ལྟ་བུ། རྣ་བ་གཏད་ནས་ཉན་ཚུལ།
ཀེར་ཀེར་དུ་ལངས་ནས་ཕྱོགས་སུ་ལྟ། ལུས་སོགས་དྲང་པོར་གྱེན་དུ་འགྲེང་ཚུལ།
དུ་བ་ཐུལ་ཐུལ་འཕྱུར། གྱེན་དུ་འཕྱུར་བའི་ངང་ཚུལ།
གངས་ཐུལ་ཐུལ་འབབ། ལྷུང་བའི་ངང་ཚུལ།
སྐད་ཆ་ཤར་ཤར་ཤོད། འཕྲལ་འཕྲལ་ལམ་མགྱོགས་མྱུར་གྱི་རྣམ་པ།

གཉིས་པ།

སྒྲ་སྔ་མར་དབྱངས་བཞི་གང་ཡང་མེད་པ་དང་། ཕྱི་མར་དབྱངས་བཞི་གང་རུང་ཞིག་ཞུགས་ཡོད་པའི་ཁྱད་པར་མ་གཏོགས་མཚུངས་པ་གཉིས་མཉམ་དུ་སྦྱར་བ། ཁྱར་ཁྱོར། གྱལ་གྱོལ། ལྗན་ལྗིན། རྙང་རྙིང་། བྲང་བྲེང་། རྩབ་རྩུབ། ཡར་ཡེར། ཤར་ཤུར། སར་སོར། ཧྲལ་ཧྲུལ་ལྟ་བུ་ལ་སོགས་པའོ། །འདི་རིགས་ནི་ཁྱད་ཆོས་སྤྱི་ཙམ་མཚོན་པ་ཡིན།
ཁྱད་ཆོས་དེ་རྣམས་ཀྱི་ཞིབ་ཆ་ཉེ་བ་མཚོན་པ་ལ། དཔེར་ན། ཁྱར་ཁྱོར། ཞེས་གོམ་སྟབས་མི་བརྟན་པ་ཟེར།
ཁྱར་རེ་ཁྱོར་རེ། (ཁྱར་ཁྱོར་གྱི་སྒྲ་གཉིས་ཀའི་མཐའ་ལ་རྗེས་འཇུག་རང་འདྲ་རེ་ལ་འགྲེང་བུ་རེ་སྦྱར་བ་ཡིན་)ཞེས་ཕར་ཚུར་གཡོ་བ་ཅུང་ཟད་དལ་ཞིང་བར་མཚམས་ཡོད་ལ།
ཁྱར་མ་ཁྱོར། ཞེས་ལན་རེས་འཁྱོར་ཞིང་ལན་རེར་མི་འཁྱོར་བ་ལ་གོ། དེ་བཞིན་དུ།

ཀར་ཀོར། ཀ་རེ་ཀོ་རེ། དྲང་མིན་གཡོ་སྐོར་གྱི་གཏམ་བཤད་བྱས་པ།
ཆང་ཆུང་། ཆང་ངེ་ཆུང་ངེ་།

ཆང་ངི་ཆུང་ངི་།

དངོས་པོ་དང་དོན་དག་ཆུང་ངུའི་རིགས།
མག་མུག མག་གི་མུག་གི་ སྒྲ་ཆུང་བའི་གཏམ་གྱི་བཤད་སྟངས།
འབར་འབུར། འབར་རེ་འབུར་རེ། ངོས་སྙོམས་པོ་མེད་པ།
ཁྲག་ཁྲུག ཁྲག་གེ་ཁྲུག་གེ། ཁྲག་གི་ཁྲུག་གི། རང་གནས་སོ་སོར་བརྟན་པོར་མི་གནས་པར་འཁྲུག་པ།
ཁམ་ཁུམ། ཁམ་མི་ཁུམ་མི། སུལ་མང་བའི་རྣམ་པ་ཞིག
ཁྱར་ཁྱོར། ཁྱ་རེ་ཁྱོ་རེ། རང་ཚུགས་མི་ཟིན་པ། ཕར་གཡོ་ཚུར་གཡོ་བྱེད་པའི་དོན།
ཅལ་ཅོལ། ཅ་ལེ་ཅོ་ལེ། དོན་མེད་གང་བྱུང་བཤད་ཚུལ།
ཆབ་ཆོབ། ཆ་བེ་ཆོ་བེ། གང་བྱུང་མཉམ་དུ་བསྲེས་བའི་ཚུལ།
ཉག་ཉོག ཉ་གེ་ཉོ་གེ། ཆང་སྙིགས་ལྟ་བུར་དྭངས་པོ་མེད་པ།
ཉབ་ཉོབ། ཉབ་བེ་ཉོབ་བེ། གྲུང་པོ་མེད་པ། ལས་ཀ་སོགས་སྒྱིད་ལུག་པོར་བྱེད་པ།
ཉར་ཉོར། ཉ་རེ་ཉོ་རེ། ཤ་རྗེན་པར་ལག་པ་འཆང་བའི་ཚོར་སྣང་ལྟ་བུ།
ཧན་ཧོན། ཧན་ནེ་ཧོན་ནེ། སྐད་ཆའི་ཚིག་སྒྲ་གསལ་པོ་མེད་པའམ་མི་གྲུང་པོ་མེད་པ་ལའང་།
ཡལ་ཡོལ། ཡལ་ལེ་ཡོལ་ལེ། མིག་ལམ་དུ་རབ་རིབ་ཙམ་གསལ་བའི་འཆར་སྣང་། ཁུར་མེད་སྣང་ཆུང་གི་ཚུལ།
འལ་འོལ། འ་ལེ་འོལ་ལེ། རང་དགར་གཏོང་བའམ་གང་བྱུང་སྣང་མེད་དུ་གཏོང་བ། ངག་གི་བརྗོད་པ་སོགས་སྒྲ་གསལ་པོ་མེད་པ། གཡེང་ཞིང་བག་མེད་པའི་རྣམ་པ།
ཐབ་ཐིབ། ཐབ་བེ་ཐིབ་བེ། མུན་རུབ་པའམ་དཀར་མདངས་མི་གསལ་བ། རིག་པ་མི་གསལ་བའི་ཚུལ།
ནག་ནོག ནག་གེ་ནོག་གེ། རི་མོའི་ཚོན་སོགས་སུབ་པའི་རྣམ་པ་སྟེ་མི་གཙང་བའི་དོན།
རྡབ་རྡོབ། རྡབ་བེ་རྡོབ་བེ། ཕྲུ་གུ་ཆེ་མིན་ཆུང་མིན།
དམ་དུམ། དམ་མི་དུམ་མི། དུམ་བུར་བཅད་པའི་རྣམ་པ།
ཐར་ཐོར། ཐ་རེ་ཐོ་རེ། ཉུང་ངུ་ཞིག་ཁ་གྲམ་ནས་གནས་པའམ། ཉུང་ངུ་ཐོ་རེ་བའི་རྣམ་པ།
ལྡབ་ལྡིབ། ལྡབ་བེ་ལྡིབ་བེ། ལྡབ་བི་ལྡབ་བི། སྐད་ཆ་སྒྲ་དག་པོར་ཤོད་མི་ཤེས་པའི་ངག་སྐྱོན་ཅན།
ཙག་ཙིག ཙག་གི་ཅིག་གི། ཙ་གེ་ཙི་གེ། དངོས་པོ་ཆུང་ཙག་གི་རིགས།
ཙབ་ཙུབ། ཙབ་བེ་ཙུབ་བེ། ལྷིང་པོ་མེད་པ་བྲེལ་ཟིང་ཚ་པོ། བློ་བག་མི་ཕེབས་པའི་རྣམ་འགྱུར།
ཚབ་འཚུབ། ཚབ་བི་འཚུབ་བི། བྲེལ་བ་ཚ་པོ། སེམས་ལྷིང་འཇགས་པོ་མེད་པ།
ཚམ་ཚོམ། ཚམ་མེ་ཚོམ་མེ། ཐེ་ཚོམ་ཟ་བའི་ངང་ཚུལ། ཐག་མ་ཆོད་པའི་བློ་དོགས།
ཛར་ཛོར། ཛ་རེ་ཛོ་རེ། ངོས་གཙང་མ་མེད་པ། བྱ་སྤྱོད་དང་ཆས་དངོས་སོགས་ཟང་ཟིང་གི་ཚུལ།
ཟ་ཟི། ཟར་ཟིར། ཟ་རི་ཟི་རི། མི་གསལ་བའི་ཚུལ་ཏེ། ཤེས་པ་གསལ་པོ་མི་གནས་པ་ར་བཟི་བ་ལྟ་བུ།
རབ་རིབ། རབ་བེ་རིབ་བེ། མིག་ལམ་དུ་གསལ་ལ་མི་གསལ་ཙམ་མཐོང་བ།
རབ་རོབ། རབ་རེ་རོབ་བེ། རགས་པའམ་ཕྱོགས་ཙམ་པའི་རྣམ་པ།
ལང་ལིང་། ལང་ངེ་ལིང་ངེ། གོང་ནས་གོང་དུ་འཕྱོ་བའི་རང་བཞིན། འཕྱོ་ལྡིང་ངམ་གཡོ་འགུལ་གྱི་རྣམ་འགྱུར།
སོབ་སོབ། སབ་བེ་སོབ་བེ། མཁྲེགས་པོ་མིན་པའམ་བཅག་པོ་མིན་པ།
ཀྱག་ཀྱོག ཀྱ་གེ་ཀྱོག་གེ དབྱིབས་ཕར་འཁྱོག་ཚུར་འཁྱོག་ཡིན།
ཧན་ཧོན། ཧ་ནེ་ཧོ་ནེ། མི་གྲུང་ཤ་དོད་པོ་མེད་པའམ་འཐོམ་མེ་བའི་རྣམ་པ།
ཧར་ཧུར། ཧ་རི་ཧུ་རི། སྤྱོད་པ་རྩིང་པོའི་དོན།
ཧབ་ཧོབ། ཧབ་བེ་ཧོབ་བེ། ཧ་བེ་ཧོ་བེ། གློ་བུར་བྲེལ་འཚུབ་ལང་བའི་ངང་ཚུལ།
ཧར་ཧུར། ཧ་རི་ཧུ་རི། ལས་ཀ་ཞིབ་ཚགས་སམ་རུ་ངར་མི་བྱེད་པ།
ཧྲལ་ཧྲུལ། ཧྲལ་ལེ་ཧྲུལ་ལེ། གྱོན་ཆས་རྙིང་རལ་དུ་གྱུར་པའི་རྣམ་པ།
ལྷག་ལྷུག ལྷག་གེ་ལྷུག་གེ། ལྷག་གི་ལྷུག་གི། དམ་པོ་མེད་པའི་རྣམ་པ།
ལྷབ་ལྷུབ། ལྷབ་བེ་ལྷུབ་བེ། བརྟན་པོ་མི་ཚུགས་པ་དར་ལྟ་བུར་གཡོ་བའི་རང་བཞིན། ཕར་ཚུར་རྒྱུན་མི་འཆད་པར་གཡོ་ཚུལ།
ཆག་ཆིག ཆག་གི་ཆིག་གི བཟང་ངན་འདྲེས་མའི་ཚུལ།
ཟང་ཟིང་། ཟང་ངི་ཟིང་ངི། གོ་རིམ་འཁྲུགས་པམ་འཛིངས་པ།
སལ་སིལ། སལ་ལེ་སིལ་ལེ། རྡོག་འགྲིལ་པོ་མེད་པའི་ཐར་ཐོར་གྱི་རང་བཞིན།
མན་མུན། མན་ནེ་མུན་ནེ། ཚིག་མི་གསལ་བའམ་ཐག་མི་ཆོད་པ།
ཁྲམ་ཁྲུམ། ཁྲ་མེ་ཁྲུམ་མེ། རྡོག་པོ་ཆུང་ངུ་མང་བའི་དོན།

གསུམ་པ།

༡། རྗེས་འཇུག་རང་འདྲ་འགྲེང་བུ་ཅན་ཏེ། གེ་ངེ་དེ་ནེ་མེ་བེ་འེ་རེ་ལེ་སེ་ཅི་རིགས་ཤིག་སྦྱར་བ།
སང་ངེ། ཕྱད་དེ། ལྷན་ནེ། ཐིབ་བེ། ལྡེམ་མེ། དགེ་འེ། ཤར་རེ། ཅོལ་ལེ། རུབས་སེ་ལྟ་བུ་རྣམས་སོ། །སྒྲ་འདི་ཚོ་བརྗོད་བྱའི་ཆོས་དང་སྦྱར་ན། གཟུགས་ཀྱི་སྣང་ཚུལ་དང་། སྒྲའི་གྲགས་ཚུལ། འགྱུར་ལྡོག་བྱུང་ཚུལ། རེག་བྱ་མྱངས་ཚུལ། ཡིད་ལ་ཤར་ཚུལ་སོགས་གསལ་བར་སྟོན་ཐུབ།
དཔེར་ན། བྱ་ཁྱུ་འུར་དིར་རེ་ཕུར་སོང་ཞེ་ན། བྱ་རྣམས་སྐྲག་ནས་གློ་བུར་དུ་གཤོག་པ་དྲག་ཏུ་བརྡབས་པ་སྒྲ་དང་བཅས་ཏེ་འཕུར་བ།
ཕ་མ་དང་བྲལ་ནས་ཡིད་སྐྱོ་ཏིང་ངེ་ལུས། ཞེས་པས། དྲིན་ཆེན་ཕ་མ་དང་ཁ་བྲལ་ནས་ཡིད་ལ་སྡུག་སྣང་དང་སྟོང་སྣང་ཅིག་ཅར་བྱུང་བའི་ངང་ཚུལ་མངོན་པར་བསྟན་པ་ལྟ་བུ་སོགས་སོ། དེ་བཞིན་དུ།
༡། བྱ་ཁྱུ་འུར་སྒྲ་དིར་རེ་འཕུར་སོང།
༢། ཡ་ཕུག་ཏུ་གསེར་རྩི་བྱུགས་པའི་འདྲ་སྐུ་ལྷམ་མེར་ལྷན་ནེར་ལྷང་ངེར་བཞུགས་འདུག
༣། ར་ལུག་གི་སྐེ་དུམ་མེར་བཅད།
༤། ཁ་བ་ལྷབ་ལྷུབ་བབས་ནས་རི་ལུང་ཐམས་ཅད་སྐྱ་ཐིང་ངེར་གྱུར།
༥། གྲོང་ཚོ་ནམ་མཁར་སྐར་ཚོགས་བཀྲ་བ་ལྟར་ཁྲ་ཆེམ་མེར་ཆགས་ཡོད།
༦། ས་ཆ་ཀུན་ཏུ་ས་ཞིང་སྔོ་ལྡེམ་མེར་ཁྱབ་ཡོད།
༧། མིག་ཧྲིག་གེར་ང་ལ་བལྟས་བྱུང།
༨། ཨ་ཁུ་ལགས་ཀྱིས་ཞལ་འཛུམ་དམུལ་ལེར་གཞོན་ནུ་དེར་བལྟས།
༩། ནམ་མཁར་སྤྲིན་ནག་ལང་ལོང་འཁྲིགས་ནས་ནག་ཐིབ་བེར་གྱུར།
༡༠། ཁོ་ར་ཁོར་ཡུག་འཇམ་ཐིང་ངེར་གནས།
༡༡། དཔའ་བོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྱིང་ཡོད།
༡༢། འཕྲུལ་འཁོར་བསྐོར་ནས་ཀྱི་ལེར་འཁོར།
༡༣། སྐར་ཚོགས་ནམ་མཁར་ཀྱམ་མེར་ཤར།
༡༤། དུ་བ་ཐུལ་ལེར་དགུང་ལ་འཐུལ།
༡༥། རྫིང་བུའི་ནང་དུ་ཆུ་མེ་རེར་འཁྱིལ།
༡༦། ཁ་སྤུ་མེས་ཚིག་སྟེ་ངོ་སེ་གཞོབ་བེ་ཆགས་འདུག
༡༧། ཁ་ལ་རྩམ་རལ་ཚར་རེ་འགོས་འདུག
༡༨། ས་ལ་རྩམ་པ་སྐྱ་ཐོ་རེ་འདུག
༡༩། མེ་ཏོག་འདབ་རྒྱ་ཡོངས་སུ་གྲོལ་ཏེ་གེ་སར་ལྷམ་མེར་མངོན་འདུག
༢༠། སྤྱན་རས་གཟིགས་ཀྱི་བསྟི་གནས་དེ་ཡང་དེ་ལྟར་རི་བོ་གྲུ་འཛིན་གྱི་ཐོག་ཏུ་ཁུ་སིམ་མེར་ཆགས་འདུག
༢༡། སྦྲང་ནག་མང་པོ་ཞིག་ནག་ཐོ་རེར་ཚོང་སྒྲོམ་གྱི་ཤེལ་སྒོའི་ཐོག་ཏུ་བབས་ཤིང་སླར་ཡང་བང་སྒྲ་དང་བཅས་འཕུར་སོང་།
༢༡། ཉི་ཟེར་གྱི་འོག་ཏུ། རིན་པོ་ཆེ་དམར་ལིང་ངེར་འགྲེང་ནས་ང་ཚོའི་ཕྱོགས་སུ་མིག་སྐྱེལ་བྱེད་བཞིན་པའི་སྣང་བརྙན་མཐོང་བྱུང་།
༢༢། ང་ཚོ་ཕྲུ་གུ་ཚོ་འདུ་ཁང་གི་བར་ཁྱམས་ནས་སོ་སོའི་ཁྱིམ་མི་དང་ལྷན་དུ་དལ་ཅག་གེར་བསྡད།


རྣམ་དབྱེ།

WordPress Lightbox