དགེ་རྒན་སྒྲོལ་མའི་སྤྱན།

དགེ་རྒན་སྒྲོལ་མ་ལ་ཆ་ག་དང་ལྡན་པའི་སྤྱན་ཟུང་ནག་པོ་སྒོར་ཞིང་ཆེ་བ་ཞིག་ཡོད། བལྟས་པ་ཙམ་གྱིས་ཁྱད་ཆོས་ཆེན་པོ་ཅི་ཡང་མེད་མོད། འོན་ཀྱང། ཁྱོད་ཀྱིས་ཞིབ་ལྟ་བྱས་ཚེ། ཨ་ཨ། དགེ་རྒན་སྒྲོལ་མའི་སྤྱན་ཟུང་གིས་གསུང་བཤད་གནང་ཤེས་པ་རེད།
སྐད་ཡིག་གི་སློབ་ཁྲིད་ལ་ཉན་སྐབས། ངས་ཅོག་ཙེའི་ནང་ན་བཞག་ཡོད་པའི་འགྱིག་བསུབ་ཡག་པོ་དེ་དྲན་ནས་ལག་པ་ཙོག་ཙེའི་ནང་ལ་བསྲིངས་ཏེ་འགྱིག་བསུབ་ལ་རེག་ཙམ་བྱས་པ་ན། ཏན་ཏན་ངའི་དགེ་རྒན་གྱིས་མཐོང་བྱུང། ཁོ་མོའི་སྤྱན་གྱིས་“གསང་བདག ཁྱོད་ཀྱི་ལག་པ་སྡོད་མི་ཚུགས་པ་དེ་ཅི་ཡིན”་ཞེས་འདྲི་བ་དང་ཀུན་ནས་མཚུངས་པས་ན། ངས་མྱུར་དུ་རྒྱབ་ལག་བྱས་ཏེ་རིག་པ་བསྒྲིམས་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན།
ངས་དགེ་རྒན་གྱི་སྤྱན་གྱིས་གསུང་བཤད་ཅི་ཞིག་གནང་བ་དེ་གོ་བར་མ་ཟད། གྲོགས་པོ་ཆུང་ཆུང་ཚང་མས་ཀྱང་དགེ་རྒན་སྒྲོལ་མའི་སྤྱན་གྱི་གསུང་བཤད་དེ་གོ་བ་རེད།
ཡང་རང་སྦྱོང་བྱེད་པའི་སློབ་ཐུན་ཞིག་ལ་དགེ་རྒན་སྒྲོལ་མས་སློབ་ཁང་གི་ཕྱི་རོལ་ན་ཁྱིམ་བདག་ཅིག་ལ་ཁ་བརྡ་བྱེད་བཞིན་ཡོད། གྲོགས་པོ་ཆུང་ཆུང་ཚོས་གོ་སྐབས་དེར་བསྟུན་ཏེ་རང་རང་ས་ནས་ཁ་བརྡ་བྱས་པ་རེད། སྐབས་དེར་དགེ་རྒན་སྒྲོལ་མས་ཁ་ཕྱིར་འཁོར་ནས་སྤྱན་ཟུང་གི་འོད་ཞགས་ང་ཚོའི་སྟེང་ལ་འཕངས་ཏེ། “སློབ་སྦྱོང་མི་བྱེད་པར་ཁ་བརྡ་བྱེད་དོན་ཅི་ཡིན”ཞེས་སྐྱོན་བརྗོད་གནང་བ་དང་ཀུན་ནས་མཚུངས་པས། གྲོགས་པོ་ཆུང་ཆུང་ཚོ་གྲག་འགུལ་ཅི་ཡང་མེད་པར་གྱུར། ••••••
ཐེངས་ཤིག་ལ་དགེ་རྒན་སྒྲོལ་མས་ཚོམས་ཁང་ཆེན་མོའི་ནང་དུ་ང་ཚོར《ཁྭ་ཏས་ཆུ་འཐུང་བ》ཞེས་པའི་སློབ་ཚན་ཁྲིད་སྐབས་དགེ་རྒན་སུམ་བརྒྱ་ལྷག་གིས་ཁོ་མོའི་སློབ་ཁྲིད་ལ་ཉན་འདུག ཁོ་མོས་སློབ་གྲོགས་ཚོར“ཁྭ་ཏས་ཆུ་ཇི་ལྟར་འཐུང་པ་རེད”ཅེས་པའི་དྲི་བ་ཞིག་བཏོན་བྱུང། ངས་འཕྲལ་དུ་ལག་པ་མཐོན་པོར་བཀྱགས་པ་དང། དགེ་རྒན་སྒྲོལ་མས་ང་བོས་ཏེ་དྲིས་ལན་བཤད་དུ་བཅུག ང་ཡར་ལངས་པ་དང་དགེ་རྒན་མང་པོ་ཡོད་པ་མཐོང་ནས་སེམས་པ་འཚབ་སྟེ་ལན་བཏབ་པའི་སྐད་མགོ་ཡང་ཧ་ཅང་དམའ་མོ་ཞིག་ཏུ་གྱུར། དགེ་རྒན་སྒྲོལ་མས་འཕྲལ་དུ་ང་ལ་གཟིགས་པར་བལྟས་ན“འགྲིག་འདུག སྐད་མགོ་ཇེ་མཐོར་ཐོངས”ཞེས་སྐུལ་མ་གཏོང་བ་དང་འདྲ་བས། ངས་དགེ་རྒན་སྒྲོལ་མའི་སྤྱན་ཟུང་ལྟ་ལ་བཞིན་སྤོབས་པ་ཞིག་བསྐྱེད་པ་དང་མཉམ་དུ་སྐད་མགོ་ཡང་ཇེ་མཐོར་བཏང་བ་ན་དགེ་རྒན་གྱི་སྤྱན་ཟུང་ལས་བསྟོད་པ་དང་བཅས་པའི་མིག་མདངས་ཤིག་ཕྱུངས་ནས“བཤད་པ་ངོ་མ་བཟང་འདུག”ཅེས་གསུང་བཞིན་པ་དང་འདྲ། བར་རྒྱུགས་ལེན་སྐབས་ང་ལ་སྐར་གྲངས་བརྒྱ་ཟུང་ཐོབ་པ་ན། དགེ་རྒན་སྒྲོལ་མས་ང་ལ་བྱ་དགའ་གནང་སྐབས་ཐུགས་དགྱེས་ནས་སྤྱན་ཟུང་རུབ་ལ་ཁད་ཡོད་པ་དེ་ལས“གསང་བདག་ལགས། ཐེངས་འདིའི་རྒྱུགས་འབྲས་ཧ་ཅང་ལེགས། ཐེངས་རྗེས་མར་མུ་མཐུད་དུ་སྐར་གྲངས་བརྒྱ་ཟུང་འཐོབ་པར་སྨོན།”ཞེས་གསུང་གི་ལོས་ཡོད་སྙམ་པ་ཞིག་རེད།
རེབ་ཅིག་ལ་ང་ལ་ནད་བྱུང་ནས་སྨན་ཁང་དུ་གཟའ་འཁོར་གཅིག་ལྷག་བསྡད་རྗེས་སླར་ཡང་སློབ་ཁྲིད་ལ་ཉན་དུ་སོང་བ་ཡིན། དགེ་རྒན་སྒྲོལ་མས་ང་ལ་ལྟ་བཞིན་ཅི་ཡང་མི་གསུང་བར་སྤྱན་ཟུང་ལས“གསང་བདག ཁྱོད་ཀྱི་ལུས་ཕུང་གིས་ལྕོགས་སམ”ཞེས་ཐུགས་འཁུར་གནང་བཞིན་པ་དང་འདྲ། ངའི་ནད་དེ་འདྲའི་དྲག་ཡག་ཅིག་མིན་ནའང་དགེ་རྒན་སྒྲོལ་མའི་སྤྱན་ཟུང་གིས་སླར་ཡང་ང་ལ་རྣམ་རིག་ཅིག་རྒྱས་སུ་བཅུག
སློབ་ཐུན་གྲོལ་རྗེས་དགེ་རྒན་སྒྲོལ་མ་ང་ཚོ་དང་མཉམ་དུ“བྱ་གླག་གིས་བྱེའུ་འཛིན་པའི”རྩེད་མོ་རྩེ་སྐབས། དགེ་རྒན་སྒྲོལ་མ་བྱ་གླག་དང་ང་ཚོ་བྱེའུ་བྱས། དགེ་རྒན་སྒྲོལ་མ་སྐབས་རེར་ཤར་དང་མཚམས་རེར་ནུབ་ཏུ་རྒྱུག་བཞིན་སྤྱན་ཟུང་ཆེས་ཆེར་ཅེར་བ་ལས་ང་ཚོར“མཉམ་ཞོག ངས་ཁྱོད་ཚོ་འཛིན་རྒྱུ་ཡིན” ཞེས་དྲན་སྐུལ་བྱེད་བཞིན་པ་དང་འདྲ། དེ་ནས་ཅང་མ་འགོར་བར་དགེ་རྒན་སྒྲོལ་མས་ང་ཚོ་རེ་རེ་བཞིན་བཟུང་བ་དང་སྤྱན་ཟུང་ལས་སྤྲོ་སྣང་ཆེན་པོ་ཞིག་འཚེར་བཞིན“ཧ་ཧ། ད་ངས་ཁྱོད་ཚོ་ཟིན་སོང་བ་རེད” ཅེས་གསུང་བཞིན་པ་དང་འདྲ།
ད་ལྟ་དགེ་རྒན་སྒྲོལ་མས་ང་ཚོར་སློབ་ཁྲིད་གནང་གིན་མེད་ནའང་ངས་ཁོ་མོ་མཐོང་ཐེངས་རེར་ཐོག་མར་ཁོ་མོའི་སྤྱན་གྱིས་ང་ལ་ཅི་ཞིག་གསུང་གིན་འདུག་པར་བལྟས་པ་ཡིན།

རྩོམ་ཡིག་གི་དཔྱད་མཆན།

མི་སྣ་བཞེངས་སྐྲུན་བྱེད་ན་མིག་འབྲི་བར་མཐོང་ཆེན་བྱེད་དགོས། མིག་ནི་བསམ་པའི་སྒེའུ་ཁུང་དང་མཚུངས་པས་མིག་ལས་མིའི་སེམས་ཁམས་རྟོགས་ཐུབ། དེར་བརྟེན། རྩོམ་པ་པོས་མི་སྣ་འབྲི་སྐབས་ནམ་རྒྱུན་མིའི་ཉམས་འགྱུར་འབྲི་བར་དོ་སྣང་བྱེད་ནའང་ཆེས་གསོན་ཉམས་ཐོན་པ་ནི་མི་སྣའི་མིག་ཡིན་པས། མི་སྣའི་ཕྱི་གཟུགས་ཞིབ་འབྲི་བྱེད་སྐབས་མིག་མི་འབྲི་བ་ཞིག་ཕལ་ཆེར་མེད། མི་སྣ་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྐབས་ཀྱང་མིག་བྲིས་པ་འཁྱོངས་དགོས། གོང་གི་རྩོམ་ཡིག་ཏུ་འཁོད་པའི་མིག་འབྲི་སྟངས་དེ་ཚང་མས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད།
རྩོམ་ཧྲིལ་པོའི་ནང་ན་དགེ་རྒན་སྒྲོལ་མ་ལ་ཐད་ཀར་དུ་བསྟོད་བསྔགས་བྱས་པའི་སྐད་ཆ་ནི་ཚིག་གཅིག་ཀྱང་མེད་མོད། འོན་ཀྱང། དགེ་རྒན་སྒྲོལ་མའི་སྤྱན་ཟུང་བྲིས་ཏེ། དགེ་རྒན་སྒྲོལ་མས་བྱ་བ་སྒྲུབ་པ་དང། སློབ་མར་བྱམས་བརྩེ་ལྡན་ཞིང་ཐུགས་ཁུར་བྱེད་པ་བཅས་བརྒྱུད་ནས། སྤྱང་གྲུང་ལྡན་ཞིང་ལྷག་བསམ་རྣམ་དག་ཡིན་པའི་བུད་མེད་དགེ་རྒན་ཞིག་གི་གཟུགས་བརྙན་དེ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་འདུག

བྱ་བ་ཆུང་ངུ་ཞིག

ཁྱོད་ཀྱིས་རྩིས་རིག་ཁྲོད་ཀྱི“བཞི་དོར་ལྔ་འཕར”གྱི་ཐབས་དེ་ཨེ་ཤེས། གལ་ཏེ་ཡིག་དོན་ཁོ་ནའི་ཐོག་ནས་འབྲུ་འགྲེལ་བྱས་ན་དེ་འདྲའི་དཀའ་མོ་ཞིག་མིན་བསམས། འོན་ཀྱང་དེ་རིང་ཁྱོད་ཚོར་འགྲེལ་བཤད་བྱ་རྒྱུ་ནི་དེའི་ནང་དོན་ཁྱད་པར་ཅན་ཞིག་ཡིན་ཏེ། ནང་དོན་འདི་ངས་བྱ་བ་ཆུང་ངུ་ཞིག་གི་ཁྲོད་ནས་རྟོགས་པ་ཡིན།
གནས་ཚུལ་དེ་ན་ནིང་ངའི་སྐྱེས་སྐར་གྱི་ཉིན་དེར་བྱུང་བ་རེད། ཨ་མས་ཉིན་འགའི་རིང་ལ་ལག་རེམ་ནས་བཟོས་པའི་ལྭ་བ་གསར་པ་ཡོངས་སུ་གྲུབ། ཨ་མས་ང་ལ་བཤད་རྒྱུར་“བསམ་ཁོ། ཁྱོད་ཚོང་ཁང་དུ་སོང་ནས་སྒྲོག་གུ་འགའ་ཉོས་ཤོག”ཟེར། ངས་ཨ་ལན་བྱིན་ནས་སྣེ་འཛོམས་ཚོང་ཁང་དུ་སོང་བ་ཡིན། ང་རང་ཚོང་ཁང་གི་ཚོང་སྒྲོམ་མདུན་དུ་ལངས་མ་ཐག ཨ་ཁུ་ཚོང་གཉེར་བ་དར་མ་ཞིག་གིས་བྱམས་བརྩེ་ལྡན་པའི་ངང་ནས་ང་ལ“གྲོགས་པོ་ཆུང་ཆུང་ལགས། ཁྱོད་ཀྱིས་ཅི་ཞིག་ཉོ་བསམ་པ་ཡིན”ཞེས་དྲིས་བྱུང། ངས་ཚོང་རྫས་ལ་བལྟས་ནས་མྱུར་དུ་ང་རང་གི་བསམ་ཐོག་ཏུ་བབས་པའི་སྒྲོག་གུ་ཞིག་བདམས་ཏེ། “ཨ་ཁུ་ལགས། ཁྱེད་ཀྱིས་ང་ལ་སྒྲོག་གུ་འདི་འདྲ་བརྒྱད་བཙོང་རོགས”ཞེས་བཤད་པ་དང། ཁོང་གིས་སྒྲོག་གུ་ལེན་བཞིན་པའི་བར་དེར་ངས་རིན་གོང་རྩིས་བརྒྱབ། སྒྲོག་གུ་རེ་ལ་སྐར་བརྒྱད་རེད། བརྒྱད་བརྒྱད་དྲུག་ཅུ་རེ་བཞི་སྟེ་བསྡོམས་པས་སྒོར་ཟུར་དྲུག་དང་སྐར་བཞི་ཡིན། “བཞི་དོར་ལྔ་འཕར”ལྟར་ངས་མགྱོགས་མྱུར་ངང་ཁུག་མའི་ནང་ནས་སྒོར་ཟུར་དྲུག་བླངས་ཏེ་ཚོང་སྒྲོམ་སྟེང་དུ་བཞག ཨ་ཁུ་ཚོང་གཉེར་བས་སྒྲོག་གུ་ཐུམ་གྱིས་ལེགས་པར་བཏུམས་ནས་ང་ལ་བྱིན་ཏེ། ཕྱོགས་གཅིག་ནས་སྒོར་བསྡུ་བ་དང་ཕྱོགས་གཅིག་ནས་ང་ལ་བཤད་རྒྱུར་“གྲོགས་པོ་ཆུང་ཆུང། ད་དུང་སྒོར་ཟུར་གཅིག་ཆད་འདུག སྒོར་ཟུར་བདུན་སྤྲོད་དགོས”ཟེར། ང་རང་ཧད་དེ“བཞི་དོར་ལྔ་འཕར་བྱེད་པ་མ་ཡིན་ནམ”ཞེས་ཁེར་བཤད་བྱས། ཨ་ཁུས་ངའི་སྐད་ཆ་ཐོས་ཏེ་ཧ་ཅང་གཟབ་ནན་ངང་ན་རེ། “གྲོགས་པོ་ཆུང་ཆུང། རྒྱལ་ཁབ་ལ་གྱོང་གུད་ཐེབས་སུ་འཇུག་མི་རུང”ཞེས་ཟེར། སྐད་ཆ་ཐུང་རུང་ཉན་ཚེ་ལྗིད་ཏིག་ཏིག་ཏུ་འདུག ང་རང་གི་རྣ་རྩ་ནས་ཚ་རྒྱུག་རྒྱག་པའི་ཚོར་སྣང་ཞིག་སྐྱེས་ཏེ། མྱུར་བར་སྒོར་ཟུར་གཅིག་བྱིན་རྗེས་ཁ་ཕྱིར་འཁོར་ཏེ་ཡོང་བ་ན། “གྲོགས་པོ་ཆུང་ཆུང། ཅུང་སྒུགས་དང”ཞེས་ཨ་ཁུས་བོས་བྱུང་བས། ང་རང་ཕྱིར་ཚོང་སྒྲོམ་གྱི་མདུན་དུ་མི་འགྲོ་ཐབས་མེད་བྱུང། ངའི་སེམས་སུ་“ད་དུང་དོན་གང་ཞིག་ཡོད་དམ། ཡང་ང་རང་གིས་རྩིས་ནོར་ཤོར་བ་ཡིན་ནམ”སྙམ་སྟེ། ཐེ་ཚོམ་གྱི་ངང་ནས་ཨ་ཁུ་ལ་བལྟས་ཚེ། ཨ་ཁུ་དེས་གྱོན་པ་འཚེམ་བྱེད་ཀྱི་ཁབ་ཅིག་བླངས་ནས་ང་ལ་བྱིན། ངས་དེ་མ་བླངས་པར་སོམ་ཉིའི་དྲ་བར་ཚུད་དེ་ཨ་ཁུའི་ངོ་ལ་བལྟས་བསྡད་པ་ན། ཨ་ཁུས་ཀྱང་ང་རང་སོམ་ཉིའི་དྲ་བར་ཚུད་ཡོད་པ་ཤེས་ཏེ། དགོད་ཞོར་དུ་ང་ལ“ཁྱོད་ལ་སྐར་དྲུག་ཆད་པས་ཁབ་འདིས་ཚབ་མི་བྱེད་ཀ་མེད་རེད། ཁྱེད་ལའང་གྱོང་གུན་གཏོང་མི་རུང” ཞེས་ཟེར། ངས་སྐད་ཆ་དེ་ཐོས་རྗེས་ད་གཟོད་ཧ་གོ་བྱུང། ཨ་ཁུ་དེའི་ནན་ཏན་གྱི་རྣམ་འགྱུར་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས། ཁོང་ནི་ཉོ་ཚོང་དྲང་གཞག་བྱེད་མཁན་གྱི་ཚོང་པ་ཞིབ་ཚགས་ཅན་ཞིག་རེད་ཨང།

རྩོམ་ཡིག་གི་དཔྱད་མཆན།

དོན་དག་ནི་མི་སྣའི་འགུལ་སྐྱོད་ཀྱི་བྱ་རིམ་དང་འབྲས་བུ་ཡིན། དེའི་ཕྱིར། དོན་དག་འབྲི་ན་དོན་དག་དེར་འབྲེལ་བ་ཡོད་པའི་མི་སྣ་དང་ཁ་འབྲལ་མི་རུང་ལ། མི་སྣ་འབྲི་ནའང་མི་སྣ་དེར་འབྲེལ་བ་ཡོད་པའི་དོན་དག་དང་ཁ་འབྲལ་མི་རུང།
དོན་དག་གཅིག་སྤྱད་དེ་མི་སྣ་བྲིས་ཆོག་ལ། དོན་དག་གཅིག་གིས་མི་དུ་མའམ་ཐ་ན་མི་ཚོགས་ཤིག་ཀྱང་བྲིས་ཆོག་གོ །དོན་དག་གཅིག་སྤྱད་ནས་མི་སྣ་འབྲི་ན། དེར་གནས་ཚུལ་ཅུང་ཆ་ཚང་ཞིང་འབྱུང་རྐྱེན་དང་བྱུང་རིམ། འབྲས་བུ་བཅས་ཡོད་དགོས་པ་མ་ཟད། ད་དུང་ཅུང་དཔེ་མཚོན་རང་བཞིན་ལྡན་པ། མི་སྣའི་བསམ་པའི་གཤིས་རྒྱུད་མངོན་ཐུབ་པ། རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་མཚོན་ཐུབ་པ་བཅས་ཀྱི་བླང་བྱ་འདོན་དགོས།
རྩོམ་ཡིག་འབྲི་དཔེ《བྱ་བ་ཆུང་ངུ་ཞིག》ཅེས་པར་སྒྲོག་གུ་ཉོ་དུས་འཕྲད་པའི་དོན་ཆུང་དེ་བརྒྱུད་ནས། ཚོང་གཉེར་བ་ཞིག་གིས་ཉོ་ཚོང་དྲང་གཞག་བྱེད་པ་དང། རྒྱལ་ཁབ་དང་ཚོང་མགྲོན་ལ་འགན་འཁུར་བ། བྱ་བར་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པའི་གཤིས་རྒྱུད་མཆོག་ཏུ་གྱུར་པ་དེ་བྲིས་པ་ཡིན།

སྟོན་མཚན་ཟླ་བར་བལྟས་པ།

སྟོན་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉི་མ་ནུབ་རིའི་ཕག་ཏུ་ཡིབས་ནས་མུན་རུབ་པ་ན། ཉ་གང་ཟླ་བ་ཤར་རིའི་རྩེ་ནས་དལ་གྱིས་མཁའ་རུ་འཕགས་པ་དང། རབ་དཀར་དུང་གི་ཟེགས་མར་འཁུ་བའི་བསིལ་ཟེར་སློབ་གྲྭའི་དགའ་ཚལ་དུ་འཕྲོས་ཚེ། སྟོན་མཚན་ཟླ་བར་བལྟ་བའི་རིག་རྩལ་དགོང་ཚོགས་འཚོགས་འགོ་བརྩམས།
བསིལ་འཇམ་གྱི་ཟླ་བའི་འོད་ཟེར་ལམ་མེར་ས་གཞིར་འཕྲོས་པ་དང། ལྷིང་འཇགས་ཀྱི་ཚོགས་རའི་ནང་དུ་སློབ་གྲོགས་ཚོ་ཕྱོགས་གཅིག་ཏུ་འདུས་ཏེ་དགེ་རྒན་གྱིས་ཟླ་བའི་སྐོར་གྱི་ལྷ་སྒྲུང་དང་ཟླ་བའི་གོ་ལའི་སྐོར་གྱི་ཤེས་བྱ་འཆད་པར་རྣ་བ་བླགས་ཏེ་ཉན།
ནམ་མཁའི་དབྱིངས་སུ་རྒྱུ་བའི་བཅོ་ལྔའི་དུང་ཟླ་དཀར་པོ་མཚམས་རེར་སེང་རས་ལྟ་བུའི་སྤྲིན་དཀར་གྱིས་གཡོགས་པ་དང། སྐབས་རེར་སྤྲིན་གྱི་ཕག་ཏུ་ཡིབ་པ། ལན་རེར་སྤྲིན་གྱི་སྲུབས་ནས་ཡིད་དབང་འཕྲོག་པའི་མཛེས་ཞལ་ངོམ་བཞིན་ནུབ་ཕྱོགས་སུ་འགྲོ་བ་དང་འདྲ་བ་ནི། སྟོན་རླུང་གིས་ཆུ་འཛིན་དཀར་པོ་ཤར་དུ་དེད་པའི་རྐྱེན་གྱིས་རེད། དོ་དགོང་ཟླ་བའི་ཆ་ཤས་ཡོངས་སུ་རྫོགས་ཤིང་ར་རིའི་དྲི་མས་དབེན་པ་དང། དངུལ་གྱི་མེ་ལོང་ལྟ་བུའི་དཀྱིལ་འཁོར་ནས་གསལ་ལ་མི་གསལ་བའི་ཁང་བཟང་ཞིག་མཐོང་བ་ནི་ཟླ་བའི་ཕོ་བྲང་ཨེ་ཡིན་ནམ། མི་འགའ་འགྲོ་འོང་བྱེད་པ་ནི་ལྷིང་འཇགས་ཀྱི་མཚན་མོར་ཟླ་བའི་ལྷ་མོ་ཕྱག་ཏུ་ལྒང་ཞུ་བསྣམས་པའི་འཁོར་གྱིས་བསྐོར་ནས་འཆམ་འཆམ་གནང་བཞིན་པ་ཨེ་ཡིན་ནམ། འོ། ཁོ་ཚོས་འགྲོ་མཚམས་བཞག་པ་ཅི་ཡིན། ཕལ་ཆེར་ཁོ་ཚོས་ཕོ་བྲང་གི་རབ་གསལ་ཁ་ནས་དགའ་བའི་གར་དུ་རྩེན་པའི་ང་ཚོའི་གདོང་གི་འཛུམ་མདངས་མཐོང་བས། ལྒང་ཞུ་རབ་གསལ་འོག་ཏུ་བཀལ་ནས་པུ་ཤུ་ལ་ཁེན་པ་སྟེ་ཐུར་དུ་རྒྱང་གཟིགས་གནང་གིན་ཡོད་པ་འདྲ།
མཚམས་ཤིག་ལ། ཚོགས་ར་ནས་རོལ་མོ་དཀྲོལ་བ་ན། སློབ་གྲོགས་ཚོས་སྐད་གསང་མཐོན་པོས་གླུ་དབྱངས་བླངས་པ་དང་གླུ་སྐད་ཕྱོགས་བཞིར་ཁྱབ། དུས་དེར་ཟླ་བའི་ཕོ་བྲང་ནས་གྲགས་འོངས་པ་དང་འདྲ་བའི་སྙན་འཇེབས་ཀྱི་གླུ་སྐད་ཅིག་ངས་ཐོས་པ་དང། གྲེ་འགྱུར་སྙན་པའི་གླུ་སྐད་དེ་ནི་ཕལ་ཆེར་ལྷ་མོ་ཚོས་ང་ཚོའི་གླུ་སྐད་ཐོས་རྗེས་ཡིད་ཀྱི་སྤྲོ་བ་འཕེལ་ཏེ་བླངས་པའི་གླུ་དབྱངས་ཡིན་ཤས་ཆེ། ལྷ་མོའི་ཞལ་རས་དང་ཟླ་བའི་དཀྱིལ་འཁོར་གཉིས་ནས་འོད་མདངས་རྣམ་པར་འཚེར་བ་དང། མི་ཡུལ་གྱི་ང་ཚོའི་གླུ་སྐད་དང་ཟླ་བའི་ལྷ་མོའི་གླུ་སྐད་གཉིས་སྤེལ་མར་གྲགས་པས་སློབ་གྲྭའི་དགའ་ཚལ་དབྱངས་ཀྱི་འཇིག་རྟེན་ཞིག་ཏུ་གྱུར་ལ། དགེ་རྒན་དང་སློབ་གྲོགས་རྣམས་རང་དབང་མེད་པར་ཡར་ལངས་ནས་ཞབས་བྲོ་ལྡེམ་ལྡེམ་འཁྲབ། ཨེ་མ་མི་ཡུལ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང།
དགོང་ཚོགས་དགའ་སྤྲོའི་ངང་ནས་གྲོལ་སོང། སློབ་གྲོགས་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་རང་ཁྱིམ་དུ་ལོག་པ་དང། ཁྱིམ་ཚང་རེ་རེའི་སྒྲོན་འོད་གསལ་བའི་དྲ་མའི་ནང་ནས་དགོད་སྒྲ་གྲགས་འོངས། ད་ལྟ་ཁོ་ཚོས་ཅི་ཞིག་ལས་ཀྱིན་ཡོད་དམ། ཕལ་ཆེར་ཀུན་ཁྱབ་རླུང་འཕྲིན་ཉན་བཞིན་དགའ་བའི་གཏམ་གླེང་བྱེད་ཀྱིན་ཡོད་པ་རེད། བསིལ་འཇམ་གྱི་སྟོན་རླུང་གིས་ལོ་ལེགས་སྙེ་མ་དང་གཡུར་ཟའི་འབྲས་བུའི་དྲི་ཞིམ་ངའི་སྣ་ལམ་དུ་བསྐྱལ་འོངས། མཚན་མོའི་མཁའ་དབྱིངས་ལ་བག་ཡངས་སུ་རྒྱུ་བའི་ཟླ་བའི་བསིལ་ཟེར་རེ་འགར་གསལ་ལ་རེ་འགར་མི་གསལ་བ་དང་། སྙན་འཇེབས་ཀྱི་གླུ་སྐད་འཇགས་ཤིང་དཀར་གསལ་གྱི་སྒྲོན་འོད་མག་མོག་ཏུ་གྱུར་ནའང་ང་ཚོས་ཚོགས་རར་སེམས་འཁྲེང་བས་ཕྱི་མིག་བལྟས་ཡོད། ང་ཚོ་སོང་རྗེས་ཟླ་བའི་ལྷ་མོ་སྐྱོ་སྣང་སྐྱེ་ངེས་རེད།
ངས་ཉ་གང་ཟླ་བའི་དཀྱིལ་འཁོར་ལ་ལྟ་བཞིན་བསྡད་པ་ན། ཟླ་བ་དེ་འདྲ་མི་མཐོ་བའི་ཚོར་སྣང་ཞིག་སྐྱེས་པ་དང། གལ་ཏེ་ནམ་མཁར་སྐས་ཤིག་འཛུགས་ཐུབ་ན། ཟླ་བའི་ལྷ་མོས་གྲོགས་མེད་ཁེར་རྐྱང་གི་སྡུག་བསྔལ་མྱོང་མི་དགོས་པར་མི་ཡུལ་དུ་ཕེབས་ནས་ང་ཚོ་དང་མཉམ་དུ་དགའ་སྤྲོའི་དཔལ་ལ་རོལ་ཆོག་སྙམ།
ང་རང་དཀར་གསལ་གྱི་ཟླ་བ་དང། བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་མི་ཡུལ་ལ་དགའ་བ་མ་ཟད། མཛེས་སྡུག་འོད་སྟོང་འབར་བའི་མ་འོངས་པར་དེ་བས་ཀྱང་དགའ་བ་ཡིན།

རྩོམ་ཡིག་གི་དཔྱད་མཆན།

དོན་བརྗོད་རྩོམ་ཡིག་ཁ་ཤས་ནི་དོན་བརྗོད་པ་ཁོ་ན་མ་ཡིན་པར། དོན་བརྗོད་པའི་ཞོར་དུ་དོན་དག་བྱུང་ཡུལ་གྱི་ཁོར་ཡུག་ཞིབ་འབྲི་བྱས་ཆོག་ལ། རྩོམ་པ་པོའི་ལྟ་ཚུལ་དང་ཡིད་ཀྱི་འགྱུར་བ་ཡང་ཐད་ཀར་བརྗོད་ཆོག་པ་རེད། འདི་ལྟ་བུའི་རྩོམ་ཡིག་ལ་དོན་བརྗོད་པ་གཙོ་བོ་ཡིན་པའི་ཞོར་དུ་ཞིབ་འབྲི་དང། གཏམ་གླེང། ཡིད་ཀྱི་འགྱུར་བ་མཚོན་པའི་གྲུབ་ཆ་ཡང་ཡོད་ཆོག 《སྟོན་མཚན་ཟླ་བར་བལྟས་པ་》ཞེས་པའི་རྩོམ་དཔེ་འདི་ནི་ཁྱད་ཆོས་འདི་དག་ལྡན་པའི་རྩོམ་ཡིག་འབྲི་དཔེ་ཡིན།
《སྟོན་མཚན་ཟླ་བར་བལྟས་པ》ཞེས་པའི་རྩོམ་ཡིག་འདིར་སྟོན་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ནས་མུན་རུབ་པ་ན་ཞེས་པའི་དུས་ཚོད་གསལ་བཤད་བྱས་པའི་རྗེས་མཐུད་དེ། ཟླ་བ་མཁའ་རུ་འཕགས་པ་ནས་ཟླ་བར་བལྟ་བའི་འགོ་བརྩམས་པ་བྲིས་ཡོད་པ་དང། ཟླ་བའི་ཁྱད་ཆོས་ཕྲ་ཞིབ་ཀྱིས་བྲིས་པ་བརྒྱུད་དེ་དགེ་རྒན་གྱིས་ཟླ་བའི་སྐོར་གྱི་ལྷ་སྒྲུང་དང་ཟླ་བའི་གོ་ལའི་སྐོར་གྱི་ཤེས་བྱ་བཤད་པ་དེས་གཅིག་མཐོང་གཅིག་དྲན་བྱེད་པའི་བསམ་གཞིགས་ཀྱི་སྒོ་མོ་ཕྱེ་བར་གཞོགས་འདེགས་བྱས་ཡོད་ཅིང། དེ་ལ་བརྟེན་ནས་ཡུལ་ལྗོངས་བྲིས་པ་དང་མཉམ་དུ་དོན་དག་བརྗོད་ཡོད་པ་རེད།
《སྟོན་མཚན་ཟླ་བར་བལྟས་པ་》ཞེས་པ་ནི་དོན་བརྗོད་དང། ཞིབ་འབྲི། གཏམ་གླེང། ཡིད་ཀྱི་འགྱུར་བ་མཚོན་པ་བཅས་བསྡེབས་ཏེ་སྤེལ་བའི་རྩོམ་ཡིག་ཅིག་ཡིན་ལ། དོན་བརྗོད་པའི་ཞོར་དུ་ཁོར་ཡུག་ཞིབ་འབྲི་བྱས་ཡོད་ཅིང། གཏམ་གླེང་དང་ཡིད་ཀྱི་འགྱུར་བ་མཚོན་པ་བསྡེབས་ཏེ་བྲིས་ནས་བརྗོད་བྱ་འབུར་དུ་བཏོད་ཡོད། ནམ་མཁའི་ལྷ་ཡང་མི་ཡུལ་གྱི་འཚོ་བར་སྲེད་པ་སྐྱེས་པ་སྟེ་རབ་བཏགས་ཀྱི་འབྲི་ཐབས་སྤྱད་ནས། དུས་སྐབས་གསར་པའི་མི་རྣམས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བ་ནི་ལྷ་ཡི་ལོངས་སྤྱོད་ལ་འགྲན་པ་སྟེ་རྩོམ་གྱི་བརྗོད་བྱའི་སྙིང་པོ་མངོན་གསལ་གྱིས་མཚོན་ཡོད་པ་རེད།