འབྱོར་བསྐྱལ།   གྲོགས་པོ། ཁྱེད་རང་ག་རེ་བྱེད་ཀྱི་ཡོད།
བག་བྲོ།         ངས་བརྙན་འཕྲིན་ལྟ་ཡིན་བསྡད་ཡོད། བག་བྲོ། ཁྱེད་རང་ག་རེ་བྱེད་ཀྱི་ཡོད།
འབྱོར་བསྐྱལ།   ང་ཡང་བརྙན་འཕྲིན་ལྟ་ཡིན་བསྡད་ཡོད། ཁྱེད་རང་ག་རེ་ལྟ་ཡི་ཡོད།
བག་བྲོ།         ངས་གློག་བརྙན་ལྟ་ཡི་ཡོད། ཁྱེད་རང་ག་རེ་ལྟ་ཡི་ཡོད།
འབྱོར་བསྐྱལ།   ངས་གསར་འགྱུར་ལྟ་ཡིན་བསྡད་ཡོད།
བག་བྲོ།         གསར་འགྱུར་ག་རེ་ལྟ་རྒྱུ་འདུག
འབྱོར་བསྐྱལ།   ཆུ་ཚོད་གཅིག་གི་གོང་ལ་རྒྱ་གར་གསར་འགོད་པས་༸གོང་ས་མཆོག་ལ་བཅར་འདྲི་དང་སྦྲགས་བགྲོ་གླེང་གནང་བ་ཞིག་བསྟན་སོང་། ད་ལྟ་ངས་རྒྱལ་སྤྱིའི་གནས་ཚུལ་ལྟ་བཞིན་ཡོད།
བག་བྲོ།         ཨ་ལས། བགྲོ་གླེང་དེ་གསར་འགྱུར་བརྒྱུད་ལམ་གང་གི་ནང་བསྟན་སོང་།
འབྱོར་བསྐྱལ།   རྒྱ་གར་གྱི་ཨེན་ཌི་ཊི་བི་ཞེས་པའི་གསར་འགྱུར་བརྒྱུད་ལམ་འདིའི་ནང་བསྟན་སོང་། ད་དུང་རེས་གཟའ་ཉི་མའི་ཉིན་བསྐྱར་དུ་བསྟན་གྱི་ཡིན་ལབ་སོང་།
བག་བྲོ།         སྟབས་ཡག་སོང་། དེ་རིང་གི་ལེ་ཚན་དེ་རྗེས་ཟིན་མ་སོང་། ལེ་ཚན་རྗེས་མར་བལྟ་ཐུབ་པ་བྱེད་ཀྱི་ཡིན།
འབྱོར་བསྐྱལ།   ཁག་མེད། གནས་ཚུལ་ལྟ་ལོང་རག་གི་རེད་དམ། ཁྱེད་རང་རྒྱུན་དུ་གློག་བརྙན་དང་། གཞས་དང་ཞབས་བྲོའི་འགྲན་བསྡུར། རྩེད་མོ་བལྟ་རྒྱུ་ཁོ་ན་མ་གཏོགས་དྲན་གྱི་མེད་པ།
བག་བྲོ།         ལོས་ལྟ། གསར་འགྱུར་་དེ་ལས་གལ་ཆེ་བ་ཞིག་ག་རེ་ཡོད་དམ། འོན་ཀྱང་བརྙན་འཕྲིན་མ་ལྟ་ན་དུས་ཚོད་འཁྱོལ་གྱི་མི་འདུག
འབྱོར་བསྐྱལ།   ཁྱེད་ཀྱིས་བརྙན་འཕྲིན་དང་ཁ་མ་བྲལ་བ་ཉི་མ་གཅིག་ཀྱང་བསྡད་མྱོང་ཡོད་དམ། ཁྱེད་རང་ལས་ཉོབ་ཏོ་ཚ་བའི་མི་སུ་ཞིག་ཡོད་དམ།
བག་བྲོ།         འོ་ན། ཁྱེད་ཀྱིས་ཤོད་དང་། ང་དུས་ཚོད་སྟོང་པའི་སྐབས་སུ་ག་རེ་བྱེད་དགོས་སམ།
འབྱོར་བསྐྱལ།   དུས་ཚོད་སྟོང་པ་ཡོད་ན་བྱེད་རྒྱུ་མང་པོ་ཡོད། དཔེར་ན། ནང་ལས་བྱེད་རྒྱུ་དང་། སྒྲུང་དེབ་དང་བཀའ་སློབ། ཚགས་པར་ཀློག་རྒྱུ། རླུང་འཕྲིན་གྱི་གསར་འགྱུར་ཉན་རྒྱུ་དང་། བརྙན་འཕྲིན་ནང་གི་གསར་འགྱུར་ལྟ་རྒྱུ། ལུས་རྩལ་རྩེ་རྒྱུ། དབུགས་སྦྱོང་བྱེད་རྒྱུ་དང་ཁ་འདོན་བཏོན་དགེ་སྦྱོར་བྱེད་རྒྱུ་སོགས་ཡོད།
བག་བྲོ།         ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་ཚོར་གནས་ལུགས་འདུག ངས་དུས་ཚོད་མང་པོ་འཕྲོ་བརླག་བཏང་འདུག ད་སང་ཉིན་ནས་བརྙན་འཕྲིན་ཉུང་ཙམ་བལྟས་ནས་གོམས་གཤིས་བཟང་པོ་དེ་ཚོ་འཇགས་ཐབས་སླད་འབད་བརྩོན་བྱེད་ཀྱི་ཡིན།
འབྱོར་བསྐྱལ།   ཏག་ཏག་རེད། གལ་ཏེ་དེ་འདྲ་མ་བྱས་ཚེ་ཐོས་རྒྱ་དང་མཐོང་རྒྱ་ཆུང་དུ་འགྲོ་བའི་ཁར་མི་ཚེ་སྟོང་ཟད་འགྲོ་ཉེན་ཡོད།
བག་བྲོ།         དེ་འདྲ་བྱས་ན། ལུས་སེམས་ཀྱི་འཕྲོད་བསྟེན་དང་མི་ཚེར་ཕན་རྒྱུ་ཁོ་ཐག་རེད།
འབྱོར་བསྐྱལ།   དུས་ཚོད་ཆུད་ཟོས་སུ་ཕྱིན་ན་འགྱོད་པའི་གནས་རེད།