ཀོ་གྱོང་ལག་མཉེས། མི་ངན་པ་བཅོས་ཐབས་མེད་པའི་གནས་སུ་གྱུར་པའི་དཔེ།
དཀར་ལྷབ་ནག་འཚུབ། དགའ་སྡང་འཕར་ཁ་ཆེ་བའི་དཔེ།
ཀླད་མེད་མགོ་འཁོར། རྨོངས་པའི་དབང་དུ་གྱུར་པའི་དཔེ།
སྐྱ་མིན་སེར་མིན། ཡ་མ་ཟུང་གི་དཔེ།
རྐང་རྗེས་ལག་བསུབས། སྔོན་གྱི་བྱས་རྗེས་བཟང་པོ་དག་རྗེས་ཀྱི་སྦྱོར་བ་ངན་པས་བརླགས་པར་གྱུར་པའི་དཔེ།
རྐྱེན་ངན་གྲོགས་ཤར། གེགས་བར་ཆད་ནི་འདོད་དོན་འགྲུབ་བྱེད་ཀྱི་མཐུན་རྐྱེན་དུ་འགྱུར་བའི་དཔེ།
སྐུད་སྣེ་ཁབ་ཁྲིད། འགྱུར་ཚུལ་དང་བསྟུན་ནས་གང་འོས་ཀྱི་ལམ་དུ་འཇུག་པའི་དཔེ།
སྐོམ་པ་ཆུ་འདོད། རེ་བ་ཆེས་ཆེ་བའི་དཔེ།
སྐྱ་ཟད་སྔོ་རྡུགས། བཟའ་བ་རྙིང་བ་ཚར་ཞིང་གསར་བ་རྗེས་མི་ཆོད་པ་སྟེ། བར་ཆད་བྱུང་བའི་དཔེ།
རྐང་སྣེ་རྡོ་ཐོགས། སྡིག་ཐུན་ཉོས་པའི་དཔེ།
ཀླད་མེད་ཕུགས་ཆུང་། འདང་རྒྱག་མི་ཤེས་ཤིང་ཕྱི་བལྟས་ཐུང་བའི་དཔེ།
སྐྱིད་ཀྱི་སྡུག་ཉོས། མར་གྱིས་ཚིལ་ཉོས། ཁེ་ཕན་ཚུར་ལོན་པ་ཕར་ཤོར་བའི་ཁ་མི་སྐོང་བའི་དཔེ།
སྐར་མ་ཕར་བསྐྱལ། ཉི་མ་ཚུར་བསུ། ཉིན་མཚན་སྦྲེལ་ནས་འབད་པའི་དཔེ།
སྐར་མ་ཞྭ་བྱེད། བ་མོ་ལྷམ་བྱེད། སྔ་ལངས་འཕྱིས་ཉལ་ཕྱི་རོལ་དུ་ལས་ལ་འབད་པའི་དཔེ།
བརྐྱངས་ན་མདའ་ཉན། བཀུག་ན་གཞུ་ཉན། ལས་གང་སྒྲུབ་པར་མཐུན་རྐྱེན་དང་ཕྲད་ཚེ་འདུན་པ་བསྐྱེད་ཐུབ་པ་དང་། འགལ་རྐྱེན་དང་ཕྲད་ཚེ་བཟོད་པ་སྒོམ་ཐུབ་པའི་དཔེ།
ཁྱི་སྤྱང་ལག་འབྲེལ། མི་ངན་ཁ་མཐུན་གྱི་དཔེ།
ཁྲོན་པའི་རུས་སྦལ། མིག་དཀྱུས་ཐུང་བའི་དཔེ།
ཁ་ནང་ལྕེ་རྒྱུས། གནས་ཚུལ་གསལ་བར་རྟོགས་པའི་དཔེ།
ཁ་གཅིག་ལྕེ་གཉིས། ཚིག་ཐོག་མི་འདུག་པའི་དཔེ།
ཁ་ཆག་སྣ་རལ། གྲ་མ་འགྲིག་པ་མང་པོ་བྱུང་བའི་དཔེ།
ཁ་ཡོད་ལག་མེད། བཤད་དགའ་ཆེ་རུང་ལས་ཁ་མི་ཉན་པའི་དཔེ།
ཁྱི་ཁ་རུས་བཟུང་། གཙིགས་ཆེར་བརྩིས་ཏེ་བློས་གཏོང་མི་བྱ་བའི་དཔེ།
ཁྱི་སྐད་ཁྱི་ཟུག མ་བརྟགས་པར་གྲགས་པའི་རྗེས་སུ་འབྲངས་པའི་དཔེ།
ཁྱི་ཉལ་རྒྱུག་སློང་། དོན་མེད་ལ་སྙད་བཙལ་བའི་དཔེ།
ཁྲིམས་མེད་ལུགས་མེད། སྦྱོར་བ་ངན་པ་ཇི་འདོད་གང་འདོད་དུ་སྤེལ་བའི་དཔེ།
ཁོག་ན་ཡི་གེ་ཡོད། གནས་ཚུལ་རྟོགས་པའི་དཔེ།
ཁབ་འཛུགས་སྙུང་འཛུགས། རང་གི་འདོད་པ་གཞན་ལ་འགེལ་གང་ཐུབ་བྱེད་པའི་དཔེ།
ཁོག་ནས་མེ་འབར། སྣ་ནས་ཐལ་དབོར། རབ་ཏུ་ཁྲོས་པའི་དཔེ།
རྒྱ་མཚོའི་ཆུ་ཐིགས། ཤེས་བྱ་ཧ་ཅང་ཉུང་བའི་དཔེ།
རྒྱ་མཚོ་རྡོ་སྐྱུར། ལན་མེད་པའི་དཔེ།
གྲིབ་ནག་སྤར་འཛིན། ཁུངས་གཏུགས་ས་མེད་པའི་བཤད་ཡམས་ཀྱི་དཔེ།
མགོ་ཐོག་ལག་བཞག དངོས་པོ་གང་ཡང་མ་ཁྱེར་བར་ལག་སྟོང་དུ་འགྲོ་འོང་བྱས་པའི་དཔེ།
མགོ་བཀྲུས་མཇིང་དག རང་བྱས་ཀྱི་བྱ་བའི་དག་འབུད་རང་གིས་བྱ་དགོས་པ། རང་འགན་རང་གིས་ཁུངས་སྐྱེལ་བྱེད་པའི་དཔེ།
བརྒྱ་ཁ་གཅིག་གཅོད། མི་མང་ཆེ་བར་གྲོས་བསྡུར་མ་བྱས་པར་དོན་གནད་རང་ཤེད་ཀྱིས་ཐག་གཅོད་པའམ། སྤྱོད་པ་དམངས་གཙོ་དང་མི་ལྡན་པའི་དཔེ།
གོས་ཆེན་ཚ་ལྕིབས། ནོམ་པ་གོང་ཆེན་བག་མེད་ས་བཀོལ་བྱུང་བའི་དཔེ།
གྲོག་ཚང་རྡོལ་བ། ཐམས་ཅད་ཕྱིར་བུད་པའི་དཔེ།
གླང་སྐེར་བེའུ་འདོགས། ཆེ་ཆུང་ངམ་བཟང་ངན་སྡེབ་པའི་དཔེ།
གླུ་བརྒྱ་ངག་གཅིག དོན་གྱི་ཁྱད་པར་མི་འབྱེད་པར་འོལ་ཚོད་ཀྱིས་གཅིག་པར་ལྟ་བའི་དཔེ།
སྒྱེའུ་ནང་སྙུང་བུ། མི་དཔའ་མཛངས་ཅན་མགོ་ཐོན་ཉིན་ཡོད་པའི་དཔེ།
དགུན་གྱི་ཁུ་བྱུག བཤད་མི་ཕོད་པར་ཁ་རོག་ཏུ་བསྡད་པའི་དཔེ།
མགོ་སྐེ་འབྲལ་མེད། ཕན་ཚུན་མཛའ་གཅུགས་དབྱེར་མེད་པའི་དཔེ།
མགོ་ལ་མེ་ཤོར། བྲེལ་བས་གཏད་ནས་མགོ་ཐོག་རྔུལ་ཆུ་བུད་པའི་དཔེ།
མགོ་ལས་རྨ་ཆེ། སྐྱོན་ཆུང་ཆུང་མེད་པར་མི་གཏོང་བས། ནོར་འཁྲུལ་ཚབས་ཆེན་དུ་གྱུར་པའི་དཔེ།
རྒྱུ་མེད་འདྲེ་མཐོང་། ཡ་མཚན་ཚུལ་དང་བྲལ་བའི་དཔེ།
སྔ་གྲོགས་དགོང་དགྲ། བརྟན་ཚུགས་མེད་ཅིང་འགྱུར་ལྡོག་ཆེ་བའི་དཔེ།
ལྕགས་རྡར་མཉམ་ཟད། མཉམ་དུ་རྒུད་པའི་དཔེ།
ལྕགས་དམར་སྐམ་འཆུན། མི་སྲུན་པ་དག་ལ་ཁྲིམས་ཀྱིས་བཅུན་ན་ད་གཟོད་འཆུན་ཏེ་ལས་ལམ་དུ་འཇུག་ཐུབ་པའི་དཔེ།
ལྕོང་མོའི་ལུས་ཅན། བྱ་བ་གང་བྱེད་ཐོག་མར་བསྒྲིམས་ཀྱང་རིམ་གྱིས་ལྷོད་དེ་དོན་མེད་དུ་འགྱུར་བའི་དཔེའོ། །
ཆང་ཁའི་སྦང་མ། རེ་རེ་གཉིས་གཉིས་མ་གཏོགས་མེད་པའི་དཔེ།
ཆུ་སྣ་གར་ཁྲིད། ལངས་ཕྱོགས་མི་བརྟན་པའམ། རང་རྐྱ་མི་ཐུབ་པའམ། ཕལ་མོ་ཆེའི་རྗེས་སུ་འབྲང་པའི་དཔེའོ། །
ཆུ་ཟླ་སྙོབ་པ། ངལ་བ་དོན་དུ་མི་སྨིན་པའི་དཔེ།
འཆི་ཁའི་འཕག་འཚག དགྲ་ཕམ་པར་གྱུར་ཀྱང་ད་དུང་ཨུ་ཚུགས་ཀྱིས་ཨེ་རྒྱལ་བལྟ་བའི་དཔེ།
ཆར་ཟིམ་འབབ་འབབ། རླུང་འཇམ་ལང་ལང་། ཞི་བའི་སྒོ་ནས་སྐྱོན་བརྗོད་པའི་དཔེ།
ཆུ་ངན་ལམ་ཞུགས། དཔེ་ངན་པའི་རྗེས་དེད་ནས་དོན་རྐྱེན་མུ་མཐུད་དུ་རྒྱ་བསྐྱེད་པའི་དཔེ།
འཇའ་ཚོན་རྗེས་སྙེག དོན་དུ་མི་སྨན་པའི་དཔེ།
ཇ་ལན་ཆུ་འཇལ། ཕན་ལན་གནོད་ཀྱིས་འཇལ་བའམ། བཟང་བྱས་ངན་ལན་འཇལ་བའི་དཔེ།
ཉི་མ་སྤྲིན་བྲལ། འཁྲུག་པ་ཞི་ནས་ཡུལ་ཁམས་བདེ་བར་གྱུར་པའི་དཔེ།
ཉིན་མི་མཚན་ཁྱི། མངོན་དུ་འགྲིག་མདོག་བསྟན་ཅིང་ལྐོག་ཏུ་རྒྱབ་འགལ་བྱེད་པའི་དཔེ།
ཉིན་མོའི་སྒྲོན་མེ། གལ་མི་ཆེ་བའམ་གོ་མི་ཆོད་པའི་དཔེ།
ཉིན་མོའི་སྐར་མ། ཧ་ཅང་ཉུང་བའི་དཔེ།
ཉ་ཉུང་མཉམ་བསྲེ། བཟང་ངན་དབྱེ་འབྱེད་མི་བྱེད་པའི་དཔེ།
སྙུང་བུ་སྒྱེའུ་བརྡོལ། མི་གོ་ཆོད་ཅན་རང་མགོ་ཐོན་པའི་དཔེ།
ཉི་མ་མེ་གྲོགས། ཆར་པ་ཆུ་གྲོགས། དངོས་པོ་གང་རུང་མཐུན་རྐྱེན་ལ་བརྟེན་ནས་རྒྱས་པར་འགྱུར་བའི་དཔེ།
ཐག་ཞོར་འབྲེང་དྲུད། མི་གང་དག་ལ་ཉེས་ཆད་བཅད་པ་དང་འབྲེལ་བའི་སྐྱོན་མེད་གཞན་དག་ལའང་ཁག་ངན་དཀྲིས་པའི་དཔེ།
ཐལ་བ་རླུང་འཕྱར། ཤུལ་མེད་དུ་བཏང་བའི་དཔེ།
ཐོད་པ་རྡོ་ཐུག བྱ་བ་ལམ་ལ་མ་སོང་བར་ལན་ཆགས་བྱུང་བའི་དཔེ།
ཐེམ་པ་སྔ་བརྒལ། སྔོན་ལ་ཡོང་བ་བདག་པོ་ཡིན་པའི་དཔེ།
མཐོ་གང་འདོམ་འཇལ། དོན་ཆུང་ངུ་ཆེན་པོར་བཏང་བའི་དཔེ།
དར་ལྕོག་རླུང་བསྐྱོད། རང་ཚུགས་མི་ཐུབ་པ་གཡོ་འགུལ་ཆེ་བའི་དཔེ།
དུང་དཀར་སེར་སྣང་། ལྟ་བ་ལོག་པའི་དཔེ།
མདང་ཉལ་རྨི་ལམ། མེད་པར་གྱུར་པའི་དཔེ།
མདུང་རྩེ་ཁ་སྤྲོད། ཕྱོགས་གཉིས་ཀའི་ལྟ་བའམ་སྤྱོད་པ་འགལ་ཟླར་ལངས་དྲགས་པའི་དཔེ།
རྡོ་ཐོག་ཆུ་བླུག བསྒོ་བ་རྣར་གཟོན་གྱི་དཔེ།
ནེ་ཙོ་ཁ་ཏོན། ལད་ཟློས་བྱེད་པའི་དཔེ།
ནེ་ཙོའི་འདོན་པ། ཚིག་གཅིག་པུ་ལས་དོན་ལ་ནན་ཏན་མི་བྱེད་པའི་དཔེ།
རྣག་ཐོག་ཁབ་གཙགས། གནད་ལ་འཁེལ་བའི་དཔེ།
གནམ་རལ་ས་གྲུམ། དུས་འགྱུར་ཆེན་པོ་བྱུང་པའི་དཔེ།
སྣུམ་ཟད་མར་མེ། ལོ་ན་རྒས་པ་དང་། དབང་པོ་ཉམས་ཤིང་ལུས་པོ་ངན་པས་ཚེ་ཐག་མི་རིང་བའི་དཔེ།
གནམ་ལ་བྱ་རྒྱ། ས་ལ་བྱི་རྒྱ། ཉེས་ཅན་དང་མྱུལ་མ་སོགས་འཛིན་ཐབས་ཚགས་དམ་པར་བཀོད་པའི་དཔེ།
ནམ་མཁའི་འཇའ་ཚོན། ཚེ་ཐག་མི་རིང་འཆི་ལ་ཁད་པའི་དཔེ།
གནམ་ས་ཁ་ལོ་བསྐོར་བ། འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བའི་དཔེ།
སྤྲིན་ནག་རླུང་གཏོར། དགྲའམ་སྲོལ་ངན་མྱུར་དུ་མེད་པར་བཏང་བའི་དཔེ།
ཕྱེ་ལེབ་མེ་འཛིང་། རྨོངས་པས་རང་སྲོག་ཕུང་པའི་དཔེ།
ཕྱར་བ་གྲུ་འདེགས། ལས་ཀ་བསྒྲུབ་པར་མཉམ་རུབ་བྱེད་དགོས་པའི་དཔེ།
འཕྱི་བ་ཁུང་ཉལ། ནང་དུ་འཛུལ་བསྡད་ནས་ཕྱི་ཡི་གནས་ཚུལ་མི་གོ་བའི་དཔེ།
ཕ་ན་ནིང་ཤི། བྲང་ད་ལོ་རྡུང་། གོ་སྐབས་འདས་ཤུལ་འགྱོད་པ་སྐྱེས་པའི་དཔེ།
ཕ་ཡུལ་རྟ་བརྒྱ། ཚུར་ཡོང་རྐང་ཐང་། སེར་སྣ་ཆེ་བའི་དཔེ།
བྱིའུ་ཕྲུག་ཐང་སྐྱུར། བདག་སྐྱོང་བྱེད་མཁན་མེད་པ་ཡ་ང་བའི་ངང་ཚུལ་གྱི་དཔེ།
བྱ་ཟིན་ཉ་ཟིན། ལས་ཀ་གཅིག་ལ་སྙིང་རུས་མི་བྱེད་པར་བློ་ཡི་བྱེ་བྲག་མང་པོར་འགྱུར་འགྲོ་བའི་དཔེ།
བུམ་པ་གང་བྱོ། རང་ལ་ཡོད་པའི་གདམས་ངག་སོགས་གང་ཡོད་བུ་སློབ་ཚང་མར་བསླབས་པའི་དཔེ།
བོང་བ་གསེར་གཟིགས། གཙིགས་སུ་འཛིན་དྲགས་པའམ། གཞན་གྱིས་རང་ལ་མཐོང་ཆེན་བྱེད་པར་ཁེངས་སྐྱུང་བའི་དཔེ།
བྲ་ཁུང་རྒྱབ་རལ། ཚུལ་དང་མི་མཐུན་ས་རྫུན་གྱི་དྲ་བ་ལས་མངོན་པར་གྱུར་འདུག་པའི་དཔེ།
བྲག་སྟོད་བྱ་རྒོད། གོ་ས་མཐོན་པོར་བསྡད་ནས་འགབ་ཀྱི་གནས་ཚུལ་མི་ཤེས། མང་བྱིངས་དང་ཁ་བྲལ་བའི་དཔེ།
བྱ་གཤོག་བྱི་སོ། གཡོ་སྒྱུ་ཆེ་བའི་དཔེ།
བྱིའུ་ཕྲུག་ཐང་གྱར། བདག་སྐྱབས་བྱེད་མཁན་མེད་པའམ་སྐྱབས་མེད་མགོན་མེད་ཅེས་པའི་དཔེ།
བྱ་བརྒྱ་ཤར་བལྟ། མི་མང་གི་རེ་ལྟོས་གཅིག་པའི་དཔེ།
བྲག་ཕུག་བྱང་ལྟས། ཐོས་པ་མི་བཙལ་ན་ཡོན་ཏན་མི་འབྱོར་བའི་དཔེ།
བོང་ལྟོ་སྲ་བསྲེ། རྡོ་ཆག་བཙན་སྒྲིག གཞན་གྱི་ཉམས་མྱོང་ངམ་སྒྲུབ་ལུགས་སོགས་གནས་ཚུལ་དངོས་དང་མི་བསྟུན་པར་ལད་མོ་བྱེད་པའི་དཔེ།
བྱ་སྐད་ལད་ཟློས། ཁྱི་བརྫུས་བརྐུས་འཁྱེར། བྱ་ཐབས་ཐ་ཤལ་གླེང་རིན་མེད་པའི་དཔེ།
མིག་ལྡན་གཡང་མཆོང་། ཤེས་བཞིན་ངན་ལམ་དུ་འགྲོ་བའི་དཔེ།
མི་དཀར་ཞྭ་ནག མི་དཀར་པོ་ལ་ཞྭ་ནག་པོ་བསྐོན་པ་སྟེ། མ་ཉེས་ཁ་གཡོགས་ཀྱི་དཔེ།
མ་ཉལ་རྨི་ལམ། མངོན་སུམ་དུ་འབྱུང་མི་སྲིད་པའི་རེ་བ་སྟོང་པའི་དཔེ།
མ་ཤི་དམྱལ་བ། སྡུག་བསྔལ་བཟོད་དཀའ་བ་མྱོང་བའི་དཔེ།
མར་ལས་སྤུ་ཕྱུང་། ཧ་ཅང་བྱ་སླ་བའི་དཔེ།
མི་བརྡུངས་རང་ངུ། ཉེས་ཅན་གྱིས་ཉེས་མེད་ལ་གླེང་བཀལ་བའི་དཔེ།
མེ་ཐོག་ཤིང་སྣོན། དོན་དག་གང་བྱུང་ཚབས་ཇེ་ཆེ་ཇེ་དྲག་ཏུ་གཏོང་བའི་དཔེ།
མདུང་རྩེ་ཁ་སྤྲོད། ཕྱོགས་གཉིས་ཀའི་ལྟ་བའམ་སྤྱོད་པ་འགལ་ཟླར་ལངས་དྲགས་པའི་དཔེ།
མེ་ཐོག་ཆུ་བླུགས། ཚར་དུ་བཅད་པའི་དཔེ།
མི་ལྤགས་འདྲེ་གཏུམས། ངོ་བོ་འདྲ་ལ་རྣམ་པ་མི་སྟེ། སེམས་གནག་ནས་འདྲེ་དང་འདྲ་བའི་གདུག་རྩུབ་ཅན་གྱི་དཔེ།
མེར་བསྲེགས་མེར་བདུག མི་ངན་པས་ངན་པར་རྒོལ་བར་བཅུག་ན་ནུས་པ་ཐོན་སླ་བའི་དཔེ།
རྩྭ་ཁའི་ཟིལ་པ། ནོར་ལོངས་སྤྱོད་འཛད་སླ་བའི་དཔེ།
རྩིད་སྐུད་མགོ་བྲེགས། སོ་སོའི་མགོ་ཐོན་པའི་དཔེ།
མཛུབ་མོ་རི་སྟོན། དོན་གྱི་ཞིབ་ཆ་མི་སྨྲ་བར་སྤྱི་ཁོག་ཙམ་བརྗོད་པའི་དཔེ།
མཛུབ་མོས་གནམ་འདེགས། ཧ་ཅང་མཐོང་ཆུང་བྱེད་པའི་དཔེ།
མཛོ་སྦྲེལ་གཡང་ལྷུང་། ཕུང་ན་མཉམ་དུ་ཕུང་བའི་དཔེ།
ཝ་ནི་གལ་འཛིན། གཡོ་འོག་ཏུ་ཚུད་པའི་དཔེ།
ཝ་སྙིང་སྟག་གདོང་། དཔའ་སྙིང་མེད་ཀྱང་འཇིགས་སྣང་བསྟན་པའི་དཔེ།
ཝ་མོ་རམས་སྐྱབས། མི་ངན་པར་དབང་བསྐུར་ན་མངའ་འོག་ལ་གཙེ་བའི་དཔེ།
ཝ་ཁ་དགྲ་འབོད། ཁེངས་གཏམ་འཛེམས་མེད་ལབ་པའི་དཔེ།
ཞྭ་དཔེ་ལྷམ་བཀབ། གཞུག་བྱ་འཇུག་བྱེད་ནོར་བའི་དཔེ།
གཞན་གྲིབ་རང་ཕོག འབྲེལ་བ་མེད་པར་གཞན་གྱི་ནག་ཉེས་རང་ལ་ཐེབས་པའི་དཔེ།
ཡུག་ཆད་སྣེ་མཐུད། འགལ་ཟླ་གཉིས་སླར་འདུམ་པའི་དཔེ།
གཡས་དཀར་གཡོན་ནག དྲང་པོ་མིན་པ་ཕྱོགས་རིས་ཀྱི་དཔེ།
རླུང་ཞི་རླབས་འཇགས། ཟང་ཟིང་མེད་པར་གྱུར་བའི་དཔེ།
ར་ལུག་སྐེ་སྦྲེལ། མི་ངན་ཁ་འབྲེལ་ལག་འབྲེལ་བྱེད་པའི་དཔེ།
ར་ལུག་ར་ཟླ། རིགས་གཅིག་པ་མཉམ་དུ་འགྲོགས་དགའ་བའི་དཔེ།
རི་རྡོ་ཀླུང་སྐྱེལ། ཕ་མ་བུ་ཕྲུག་སོགས་ཡ་བྲལ་དུ་བཏང་ཞིང་རང་རང་གི་གནས་སུ་སྡོད་དུ་མི་འཇུག་པའི་དཔེ།
ར་བསད་ལུག་འདར། གཅིག་ཚར་བཅད་པའི་རྐྱེན་ལས་གཅིག་ཤོས་གཞན་དག་ཀྱང་འཇིགས་པར་བྱེད་པའི་དཔེ།
ལ་ཁའི་ཉི་མ། མི་འཆི་ལ་ཁད་པའི་དཔེ།
ལ་ཉག་མཛོ་གཟེངས། མི་མཐུན་པའི་ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་བྱེད་དགོས་པའི་དཔེ།
ལག་རྡུམ་བྲག་འཛེགས། འུ་ཐུག་ནས་བྱ་ཐབས་ཟད་པའི་དཔེ།
ལུག་ཤོར་རྟ་ཐོབ། རྒྱུ་ཉུང་ངུ་ཞིག་བཏང་ནས་ཡོང་སྒོ་མང་པོ་ལོན་པའི་དཔེ།
ལུས་ཡོད་སྲོག་ཟད། མིང་ཙམ་ལས་དོན་མེད་དུ་གྱུར་པའི་དཔེ།
ལོང་བ་ཐང་འཁྱམས། འཚོ་བ་ཧ་ཅང་དཀའ་སར་ཐུག་པའི་དཔེ།
ལོང་བས་རྒྱབ་ཁུར། ཞ་བོས་ལམ་སྟོན། གཅིག་གིས་གཅིག་ལ་བརྟེན་ཅིང་རོགས་རམ་བྱས་ནས་དཀའ་ཁག་སེལ་བའི་དཔེ།
ཤོག་གུ་སྣུམ་ཟོས། མི་ཡི་བསམ་བློ་འདུ་ཤེས་སུ་གཞན་དབང་ཤུགས་རྐྱེན་ཐེབས་ནས་རིམ་གྱིས་འགྱུར་བའི་དཔེ།
ཤོག་བུ་རས་བརྫུས། མ་ཡིན་ཡིན་མདོག་བྱས་པའི་དཔེ།
ཤ་ཁུ་ཤ་ཐིམ། གཞུང་རྒྱུ་ཕྲན་བུ་ཙམ་ཡིན་ཡང་གཞུང་དོན་དུ་འཇུག་དགོས་པའི་དཔེ།
གསོན་ཡང་ཤི་བ། མི་ལུས་ཐོབ་ཀྱང་མི་ཞིག་གི་གོ་མི་ཆོད་པའི་དཔེ།
གསོད་ཆེ་བརྡུང་ཆུང་། ཆད་པ་ཡང་ལྕི་གང་འཚམས་གཅོད་དཀའ་བའི་དཔེ།
ས་སྐྱེས་དགུང་བསྙེགས། སྐྱེས་བུ་རླབས་པོ་ཆེའི་དཔེ།
ས་བཤུད་རྡོ་འབུད། རྩད་བཅད་ན་གསལ་ཁ་འབྱུང་བའི་དཔེ།
ལྷམ་ཡོད་རྡོ་ཟམ། ལྷམ་མེད་ཆུ་ནང་། འདོད་པ་དང་འཇུག་པ་ཕྱིན་ཅི་ལོག་པའི་དཔེ།