(ཕྱི་ལོ ༡༩༧༢ ཟླ་ ༡༠ ཚེས་ ༢༤ ཉིན།)

གནས་ཚུལ་འགྱུར་བའི་སྐབས་སུ་བསམ་བློས་རྗེས་ཟིན་དགོས་པ་དང། དེ་ལ་གཞིགས་པའི་མཐའ་གཉིས་སུ་མ་ལྷུང་བའི་འཚོ་ཐབས་ལ་བསམ་བློ་གཏོང་དགོས།

དེ་རིང་འདིར་བརྗོད་རྒྱུར། ཁྱེད་ཚོ་ཚོགས་འདུའི་སར་འབྱོར་མཁན་ཚང་མ་སློབ་གྲྭའི་ནང་ལས་ཀ་བྱེད་མཁན་ཡིན་ཞིང། དེ་ཡང་སློབ་གྲྭའི་ནང་གི་གད་ཕྱིས་བྱེད་མཁན་དང༌། མ་བྱན་ལྟ་བུ་དེ་འདྲ་མིན་པར་དགེ་རྒན་ཤ་སྟག་རེད། དགེ་རྒན་ཚོས་ག་རེ་བྱེད་ཀྱི་ཡོད་ཟེར་ན། ཕྲུ་གུའི་བསམ་བློའི་སྣེ་ཁྲིད་ཀྱི་ཡོད་པ་རེད། མ་གཞི་དགེ་རྒན་ཚོ་འགའ་ཤས་སུམ་རྟགས་སློབ་མཁན་དང། ཁ་ཤས་རྒྱལ་རབས་སློབ་མཁན་གྱི་དགེ་རྒན་སོ་སོར་དམིགས་བཀར་གྱི་ཕྲུ་གུར་སློབ་སྦྱོང་སྤྲོད་རྒྱུའི་ལས་འགན་ཡོད་ན་ཡང། རྩ་བའི་སོ་སོའི་བསམ་བློ་ག་ཚོད་ཀྱི་གནས་ཚད་མཐོ་བ་དང༌། གུ་ཡངས་པ་ཞིག་བྱུང་ན་དེའི་ཚོད་ཀྱིས་སོ་སོར་བློ་ལྟ་མཁན་ཕྲུ་གུ་ཚོར་ཞར་དང་ཞོར་ལ་ལམ་སྟོན་བྱེད་ཕྱོགས་ཡོང་གི་རེད་བསམ་གྱི་འདུག དེ་ཧ་ཅང་གལ་ཆེན་པོ་རེད། དེ་རྒྱུ་མཚན་གཅིག་བྱས།

དེ་ནས་རྩ་བའི་རྒྱུ་མཚན་གཞན་ཞིག་ནི་བར་ལམ་འཛམ་གླིང་གི་དུས་རབས་འཕོ་འགྱུར་འགྲོ་གི་ཡོད་པ་དང༌། དུས་རབས་རེ་རེའི་མི་དེ་ཚོ་ཧ་ལམ་ལོ་བཅུ་གྲངས་ནང་དུ་འགྱུར་བ་འགྲོ་གི་ཡོད་རེད། དེ་ལས་མགྱོགས་པ་ལོ་གཅིག་གཉིས་ནང་ལ་འགྱུར་བ་འགྲོ་གི་རེད། དེ་འདྲའི་དུས་ཚོད་ལ་ང་རང་བོད་པ་ཚོ་ནི་དེ་བས་ཀྱང་འགྱུར་བ་ཆེན་པོ་འགྲོ་གི་ཡོད། འགྱུར་བ་ཕྱིན་པའི་སྐབས་ལ་གནས་ཚུལ་དེ་བསམ་བློས་རྗེས་ཟིན་པ་ཞིག་དགོས་ཀྱི་ཡོད་པ་དང༌། དངོས་ཡོད་གནས་ཚུལ་དེ་ལ་གཞིགས་པའི་མཐའ་གཉིས་སུ་མ་ལྷུང་བའི་ཐོག་ནས་ང་ཚོ་འཚོ་ཐབས་བསམ་བློ་གཏོང་དགོས་པ་མ་གཏོགས། ང་རང་ཚོར་བདེན་པ་ཡོད་པའི་དཔའ་བློ་ཁོག་ཅིག་དང༌། ལྷག་བསམ་གཅིག་པུས་འདང་གི་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དགོས།

དཔེར་ན། ང་ལ་ཆ་བཞག་ན། གནས་ཚུལ་ག་ས་ག་ལ་དོ་སྣང་བྱས་ནས་བལྟས་པའི་སྐབས་བསམ་བློ་མང་པོ་ཞིག་འཁོར་གྱི་འདུག དེ་འདྲའི་བསམ་བློ་འཁོར་བའི་ནང་ཏན་ཏན་ལེགས་ཆ་ཡང་ཡོད། དངོས་ཡོད་གནས་ཚུལ་དང་མ་མཐུན་པ་དང༌། སོ་སོའི་ཉམས་མྱོང་གིས་མ་འདང་བའི་སྐྱོན་ཡང་མང་པོ་ཡོད། དཔེར་ན། ང་རང་ཚོ་དཔེ་ཆ་བ་ཚོས་ཤེས་གསལ་ལྟར། རྩོད་པ་རྩོད་པའི་སྐབས་ལ་ཅི་ཙམ་གྱིས་མཐའ་དཔྱོད་མང་བ་དེ་ཙམ་གྱིས་ངེས་པ་རྙེད་རྒྱུ་ལེགས་པ་ལྟ་བུ། དཔེར་ན། ཡིག་ཆ་མང་ཆེ་བའི་ནང་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ། རྩོད་པ་སྤོང་བ་བཤད་ཡོད། ཅི་ཙམ་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་མང་བའི་ཚོད་ཀྱིས་རང་ལུགས་ལ་ངེས་པ་ཆེན་པོ་རྙེད་ཐུབ་ཀྱི་ཡོད། དེ་འདྲ་མིན་པའི་སྤམ་བཤད་ཅིག་ཡིན་ན་དེའི་ཚོད་ཙམ་མ་གཏོགས་ཡོང་གི་ཡོད་མ་རེད། སོ་སོའི་དགེ་སྐྱོན་གྱི་ཕྱོགས་མང་པོར་བསམ་བློ་བཏང་ནས་བསམ་བློ་འདྲ་མི་འདྲ་ག་ཚོད་ཀྱིས་མང་བ་འཁོར་ན་དེའི་ཚོད་ཀྱིས་ཕན་ཐོགས་ཡོང་རྒྱུ་རེད་བསམ་གྱི་འདུག

རྒྱལ་བ་རིན་པོ་ཆེའི་བསམ་བློ་གང་འདྲ་ཞིག་ཡོད་མེད། ཕྱི་རྒྱལ་མིས་ཨིན་ཇི་ནང་རྩོམ་བྲིས་བྱས་པ་ལས་མ་གཏོགས་ཤེས་མི་ཐུབ།

ཕྱི་རྒྱལ་ལ་སོགས་པའི་མི་མང་པོར་ཐུག ཁོང་ཚོས་སྐད་ཆ་འདྲ་མི་འདྲ་དྲིས། དཔེར་ན་ང་ལ་རྒྱལ་བ་རིན་པོ་ཆེས་སྐྱེ་བ་སྔོན་མ་དྲན་གྱི་འདུག་གམ་ཟེར་བ་དང། ཉིན་གཅིག་ལ་ཉམས་ལེན་ག་རེ་བྱེད་ཀྱི་ཡོད་དམ་ཟེར་བ། བསམ་བློ་ག་རེ་འཁོར་གྱི་འདུག་གམ་ཟེར་བ། དེ་བཞིན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཤི་བ་ཡིན་ན་སྐུ་ཕྲེང་བཅོ་ལྔ་པ་ཡོང་གི་རེད་དམ་མ་རེད་ཟེར་མཁན་འདྲ་པོ་དེ་འདྲའི་དྲི་བ་མང་པོ་ཡོང་གི་འདུག ཁོ་རང་ཚོས་འཚེར་སྣང་འདྲ་བྱས་ནས་འདྲི་བཞིན་འདུག གང་ལྟར་ཡང་སྙིང་སྐད་ཆ་འདྲ་མི་འདྲ་འདྲི་སྐབས་དེ་གའི་གནས་ལུགས་དང་འཚམས་པའི་འགྲེལ་བཤད་ཅིག་རྒྱག་གི་ཡོད། དེ་བརྒྱབ་དུས་ཁོང་ཚོས་རྒྱལ་བ་རིན་པོ་ཆེའི་བསམ་ཚུལ་གང་འདྲ་ཞིག་ཡོད་པ་དང༌། རྒྱལ་བ་རིན་པོ་ཆེའི་འཕྲལ་ཕུགས་ཀྱི་བསམ་བློ་ག་རེ་ཡོད་པ་དེ་ཤེས་ཀྱི་ཡོད་པ་རེད། ཡི་གེའི་ནང་ལ་ཡང་བཀོད་ཐུབ་ཀྱི་ཡོད།

ཚུར་ཕྱོགས་ང་ཚོ་བོད་རིགས་ནང་ལ་ཆ་བཞག་ན་ཤེས་ཀྱི་ཡོད་མ་རེད། ཚུར་འདྲི་མཁན་མ་བྱུང་ན་ང་ཡས་ཡས་དྲན་གྱི་འདུག མས་མས་དྲན་གྱི་འདུག་ཅེས་ལབ་མི་ཤེས། གལ་ཏེ་དེ་འདྲ་ལབ་ན། ྋརྒྱལ་བ་རིན་པོ་ཆེ་བསམ་བློ་བདེ་པོ་རང་མེད་པ་འདྲ། བསམ་བློའི་སྨན་ཁང་ལ་འཁྲིད་དགོས་ཀྱི་མེད་དམ་སྙམ་པ་དྲན་སྲིད་ཀྱི་རེད། ཚོགས་འདུ་འདྲ་ཚུགས་ནས་སྐད་ཆ་བཤད་པའི་སྐབས་ལ་ནི་ཁོ་རང་འབྲེལ་ཡོད་ཀྱི་སྐད་ཆ་ཤོད་རྒྱུ་རེད་མ་གཏོགས་དེ་ལྷག་བཤད་དོན་མེད། དེ་འདྲ་ཡིན་པས་སོ་སོའི་བསམ་བློ་ངོ་མ་དེ་ཐོན་གྱི་མེད། མ་ཐོན་ན་ཤེས་ཀྱི་མ་རེད།

ཁྱེད་རང་ཚོ་ཚང་མར་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་ན་འགྲིགས་པ་རེད། དེ་ནི་ཡོད་མ་རེད། ང་བོད་པ་རེད། ད་ལྟ་ྋརྒྱལ་བ་རིན་པོ་ཆེའི་མིང་འཁྱེར་ནས་བོད་པའི་འགོ་འཁྲིད་ཀྱི་ཡོད། དཔེར་ན་ངས་སྐྱེ་བ་བླངས་པ་འདི་ཕལ་ཆེར་བོད་པའི་དོན་དག་ལ་སྐྱེས་པ་ལྟ་བུ་རེད། དེས་ན་ངས་ཤ་ཚ་ན་བོད་པར་ཤ་ཚ་གི་རེད་མ་གཏོགས་གཞན་སུ་ཞིག་ལ་ཚ། སྤྱིར་སེམས་ཅན་ཐམས་ཅད་གཉེན་དུ་བལྟ་དགོས་པ་དང༌། སེམས་ཅན་ཐམས་ཅད་བསམ་དགོས་ན་ཡང༌། སྒོས་སུ་བོད་འབངས་ཀྱི་སེམས་ཅན་དེ་ཚོའི་ཆེད་དུ་ང་སྐྱེས་པ་ཞིག་ཆགས་ཡོད་པས་ངས་ཤ་སུ་ལ་ཚ་ཟེར་ན། བོད་པ་ཚོར་ཚ་དགོས། འོན་ཀྱང་ཤ་ཚ་སའི་ཡུལ་དེ་ཚོས་ྋརྒྱལ་བ་རིན་པོ་ཆེའི་བསམ་བློར་གང་ཡོད་ཤེས་ཀྱི་ཡོད་པ་མ་རེད། གཞན་དག་ཚོས་ྋརྒྱལ་བ་རིན་པོ་ཆེའི་བསམ་བློ་གང་འདྲ་ཞིག་ཡོད་པ་དཔྱིས་ཕྱིན་པར་ཤེས་ཀྱི་ཡོད། དེ་ག་ཕྱི་ག་ལོག་མ་རེད་དམ།

དཔེར་ན། ཁྱེད་རང་ཚོ་བོད་རིགས་ནང་ནས་ྋརྒྱལ་བ་རིན་པོ་ཆེའི་བསམ་བློ་གང་འདྲ་ཞིག་ཡོད་པ་དང༌། ཆོས་ཐོག་ནས་ྋརྒྱལ་བ་རིན་པོ་ཆེའི་བསམ་བློ་གང་འདྲ་ཡོད། སྲིད་ཐོག་ནས་བསམ་བློ་གང་འདྲ་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་ཐོག་བསམ་བློ་གང་འདྲ་ཞིག་ཡོད་མེད་གལ་སྲིད་ཁྱེད་རང་ཚོའི་ནང་ཕྲུ་གུ་གཞོན་པ་ཞིག་གི་བསམ་བློའི་ནང་ཤེས་འདོད་ཡོད་པ་དང༌། ད་ལྟའི་གནས་སྐབས་ལ་རྩད་གཅོད་བྱེད་དགོས་བྱུང་ན། ྋརྒྱལ་བ་རིན་པོ་ཆེ་ཐུག་མྱོང་བའི་ཕྱི་མི་གཅིག་གིས་དྲི་བ་དྲིས་ལན་བྱས་པའི་རྩོམ་བྲིས་ཨིན་ཇིའི་ཡི་གེ་ཞིག་ལ་བལྟས་ན་མ་གཏོགས་ཕལ་ཆེར་ཤེས་ཀྱི་མ་རེད། བོད་ཡིག་ནང་ལ་སྤྱིར་བཏང་གཞིས་སྒར་ཁག་ཏུ་སྐད་ཆ་བཤད་པ་དེ་འདྲ་ཕྲན་བུ་མ་གཏོགས་གཞན་ཤེས་ཐབས་མེད་པ་རེད། གོ་ལྡོག་ནས་ཤེས་དགོས་མཁན་ཚོས་མ་ཤེས། གནས་ཚུལ་འབྲེལ་བ་དེ་ཙམ་མེད་བསྡད་མཁན་ཚོས་ཤེས་པ་དེ་འོས་པོ་དང༌། འཇུག་པོ་ཞིག་མི་འདུག

ངས་བར་ལམ་དེ་འདྲ་ཞིག་དྲན་ཡོང་གི་འདུག དཔེར་ན། ཕྲུ་གུ་སློབ་གྲྭ་བ་གཅིག་གིས་གནས་ཚུལ་ཞིག་མཐོང་སྟེ། ྋརྒྱལ་བ་རིན་པོ་ཆེས་ཁ་སང་འདི་འདྲ་གསུངས་འདུག ཕྱི་རྒྱལ་ཞིག་ལ་འདི་ལྟར་གསུངས་འདུག འདི་གང་འདྲ་ཡིན་ནམ་བསམས་ནས་ཁོའི་བསམ་བློར་ཤེས་འདོད་ཅིག་བྱུང་ནས་སློབ་སྤྱི་ཞིག་ཨེ་ཡིན། ཡང་ན་དགེ་རྒན་ཞིག་ལ་དེ་གང་འདྲ་ཡིན་ནམ་ཞེས་དྲིས་ན་ཤེས་མ་བྱུང་ཟེར་རྒྱུ་རེད། ཁྱེད་རང་ཚོ་མང་ཆེ་བ་ཚོས་སྐབས་དེར་བསམ་བློ་དེའི་ཡོང་སའི་གཞི་རྩ་ཁོ་རང་ཤེས་ཀྱི་མ་རེད། གནས་ཚུལ་འདི་གོ་ལྡོག་པའི་སྐྱོན་འདུག་བསམ་པ་དྲན་བྱུང༌།

གནས་ཚུལ་ཤེས་པར་བྱེད་པའི་ཐབས་ཤེས་ཕྱོགས་གཅིག་ནས་སྐད་ཆ་བཤད་པ་དེ་ཚོའི་གྲས་ཡི་གེའི་ཐོག་བཀོད་ནས་ཕར་ཚུར་ལྟ་ཀློག་བྱེད་རྒྱུ་དེ་ཐབས་ཤེས་གཅིག་རེད། ཐབས་ཤེས་དྲག་ཤོས་དང༌། ལས་སླ་ཤོས་ནི་འདི་ལྟར་མཉམ་དུ་འཛོམས་པའི་སྐབས་ལ་དྲི་བསྡུར་སྐད་ཆ་བཤད་ན། ང་དེར་སྤམ་ཤོར་རྒྱུ་དང༌། ངོ་ཚ་རྒྱུ་གང་ཡང་མི་འདུག ངས་ཤེས་པ་ནི་ཤེས་པ་རེད། མ་ཤེས་པ་ནི་མ་ཤེས་པ་རེད། སོ་སོའི་བསམ་ཚུལ་ཡོད་པ་དེ་ཐག་ཆོད་པ་ནི་ཆོད་པ་རེད། ཐག་མ་ཆོད་པ་ནི་མ་ཆོད་པ་རེད། ང་རང་ཚོ་ཚང་མ་ནང་ཁུལ་རེད། འདི་ལྟར་ཐུག་འཕྲད་སྐབས་དྲི་བ་དྲིས་ལན་ལྟ་བུ་བྱས་ན་ཡག་པོ་ཡོང་གི་རེད་བསམ་པ་ངས་དེ་འདྲ་དྲན་པ་རེད། དེ་ཡང་དངོས་ཡོད་གནས་ཚུལ་ལ་རན་དང་མ་རན་གྱི་དགེ་སྐྱོན་འདྲ་ཡོང་སྲིད་ཀྱི་རེད། དེར་བརྟེན། བཀའ་ཤག་དང་ཚོགས་གཙོ་གཉིས་ཡར་ཕེབས་ནས་སྐུ་སྒེར་ཡིག་ཚང་གི་ལས་ཀ་བྱེད་མཁན་ཚོ་མཉམ་དུ་གོ་བསྡུར་བྱས། དེ་ལ་དགེ་སྐྱོན་འདྲ་མི་འདྲ་གང་འདྲ་འདུག་ཞུས་པར་ཚང་མའི་དགོངས་འཆར་ལ་ཡག་པོ་འདུག་གསུང་གི་འདུག དེ་གནས་ལུགས་འགྲེལ་བཤད་ཡིན། ཞེས་སྩལ།།