(ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༡༡ ཉིན།)

འཇོན་ཐང་དང༌མཐུན་རྐྱེན་ལ་གཞིགས་པས་བོད་ཀྱི་རིག་གཞུང་གི་ཞབས་འདེགས་སུ་འགྱུར་བའི་རྩོམ་ཡིག་གང་མང་འདོན་དགོས།

ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ཉི་ཤུ་རྩ་བརྒྱད་སོང་བ་དེའི་རིང། ང་ཚོས་རྒྱ་གར་ནང་སྤྱིའི་སྒྲིག་འཛུགས་ཤིག་བཙུགས་ནས་ལས་རིམ་མང་པོ་ཞིག་ལག་ལེན་བསྟར་བའི་ནང་གཙོ་ཆེ་ཤོས་ཤེས་ཡོན་གྱི་ཐོག་ལ་གང་ཡོང་ཅི་ཡོང་བྱས་ཡོད། ཡིན་ནའང་རིགས་མང་པོ་ཞིག་བྱེད་འདོད་ཀྱང་དངོས་ཡོད་གནས་ཚུལ་གྱིས་འགྲུབ་མི་ཐུབ་པ་དང༌། ཡང་རིགས་ཁ་ཤས་ནི་འགྲུབ་ཐུབ་ཀྱི་རེད་སྙམ་ཡང་གྲ་མ་འགྲིགས་སྣ་ཚོགས་ཀྱིས་དེ་མུར་ལུས་པ། དཔེར་ན། བོད་ཡིག་ནང་མིང་ཚིག་གསར་པ་བཟོས་ཏེ་གཏན་འབེབས་བྱེད་དགོས་པ་དེ་ཚོའི་ཐད་རྩ་བའི་ལས་འགོ་བརྩམས་ཏེ་རྩོམ་སྒྲིག་དང་པོ་བྱེད་སྐབས་ད་ལྟ་འདིར་ཕེབས་པའི་བྲག་གཡབ་རིན་པོ་ཆེ་ཡང་ཡོད། ཕལ་ཆེར་ཕྱི་ལོ་༡༩༦༠-༡༩༦༡ སློབ་གྲྭ་ཐོག་མར་འཛུགས་སྐབས་ང་ཚོས་གྲོས་འགོ་བཏོན་ནས་རིགས་ཁ་ཤས་ལམ་སང་མཚན་ཉིད་ཚང་བའི་སྤུས་དག་པོ་ཞིག་ཡོང་མ་ཐུབ་ཀྱང༌། མཚན་ཉིད་རོབ་ཙམ་ཚང་བ་ཞིག་ཡོང་རྒྱུར་ཤུགས་བརྒྱབ་ནས་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ནས་བསླབ་ཐུབ་པ་བྱེད་དགོས་བཤད་ཡོད།

དེའི་ཐོག་ལ་ལྡི་ལིར་བོད་ཁང་བཙུགས་ཏེ་ང་ཚོས་ཚད་ཚད་བསྡུར་བསྡུར་གང་ཡོང་བྱས་པ་ཡིན། དེ་དུས་ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱང་འབྲེལ་བ་ཡོད། དེ་ནས་ད་བར་ལོ་གང་འཚམ་སོང་ཡང༌། དེ་དུས་ལས་ཀར་ཐེ་གཏོགས་ཡོད་མཁན་ཚོ་ད་རིང་མཉམ་དུ་འཛོམས་ཐུབ་པ་འདི་ཡག་པོ་རེད། ད་ལམ་གྱི་དུས་ཚོད་འདིར་ང་ཚོས་ལས་ཀ་ཅི་ཙམ་ཞིག་བསྒྲུབ་ཐུབ་པའི་སྐོར་ཚང་མས་ལྷོད་པོའི་ངང་གོ་བསྡུར་བྱེད་དགོས། བར་ལམ་ཁྱེད་ཚོ་ཕྱོགས་དང་མཚམས་སུ་འཁོད་ནས་སོ་སོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་པ་དང༌། གང་ཅིའི་གནས་ཚུལ་ཉམས་མྱོང་མང་པོ་ཞིག་ཐོབ་ཡོད་པར་བརྟེན་ད་རེས་ཏན་ཏན་གྲུབ་འབྲས་རྡོག་རྡོག་ཅིག་ཐོན་ཐུབ་པའི་རེ་བ་དང་བཅས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདས་པའི་དུས་ཡུན་རིང་བོད་ནང་ཧ་ལས་པའི་གཏོར་བཤིག་བཏང་ཡོད། ཉེ་བའི་ལོ་བདུན་བརྒྱད་ནང་གཞི་ནས་རྣམ་པ་གསར་པའི་འགྱུར་བ་ཞིག་བྱུང་སྟེ་དཔེ་དེབ་གསར་པ་མང་པོ་ཞིག་ཐོན་གྱི་འདུག དེ་ཚོའི་ནང་གི་རིགས་ཁ་ཤས་ནི་ངོ་ཐོག་རྒྱ་གཞུང་རང་ལ་དགོས་མཁོ་ཡོད་པ་མངོན་གསལ་དོད་པོ་བྲིས་འདུག ཡིན་ན་ཡང་མང་ཆེ་བ་ནི་དཔོན་པོ་གསར་པའི་ངོ་ལ་མ་བསྟུན་ཀ་མེད་དང༌། མི་འདོད་བཞིན་དུ་ཤོད་དགོས་པའི་གནས་ཚུལ་ཛ་དྲག་ཅིག་གི་འོག་ནས་ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱི་སོ་སོའི་རིག་གཞུང་དང༌། སོ་སོའི་ཕ་ཡུལ་གྱི་དོན་ལ་བསམ་བློ་བཏང་སྟེ་བོད་ཀྱི་རིག་གཞུང་ཐོག་ལེགས་སྐྱེས་འབུལ་མཁན་གང་ལ་གང་འཚམ་ཡོང་གི་འདུག བོད་ནས་འབྱོར་བ་སྐུ་ཞབས་ཁྱེད་གཉིས་(སེར་སྨད་རི་འབུར་སྤྲུལ་སྐུ་དང༌། ཤེལ་དཀར་གླིང་པ་ཚེ་དབང་རྣམ་རྒྱལ་)དང༌། གཞན་དག་མི་འདུག་གམ། ཕར་ལོག་མཁན་ཡིན་ན་ཡང་ད་རེས་རིག་གཞུང་གི་ཚོགས་འདུ་ཡིན་པས་སྟབས་མ་བདེ་བ་མེད་ཚེ་ཡོང་ཐུབ་ན་ཡག་པོ་རེད། ཁྱེད་རང་གཉིས་ནས་འདིར་སླེབས་པའི་གྲས་ལ་དོ་སྣང་དང་ཉམས་མྱོང་ཡོད་པ་སུ་འདུག་རྒྱུས་ཡོད་བྱེད་དགོས།

དེང་སང་བོད་ནང་ཤེས་ཡོན་ཅན་གསར་པ་ཐོན་པའི་ནང་གང་འདྲ་ཡོད་ད་ལྟ་གསལ་པོ་རང་མི་ཤེས། རྙིང་པ་འཕྲོས་ལྷག་ཚོའི་ནང་ནས་རིག་པ་བསྒྲིམས་ཏེ་གང་ཡོང་ཅི་ཡོང་བྱེད་ཀྱི་འདུག དེ་ཚོའི་གྲས་ནས་ཁྱེད་གཉིས་སླེབས་ཡོད་པས་བློ་གྲོས་འདོན་རྒྱུ་ཡོང་གི་རེད། བོད་ནང་གི་མི་ཚོས་ཆེ་ས་ནས་བཤད་ན་ཧ་ལམ་སྲོག་ལ་ཉེན་ཁ་ཡོད་པ་དང༌། ཆུང་ས་ནས་བཤད་ན་རྒྱ་མིའི་མིག་ནང་ལ་མི་འགྲོ་བ་བྱུང་ན་སོ་སོའི་མི་ཚེའི་མདུན་ལམ་ལ་འགོག་རྐྱེན་ཡོང་རྒྱུ་བརྒྱ་ཆ་བརྒྱ་ཐག་ཆོད་པ་བཅས་ཀྱི་གནས་ཚུལ་འོག་འབྲི་དགོས་ཀྱི་ཡོད་ཅིང༌། དེ་འདྲའི་གནས་སྟངས་འོག་ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་རིག་གཞུང་དོན་ལ་ཞབས་འདེགས་ཞུ་གི་ཡོད། དེ་ནི་དངོས་གནས་རྗེས་སུ་ཡི་རང་གི་གནས་རེད།

ང་རང་ཚོ་རང་དབང་ལུང་པར་བསྡད་ཡོད་སྟབས་སུ་གཅིག་ལ་ཞེད་སྣང་དང༌། བསྟུན་དགོས་མེད། རང་དབང་ལུང་པར་བསྡད་པའི་འབྲས་བུར་རང་སོ་སོའི་ངོས་ནས་སྐབས་བབ་བོད་སྤྱིའི་ཁེ་ཕན་གྱི་རིག་གཞུང་ལ་ཞབས་འདེགས་ཞུ་ཐུབ་པ་འདི་ནི་རྒྱལ་བའི་བསྟན་པ་ལ་ཞབས་འདེགས་ཞུས་པ་ཞིག་ཡིན། ད་དུང་རྒྱ་ཆེ་ས་ནས་བཤད་ན་འཛམ་གླིང་ཐོག་གི་རིག་གཞུང་རྙིང་པ་ཁུངས་ལྡན་ཞིག་གི་དོན་དུ་ལས་ཀ་དང་ཞབས་འདེགས་ཞུས་པ་ཞིག་རེད།

ད་བར་རང་དབང་ལུང་པར་སྡོད་མཁན་ཚོས་དེའི་ཐོག་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་བྱས་ཡོད་ཀྱང། དྲང་པོ་བཤད་ན་མངོན་གསལ་དོད་པོའི་གྲུབ་འབྲས་ཆེན་པོ་ཞིག་མཐོང་རྒྱུ་མེད་པ་ལྟ་བུ་ཡོད། ཡིན་ནའང། ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་ནས་གྲུབ་འབྲས་དང་ལག་རྗེས་ཤིག་འཇོག་ཐུབ་ཀྱི་རེད་སྙམ། གཙོ་ཆེ་ཤོས་ཁྱེད་རང་ཚོ་ཕྱོགས་དང་མཚམས་གང་དུ་བསྡད་ཀྱང་སོ་སོའི་འཇོན་ཐང་དང༌། མཐུན་རྐྱེན་ལ་གཞིགས་པས་ཁུངས་སོ་སོ་ནས་གང་ཐུབ་ཀྱིས་བོད་སྤྱིའི་རིག་གཞུང་གི་ཞབས་འདེགས་ལ་འགྱུར་བའི་རྩོམ་ཡིག་རིགས་གང་མང་འདོན་ཐུབ་ན་ཕན་ཐོགས་ཡོད་པ་འདི་ངའི་བསམ་ཚུལ་ཡིན།

བོད་དང་ཆོས་རིག་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ལ་ཞབས་འདེགས་དང་ཕན་གྲོགས་གང་ཐུབ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཡིན།

ད་རེས་བོད་ཁུངས་མ་ཡིན་པ་རྒྱ་གར་བྱང་རྒྱུད་ནས་ཨང་འགྲུབ་དང༌། སེམས་དཔའ་རྡོ་རྗེ། རྒྱ་གར་བ་ཁོང་སོགས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་པ་ཁ་ཤས་ཕེབས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སང་ང་ཚོ་བོད་པ་ཉམ་ཐག་པའི་སྐབས་ལ་ཁྱེད་ཚོས་བསླབ་བྱ་གང་འདྲ་ཞིག་གནང་རྒྱུ་ཡོད་ཀྱང་གནང་རོགས། ང་རང་ཚོ་འཕགས་བོད་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད། རྩ་བའི་སྲིད་དོན་གྱི་གནས་སྟངས་ཐོག་ནས་བཤད་ན་རྒྱ་གར་འདི་ང་ཚོའི་གཞན་ཡུལ་རེད། ཡིན་ནའང་ཡུལ་འདིའི་ནང་ང་ཚོར་ལག་འཁྱེར་ལེན་དགོས་པའི་དཀའ་ངལ་ཕྲན་བུ་ཡོད་པ་ལས། གཞན་རང་ཡུལ་དང་འདྲ་བར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་སྡོད་ཆོག་པ་འདི་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད།

ང་རང་ཚོའི་ཆབ་སྲིད་ཀྱི་གནས་ཚུལ་ནས་བཤད་ན་དངོས་གནས་འགྱེལ་ས་ནས་ལངས་ཐུབ་པའི་བསམ་བློ་གཏོང་གི་ཡོད། དེ་ཡང་བོད་ཀྱི་ཆབ་སྲིད་རྐྱང་པའི་གནས་ཚུལ་མ་ཡིན་པར་རྒྱལ་བའི་བསྟན་པ་དང་འབྲེལ་བའི་བོད་ཀྱི་རིག་གཞུང་གི་ལས་ཀ་མང་པོ་ཞིག་ལ་བསམ་བློ་བཏང་ནས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་པའི་བོད་ཀྱི་རིག་གཞུང་དང༌། ཆོས་ཀྱི་རྗེས་སུ་འབྲང་མཁན་ཚོ་ད་སྔ་ཡིན་ན་ཁ་མིག་བལྟ་ས་བོད་ལ་བྱས་ནས་བོད་ནང་བསྐྱོད་དེ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་ཞུ་བ་དང༌། རིག་གནས་སྦྱང་བརྩོན་བྱེད་ཀྱི་ཡོད། དཔེར་ན། ང་ལ་ཆ་བཞག་ན་ཁུ་ནུ་ལུང་པ་སྐྱོ་པོ་དེ་ནས་ཐོན་པའི་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་དང༌། དགེ་བཤེས་རིག་འཛིན་བསྟན་པ་གཉིས་ངས་བླ་མར་བསྟེན་པ་ཡིན། ཡུལ་དེ་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་རྗེས་སུ་འབྲང་མཁན་ཡིན་ཡང༌། ད་ལྟ་བོད་ནང་ཁ་བལྟ་ས་ཞིག་བསྡད་མེད་པར་བརྟེན། རྒྱ་གར་ནང་བོད་མི་བཙན་བྱོལ་བ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་མང་པོ་ཞིག་བཙུགས་ཡོད་པ་དེ་དག་ནང་ཁོང་ཚོ་ནང་དོན་རིག་པ་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། དཔེར་ན། སེ་འབྲས་ཚོའི་ནང་སློབ་གཉེར་དུ་མང་པོ་སླེབས་པ་དེ་ཚོས་བོད་མི་སྤྱི་འགྲེ་སྤྱི་མཚུངས་ལྟར་སློབ་གཉེར་ཧུར་ཐག་བྱེད་ཀྱི་འདུག

ངས་དོ་སྣང་བྱུང་བ་ཞིག་ལ་སྒོ་མང་གྲྭ་ཚང་གི་བསྟན་པ་འཛིན་མཁན་ལ་དྭགས་ཟངས་དཀར་དང༌། ཁུ་ནུ་བ་ཚོ་ཆགས་འདུག འཛིན་གྲྭ་མཐོ་བ་ཐོན་པའི་ཨ་མདོ་རྒས་པོ་ཚོ་རྫོགས་འགྲོ་བའི་སྐབས་ལ་མཇུག་མཐུད་དེ་མཛོད་དང༌། དབུ་མ་གསར་རྙིང༌། ཕར་ཕྱིན་གྱི་གཞུང་གོང་འོག་དེ་ཚོ་ཤུགས་བརྒྱབ་ནས་བལྟ་མཁན་མངའ་རིས་པ་ཤ་སྟག་རེད། སྒོ་མང་གྲྭ་ཚང་གི་རྩ་བ་བཟུང་མཁན་རྒྱ་གར་བ་ཆགས་ཡོད་པའི་བཟོ་འདུག ཉེ་དུས་ལོ་ཤས་ནང་ཁམས་པ་ཨ་མདོའི་གྲྭ་རྒྱུན་གང་འཚམ་ཞིག་སླེབས་པ་དེ་ཚོ་རིགས་ལམ་རྟགས་རིགས་དང་བློ་རིག་གཞི་ནས་འགོ་བཙུགས་ཏེ་བལྟ་གི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཚོ་སྡོད་སའི་ཆ་ནས་རྒྱ་གར་ས་ཁོངས་ཆགས་ཀྱང༌། ཆོས་དང་རིག་གཞུང་ཐོག་ང་ཚོ་བོད་པ་དང་གཅིག་པ་ཆགས་ཡོད།

ས་ཁུལ་དེ་ཚོའི་ནང་ཆོས་དང་རིག་གནས་ཀྱི་གནས་སྟངས་དངོས་གནས་གང་འཚམ་སྐྱོ་པོ་རེད། དེང་སང་བལྟ་དུས་སྔོན་མ་དང་མི་འདྲ་བ་ནང་པའི་ཆོས་དང་རིག་གནས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་མངོན་གྱི་འདུག ཧི་མ་ལ་ཡའི་རི་རྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་མི་འབུམ་ཕྲག་ཡོད། དེ་ཚོར་གང་ཐུབ་ཀྱི་ཞབས་འདེགས་དང་ཕན་གྲོགས་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཡིན། ང་ཚོས་འགྲུབ་མ་ཐུབ་པ་མ་གཏོགས་བསམ་པའི་འཁྱེར་སོ་དེ་འདྲ་ཞིག་སྔོན་ནས་ཡོད། ད་རེས་ས་ཁུལ་དེ་ཚོ་ནས་ཁྱེད་ཚོ་ཁ་ཤས་ཕེབས་པ་ཡག་པོ་བྱུང༌། འདི་ནི་བོད་པའི་དོན་དག་རེད་ལ། སོ་སོའི་ཡུལ་གྱི་དོན་དག་ཀྱང་རེད།

ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་སྟོན་ཐུབ་པའི་སྐད་ཡིག་གསོན་པོར་ལྷག་པ་ཕལ་ཆེར་བོད་ཀྱི་སྐད་ཡིག་ཁོ་ན་ཡིན།

ད་དུང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་བོད་པའི་རིག་གཞུང་ཞེས་ལུང་པ་སྒེར་གཅིག་གི་གནས་ཚུལ་རང་ཕལ་ཆེར་མིན། གོང་དུ་བརྗོད་པ་བཞིན་བོད་ཀྱི་རིག་གཞུང་འདི་འཛམ་གླིང་གི་རིག་གཞུང་རྙིང་ཤོས་ཁུངས་ལྡན་ཞིག་ཡིན། དེང་སང་འཛམ་གླིང་ཐོག་སྤྱིར་བཏང་གི་དངོས་པོ་ཡར་རྒྱས་ཕྱིན་ནས་མི་གྲུང་པོ་ཆགས་ཏེ། བསམ་བློ་རྙོག་དྲ་ཚ་པོ་གཏོང་ཐུབ་པའི་དུས་ལ་སླེབས་ནས་སྤྱིར་བཏང་སྟབས་བདེ་བའི་ཆོས་ལུགས་ཚོ་ཕྲན་བུ་ཁག་པོ་ཆགས་ཡོད། ཡིན་ནའང་ནང་པའི་ཆོས་འདི་ཚན་རིག་ཡར་རྒྱས་ཕྱིན་པ་དང་མཉམ་དུ་འགྲོ་ཐུབ་པའི་རྣམ་པ་གསར་པ་ཞིག་ཐོན་ཡོང་གི་ཡོད། དེ་ཡང་སྤྱིར་ནང་པ་དང༌། ཡང་སྒོས་ཐེག་ཆེན་གྱི་གཞུང་དང་ཟུང་འབྲེལ་གྱི་ཐོག་ནས་འགྲོ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང༌། ལྷག་པར་སྔགས་ཀྱི་རྒྱུད་སྡེ་བཞིའི་ནང་ཚན་བླ་མེད་ནས་བཤད་པའི་རྩ་རླུང་ཐིག་ལེའི་རྣམ་གཞག་ལ་དམིགས་བསལ་གྱི་འབྲེལ་བ་སླེབས་ཀྱི་ཡོད། དེར་བརྟེན་འཛམ་གླིང་ཐོག་སྤྱིར་ནང་པ་དང༌། དེའི་ནང་ཚན་ནས་བོད་ཀྱི་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཞིག་སླེབས་ཡོང་གི་འདུག

ནང་པ་སྤྱིའི་གནས་ཚུལ་ནས་བཤད་ན་སྐད་ཡིག་མང་པོ་ཞིག་ཡོད་པའི་ནང་ནས་ནང་པའི་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་སྟོན་ཐུབ་པའི་སྐད་ཡིག་གསོན་པོར་ལྷག་པ་ཕལ་ཆེར་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་བཟོ་འདུག གནས་ཚུལ་དེའི་ཆ་ནས་ཀྱང་བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་ཐུབ་པའི་འབད་བརྩོན་བྱེད་རྒྱུ་དེར་གལ་ཆེའི་དོན་སྙིང་ལྡན་ཡོད། ང་རང་ཚོ་བོད་པའི་སྐད་ཡིག་འདི་རྒྱ་མིའི་སྐད་ཡིག་དང་མི་འདྲ་བའི་ཡི་གེའི་འགྲོ་སྟངས་ཡག་པོ་ཞིག་ཡོད་པ་འདི་བེད་སྤྱོད་ལེགས་པར་བྱས་པ་ཡིན་ན་བརྗོད་བྱ་གང་གི་ཐོག་ལའང་ཡར་རྒྱས་ཆེན་པོ་འགྲོ་ཐུབ་རྒྱུར་ཕལ་ཆེར་ཚོད་དཔག་བྱེད་ཆོག་པ་ཡིན། ད་བར་བོད་ཡིག་གི་ནུས་པ་ཆ་ཚང་སྤྱད་ནས་འཚར་ལོངས་བྱེད་ས་དེ་གཙོ་ཆེ་ཤོས་ནང་དོན་རིག་པའི་ཐོག་ལ་བྱས་པ་ལས། ཤེས་བྱ་གཞན་དག་ཐོག་གོ་སྐབས་བྱུང་མེད།

ང་ཚོ་བོད་པས་གླེན་རྟགས་དང༌། ལྐུགས་པ་ཨུ་ཚུགས་བྱས་ནས་སོ་སོའི་ལུང་པའི་ནང་མགོ་བརྒྱུས་ཏེ་བསྡད་པའི་ཉེར་ལེན་གྱིས། འཛམ་གླིང་ཐོག་དངོས་པོ་ཡར་རྒྱས་ཕྱིན་པའི་རྒྱུ་རྫས་ཀྱི་རྣམ་གཞག་མང་པོ་ཞིག་ཡོད་པ་དེ་ཚོ་བོད་ཀྱི་སྐད་ཡིག་ནང་བེད་སྤྱོད་བྱེད་པའི་གོ་སྐབས་མ་བྱུང་བ་རེད། དེས་རྐྱེན་པས་ད་ལྟ་བོད་ཀྱི་སྐད་ཡིག་ནང་མ་འདང་བ་མང་པོ་ཡོད། དེ་ལྟར་རྗེས་ལུས་ཐེབས་པ་དེས་རྒྱ་གར་ནང་ལ་ཆ་བཞག་ན་རང་རེའི་སློབ་གྲྭ་ཁག་གི་ཕྲུ་གུ་ཚོ་ཐོག་མར་བོད་སྐད་མིང་ཚིག་གིས་མ་འདང་བ་ཡིན་སྟབས་ཨིན་ཇིའི་མིང་ཚིག་མང་པོ་ཞིག་སློབ་ཚན་ནང་བེད་སྤྱོད་མི་བྱེད་ཐབས་མེད་ཆགས་ཡོད། གནས་ཚུལ་དེས་ཕྲུ་གུ་ཚོར་འཕྲལ་སྒང་སློབ་སྦྱོང་བྱེད་སྐབས་དཀའ་ངལ་བཟོ་གི་ཡོད་ལ། དེ་བས་གལ་ཆེ་བ་ཞིག་ལ་ཕྱིན་ཆད་སློབ་གྲྭ་ཐོན་སྐབས་བོད་ཡིག་རྐྱང་པའི་ཐོག་མཁས་པོ་ཡོད་མཁན་ཚོ་ལས་རིགས་གཞན་གྱི་ནང་ཁུངས་འཁྱོལ་ཁག་པོ་ཡོང་རྒྱུ། དཀའ་ངལ་དེ་ད་ཕན་བོད་ནང་དུའང་བྱུང་ཡོད། ཡིན་ནའང་བོད་དུ་ཉེ་ཆར་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་ཚན་ཆ་ཚང་བོད་སྐད་ནང་བོད་ཆོལ་ཁ་གསུམ་ཡོངས་ལ་གཅིག་གྱུར་ཁྱབ་པའི་སློབ་དེབ་གསར་པ་ཞིག་བཟོས་འདུག དེ་ནི་ཡང་དག་པ་དང་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད།

རིམ་པས་འཛིན་རིམ་གང་ལ་གང་འཚམ་གྱིས་སློབ་ཚན་ཆ་ཚང་བོད་སྐད་ཐོག་བཟོ་ཐུབ་ན་ཧ་ཅང་ཡག་པོ་རེད། དེ་འདྲ་མེད་སྟབས་སློབ་ཚན་དང་ལས་རིགས་གཞན་ཞིག་གི་ཐོག་ལ་སླེབས་དུས་རྒྱ་སྐད་ཀྱི་མིང་ཚིག་ཁོ་ན་བེད་སྤྱོད་བྱེད་དགོས་པ་དེས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། བོད་ཡིག་ཡག་པོ་ཤེས་ཀྱང་ལས་རིགས་གཞན་དག་ནང་བེད་སྤྱོད་བྱེད་ས་མེད་དུས་རིམ་པས་བོད་པའི་སྐད་ཡིག་ལ་ཤ་ཚ་ཡོད་ན་ཡང་ལག་ལེན་ཐོག་དགོས་མཁོ་ཆ་ཚང་འགྲུབ་མ་ཐུབ་པར་བརྟེན་ཁག་པོ་ཆགས་ཀྱི་འདུག དེའི་སྐོར་ང་ཚོ་དེ་སྔོན་ཡང་སྐད་ཆ་བྱུང༌། ད་ཆ་ཏན་ཏན་ཡག་པོ་ཡོང་གི་རེད། ཁྱེད་རང་ཚོས་ཀྱང་ཧུར་ཐག་བྱས་ནས་ཤུགས་རྒྱག་དགོས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།། །།