(ཕྱི་ལོ་༡༩༦༠ ཟླ་༣ ཚེས་༣ ཉིན།)

འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་གོམ་པ་སྤོ་མ་ཐུབ་པ་དང་ཤེས་ཡོན་གྱིས་མ་འདང་བས་དཀའ་ངལ་འདི་འཕྲད་པ་རེད།

(ཕྱི་ལོ་༡༩༦༠ ཟླ་༣ ཚེས་༣ ཉིན་མོའི་ཆུ་ཚོད་༣ དང་ཕྱེད་ཀ་ཐོག ཤེས་རིག་གཙོ་འཛིན་ཛ་སག་ཀུན་གླིང་འོད་ཟེར་རྒྱལ་མཚན་དང༌། སློབ་སྤྱི་ཕྲེང་རིང་ཛ་སག་འཇིགས་མེད་སུམ་རྩེན་དབང་པོ། སློབ་དགེ་འགའ་ཤས་བཅས་འབིར་ལ་ཧའོ་སོའི་ཕོ་བྲང་དུ་ྋགོང་ས་མཆོག་གདན་ཞུར་བཅར་བསྟུན་བཀའ་བློན་ཚོ་དང་བཅས་སྐུ་འཁོར་ཧྲགས་བསྡུས་ཆིབས་བསྒྱུར་གནང༌། སློབ་གྲྭའི་ཉེ་འགྲམ་ནས་སློབ་ཕྲུག་ཚོས་གྲལ་སྟར་བསྒྲིགས་ཏེ་གུས་འདུད་ཕེབས་བསུ་ཞུས། སློབ་གྲྭའི་མ་ཁང་གི་མདུན་ངོས་ཐོག་གཡབ་འོག་ཧྲལ་སྒོ་ཉིས་གཤིབ་ཡོད་པ་དེར། དར་ཚོན་དང་མེ་ཏོག་གསར་པ་སྣ་ཚོགས་སྦྲེལ་བའི་ཕྲེང་ཤེལ་འཕྲེད་དུ་བཏགས་ཡོད་པ་དེ་དག་སྒོ་དབྱེའི་མཚོན་བྱེད་དུ་ྋགོང་ས་ཆེན་པོས་གཅོད་འབྲེག་གནང་རྗེས། ཧྲལ་སྒོ་དབྱེ་འབྱེད་མཛད་ཁར་ཐུགས་སྨོན་གནང་སྟེ་ཅུང་ཟད་བཞུགས་པའི་རིང༌། དེ་ཉིན་གྱི་སྐུ་མགྲོན་གྲས་ཌོག་ཊར་ཕིའི་ཤཱ་ཞུ་བ་བགྲེས་སོང་དེ་དང༌། ལྡི་ལི་དབུས་སྐྱོབ་གསོ་ཚོགས་པ་དང༌། ཁའི་ཏོ་ལི་སྐྱོབ་གསོ་ཚོགས་པ། ཨ་རིའི་ཛ་དྲག་སྐྱོབ་གསོ་ཚོགས་པ་སོགས་ཀྱི་ལས་བྱེད་སྐུ་མགྲོན་རྣམས་སྒོའི་ཉེ་འཁྲིས་སུ་བཅར། ྋགོང་ས་མཆོག་གིས་ཧྲལ་སྒོ་དབྱེ་འབྱེད་གནང་སྟེ་ནང་དུ་ཕེབས་རྗེས་སྐུ་མགྲོན་ཚོས་སྡེབ་གཅིག་ཏུ་བཅར་བར། ཧྲལ་སྒོ་ཆུང་ཞིང༌། ནང་དུ་ཐོག་གཡབ་འོག་ས་ཆ་གོ་ཡུལ་དོག་པའི་དབང་གིས་ཁོང་ཚོ་ཕན་ཚུན་འཚང་ག་ཐེབས་པ་ལྟ་བུས་ཌོག་ཊར་ཕིའི་ཤཱ་འགྱེལ་གྲབས་བྱས་པ་ྋགོང་ས་མཆོག་གིས་གཟིགས་ཏེ། རྟེན་འབྲེལ་ཡག་པོ་བྱུང༌། རྒྱ་གར་ནང་བོད་པའི་སློབ་གྲྭར་སློབ་སྦྱོང་བྱེད་མཁན་འཚང་ག་ཤིག་ཤིག་ཡོང་བ་འདུག་ཅེས་བཀའ་གནང༌། དེ་ནས་སློབ་ཁང་ཁག་ལ་གཟིགས་སྐོར་གྲུབ་རྗེས། མདུན་གྱི་སྤང་ཐང་ཆུང་ཆུང་དེའི་དབུས་སུ་ྋགོང་ས་མཆོག་དང༌། གཡས་གཡོན་དུ་སྐུ་མགྲོན་ཁག་ཞབས་སྟེགས་སྟེང་བཞུགས། མདུན་དཀྱིལ་དུ་དགེ་རྒན་ཚོ་དང༌། སློབ་ཕྲུག་ལྔ་བཅུ་སྐོར་སྐྱིལ་ཀྲུང་གིས་འཁོད། ཕྱེ་མར་ཆང་ཕུད་དང༌། གྲོ་མ་འབྲས་སིལ། གསོལ་ཇ་སོགས་རིམ་བཞིན་བཏེགས། ཤེས་རིག་གཙོ་འཛིན་ནས། སློབ་གྲྭ་དངོས་གཞི་ཚུགས་ཕྱོགས་གྲ་སྒྲིག་ཞུ་སྟངས་དང་སློབ་སྦྱོང་ཡང་འགོ་བཙུགས་ཟིན་པའི་གནས་ཚུལ་རྣམས་སྙན་སེང་ཞུས། དེ་རྗེས་ྋགོང་ས་མཆོག་གིས་དགེ་སློབ་རྣམས་ལ། སྐྱབས་འགྲོ་དང༌། གང་བློ་མ། ྋརྒྱལ་བའི་ཞབས་བརྟན་བཅས་ཀྱི་ལྗགས་ལུང་མཇུག་ཏུ། བཀའ་སློབ་ཟབ་རྒྱས་གནང་བའི་སྙིང་དོན་དུ།)
སྔ་དུས་བོད་རྗེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་དང་རྒྱ་ནག་རང་དབང་རང་བཙན་གྱི་རྒྱལ་ཁབ་འདྲ་མཉམ་ཡིན་པས་མ་ཚད། ཆོས་སྲིད་གང་ཅིའི་ཆ་ནས་བོད་རྒྱལ་ཁབ་ཀྱི་སྙན་གྲགས་འཛམ་གླིང་དུ་ཁྱབ་པ་བྱུང་བ་དང༌། བོད་སིལ་བུར་གྱུར་རྗེས་སྲིད་ཕྱོགས་ཀྱི་སྟོབས་ཤུགས་ཉམས་གུད་བྱུང་ལུགས། ས་སྐྱ་དང༌། ཕག་གྲུ། རིན་སྤུངས། གཙང་པ་བཅས་པའི་དུས་རིང་གི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས། དགའ་ལྡན་ཕོ་བྲང་དང༌། མན་ཇུའི་དུས་སྐབས་ཀྱི་འབྲེལ་བ། ྋརྒྱལ་དབང་སྐུ་གོང་མས་སྐུ་ངལ་མང་པོ་ལྷུར་བཞེས་ཀྱི་བོད་རང་དབང་རང་བཙན་དུ་འཛིན་སྐྱོང་གནང་བའི་ཁར། ཆུ་སྤྲེལ་ཞལ་གདམས་ནང་སོག་ཡུལ་དུ་དམར་པོའི་ལས་འགུལ་དངོས་སུ་བྱུང་བའི་གནས་ལུགས་དཔེར་བཀོད་དེ། འབྱུང་འགྱུར་བོད་ལྗོངས་ཆོས་ཀྱི་ཞིང་སར་ཡང་ཕྱི་ནང་གང་ས་ནས་ལྷགས་པར་ངེས་པས་དེ་སྐབས་རང་ས་སྲུང་མ་ནུས་ན། ྋརྒྱལ་བ་ཡབ་སྲས་ཀྱིས་མཚོན་བསྟན་འཛིན་སྐྱེས་འཕགས་མིང་མེད་དུ་འཇོམས་ཤིང༌། བླ་བྲང་ཁག་དང༌། བསྟན་འཛིན་ཆོས་བྱེད་དགེ་འདུན་གྱི་སྡེའི་འཛིན་དབང་མཆོད་རྒྱུན་དང་བཅས་པ་རྩ་བརླག ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཞེད་རྒྱུན་ཆབ་སྲིད་ཀྱང་མིང་ཙམ་དུ་ཉམས་དམས། ཞབས་འབྲིང་ཀུན་ཀྱང་ཕ་གཞིས་རྒྱུ་ནོར་རྩ་འཕྲོག་དགྲ་ཡའི་བྲན་དུ་འགྱུར་རྒྱུ། ཡིད་ཅན་ཀུན་ཀྱང་མནར་གཅོད་འཇིགས་སྐྲག་གི་སྡུག་བསྔལ་ཉིན་མཚན་མི་འཁྱོལ་བའི་དུས་ཤིག་འབྱུང་ངེས་ཞེས་གསལ་པོར་གསུངས་ཡོད་པ་སོགས་ཀྱི་གནས་ལུགས་རྣམས་ཞིབ་གསལ་བཀའ་གནང༌།
བར་སྐབས་ཉེ་བའི་དུས་ཀྱི་གནས་ཚུལ་རྒྱས་བཤད་བྱེད་མ་དགོས་པ་ང་རང་ཚོ་ཚང་མས་བློ་མངའ་སེམས་གསལ་ལྟར། རྒྱ་ནག་ཁྱོན་ཡོངས་ལ་དམར་པོས་དབང་སྒྱུར་བྱས་མ་ཐག་བོད་སར་བཙན་འཛུལ་བྱས། ༡༩༥༡ ལོའི་བོད་རྒྱའི་གྲོས་མཐུན་ལའང་རྒྱ་ཕྱོགས་ནས་བརྩི་མེད་བརྡལ་བཤིག་རིམ་བཏང་བཙན་དབང་ཇེ་ཆེ་ཇེ་སྡུག་གིས་༡༩༥༥ དང་༡༩༥༦ ལོ་ནས་མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཁྲིམས་འགལ་དྲག་གནོན་ཚད་མེད་བྱས་ཡོད། འོན་ཀྱང་ང་ཚོའི་ཕྱོགས་ནས་བོད་རྒྱ་གཉིས་ཚ་གྲང་དགྲ་གཤེད་ལྟ་བུའི་འགལ་ཟླ་མ་ཡིན་པར་གཉིས་ཕན་གཉིས་མོས་ལམ་ནས་ཞི་མཐུན་མཉམ་གནས་ཡོང་ཐབས་མི་ལོ་དགུའི་རིང་ཐབས་མཁས་འབད་བརྩོན་ཅི་བྱས་ལ་རྒྱ་ཕྱོགས་ནས་དང་ལེན་བསམ་ཤེས་ཅི་ཡང་མ་བྱས་པར། སྔ་ལོ་ལྷ་སར་དྲག་གནོན་མི་བཟད་པ་དེ་ལྟ་བུ་བྱས་ཏེ། ད་ཆ་སྐུ་གོང་མས་ཞལ་གདམས་ཅི་གནང་གི་གནད་དོན་རྣམས་མངོན་སུམ་དུ་མྱོང་དགོས་པའི་གནས་ཚུལ་ཐབས་སྡུག་འདི་འདྲ་ཞིག་བྱུང་བ་རེད། ཅེས་དང༌།
ང་ཚོར་གནས་ཚུལ་ཐབས་སྡུག་འདི་འདྲ་ཡོང་བ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང༌། རྒྱུ་རྐྱེན་གཙོ་ཆ་ཤོས་གཅིག་ནི། བོད་རྒྱ་ཆེའི་མི་མང་སྨོས་ཅི། བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་བྱེད་མཁན་ཚོ་ལ་ཡང་དུས་བསྟུན་གྱི་ཤེས་ཡོན་འདང་བ་མེད་པ་དེ་ལ་ཐུག་ཡོད། འཛམ་གླིང་ནང་ཆབ་སྲིད་དང༌། དཔལ་འབྱོར། ཤེས་རིག་ལ་སོགས་པར་འགྱུར་བ་གང་འདྲ་ཞིག་འགྲོ་གི་ཡོད་པ་ང་ཚོས་ཤེས་མ་ཐུབ་པ་དང༌། འཛམ་གླིང་གི་འགྱུར་འགྲོས་དེ་ཚོ་དང་བསྟུན་ནས་ང་ཚོས་གོམ་པ་སྤོ་མ་ཐུབ་པར་བསྡད་པའི་དབང་གིས་ང་ཚོར་དཀའ་ངལ་འདི་དག་འཕྲད་པ་ཡིན།
ད་ཆ་ང་ཚོས་བོད་ལུང་པ་རྒྱ་མིའི་ལག་ནས་རྩིས་བླངས་ཏེ་འཛམ་གླིང་སྤྱིའི་འགྲོ་ལུགས་དང་མཐུན་པར་མང་གཙོའི་ལམ་སྲོལ་ལྡན་པའི་བོད་རྒྱལ་ཁབ་འཛིན་སྐྱོང་ལེགས་པར་ཐུབ་པ་ཞིག་བྱེད་དགོས། དེ་ཡོང་བ་ལ་རྒྱ་ཆེའི་བོད་མི་མང་ཚོགས་ལ་དེང་དུས་ཀྱི་ཤེས་ཡོན་ཚད་ལོངས་པ་ཞིག་མེད་ཐབས་མེད། དེའི་དོན་དུ་ད་ལྟ་འདིར་ང་ཚོས་སློབ་གྲྭ་ཆུང་ངུ་ཞིག་ཛ་དྲག་གི་སྒོ་ནས་འགོ་འཛུགས་བྱེད་དགོས་པའི་གནད་དོན་དེ་ལྟར་ཡིན་པས། ཁྱེད་རང་ཚོ་དགེ་སློབ་ལས་བྱེད་དང་བཅས་པས་ང་ཚོའི་རྩ་དོན་དམིགས་ཡུལ་དེ་སེམས་ལ་བཞག་སྟེ། སློབ་སྦྱོང་བྱེད་སྒོ་འདིའི་ཐོག་གྲུབ་འབྲས་བཟང་པོ་ཐོན་པ་ཞིག་ངེས་པར་དུ་བྱེད་དགོས།
ད་ཕྱིན་ཆད་ང་ཚོས་སྔར་བཞིན་ཕྱི་རྒྱལ་ལ་འབྲེལ་བ་མ་བྱས་པར་རང་ཉིད་གཅིག་པུར་སྡོད་ཐུབ་ཐབས་གཏན་ནས་མེད་པས། ང་ཚོའི་ཁྱིམ་མཚེས་རྒྱ་གར་གྱི་སྐད་ཡིག་དང༌། འཛམ་གླིང་དུ་ཁྱབ་རྒྱ་ཆེ་ཤོས་ཨིན་ཇིའི་སྐད་ཡིག འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་སྐོར། ཚན་རིག་ལ་སོགས་པའི་དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་གཙོ་ཆ་བ་ཚང་མ་སློབ་སྦྱོང་བྱེད་དགོས་ཤིང༌། དེ་དང་ཆབས་ཅིག་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་དང༌། ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་གི་རྣམ་གྲངས་མང་དག་ཡོད་པ་རྣམས་ཀྱང་ངེས་པར་དུ་སློབ་སྦྱོང་བྱས་ཏེ་དོན་སྙིང་ང་ཚོའི་བོད་ཕྲུག་ན་གཞོན་མི་རབས་གསར་པ་འདི་དག་ཆོས་སྲིད་གཉིས་ལྡན་གྱི་ཤེས་ཡོན་ཅན་ཤ་སྟག་ཡོང་ཐབས་འབད་བརྩོན་བྱེད་དགོས་ལུགས་སོགས་བཀའ་སློབ་ཞིབ་རྒྱས་སྩལ།། །།