གྲུ་ཐག་བཀྲོལ་བ། རྩད་པ་སྐྱེས་པ། ཐུར་དུ་འཕྱང་བ། ཚང་བཅོས་པ། དོ་སྣང་བྱེད་པ། བྱ་སྐད་སྒྲོག་པ། ཐལ་མོ་བརྡབས་པ། བྱ་འཕུར། གཤོག་པ་རྡེབ་པ། སྣང་བ་སྐྱེས་པ།
ང་ཚོ་ཆུ་ཁར་སླེབས་པ་དང་། ཆུ་འགྲམ་གྱི་སྡོང་རྒན་འོག་ཏུ་ཤིང་གྲུ་ཆུང་ཆུང་འགའ་ཡོད་པ་མཐོང་བྱུང་། ང་ཚོ་གཅིག་མཇུག་གཉིས་མཐུད་ངང་གྲུ་ཞིག་གི་སྟེང་དུ་བསྐྱོད། གྲོགས་པོ་ཞིག་གིས་གྲུ་ཐག་བཀྲོལ་ཞིང་། ལག་ལ་སྨྱུག་མ་རིང་པོ་ཞིག་བཟུང་སྟེ་ཆུ་གཏིང་ལ་འཛུགས་པ་ན། གྲུ་དལ་བུ་དལ་བུར་ཆུ་བོའི་དཀྱིལ་དུ་བསྐྱོད་སོང་། ཆུ་བོའི་ཞེང་ཧ་ཅང་ཆེ་ཞིང་། ཆུ་ངོས་སུ་རྦ་རླབས་ཕྲན་ཙམ་ཡང་མི་འདུག གྲུ་གཡོ་འགུལ་མེད་པར་ཆུ་ངོས་སུ་སྐྱོད་བཞིན་ཡོད། གནས་ཤིག་ཏུ་བསླེབས་དུས་ཆུའི་ཁ་ཞེང་ཇེ་དོག་ཏུ་གྱུར། ང་ཚོའི་གྲུ་རིམ་གྱིས་དུག་ལོ་ཤིང་གི་འགྲམ་དུ་བཅར་བ་ན། དངོས་གནས་དུག་ལོའི་ཤིང་ཆེན་པོ་གཅིག་ཡིན་འདུག དེའི་ཡལ་ག་ནི་བགྲང་གིས་མི་ལང་བ་དང་། ཡལ་གའི་སྟེང་ནས་རྩད་པ་སྐྱེས་ཤིང་། ཐུར་དུ་འཕྱངས་ནས་འདམ་ནང་དུ་ཟུག་འདུག ཡལ་ག་ཁ་ཤས་ཤིག་ཆུ་ངོས་སུ་གཡེངས་ཡོད། གྲུ་སྡོང་པོའི་འོག་ཏུ་རེ་ཞིག་བསྡད། ཆུ་འགྲམ་དུ་བརླན་གཤེར་ཧ་ཅང་ཆེ་བས་ང་ཚོ་དེར་ཕྱིན་མེད། གྲོགས་པོས་གནས་འདི་ནི”འདབ་ཆགས་ཀྱི་ཞིང་ཁམས”ཤིག་ཡིན་ཞིང་། འདབ་ཆགས་མང་པོས་སྡོང་པོ་འདིའི་སྟེང་དུ་ཚང་བཅོས་ཡོད་ཅེས་ཟེར། ངས་དོ་སྣང་ཆེན་པོས་བལྟ་དུས། བྱ་ཡི་གྲིབ་མ་ཙམ་ཡང་མཐོང་མ་བྱུང་། གློ་བུར་བྱ་སྐད་ཅིག་ཐོས་བྱུང་། ང་ཚོས་ཐལ་མོ་བརྡབས་པ་ན། བྱ་ཆེན་པོ་ཞིག་འཕུར་བ་དང་། དེར་མཐུད་ནས་བྱ་གཉིས་གསུམ་ཞིག་འཕུར་བ་མཐོང་། ང་ཚོས་མུ་མཐུད་ཐལ་མོ་བརྡབས་པ་ན། ལྗོན་པའི་སྟེང་གི་ཕྱོགས་གང་ས་གང་ནས་བྱ་སྐད་མང་པོ་གྲགས་ཏེ་བྱ་ཡི་འཇིག་རྟེན་ཞིག་ཏུ་གྱུར། བྱ་ཆེ་བ་དང། ཆུང་བ། ཁྲ་ཁྲ་དང། ནག་པོ་སོགས་གང་ཡང་འདུག བྱ་ལ་ལ་ཡལ་གའི་སྟེང་དུ་སྐད་སྒྲོག་པ་དང་། འགའ་ཞིག་འཕུར་ཞིང་། རེ་འགས་གཤོག་རྡེབ་བྱེད་བཞིན་འདུག ངས་ཡིད་གཟབ་ཀྱིས་བལྟས་མོད། འོན་ཀྱང་མིག་གིས་མི་ཟིན། བྱ་གཅིག་ལ་བལྟས་ན་བྱ་གཅིག་མིག་ལམ་ནས་ཤོར་བ་དང་། བྱ་འདི་གསལ་པོར་མཐོང་ན་བྱ་གཞན་དེ་འཕུར་འགྲོ་ཡི་འདུག བྱེའུ་འཇོལ་མོ་ཞིག་འཕུར་འོངས་པ་དེ་ང་ཚོའི་ཐལ་མོའི་སྒྲ་ལ་འདྲོགས་ཏེ་སླར་ཡང་ལོ་མའི་གསེབ་ཏུ་འཕུར་ཞིང་། ཡལ་ག་ཕྲ་མོ་ཞིག་གི་སྟེང་དུ་བབས་ནས་སྐད་གྲགས་ཀྱིན་འདུག་ལ། དེའི་སྐད་ནི་ཇི་འདྲའི་སྙན་པ་ལ་ཨང་། ང་གནས་དེ་དང་འབྲལ་མི་འདོད་པའི་སྣང་བ་ཞིག་ཀྱང་སྐྱེས་བྱུང།

བྱ་ཚིག།
སླེབས། མཐོང་། བསྐྱོད། བཀྲོལ། བཟུང་། འཛུགས། གྱུར། བཅར། ལང་། སྐྱེས། འཕྱངས། ཟུག བསྡད། ཕྱིན། བཅོས། བལྟ། ཐོས། བརྡབས། འཕུར། གྲགས། གྱུར། སྒྲོག འཕུར། ཟིན། ཤོར། འདྲོགས། བབས། འདོད།