ཡོན་ཏན་དང་པོར་སློབ་དཀའ་ལ། །
ཤེས་བཞིན་མེད་ན་ཉམས་པ་སླ། །
ཆུ་ཐིགས་བསགས་པས་འགེངས་དཀའ་ཡང་། །
བོ་ན་ཅིག་ཅར་ཉིད་དུ་འཛད། །

ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། །
མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །
སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱིས། །
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །

དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན། །
བྱ་བ་གང་ཡང་དཀའ་བ་མེད། །
ཆུ་ཡི་ནང་དུ་ཞུགས་པ་དེར། །
ཆར་གྱིས་ལྷག་པར་གནོད་མི་འགྱུར། །

སློབ་པའི་དུས་སུ་མ་གསན་ན། །
ཆུ་ཚགས་བཞིན་དུ་ཆུས་མི་བཀང་། །
བསླབས་རྗེས་ཡང་ཡང་མ་སྦྱངས་ན། །
རྨི་ལམ་བཞིན་དུ་ཁེ་ཕན་མེད། །

རང་མཚང་རང་གིས་བྲུས་ན་འཕྲོད་པ་ཡིན། །
རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད། །
གཞན་དཔེ་རང་ལ་སྦྱར་ན་ལྷག་པར་འཕྲོད།

མཁས་པ་སློབ་པའི་དུས་ན་སྡུག །
བདེ་བར་སྡོད་ལ་མཁས་མི་སྲིད། །
བདེ་བ་ཆུང་ལ་ཆགས་པ་དེ། །
ཆེན་པོའི་བདེ་བ་ཐོབ་མི་སྲིད། །

མི་གང་བརྗོད་བྱ་མ་ཡིན་པ། །
གཞན་གྱི་དྲུང་དུ་སུས་བརྗོད་པ། །
བདེན་ནམ་འོན་ཏེ་བརྫུན་ཀྱང་རུང་། །
མཁས་པས་དེ་ལ་བག་ཟོན་བྱ།

སྨྲས་ཤིང་བསྐུལ་བར་གྱུར་པ་ན། །
དུད་འགྲོ་ལ་ཡང་གོ་བ་སྐྱེ། །
མ་བསྐུལ་གཞན་གྱིས་མ་སྨྲས་པར། །
བསམ་པ་ཤེས་ན་མཁས་པ་ཡིན། །

བཤེས་ལ་མི་གུས་སྐྱེ་བོ་དེས། །
གཞུང་བརྒྱ་ཤེས་ཀྱང་དོན་མི་འགྲུབ། །
ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་། །
ལོ་འདབ་སྐྱེ་བ་སྲིད་ན་མེད། །

ཧ་ཅང་བྱམས་པ་ཆེ་དྲགས་ན། །
ཐ་མར་འཁོན་པའི་རྒྱུ་རུ་འགྲོ། །
ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། །
ཐ་མར་རང་ཉིད་བརླག་པ་མང་། །

བརྩོན་པ་དག་དང་བྲལ་གྱུར་ན། །
དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། །
བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །
རང་གི་ལག་ན་གནས་དང་མཚུངས། །

མ་བསླབས་ཁ་རོག་འདུག་པ་ལ། །
ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །
མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །
བརྩོན་པས་དཀའ་བ་དང་དུ་ལོངས། །

གང་ཞིག་ཉུང་ངུས་ཆོག་ཤེས་པ། །
དེ་ཡི་ལོངས་སྤྱོད་ཟད་མི་ཤེས། །
ཆོག་ཤེས་མེད་པར་ཚོལ་བ་ལ། །
སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ། །

རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང་། །
སྐྱོན་དུ་གོ་བ་ཤིན་ཏུ་དཀའ། །
མང་པོས་བདག་ལ་དེ་སྒྲོགས་ན། །
སྐྱོན་ཅན་ཡིན་པར་རྗེས་སུ་དཔོག །

རང་གིས་ལེགས་པར་ཤེས་ན་ཡང་། །
བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ། །
མི་གང་གྲོས་ལ་མི་དགའ་བ། །
འགྱོད་པ་རིན་གྱིས་ཉོ་བ་ཡིན། །

མི་གང་མཛའ་བ་མི་བསྟེན་པ། །
དེ་དང་འགྲོགས་པར་སུ་ཞིག་འཐམ། །
ནམ་མཁའི་གཞའ་ཚོན་མདོག་མཛེས་ཀྱང་། །
རྒྱན་དུ་རེ་ན་བླུན་པོ་འཁྲུལ། །

བདག་ཉིད་གང་ལ་མི་དགའ་བ། །
གཞན་ལ་ཀུན་ཏུ་དེ་མི་བྱ། །
གཞན་གྱིས་ཅུང་ཟད་གཙེས་པའི་ཚེ། །
རང་ལ་བསམ་པ་ཅི་བྱུང་སོམས། །

གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །
རང་ལ་བལྟ་ན་མེ་ལོང་དགོས། །
རང་བློ་ནང་དུ་མ་བསྡུས་ན། །
རང་སྐྱོན་རང་གིས་མཐོང་བར་དཀའ། །

འགྲོ་ཚོད་སྡོད་ཚོད་བཤད་ཚོད་བྱེད་ཚོད་དང་། །
སྐྱིད་པོའི་བྱེད་ཚོད་སྡུག་པོའི་ཁུར་ཚོད་དང་། །
ཞིམ་པོའི་ཟ་ཚོད་འཇམ་པོའི་གྱོན་ཚོད་དང་། །
མི་ལ་ཚང་ན་མཁས་པའི་ཡང་རྩེ་ཡིན། །

ཟས་དང་སྨན་གྱི་ཚོད་བཞིན་དུ། །
བྱ་བ་གང་དང་ཅི་ལ་ཡང་། །
དུས་དང་བསྟུན་པའི་ཚོད་ཤེས་ན། །
རྒུད་པ་ཆེན་པོས་མནར་མི་འགྱུར། །

རང་ལ་བློ་གྲོས་མི་ལྡན་ན། །
བློ་ཆེན་གཞན་ལ་ལེགས་པར་འདྲི། །
ལག་པས་དགྲ་བོ་མི་གསོད་ན། །
མཚོན་ཆ་ལེན་པར་མི་བྱེད་དམ། །

ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །
ཡོན་ཏན་མཆོག་ལྡན་ཁེངས་པ་བྲལ། །
སྙེ་མ་ལོང་བ་མགོ་འཕང་མཐོ། །
འབྲས་བཟང་སྨིན་པ་དུད་དེ་གནས། །

ཧ་ཅང་འདོད་ལ་བརྐམ་པ་ཡིས། །
སྐྱེ་བོ་མྱུར་དུ་བརླག་པར་འགྱུར། །
མཆིལ་པའི་ཤ་ལ་ཆགས་པ་ཡིས། །
ཉ་རྣམས་དེ་མ་ཐག་ཏུ་བསད།

ལེགས་པར་བརྟགས་ནས་བྱེད་པ་ལ། །
བྱ་བ་ཉམས་པ་ག་ལ་སྲིད། །
མིག་ལྡན་བརྟགས་ནས་འགྲོ་བ་ན། །
གཡང་སར་གོམ་པ་འདོར་རམ་ཅི།

ཆུང་མ་ངན་དང་མཛའ་བོ་ངན། །
རྒྱལ་པོ་ངན་པ་སུ་ཞིག་བསྟེན། །
གཅན་གཟན་གདུག་པའི་ནགས་ཁྲོད་དུ། །
སེམས་ཤེས་རྟག་ཏུ་སྡོད་དམ་ཅི། །

ངན་པ་ཐོག་མར་ཚིག་གིས་འདྲིད། །
བག་ཕེབས་གྱུར་ན་ཕྱི་ནས་བསླུ།
ཉ་པ་ཟས་ཀྱིས་ཁ་བྲིད་ནས།
ཉ་རྣམས་གསོད་པར་བྱེད་ལ་ལྟོས།

གཅིག་ལ་ཕན་པ་འགྱུར་བ་ཡི། །
བྱ་བ་གཞན་ལ་གནོད་པ་སྲིད། །
ཟླ་བ་ཤར་ན་ཀུ་མུ་ད། །
ཁ་འབྱེད་འགྱུར་གྱི་པད་མ་ཟུམ། །

ངན་པ་རྣམས་ལ་རྟེན་བཅས་ན། །
ངན་པའི་ཤན་གྱིས་རང་ལ་གནོད། །
ཡུར་བའི་ཆུ་ལ་བརྟེན་པ་ཡི། །
ཉ་རྣམས་ཞིང་ལ་འགྲེམས་ལ་ལྟོས། །

རྟག་ཏུ་གཞན་དོན་མི་སེམས་པ། །
དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །
བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་། །
བསྒྲུབ་པར་ནུས་པ་མ་ཡིན་ནམ། །

ཕན་དང་མི་ཕན་མི་དཔྱོད་ཅིང་། །
བློ་དང་ཐོས་པ་མི་སྒྲུབ་པར། །
ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །
སྤུ་མེད་པ་ཡི་ཕག་པ་ཡིན། །
འཁྱོག་པའི་ཤིང་དེ་བསྲངས་ན་ཡང་། །
རླན་དང་ཕྲད་ཚེ་ཡ་ཡོར་འགྱུར། །
རང་བཞིན་ངན་པ་བཅོས་ན་ཡང་། །
རྐྱེན་དང་ཕྲད་ཚེ་རང་མཚང་སྟོན། །

ཤིང་ལ་ལན་ཅིག་སྦྲུལ་གནས་དེ། །
ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར། །
རྐུ་དང་རྫུན་ལ་གཅིག་ཞུགས་པའི། །
མི་དེར་རྟག་ཏུ་དོགས་པ་སྐྱེ།

མདེའུ་མེད་པའི་མདའ་འཕེན་པ། །
དགྲ་བོ་སྤྱན་འདྲེན་ཕོ་ཉ་ཡིན། །
དགྲ་བོ་འཇོམས་པའི་མཐུ་མེད་ན། །
དོན་མེད་དཔའ་སྐད་ཅི་ལ་སྨྲ། །

བློ་གྲོས་རྩལ་དང་མི་ལྡན་ན། །
གོ་ས་མཐོ་ཡང་ཁྲེལ་བའི་གཞི། །
ཤིང་ལས་བྱས་པའི་སེང་གེ་དེ། །
འཇིགས་འཇིགས་འདྲ་ཡང་སྙིང་པོ་མེད། །

བློན་དང་འབངས་ཀྱིས་མ་བཀུར་ན། །
རྒྱལ་པོ་ཆེན་པོ་ཇི་ལྟར་གནས། །
གདུང་མ་ཀ་བས་མ་བཏེགས་ན། །
རྒྱལ་པོའི་ཕོ་བྲང་གང་ལས་བྱུང་། །

ཁ་བཤད་མང་ངམ་ཉུང་ཡང་རུང་། །
དགོས་དོན་ལག་ཏུ་བླངས་ན་གོ །
ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང་། །
ཟབ་དང་མི་ཟབ་བརྒལ་ན་ཤེས། །

རྟག་གུས་བརྩོན་པ་མ་བཏང་ན། །
མི་འགྲུབ་བྱ་བ་ཅི་ཡང་མེད། །
ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །
བྲག་གི་རི་བོ་འབིགས་ལ་ལྟོས། །

བློ་དང་རྩོལ་བ་ཞན་པའི་མིས། །
ཕུན་ཚོགས་ཐོབ་ཀྱང་མོད་ལ་འགྲིབ། །
རྫིང་ཆུ་ལྟག་ཆུ་ཆད་པ་དེ།
གང་ཡང་མྱུར་དུ་སྐམ་པར་འགྱུར། །

ནོར་མེད་མཆོར་དང་ཁ་ཞིམ་འདོད།
གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན། །
ཆུ་རྐྱལ་མི་ཤེས་མཚོ་བརྒལ་བ། །
བསམ་བཞིན་རང་སྡུག་ཉོས་པ་ཡིན། །

དེ་བས་དགྲ་ལས་རྒྱལ་འདོད་ན། །
ཡོན་ཏན་བསྒྲུབ་ལ་འབད་པར་བྱ། །
ཆུ་བོ་ཆེ་ལ་བརྒལ་བའི་ཐབས། །
ཐང་ནས་གྲུ་གཟིངས་འཆོས་པ་ཡིན། །

ཉམ་ཆུང་སྟེང་དུ་དཔའ་ཐལ་ན། །
ཉམ་ངའི་གཡང་དུ་ལྷུང་འགྱུར་ཏེ། །
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ། །
སྐེམ་ལ་ཡར་ན་འཆི་བར་འགྱུར། །

ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡི། །
དཔོན་ལ་སུ་ཡང་བརྟེན་མི་སྤྲོོ། །
ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ། །
ཉ་ལ་སོགས་ཀྱང་སྡོད་མི་བྱེད། །

ངན་པར་ཅི་ཙམ་ཕན་བཏགས་ཀྱང་། །
ལན་དུ་ཕན་པའི་རེ་བ་མེད། །
ཤིང་གིས་རྟག་ཏུ་མེ་གསོས་ཀྱང་། །
མེ་ཡིས་དེ་ཉིད་ཐལ་བར་བྱེད། །

གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང་། །
རང་གི་སྤྱོད་ཚུལ་མཐོང་བར་དཀའ། །
མཚོ་ནང་ནམ་མཁའི་ཟླ་སྐར་ཀུན། །
གསལ་ཡང་རང་གི་གཏིང་མི་མཐོང་། །

ལྷན་སྐྱེས་ཡོན་ཏན་མེད་གྱུར་ན། །
ཕྱི་ཚུལ་བཅོས་པ་ཅི་ལ་ཕན། །
ཡལ་འདབ་མེད་པའི་ཤིང་སྐམ་དེར། །
ཅོད་པན་བཏགས་ཀྱང་ག་ལ་མཛེས། །

ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། །
ཐོས་པ་ཡིན་པ་དེ་ཡི་ཕྱིར། །
འབད་དེ་ཐོས་པ་མི་འཚོལ་བར། །
མནོག་ཆུང་བྱ་བ་ཅི་ཞིག་བྱ། །

ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན། །
ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན། །
ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན། །
ཝ་ལེར་བསམ་ན་ཐམས་ཅད་ནོར་གྱི་དོན། །

དོན་བདེན་པའི་ཚིག་དང་མ་འབྲེལ་ན། །
གླུ་གྲེ་འགྱུར་སྙན་ཡང་པི་ཝང་ཡིན། །
ཆོས་མཐུན་པའི་དཔེ་ཡིས་མ་མཚོན་པ། །
ཚིག་སྡེབ་སྦྱོར་མཁས་ཀྱང་སྒྲ་སྙན་ཡིན། །

ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན། །
ངས་ཤེས་སོ་ཟེར་ཡང་མགོ་བསྐོར་ཡིན།།
དོན་སྙན་བརྒྱུད་ཀྱི་གདམས་པ་མ་བསྒོམས་ན། །
གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན། །

ཚེར་མའི་ཤིང་ལ་བརྟེན་བྱས་ན། །
གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ།།
སྐྱེ་བོ་ངན་ལ་བརྟེན་བྱས་ཀྱང་། །
ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་བསྐྱེད། །

སྐྱིད་པོ་ཚོད་མ་ཐིག་ན་ཐ་མ་སྡུག། །
འོ་ཟངས་ཁ་ལེབ་བརྒྱབ་ན་འཕོ་འདོད་ཡིན། །
རྒུད་ཀྱང་རང་ཉིད་བཟང་ན་སྐྱིད་དེ་འོང་། །
ཟླ་བ་མར་ངོའི་རྗེས་ན་ཡར་ངོ་ཡོད། །

ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །
ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །
ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །
དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །
བརྩོན་པ་ཆུ་བོའིརྒྱུན་བཞིན་སྟེན་ཅིག་ཨང་། །

གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང་། །
དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་། །
ནེ་ཙོའི་འདོན་པ་ལྟ་བུའི་བརྒྱ་ཚར་གྱིས། །
བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །
དོན་ལ་བརྟག་དཔྱད་ཞིབ་མོ་གྱིས་ཤིག་ཨང་།།

དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །
བརྟེན་ཕྱིར་གཞུང་ཚིག་བློར་འཛིན་མི་བྱེད་པར། །
དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །
ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །
དཔེ་འཛིན་སྐྱོར་སྦྱང་ཡུན་དུ་གྱིས་ཤིག་ཨང་།།

སྡིག་ཅན་ཡིན་ཞེས་རྭ་ཅན་མི་འབྱུང་གིས། །
གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། །
རྩེ་དགོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །
ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །
འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་།

ལས་ཀྱི་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །
བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་། །
རྒྱུས་མེད་ཡུལ་ནས་དོན་མེད་འཛའ་བཤེས་སོགས། །
བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །
འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་། །

དགའ་བར་མཐོང་ཚེ་དྲུང་དུ་འདུད་བྱེད་ཅིང་། །
སྡུག་པར་མཐོང་ཚེ་རྒྱང་ནས་ཡིབ་བྱེད་པ། །
ཕལ་བའི་སྐྱེ་བོ་ཀུན་གྱི་ཆོས་ཉིད་འདི། །
སྔ་མོའི་དུས་ནས་ཁོ་བོས་ཤེས་པ་ལགས། །
དེ་ཕྱིར་དཔྱད་ནས་བསམ་བློ་གཏོང་བ་གཅེས། །

སྐྱིད་པོ་ཚོད་མ་ཐིག་ན་ཐ་མ་སྡུག །
འོ་ཟངས་ཁ་ལེབ་བརྒྱབ་ན་འཕོ་འདོད་ཡིན། །
རྒུད་ཀྱང་རང་ཉིད་བཟང་ན་སྐྱིད་དེ་འོང༌། །
ཟླ་བ་མར་ངོའི་རྗེས་ན་ཡར་ངོ་ཡོང་། །