ཀ༽ སྔོན་འགྲོའི་བསླབ་གཞིའི་རྩ་འཛིན་དང་ནང་དོན།

སྔོན་འགྲོའི་དུས་སྐབས་དེ་འཛིན་གྲྭའི་དབྱེ་བ་དམིགས་བསལ་མེད་པར་ལོ་གསུམ་ཡུན་ཅན་དུ་བྱ་རྒྱུ་དང༌། དེ་ཡང་སློབ་ཕྲུག་ལོ་ན་ ༣ ནས་འགོ་འཛུགས་དགོས། སྤྱིར་ལོ་༦ མན་གྱི་བྱིས་པའི་འཚར་ལོངས་ནི། བྱིས་པ་སློབ་གྲྭར་འགྲོ་བའི་སྟ་གོན་དང༌། མི་ཚེའི་འཕེལ་རིམ་ཐད་ཐག་གཅོད་རང་བཞིན་ལྡན་པའི་རྨང་གཞི་སྐྲུན་པའི་དུས་སྒང་ཡིན་པའི་ཐོག་ནས་སློབ་ཕྲུག་གི་ཚོར་ཤེས་ཤིན་ཏུ་རྣོ་སྟབས། སྐབས་དེར་འབྲི་ཀློག་གཉིས་ལས་ལྷག་པར་ངག་གི་སྨྲ་བརྗོད་དག་གསུམ་དང༌། དབང་པོ་ལྔའི་ནུས་པ་རྩལ་དུ་བཏོན་ཏེ་དངོས་པོའི་རང་བཞིན་སྒྲོ་འདོགས་མེད་པར་ངོ་འཕྲོད་ཐུབ་ཐབས་དང༌། དེ་བཞིན་བོད་ཡིག་དང་རྩིས་རིག སྒྲིག་རྩེད། ཁོར་ཡུག་སོགས་ཀྱི་ཤེས་བྱའི་རྣམ་གྲངས་འོས་འཚམས་ཤེས་པ་ཙམ་མ་ཡིན་པར། རིག་པའི་གནས་དེ་དག་ལ་འཇུག་པའི་ཀུན་སློང་དང་ས་བོན་ཐེབས་ཐབས་གཙོ་བོར་འཛིན་དགོས།
སྔོན་འགྲོའི་སྐབས་སུ་རྒྱུན་ལྡན་སློབ་ཁྲིད་ཀྱི་བྱེད་སྒོ་དང་དམིགས་ཡུལ་ལྟར་འབྲི་ཀློག་དང་འཆད་ཉན་ལ་འཇུག་ཐབས་ཙམ་མ་ཡིན་པར། དགེ་རྒན་གྱིས་རྒྱུན་གཏན་སྒོ་གསུམ་གྱི་ཀུན་སྤྱོད་དངོས་མིག་དཔེར་སྟོན་པའི་སྒོ་ནས་བོད་མིའི་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་དང༌། འགྲོ་བ་མིའི་བཟང་པོའི་ཡོན་ཏན་རྣམས་ལ་བརྩི་བཀུར་དང་དང་བ་ཆེན་པོའི་སྒོ་ནས་ཉམས་ལེན་གྱིས་གོམས་འདྲིས་ཐུབ་ཐབས་ཐོག བྱིས་པའི་མོས་ཁམས་དང་འཚམས་པའི་ཤེས་ཡོན་གྱི་སྦྱོང་ཆས་སྣ་མང་དང༌། བྱིས་སྒྲུང༌། གཞས་སྣ། རྩེད་མོ་སོགས་ཀྱི་ལམ་ནས་ཤེས་ཡོན་མཁོ་སྤྲོད་ཐུབ་པ་དགོས་རྒྱུ།
སྔོན་འགྲོ་ལོ་ཡུན་གསུམ་རིང་གི་བྱེད་སྒོ་རྣམ་གཞག

  •  རྒྱུན་གཏན་ལས་རིགས་དང་འབྲེལ་བའི་བྱེད་སྒོ།(EPL)
  1.    འགུལ་བསྐྱོད་ཀྱི་བྱེད་སྒོ།
  2.     ཁོར་ཡུག་བྱ་དངོས་ལ་ལྟ་སྐྱོང་གི་བྱེད་སྒོ།
  3.    རང་ཉིད་རང་ཚུགས་ཀྱི་བྱེད་སྒོ།
  4.     ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས།
  •      ཚོར་ཤེས་སྦྱོང་བརྡར་གྱི་ཡོ་ཆས།
  •      བོད་ཀྱི་སྐད་ཡིག་ངོ་སྤྲོད།
  •     རྩིས་རིག་ངོ་སྤྲོད།
  •     ཁོར་ཡུག་ཤེས་བྱ་ངོ་སྤྲོད།
  •     འཕྲུལ་རིགས་བཀོལ་སྤྱོད་དང་ལྷུ་སྒྲིག་ལག་རྩལ།
  •     རི་མོ་དང་ལག་ཤེས།
  •     གཞས་སྣ་དང་རྩེད་མོ།
  •     རྣལ་འབྱོར་གྱི་ལུས་སྦྱོང་དང་དབུགས་སྦྱོང༌།

ཁ༽ གཞི་རིམ་འོག་མའི་བསླབ་གཞིའི་ནང་དོན།

༡། གཞི་རིམ་འོག་མའི་བོད་ཡིག་སློབ་ཚན།
གཞི་རིམ་འོག་མའི་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་ཡིག་ཡིན་པ་དང༌། བོད་ཡིག་ནི་གཞི་རིམ་སློབ་མའི་སྐད་ཡིག་དང་པོ་ཡིན་སྟབས། བོད་ཡིག་སློབ་ཁྲིད་ཀྱང་སྐད་ཡིག་དང་པོའི་སློབ་ཁྲིད་ཀྱི་གཞི་རྩའི་ཁྱད་ཆོས་དང་མཐུན་པར་བྱ་དགོས་པ་མ་ཟད། སྐད་ཡིག་སློབ་ཁྲིད་དང་ཀུན་སྤྱོད་སློབ་གསོ། མི་གཤིས་འཛུགས་སྐྲུན། རྒྱལ་ཞེན་སློབ་གསོ་ཟུང་འབྲེལ་བྱས་ཏེ། སྐད་ཡིག་སློབ་ཁྲིད་དང་ཆབས་ཅིག་སློབ་ཕྲུག་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་སྤྱོད་དང་གོམས་གཤིས། རིན་ཐང་གི་ལྟ་བ། ཡ་རབས་བཟང་སྤྱོད་རྒྱུད་འཇགས་ཡོང་ཐབས་དང༌། རང་འཚོ་དང་རང་བཀུར་གྱི་བསམ་བློ། རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་དང་ལྷག་བསམ་བསྐྱེད་བསྲིང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་བསྒྲུབ་པའི་ཀུན་སློང་དང་སྙིང་སྟོབས་བསྐྱེད་ཐབས། བོད་མི་རིགས་ཀྱི་སྲི་ཞུ་བསྒྲུབ་པའི་ཕུགས་འདུན་འཛུགས་སྐྲུན་བཅས་སྐད་ཡིག་སློབ་སྟོན་གྱི་སྤྱིར་བཏང་དམིགས་ཡུལ་དང་བྱེ་བྲག་དམིགས་ཡུལ་ཟུང་འབྲེལ་བྱ་དགོས།
གཞི་རིམ་འོག་མའི་བོད་ཡིག་བསླབ་གཞིའི་ནང་དོན་རྣམས་བསྡུས་ན་འཆད་རྩལ་དང༌། ཀློག་རྩལ། འབྲི་རྩལ། གོ་སྟོབས་བཅས་ཀྱི་ནང་འདུས་པས། གཤམ་དུ་དེ་དག་རེ་རེའི་གལ་གནད་ངོས་འཛིན་དང་བྱེད་སྒོ་ལམ་སྟོན་བྱ་རྒྱུར།
༡།    འཆད་རྩལ།
འཆད་རྩལ་ཞེས་པ་སྐད་ཆ་བཤད་པའི་ནུས་རྩལ་ཏེ། དེ་ནི་འགྲོ་བ་མིའི་རིགས་སྤྱི་ཁྱབ་ལ་ཡོད་པའི་ནུས་རྩལ་གལ་ཆེན་ཞིག་ཡིན། སྐད་ཆ་བཤད་རྒྱུ་ནི་ཆེད་མངགས་མ་བསླབས་ན་ཡང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་བརྒྱུད་རང་ཤུགས་ཀྱིས་ཤེས་ཐུབ་པ་ཞིག་ཡིན་མོད། འོན་ཀྱང༌། ཁ་དཔེར། མ་སྦྱངས་མཁས་པ་གླིང་ན་མེད། །སྦྱངས་ན་བ་གླང་མཁས་པར་འགྱུར། །ཞེས་པ་ལྟར། མིའི་ཁྱད་འཕགས་ཀྱི་གཤིས་སྤྱོད་ཕལ་ཆེ་བ་སློབ་སྦྱོང་གི་མཇུག་འབྲས་ལས་བྱུང་བ་ཡིན། སྐད་ཡིག་རིག་གནས་སྤྱི་དང་ཁྱད་པར་རང་གི་ཕ་སྐད་འབྲི་ཀློག་ཉན་གསུམ་གྱི་ལས་ཐོག་མ་ནི་འཆད་པའི་ནུས་རྩལ་ཡིན་ཞིང༌། འཆད་པའམ་སྨྲ་བརྗོད་ཀྱི་ནུས་རྩལ་ནི་འགྲོ་བ་མིའི་ཆེས་གཞི་རྩའི་ནུས་རྩལ་ཞིག་ཡིན་སྟབས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་འཆད་རྩོད་རྩོམ་གསུམ་ཞེས་འཆད་པ་ཐོག་མར་འཇོག་པ་ཡིན་ཞིང༌། གནའ་བོའི་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱི་བྱེད་ཐབས་སྒྲུང་ལྡེའུ་བོན་གསུམ་ཡང་གཙོ་བོ་འཆད་པ་དང་ཉན་པ་གཉིས་ལས་མ་འདས།
དེང་རབས་སེམས་ཁམས་རིག་པའི་གཞུང་ལུགས་སུ་ཕྱིའི་སྐད་ཆ་(External Speech)དང་ནང་གི་སྐད་ཆ་(Inner Speech)ཞེས་ཕྲ་རགས་ཀྱི་རྣམ་གཞག་བཤད་པ་ལས། ཕྱིའི་སྐད་ཆ་ནི་རྣ་ཤེས་ཀྱི་མཉན་བྱར་གྱུར་པའི་སྒྲའི་རྣམ་པ་ཅན་དང༌། ནང་གི་སྐད་ཆ་ནི་རྨི་ལམ་དང་བསམ་གཞིགས་ལྟ་བུའི་རྣམ་རྟོག་གི་བྱེད་ལས་ལ་ཟེར། རྣམ་རྟོག་ནི་སྐད་ཆ་འཕེལ་རྒྱས་མ་བྱུང་སྔོན་ཆད་ནས་ཡོད་ཅིང༌། སྐད་ཆའི་མཚམས་སྦྱོར་ལ་བརྟེན་མི་དགོས། འོན་ཀྱང༌། སྐད་ཆ་ནི་ཐོག་མའི་དུས་སྐབས་སུ་བརྡ་སྤྲོད་པའི་ཆེད་དུ་བྱུང་བ་ལས་བསམ་གཞིགས་ཀྱི་ཆེད་དུ་གནས་པ་མ་ཡིན།
དེར་བརྟེན། འཆད་རྩལ་སློབ་ཁྲིད་ནི་ཕྱིའི་ངག་རྩལ་ཡར་རྒྱས་གཏོང་རྒྱུ་ཙམ་མ་ཡིན་པར། ནང་བསམ་བློའི་འགུལ་བསྐྱོད་ཡར་རྒྱས་གཏོང་ཐབས་ཀྱང་འདུས་པའི་ཕྱི་ནང་ཟུང་འབྲེལ་གྱི་དམིགས་བསལ་བྱེད་སྒོ་ཞིག་ཡིན་པས། དགེ་རྒན་གྱིས་སློབ་མའི་རྟོགས་ཤེས་འཕེལ་རྒྱས་དང་འཆད་རྩལ་ཡར་རྒྱས་གཉིས་གཅིག་ཕན་གཅིག་གྲོགས་བྱ་རྒྱུར་དམིགས་བསལ་ཐུགས་སྣང་དགོས་པ་ཡིན།
གཞི་རིམ་འོག་མའི་འཆད་རྩལ་སྦྱོང་བརྡར་སྐབས། སློབ་ཕྲུག་རྣམས་ལ་སྐད་ཆ་བཤད་པའི་གོ་སྐབས་འདང་ངེས་སྤྲོད་པ་དང༌། དགོས་ངེས་ཀྱི་ཁོར་ཡུག་སྐྲུན་པ། སྐད་ཆ་བཤད་པའི་བློ་སྟོབས་སྤེལ་བ། བཀག་རྒྱ་མི་བཟོ་བ་བཅས་ཀྱི་ཐབས་བྱུས་འཛིན་དགོས། དེ་འདྲའི་འཆད་རྩལ་སྦྱོང་བརྡར་དེ་ཡང་ན་མཉམ་སློབ་ཕྲུག་ནང་ཁུལ་ཁོ་ན་ཙམ་མ་ཡིན་པར། ཕ་མ་དགེ་རྒན་སོགས་རྒན་རབས་དང༌། སྤྱི་ཚོགས་ཀྱི་ལས་རིགས་དང་ཁོར་ཡུག་མི་འདྲ་བའི་ཁྲོད་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་བཅས་ལ་རྒྱུས་ལོན་ཡོང་བ་བྱས་ཏེ། སློབ་ཕྲུག་ཚོར་རང་རང་གི་མྱོང་ཚོར་བཤད་ཐུབ་པ། བཤད་ཤེས་པ་བཟོ་རྒྱུ་མ་ཟད། རང་ཉིད་ཀྱི་སྨྲ་བརྗོད་ལ་བརྟེན་ནས་ཕ་རོལ་པོར་བདེ་སྡུག་གི་སེམས་ཚོར་ཇི་ལྟར་སྐྲུན་མིན་ལའང་ཡིད་འཇོག་གིས་སྨྲ་འཇམ་པ། སྨྲ་མཁས་པ། སྨྲ་ཚོད་ཟིན་པ་བཅས་ཕ་མེས་དམ་པ་རྣམས་ཀྱི་བཟང་པོའི་ཡོན་ཏན་གཤིས་རྒྱུད་དུ་འཇགས་ཐབས་བྱ་དགོས།
༢།    ཀློག་རྩལ།
ཀློག་རྩལ་ནི་གཞི་རིམ་འོག་མའི་རྨང་གཞིའི་ནུས་རྩལ་གལ་ཆེ་ཤོས་ཤིག་ཡིན་ཞིང༌། ཀློག་རྩལ་ཡག་པོ་ཡོད་མེད་ཀྱིས་བོད་ཡིག་ཙམ་དུ་མ་ཟད་སློབ་ཚན་གཞན་ལའང་ཤུགས་རྐྱེན་ཐེབས་ངེས་པས། ཀློག་རྩལ་སློབ་ཁྲིད་ཀྱི་སྤུས་ཚད་དམ་འཛིན་བྱ་རྒྱུ་ནི་གཞི་རིམ་འོག་མའི་བོད་ཡིག་སློབ་ཚན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
སྐབས་འདིའི་ཀློག་རྩལ་སློབ་ཁྲིད་ནི། དབྱངས་གསལ་སྔོན་རྗེས་སོགས་ངོ་སྤྲོད་ཀྱིས་བོད་ཡིག་སྦྱོར་ཀློག་ཐུབ་ཙམ་གྱིས་མི་ཆོག་པར། སློབ་ཕྲུག་རྣམས་ཆུང་དུས་སམ་ཐོག་མ་ཉིད་ནས་ཡི་གེའི་སྒྲ་གདངས་དང༌། སྐྱེ་གནས། བྱེད་རྩོལ། ཚིག་མཚམས་གཅོད་སྟངས་བཅས་བརྡ་སྤྲོད་གཞུང་ལུགས་ལྟར་འབྱུང་ཐབས་བྱས་པ་བརྒྱུད། ད་ཡོད་སྤྱི་ཚོགས་ཀྱི་བོད་ཡིག་བརྗོད་ཀློག་གི་གནས་ཚད་ཡར་རྒྱས་ལ་སྣ་འདྲེན་ཐུབ་པ་ཞིག་དགོས་པ་ལས། སྤྱི་ཚོགས་ཁྲོད་གོམས་གཤིས་སུ་འཇགས་པའི་ཀློག་བརྗོད་ལ་ལད་ཟློས་དང་རྗེས་སྙེག་བྱ་མཁན་ཞེ་གཅིག་བསྐྱེད་བསྲིང་བྱ་བའི་དམིགས་ཡུལ་འཛིན་མི་རུང༌།
ཞོགས་པའི་རྒྱལ་གླུའི་སྐབས་དང༌། ཕྱི་དྲོའི་བར་གསེང༌། དུས་ཆེན་མཛད་སྒོ་སོགས་ཀྱི་སྐབས་སུ་དཔེ་ཀློག་དང༌། གླུ་གཞས། བསླབ་བྱ་དང༌། གཏམ་དཔེ། སྙན་ཚིག་གྱེར་འདོན་བཅས་ཀྱི་སྐབས་ཀྱང་གོང་གསལ་གལ་གནད་ཁག་དམ་འཛིན་བྱ་དགོས།
འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་བོད་ཡིག་བསླབ་གཞིའི་ནང༌། ལོ་རེར་ཉུང་མཐར་གཅིག་བསྡུས་རང་བཞིན་གྱི་(བསླབ་བྱ་དང༌། བརྡ་དག འབྲི་ཀློག་ཉན་གསུམ་གྱི་སྦྱོང་བརྡར། རང་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་བཅས་ཚང་བའི)་གོ་རྟོགས་སམ་ཀློག་རྩལ་སློབ་ཚན་༡༥ ལ་སློབ་སྦྱོང་བྱ་དགོས།
༣།    འབྲི་རྩལ།
འབྲི་རྩལ་སྦྱོང་བརྡར་ནི་གཞི་རིམ་འོག་མ་ཙམ་དུ་མ་ཟད། གཞི་རིམ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་གལ་འགངས་ཆེ་ཤོས་ཆགས་ཡོད། གཞི་རིམ་འོག་མའི་འབྲི་རྩལ་སློབ་ཁྲིད་ནི། མིང་ཚིག་གི་དག་ཆ་དང༌། བརྡ་སྤྲོད། བརྗོད་པའམ་ནང་དོན། རྗོད་ཚིག་སྡེབ་སྦྱོར། ཡིག་གཟུགས་བཅས་བསླབ་གཞིའི་ནང་དོན་དང་ནུས་རྩལ་མི་འདྲ་བ་དུ་མ་གཅིག་བསྡུས་རང་བཞིན་གྱི་སྦྱོང་བརྡར་ཞིག་ཡིན་པས། དགེ་རྒན་གྱིས་གོང་གསལ་ནང་དོན་མི་འདྲ་བ་སོ་སོ་དང་དེ་དག་ཕན་ཚུན་གཞོགས་འདེགས་བྱེད་ཕྱོགས་ཐད་དམིགས་བསལ་ཐུགས་འགན་བཞེས་དགོས།
གཞི་རིམ་འོག་མའི་འབྲི་རྩལ་སྦྱོང་བརྡར་སྐབས་དག་ཆ་བློར་འཛིན་དང༌། ཚིག་གྲོགས་སྦྱོར་བ། ཚིག་སྒྲུབ་བཟོ་བ། བརྗོད་པ་སྒྲིག་སྟངས། ཚིག་ཕྲད་སྦྱོར་སྟངས། ཞེ་ས་དང༌། ཁྱད་ཚིག བྱ་ཚིག་སྦྱོར་སྟངས་སོགས་གཞི་རྩའི་ནུས་རྩལ་ཐོག་ཤུགས་སྣོན་གྱིས་བསམ་པ་དང༌། བཤད་པ། འབྲི་བ་བཅས་གསུམ་ཡ་མ་བྲལ་བའི་སྒོ་ནས་སློབ་སྟོན་དང་སྦྱོང་བརྡར་བྱ་དགོས།
དམིགས་བསལ་ཐུགས་སྣང་དགོས་པ་ཞིག་ལ། གཞི་རིམ་འོག་མའི་འབྲི་རྩལ་སློབ་སྟོན་དང་སྦྱོང་བརྡར་སྐབས་བརྡ་སྤྲོད་གཞུང་ལུགས་དང་བསྟུན་གང་ཐུབ་བྱ་དགོས་ནའང༌། བརྡ་སྤྲོད་ཀྱི་གཞུང་ལུགས་ལོགས་སུ་སློབ་ཁྲིད་མི་བྱ་བ་གཙོ་འདོན་བྱ་དགོས།
སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་དབུ་མེད་ཡིག་གཟུགས་ཚུགས་རིང་འབྲི་རྒྱུ་གཙོ་བོར་གཟུང་དགོས་པ་དང༌། འཛིན་རིམ་གསུམ་པ་དང་བཞི་པར་ཚུགས་ཐུང༌། འཛིན་རིམ་ལྔ་པ་དབུ་མེད་ཡིག་ཆུང་བཅས་འབྲི་རྒྱུ་གཙོ་བོར་གཟུང་དགོས་པའི་ཁར། འཛིན་རིམ་གསུམ་པ་ནས་དབུ་ཅན་ཡིག་གཟུགས་ཤར་མར་སྡུད་ཀློག་ཐུབ་པ་བྱ་དགོས།
༤།    གོ་སྟོབས།
གོ་སྟོབས་ནི་འབྲི་ཀློག་ཉན་གསུམ་ཡོངས་རྫོགས་ལ་ཁྱབ་པའི་རྩ་བའི་ནུས་རྩལ་ཞིག་ཡིན་པས། སྐད་ཡིག་གི་གོ་སྟོབས་ཞན་པའི་སློབ་མ་རྣམས་སློབ་ཚན་གང་ལ་ཞུགས་ཀྱང་དཀའ་ངལ་འབྱུང་བ་ཆོས་ཉིད་ཡིན། གཞི་རིམ་འོག་མའི་སྐབས་བརྡ་དག་དང༌། ཚིག་གྲོགས། ལྡོག་ཟླ། ཉེ་ཚིག གཏམ་དཔེ། ཁ་ཤགས། གབ་ཚིག གླུ་གཞས། བསླབ་བྱ། ཞལ་འདོན། སྙན་ཚིག ཟློས་གར་འཁྲབ་ཚན། གཏམ་རྒྱུད། བྱིས་སྒྲུང༌། བགྲོ་གླེང༌། ཞེ་ས་བཅས་སློབ་མའི་སྐད་ཡིག་གི་གོ་སྟོབས་ནུས་རྩལ་ཡར་རྒྱས་གཏོང་བའི་ལས་རིམ་དང་བྱེད་སྒོ་སྣ་མང་གོ་སྒྲིག་བྱ་དགོས་པ་མ་ཟད། སྐད་ཡིག་གི་གོ་སྟོབས་ནུས་རྩལ་ལ་ཕན་ནུས་ཆེས་ཆེ་བའི་བོད་ཀྱི་སྲོལ་རྒྱུན་ཚད་མའི་གཞུང་ལས་བསྡུས་གྲྭའི་རིགས་ལམ་གྱི་སྔོན་འགྲོའི་ཤེས་བྱ་མུ་ཁྱབ་མཐའ་འཕེན་ཚུལ་དང༌། གསུམ་མུ་བཞི་བརྩི་ཚུལ། ཡིན་ལོག་མིན་ལོག ཡོད་རྟོགས་མེད་རྟོགས་སོགས་ཕྲུ་གུའི་གནས་ཚད་དང་འཚམས་པའི་སྦྱོང་བརྡར་བྱ་རྒྱུར་དམིགས་བསལ་ཤུགས་སྣོན་རྒྱག་དགོས།
༥།    སྤྱི་སྡོམ།
གཞི་རིམ་འོག་མའི་ནང་ལོ་ལྔར་སློབ་སྦྱོང་བྱས་པ་བརྒྱུད། སློབ་ཕྲུག་ཚོས་གང་བསླབ་པར་བྱ་བའི་ཤེས་ཡོན་རྣམས་ཐོས་པའི་དོན་འཛིན་པ་ཙམ་མ་ཡིན་པར། གང་ཐོས་པའི་དོན་རྣམས་ལ་རང་སྟོབས་ཀྱིས་ཡང་ཡང་དཔྱད་པ་བྱེད་པའི་གོམས་གཤིས་འཇགས་པ་དང༌། དེ་དག་ཉམས་སུ་ལེན་པའི་ཐོག་ནས་རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་དང༌། ཁྱད་པར་སྤྱི་ཚོགས་ཀྱི་སྲི་ཞུ་བསྒྲུབ་པའི་བསམ་སྤྱོད་ཀྱི་ས་བོན་བརྟན་པོ་ཞིག་འཛུགས་པ་དང༌། འཇིག་རྟེན་ནམ་སྐྱེ་འགྲོ་སྤྱི་ལ་ཕན་ནུས་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་གི་རིན་ཐང་ལ་གདེང་འཇོག་ཡང་དག་ཡོང་སླད་ངེས་ཤེས་ཀྱི་ས་བོན་དང་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་བསྐྲུན་དགོས།
སྒྲ་གདངས་དག་པོའི་སྒོ་ནས་བོད་ཡིག་ཐོགས་མེད་ངང་ཀློག་ཐུབ་པ་དང༌། ལོ་ན་དང་འཚམས་པའི་རྒྱུན་སྤྱོད་སྒྲུང་གཏམ་དང་རྩོམ་ཡིག་སྣ་ཚོགས་ཀྱི་གོ་དོན་རྟོགས་པ། ཚུགས་རིང་ནས་འགོ་བཙུགས་ཏེ་ཚུགས་ཐུང་དང་ཡིག་ཆུང་བཅས་ཀྱི་ཡིག་གཟུགས་ལེགས་པོར་འབྲི་ཐུབ་པ། བྱིས་པ་དག་ཡིག་བློ་འཛིན་ཐུབ་པའི་ཐོག ལེགས་བཤད་ལྗོན་དབང་ཡང་བློར་འཛིན་ཐུབ་པ་དགོས་ལ། ལོ་རེར་ཉུང་མཐར་ཚིག་གསར་༢༥༠ ཡས་མས་ཀྱི་གོ་དོན་རྟོགས་པའི་སྒོ་ནས་ཚིག་སྒྲུབ་བཟོ་ཐུབ་པ་བྱས་ཏེ། འཛིན་རིམ་ལྔ་པའི་ཐོན་སྐབས་མིང་ཚིག་༡༥༠༠ ཡས་མས་ཤེས་ཐུབ་པའི་ཐོག རང་གི་འདོད་འདུན་ཡིག་ངག་གཉིས་ཐོག་ཏུ་ཁ་གསལ་མཚོན་ཐུབ་ཅིང་དགོངས་ཤོག་དང༌། གཡར་འཛིན། བྱུང་འཛིན། ཉིན་ཐོ་སྟབས་བདེ་རང་རྐྱ་འཕེར་བའི་སྒོ་ནས་འབྲི་ཐུབ་པ་བྱ་དགོས་བཅས། མདོར་ན། གཞི་རིམ་བར་མའི་སྐབས་ཀྱི་སུམ་རྟགས་དང་རྩོམ་འབྲི། སྐད་ཡིག་གཞན་བཅས་ཀྱི་སློབ་ཁྲིད་ལ་དགོས་ངེས་ཀྱི་སྤྲོ་བ་དང་རྨང་གཞི་བརྟན་པོ་ཞིག་གདིང་ཐུབ་པ་དགོས།

འཛིན་རིམ།            དང་པོ།            བོད་ཡིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •      དབྱངས་གསལ་གཉིས་དང༌། སྔོན་རྗེས་ཡང་གསུམ། དེ་དག་ལས་གྲུབ་པའི་མིང་ཚིག་འབྲི་ཀློག་ལ་བསྐྱར་སྦྱོང་དང་མཇུག་གནོན།
  •      འདོགས་ཅན་བཞི་དང༌། དེ་དག་ལས་གྲུབ་པའི་མིང་ཚིག་འབྲི་ཀློག
  •      མགོ་ཅན་གསུམ་དང༌། དེ་དག་ལས་གྲུབ་པའི་མིང་ཚིག་འབྲི་ཀློག
  •      བརྩེགས་འདོགས་ཅན་གྱི་ཡི་གེ་སོ་སོ་འབྲི་ཀློག་དང༌། དེ་དག་ལ་མིང་དང་བརྗོད་པ་བཟོ་སྟངས།
  •      སློབ་མའི་རིག་སྟོབས་འཚར་ལོངས་ལ་སྨན་པའི་བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད་གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་གང་འོས་སློབ་ཚན་དུ་འགོད་རྒྱུ།
  •      རྒྱུན་སྤྱོད་མིང་ཚིག་དང་བྱ་ཚིག་སོགས་ཉུང་མཐར་ཚིག་གསར་༢༥༠ འབྲི་ཀློག་དང༌། དེ་དག་རྒྱུན་གཏན་སྐད་ཆའི་ནང་བཀོལ་སྤྱོད་བྱེད་པའི་སྦྱོང་བརྡར།
  •      བྱེད་རྩོལ་དང་སྒྲ་གདངས་དག་པའི་སྒོ་ནས་ཡི་གེ་ཀློག་འདོན་བྱེད་པའི་སྦྱོང་བརྡར།
  •      དུས་རྒྱུན་སྐད་ཆ་དང་གཏམ་གླེང་སྐབས་ཞེ་ས་ཞུ་སྟངས་དང༌། རྣམ་འགྱུར་སྟོན་སྟངས་སྐོར་གྱི་སྦྱོང་བརྡར།
  •      སྦྱང་ཤིང་བརྒྱབ་སྟེ་ཚུགས་རིང་ཡིག་གཟུགས་འབྲི་བའི་སྦྱོང་བརྡར་འགོ་འཛུགས་བྱ་རྒྱུ།

འཛིན་རིམ།            གཉིས་པ།        བོད་ཡིག

བསླབ་གཞིའི་ནང་དོན་གཤམ་གསལ།

  • སྔོན་རྗེས་ཡང་གསུམ་གྱི་གོ་དོན་དང་ཀློག་སྟངས་ལ་བསྐྱར་སྦྱོང་དང་མཇུག་གནོན།
  • མགོ་འདོགས་བརྩེགས་གསུམ་ཅན་གྱི་ཡི་གེ་འབྲི་ཀློག་ལ་བསྐྱར་སྦྱོང་དང་མཇུག་གནོན།
  • རྒྱུན་སྤྱོད་བྱ་ཚིག་སྟབས་བདེ་ཁག་ཅིག་དུས་གསུམ་དང་སྦྱར་ནས་སྤྱོད་སྟངས་སྐོར་གྱི་སྦྱོང་བརྡར།
  • སློབ་མའི་རིག་སྟོབས་འཚར་ལོངས་ལ་སྨན་པའི་བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད་གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་ངག་གི་བརྗོད་རྩལ་དང་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་ནང་དོན་གང་འོས་སློབ་ཚན་དུ་བཀོད་དེ་འབྲི་ཀློག་དག་གསུམ་སྦྱོང་རྒྱུ།
  • ཕལ་སྐད་དང་ཞེ་ས། ལྡོག་ཟླ། དུས་གསུམ་སོགས་རྒྱུན་གཏན་སྐད་ཆའི་ནང་བཀོལ་སྤྱོད་ཚུལ་བཞིན་བྱ་བའི་སྦྱོང་བརྡར།
  • རྒྱུན་སྤྱོད་མིང་ཚིག་དང་བྱ་ཚིག་སོགས་ཉུང་མཐར་ཚིག་གསར་༢༥༠ ཡས་མས་འབྲི་ཀློག་དང༌། ཚིག་གྲོགས་དང་བརྗོད་པ་ཐུང་ངུ་བཟོ་སྟངས། དེ་དག་རྒྱུན་གཏན་སྐད་ཆའི་ནང་བཀོལ་སྤྱོད་བྱེད་པའི་སྦྱོང་བརྡར།
  • སྦྱང་ཤིང་སྟེང་ཚུགས་རིང་ཡིག་གཟུགས་འབྲི་བའི་སྦྱོང་བརྡར།
  • དབུ་ཅན་གྱི་ཡིག་གཟུགས་ལས་དབྱངས་གསལ་ངོ་སྤྲོད།

འཛིན་རིམ།            གསུམ་པ།            བོད་ཡིག
བསླབ་གཞིའི་ནང་དོན་གཤམ་གསལ།

  • སློབ་མའི་རིག་སྟོབས་འཚར་ལོངས་ལ་སྨན་པའི་བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད་གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་གང་འོས་སློབ་ཚན་དུ་བཀོད་དེ་འབྲི་ཀློག་དག་གསུམ་སྤྱི་དང༌། ཁྱད་པར་སྡུད་ཀློག་གི་སྦྱོང་བརྡར་གང་མང་བྱ་རྒྱུ།
  • མིང་ཚིག་བརྗོད་པ་གསུམ་དང༌། འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང༌། ཚིག་རྒྱན་དང༌། ཁྱད་ཚིག ཚིག་སྡུད་བྱེད་སྟངས་བཅས་ངོ་སྤྲོད།
  • སྒྲ་ཉེ་བའི་ཡི་གེ་རྣམས་ཀྱི་སྐྱེ་གནས་ཀྱི་ཁྱད་པར་ངོས་འཛིན་དང༌། དེ་དག་གི་གོ་དོན་དང་དག་ཆ་ངེས་པའི་ཐོག རྒྱུན་སྤྱོད་སྐད་ཆའི་ནང་བཀོལ་སྤྱོད་བྱ་བའི་སྦྱོང་བརྡར།
  • ལེགས་བཤད་ལྗོན་དབང་བློ་འཛིན་འགོ་འཛུགས་བྱ་རྒྱུ།
  • རྒྱུན་སྤྱོད་མིང་ཚིག་དང་བྱ་ཚིག་སོགས་ཉུང་མཐར་ཚིག་གསར་༣༥༠ འབྲི་ཀློག་དང༌། ཚིག་གྲོགས་དང་བརྗོད་པ་ཐུང་ངུ་བཟོ་སྟངས། དེ་དག་རྒྱུན་གཏན་སྐད་ཆའི་ནང་བཀོལ་སྤྱོད་བྱེད་པའི་སྦྱོང་བརྡར།
  • བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད། གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་གང་འོས་སློབ་ཚན་དུ་བཀོད་དེ་འབྲི་ཀློག་དག་གསུམ་སྦྱོང་རྒྱུ།
  • མི་དང༌། བྱ་བ། ཅ་དངོས་སོགས་ལ་སྦྱར་ཏེ་རྒྱུན་སྤྱོད་མིང་ཚིག་ཁག་ཅིག་གི་དམིགས་བསལ་བེད་སྤྱོད་བྱ་ཚུལ་ངོ་སྤྲོད།
  • སྦྱང་ཤིང་སྟེང་ཚུགས་རིང་ཡིག་གཟུགས་འབྲི་བའི་སྦྱོང་བརྡར།
  • དབུ་ཅན་གྱི་ཡིག་གཟུགས་རང་རྐྱ་འཕེར་བའི་སྒོ་ནས་ཀློག་པའི་སྦྱོང་བརྡར།

འཛིན་རིམ།            བཞི་པ།            བོད་ཡིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  སློབ་མའི་རིག་སྟོབས་འཚར་ལོངས་ལ་སྨན་ཞིང་བསླབ་བྱའི་རང་བཞིན་ལྡན་པའི་བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད་གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་གང་འོས་སློབ་ཚན་དུ་བཀོད་དེ་འབྲི་ཀློག་དག་གསུམ་སྤྱི་དང༌། ཁྱད་པར་སྡུད་ཀློག་གི་སྦྱོང་བརྡར་གང་མང་སྤྲོད་རྒྱུ།
  •  ལེགས་བཤད་ལྗོན་དབང་ཆ་ཚང་བློ་འཛིན་དང༌། དེ་ལས་བྱུང་བའི་རྣམ་དབྱེ་བརྒྱད་ཀྱི་རྩ་ཚིག་ངོ་སྤྲོད་དང༌། དེ་དག་གི་གོ་དོན་བློ་ངེས་དང་དཔེར་བརྗོད་རང་ཚིག་ཐོག་འཇོག་པའི་སྦྱོང་བརྡར།
  • བྱིས་པའི་དག་ཡིག་བློ་འཛིན་དང༌། དེ་ལ་བརྟེན་ནས་འབྲི་ཀློག་དག་གསུམ་གྱི་སྦྱོང་བརྡར་འདང་ངེས་སྤྲོད་རྒྱུ།
  • རྒྱུན་སྤྱོད་མིང་ཚིག་དང་བྱ་ཚིག་སོགས་ཉུང་མཐར་ཚིག་གསར་༢༥༠ འབྲི་ཀློག་དང༌། ཚིག་གྲོགས་དང་ཚིག་སྒྲུབ་སྟབས་བདེ་བཟོ་སྟངས། དེ་དག་རྒྱུན་གཏན་སྐད་ཆའི་ནང་བཀོལ་སྤྱོད་བྱེད་པའི་སྦྱོང་བརྡར།
  • བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད། གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་གང་འོས་སློབ་ཚན་དུ་བཀོད་དེ་འབྲི་ཀློག་དག་གསུམ་སྦྱོང་རྒྱུ།
  • མི་དང༌། བྱ་བ། ཅ་དངོས་སོགས་ལ་སྦྱར་ཏེ་རྒྱུན་སྤྱོད་མིང་ཚིག་ཁག་ཅིག་གི་དམིགས་བསལ་བེད་སྤྱོད་བྱ་ཚུལ་ངོ་སྤྲོད།
  • དུས་རྒྱུན་འཚོ་བའི་ལས་དོན་དང་འབྲེལ་བའི་བརྗེད་ཐོ་དང༌། གཡར་འཛིན། བྱུང་འཛིན། དགོངས་ཤོག ཉིན་ཐོ་བཅས་རྒྱུན་སྤྱོད་ཡིག་རིགས་སྟབས་བདེ་འབྲི་བའི་སྦྱོང་བརྡར།
  • བྱིས་པའི་རྩོམ་ཡིག་འབྲི་དཔེའི་སློབ་ཚན་གང་ཙམ་བཀོད་སྒྲིག་བྱས་ལ་བརྟེན་ནས། སློབ་ཕྲུག་རྣམས་ཇི་བཞིན་བརྗོད་པའི་རྩོམ་ཡིག་སྟབས་བདེ་འབྲི་ཚུལ་གྱི་སྦྱོང་བརྡར་འགོ་འཛུགས།
  • དབུ་མེད་ཀྱི་ཡིག་གཟུགས་ཚུགས་ཐུང་འབྲི་བའི་སྦྱོང་བརྡར།

འཛིན་རིམ།                ལྔ་པ།            བོད་ཡིག
བསླབ་གཞིའི་ནང་དོན་གཤམ་གསལ།

  • སློབ་མའི་རིག་སྟོབས་འཚར་ལོངས་ལ་སྨན་ཞིང་བསླབ་བྱའི་རང་བཞིན་ལྡན་པའི་བོད་ཀྱི་སྲོལ་རྒྱུན་བྱིས་སྒྲུང་དང༌། ལེགས་བཤད་གཏམ་རྒྱུད། གླུ་གཞས། གཏམ་དཔེ་སོགས་གང་འོས་སློབ་ཚན་དུ་བཀོད་དེ་འབྲི་ཀློག་དག་གསུམ་དང༌། ཁྱད་པར་དུ་སློབ་ཚན་དེ་དག་གི་བརྗོད་དོན་དང་བསྟན་བྱ་གཙོ་བོ་ཕྱོགས་སྡུད་བྱ་བའི་སྦྱོང་བརྡར་སྤྲོད་རྒྱུ།
  • ལེགས་བཤད་ལྗོན་དབང་ཆ་ཚང་བློ་འཛིན་དང༌། དེ་ལས་བྱུང་བའི་སླར་བསྡུ་དང༌། ལ་དོན། ཨི་ལྡན། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་སོགས་ཀྱི་རྩ་ཚིག་ངོ་སྤྲོད་དང༌། དེ་དག་གི་གོ་དོན་བློ་ངེས་དང་དཔེར་བརྗོད་རང་ཚིག་ཐོག་འཇོག་པའི་སྦྱོང་བརྡར།
  • བྱིས་པའི་དག་ཡིག་བློ་འཛིན་དང༌། དེ་ལ་བརྟེན་ནས་འབྲི་ཀློག་དག་གསུམ་གྱི་སྦྱོང་བརྡར་འདང་ངེས་སྤྲོད་རྒྱུ།
  • རྒྱུན་སྤྱོད་མིང་ཚིག་དང་བྱ་ཚིག་སོགས་ཉུང་མཐར་ཚིག་གསར་༢༥༠ འབྲི་ཀློག་དང༌། ཚིག་གྲོགས་དང་ཚིག་སྒྲུབ་སྟབས་བདེ་བཟོ་སྟངས། དེ་དག་རྒྱུན་གཏན་སྐད་ཆའི་ནང་བཀོལ་སྤྱོད་བྱེད་པའི་སྦྱོང་བརྡར།
  • རྒྱུན་གཏན་སྐད་ཆའི་ཁྲོད་སྤྱོད་བཞིན་པའི་ཚིག་ཕྲད་དང༌། མིང་ཕྲད་སྦྲགས་མ་དཔེར་ན། ཇི་ཙམ་གྱིས་་་་་་་་་་་་དེ་ཙམ་གྱིས་་་་་་་་་༌། ཇི་སྲིད་་་་་་་་་་་་་་་་་་་་དེ་སྲིད་་་་་་་་་་་་་་་་༌། ཡིན་མོད་་་་་་་་་་་འོན་ཀྱང་་་་་་་ལྟ་བུ་བཀོལ་སྤྱོད་བྱེད་སྟངས་སྐོར་གྱི་སྦྱོང་བརྡར།
  • དུས་རྒྱུན་འཚོ་བའི་ལས་དོན་དང་འབྲེལ་བའི་ཉིན་ཐོ་དང༌། དགོངས་ཤོག གཏོང་ཡིག་བཅས་རྒྱུན་སྤྱོད་ཡིག་རིགས་རང་རྐྱ་འཕེར་བའི་ཐོག་ནས་འབྲི་བའི་སྦྱོང་བརྡར།
  • བྱིས་པའི་རྩོམ་ཡིག་འབྲི་དཔེའི་སློབ་ཚན་གང་ཙམ་བཀོད་སྒྲིག་བྱས་ལ་བརྟེན་ནས། སློབ་ཕྲུག་རྣམས་ཇི་བཞིན་བརྗོད་པའི་རྩོམ་ཡིག་སྟབས་བདེ་འབྲི་ཚུལ་གྱི་ལམ་སྟོན་དང་སྦྱོང་བརྡར་སྤྲོད་རྒྱུ།
  • དུས་རྒྱུན་སྐད་ཆ་བཤད་སྟངས་ཁྲོད་ཡ་རབས་ཀྱི་ངང་ཚུལ་ལྡན་པའི་གུས་ཞབས་དང༌། དྲི་བ་དྲིས་ལན། དགག་བཞག གཏན་ཚིགས་སྤྱོད་པའི་ལུས་ངག་གི་རྣམ་འགྱུར་དང་ནུས་རྩལ་སྦྱོང་བརྡར།
  • དབུ་མེད་ཀྱི་ཡིག་གཟུགས་ཡིག་ཆུང་ཐོག་འབྲི་བའི་སྦྱོང་བརྡར།

༢། གཞི་རིམ་འོག་མའི་རྩིས་རིག་སློབ་ཚན།
གཞི་རིམ་འོག་མའི་ནང་ལོ་ལྔར་སློབ་སྦྱོང་བྱས་པ་བརྒྱུད། སློབ་ཕྲུག་ཚོས་གྲངས་ཀྱི་གཞི་རྩའི་རྣམ་གཞག་དང་གོ་དོན་བློ་ངེས་ཐུབ་པའི་ཐོག ཧྲིལ་གྲངས་ཀྱིས་གཙོས་པའི་གྲངས་ཆ་དང་སིལ་གྲངས་བཅས་ཀྱི་ཐབས་བཞིའི་རྩིས་རྒྱག་ཁོང་དུ་ཆུད་པར་བྱས་ཏེ། འཇལ་ཚད་དང་དབྱིབས་ཚད། དུས་ཚོད། དངུལ་སྤྲོད་ལེན་སོགས་ཀྱིས་གཙོས་པའི་རྩིས་རིག་གི་གཞི་རྩའི་གོ་དོན་དང་རྣམ་གཞག་རྣམས་རྒྱུན་གཏན་འཚོ་བའི་ཁྲོད་བཀོལ་སྤྱོད་ཐུབ་པ་དགོས།
སྤྲོ་བ་འཕེལ་བ་དང༌། མ་ལག་དང་གོ་རིམ་ལྡན་པའི་སློབ་སྦྱོང་ལ་བརྟེན་ནས་སློབ་ཕྲུག་རྣམས་སྦྱང་བྱའི་རྩིས་ཀྱི་རྣམ་གཞག་བྱང་ཆུབ་པ་ཞིག་ཡོང་ཐབས་བྱ་རྒྱུ་དང༌། རང་སྟོབས་ཀྱིས་བསམ་གཞིགས་དང༌། གཏན་ཚིགས་དང་རིགས་འདེད། དབྱེ་ཞིབ། ཕྱོགས་བསྡོམས་སོགས་ཀྱི་སྒོ་ནས་སློབ་སྦྱོང་ལ་འཇུག་པར་བློ་སྟོབས་སྤེལ་དགོས།
རྩིས་རིག་སློབ་སྦྱོང་ལ་བརྟེན་ནས་སློབ་ཕྲུག་རྣམས་རིག་པའི་གནས་ལ་འཇུག་པའི་སྤྲོ་སེམས་དང༌། གསར་གཏོད། རང་འཚོའི་ལྟ་བ། གཞན་ཕན་གྱི་བསམ་བློ་དང་དེར་མཁོའི་ནུས་རྩལ་བཅས་ཀྱང་བསྐྱེད་འཛུགས་ཡོང་ཐབས་བྱ་རྒྱུ།
གཞི་རིམ་འོག་མའི་སྐབས་སུ་ཤེས་བྱའི་རྣམ་གྲངས་ཤེས་ཐབས་ཙམ་མ་ཡིན་པར། གང་བསླབ་པར་བྱ་བའི་ཤེས་བྱའི་རྩ་བ་མཐིལ་ཕྱིན་པ་ཞིག་བསླབ་པའམ། བསླབ་པའི་རྨང་གཞི་བརྟན་པོ་བསྐྲུན་པར་བྱས་ཏེ། བོད་ཀྱི་མི་རབས་གསར་པའི་རྩིས་རིག་གི་གནས་ཚད་གོང་མཐོར་གཏོང་ཐུབ་པ་བྱ་དགོས།
འཛིན་རིམ།            དང་པོ།            རྩིས་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  རིང་ཐུང༌། ཆེ་ཆུང༌། མང་ཉུང་སོགས་ཀྱི་ཐ་སྙད་སྤྱོད་སྟངས་ཀྱི་སྦྱོང་བརྡར།
  •  གྲངས་ཀའི་གོ་རིམ་དང་སྡུར་ཚུལ།
  • གྲངས་ཀ་༡ ནས་༡༠༠ བར་གྱི་གྲངས་འབྲི་ཀློག་གི་སྦྱོར་བརྡར།
  • སྡོམ་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད། གནས་གཅིག་གྲངས་ཀྱི་སྡོམ་རྩིས་རྒྱག་སྟངས།
  • འཐེན་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད། གནས་གཅིག་གྲངས་ཀྱི་འཐེན་རྩིས་རྒྱག་སྟངས།
  • གྲངས་གནས་ངོ་སྤྲོད་དང༌། གྲངས་ཀ་བཀྲམ་ནས་འབྲི་ཚུལ།
  • གཞུང་སྒྲིག་རྩིས་གཞིའི་ཐོག་ནས་༥༠ ནང་ཚུད་ཀྱི་སྡོམ་འཐེན།
  • དུས་ཚོད་དང་བཟོ་དབྱིབས་ངོ་སྤྲོད།
  • སྡོམ་རྩིས་ཀྱི་ལམ་ནས་སྒྱུར་རྩིས་ངོ་སྤྲོད།
  • གནས་གཅིག་གྲངས་ཀྱི་སྒྱུར་རྩིས་རྒྱག་སྟངས།
  • སྒྱུར་རྩིས་མན་ངག་རེའུ་མིག་ངོ་སྤྲོད་དང་བེད་སྤྱོད་བྱེད་སྟངས།
  • འཐེན་རྩིས་ཀྱི་ལམ་ནས་བགོད་རྩིས་རྒྱག་སྟངས།
  • གནས་གཅིག་གྲངས་ཀྱི་བགོད་རྩིས་རྒྱག་ཐབས།
  • རྒྱུན་གཏན་འཚོ་བའི་ཁྲོད་རྩིས་རིག་བེད་སྤྱོད་བྱེད་ཐབས་ཀྱི་སྦྱོང་བརྡར།

འཛིན་རིམ།            གཉིས་པ།            རྩིས་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  ༡༠༠༠ བར་གྱི་གྲངས་ཀ་འབྲི་ཀློག་གི་སྦྱོར་བརྡར།
  • གྲངས་གནས་གསུམ་ཅན་གྲངས་ཀའི་ངོ་སྤྲོད་དང༌། གྲངས་ཀ་བཀྲམ་ནས་འབྲི་ཚུལ།
  • ༡༠༠༠ བར་གྱི་གྲངས་ཀའི་གོ་རིམ་དང་ཆེ་ཆུང་སྡུར་སྟངས།
  •  སྡོམ་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད། གནས་གསུམ་གྲངས་ཀྱི་སྡོམ་རྩིས་རྒྱག་སྟངས།
  •  འཐེན་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད། གནས་གསུམ་གྲངས་ཀྱི་འཐེན་རྩིས་རྒྱག་སྟངས།
  •  གཞུང་སྒྲིག་རྩིས་གཞིའི་ཐོག་ནས་༡༠༠༠ ནང་ཚུད་ཀྱི་སྡོམ་འཐེན།
  • དབྱིབས་ཚད་ལས་བྱུང་བའི་གཞི་རྩ་འི་དབྱིབས་བཟོ་འགོད་བྱེད་སྟངས།
  •  སྒྱུར་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད།
  •   གནས་གསུམ་གྲངས་ལ་གནས་གཉིས་གྲངས་ཀྱིས་སྒྱུར་སྟངས།
  •  སྒྱུར་རྩིས་མན་ངག་རེའུ་མིག་བློར་འཛིན་དང་བེད་སྤྱོད་བྱེད་སྟངས།
  •   བགོད་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད།
  •   གནས་གསུམ་གྲངས་ལ་གནས་གཅིག་གྲངས་ཀྱིས་བགོད་ཐབས།
  •  གྲངས་ཆ་ངོསྤྲོད།
  •  འཇལ་ཚད་ལས་རིང་ཚད་ངོ་སྤྲོད།
  •  རྒྱུན་གཏན་འཚོ་བའི་ཁྲོད་རྩིས་རིག་བེད་སྤྱོད་བྱེད་ཐབས་ཀྱི་སྦྱོང་བརྡར།

འཛིན་རིམ།            གསུམ་པ།        རྩིས་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •   ༡༠༠༠༠ བར་གྱི་གྲངས་ཀ་འབྲི་ཀློག་གི་སྦྱོང་བརྡར།
  •  དུང་ཕྱུར་བར་གྱི་བོད་ལུགས་གྲངས་ཀ་ཀློག་སྟངས།
  •  གྲངས་གནས་དང་གནས་ཐོབ།
  •  ༡༠༠༠༠ ནང་ཚུད་ཀྱི་གྲངས་ཀའི་གོ་རིམ་དང་ཆེ་ཆུང་སྡུར་སྟངས།
  •  སྡོམ་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད། གནས་བཞི་མན་གྱི་སྡོམ་རྩིས་རྒྱག་སྟངས།
  • འཐེན་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད། གནས་བཞི་གྲངས་མན་གྱི་འཐེན་རྩིས།
  •  གཞུང་སྒྲིག་རྩིས་གཞིའི་ཐོག་ནས་༡༠༠༠༠ ནང་ཚུད་ཀྱི་སྡོམ་འཐེན།
  •  དབྱིབས་ཚད་ལས་བྱུང་བའི་གཞི་རྩའི་དབྱིབས་བཟོ་འགོད་བྱེད་སྟངས།
  •  སྒྱུར་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད།
  •  གནས་གསུམ་གྲངས་ལ་གནས་གཉིས་གྲངས་ཀྱིས་སྒྱུར་སྟངས།
  •  སྒྱུར་རྩིས་མན་ངག་རེའུ་མིག་བློར་འཛིན་དང་བེད་སྤྱོད་བྱེད་སྟངས།
  •  བགོད་རྩིས་ཀྱི་ཁྱད་ཆོས་ངོ་སྤྲོད།
  •  གྲངས་ཆ་དང་སིལ་གྲངས་ངོ་སྤྲོད།
  •  གནས་བཞི་གྲངས་ལ་གནས་གཅིག་གྲངས་ཀྱིས་བགོད་ཐབས།
  •  འཇལ་ཚད་ལས་རིང་ཚད་དང༌། ལྗིད་ཚད། ཤོང་ཚད་ངོ་སྤྲོད།
  •  རྒྱུན་གཏན་འཚོ་བའི་ཁྲོད་རྩིས་རིག་བེད་སྤྱོད་བྱེད་ཐབས་ཀྱི་སྦྱོང་བརྡར།

འཛིན་རིམ།            བཞི་པ།        རྩིས་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  རོ་མན་ཨང་ཀི་འབྲི་ཀློག་བྱེད་སྟངས།
  •  གྲངས་གནས་དང་གནས་ཐོབ།
  •  རྒྱལ་སྤྱིའི་གནས་ཐོབ་རེའུ་མིག་དང༌། རྒྱ་གར་གྱི་གནས་ཐོབ་རེའུ་མིག་ངོ་སྤྲོད།
  • ༡༠༠༠༠༠ ནང་ཚུད་ཀྱི་གྲངས་ཀའི་གོ་རིམ་དང་ཆེ་ཆུང་སྡུར་སྟངས།
  •  ༡༠༠༠༠༠ ནང་ཚུད་ཀྱི་གྲངས་ཀ་སྡོམ་འཐེན་བྱེད་སྟངས།
  •  སྒྱུར་རྩིས་ཀྱི་ཁྱད་ཆོས་དང་གནས་གསུམ་གྲངས་ལ་གནས་གཉིས་གྲངས་ཀྱིས་སྒྱུར་སྟངས།
  • བགོད་རྩིས་ཀྱི་ཁྱད་ཆོས་དང༌། གནས་ལྔ་མན་གྱི་གྲངས་ལ་གནས་གཉིས་གྲངས་ཀྱིས་བགོད་སྟངས།
  •  དབྱིབས་ཚད་ལས་བྱུང་བའི་གཞི་རྩའི་དབྱིབས་ཀྱི་གྲུབ་ཆ་སྟེ། ཚེག་དང༌། ཐིག ཟུར་སོགས་ངོ་སྤྲོད་དང༌། དེ་དག་སྤྱད་དེ་རིས་དབྱིབས་བཟོ་འགོད་བྱེད་སྟངས།
  •  གྲངས་ཆ་དང་སིལ་གྲངས་ཀྱི་སྡོམ་འཐེན།
  •  དུས་ཚོད་ངོ་སྤྲོད་དང་སྡོམ་འཐེན།
  •   འཇལ་ཚད་ལས་རིང་ཚད་དང༌། ལྗིད་ཚད། ཤོང་ཚད་ངོ་སྤྲོད།
  •   རྒྱུན་གཏན་འཚོ་བའི་ཁྲོད་རྩིས་རིག་བེད་སྤྱོད་བྱེད་ཐབས་ཀྱི་སྦྱོང་བརྡར།
  •   སྡོམ་རྩིས་རིག་པའི་སྔོན་འགྲོ་པར་རིས་ཀྱིས་གྲངས་ཐོ་མཚོན་ཐབས་ངོ་སྤྲོད།
  •   བོད་ཀྱི་སྲོལ་རྒྱུན་རྩིས་རིག་ངོ་སྤྲོད།

འཛིན་རིམ།            ལྔ་པ།            རྩིས་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  ཧྲིལ་གྲངས་ཀྱི་རྩ་བའི་རྩི་ཐབས།
  •  བགོད་གྲངས་དང་ལྡབ་གྲངས།
  •  གྲངས་ཆ་དང་སིལ་གྲངས་ཀྱི་སྒྱུར་རྩིས་དང་བགོད་རྩིས།
  •  ཆ་སྙོམས་དང་བརྒྱ་ཆ། གྲངས་ཀ་ཉེ་འགྲིལ་གཏོང་ཐབས། དེ་དག་དངོས་ཡོད་འཚོ་བའི་ཁྲོད་བེད་སྤྱོད་བྱེད་སྟངས།
  •  རྒྱུན་གཏན་འཚོ་བའི་ཁྲོད་རྩིས་རིག་བེད་སྤྱོད་བྱེད་ཐབས་ཀྱི་སྦྱོང་བརྡར།
  •  དུས་ཚོད་དང་དངུལ་སྤྲོད་ལེན་དང་འབྲེལ་བའི་རྩིས་རིག་དང་བེད་སྤྱོད།
  •  རིང་ཚད་དང༌། ལྗིད་ཚད། ཤོང་ཚད་སོགས་ཀྱི་གཞི་རྩའི་འཇལ་ཚད་ངོ་སྤྲོད་དང་བེད་སྤྱོད་བྱེད་སྟངས།
  •  དབྱིབས་ཚད་ཀྱི་རྩ་བའི་འགྲུབ་བྱེད་ཚེག་དང༌། ཐིག ཟུར་སོགས་ཀྱི་ཁྱད་ཆོས་དང་དབྱེ་བ་ངོ་སྤྲོད། དེ་དག་ལས་གྲུབ་པའི་གཞི་རྩའི་དབྱིབས་ཁག་ཅིག་བཟོ་འགོད། དབྱིབས་ཚད་ཀྱི་ཁྱད་ཆོས་དངོས་ཡོད་འཚོ་བའི་ཁྲོད་བེད་སྤྱོད་བྱེད་སྟངས།
  • ཐབས་བཞི་མཉམ་བསྲེས་རྩི་ཐབས་དང་དེའི་བེད་སྤྱོད་སྐོར་གྱི་སྦྱོང་བརྡར།
  •  སྡོམ་རྩིས་རིག་པའི་སྔོན་འགྲོའི་ཤེས་བྱ་ངོ་སྤྲོད།
  •  བོད་ཀྱི་སྲོལ་རྒྱུན་རྩིས་རིག་ངོ་སྤྲོད།

༣། གཞི་རིམ་འོག་མའི་སྤྱི་ཚོགས་རིག་གནས།
ཕྱིའི་སྣོད་ཀྱི་འཇིག་རྟེན་སྤྱི་དང༌། ཁྱད་པར་འཇིག་རྟེན་འདིའི་སྣོད་བཅུད་ཀྱི་ཆགས་རིམ་གནས་སྟངས། སྣ་མང་ཕུན་སུམ་ཚོགས་པའི་འགྲོ་བ་མིའི་སྤྱི་ཚོགས་དང་ལེགས་བྱང་ལ་ཐོས་རྒྱ་དང་གོ་རྒྱ་བསྐྱེད་པ་བརྒྱུད། སློབ་ཕྲུག་ཚོའི་རྨོངས་མུན་སེལ་ཏེ་འཇིག་རྟེན་དང་མི་ཚེའི་རིན་ཐང་གི་ལྟ་བ་ཡང་དག་པ་ཚུགས་ཐབས་དང༌། འཇིག་རྟེན་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་བསྐྲུན་ཐབས་བྱ་རྒྱུ།
བོད་ཀྱི་སྣོད་བཅུད་ཀྱི་ཆགས་རིམ་དང༌། ཡུལ་ལུང་གི་བཀོད་པ། བོད་མིའི་བྱུང་རབས་ལོ་རྒྱུས་དང་གཞིས་བྱེས་བོད་མིའི་གནས་སྟངས་སོགས་ངོ་སྤྲོད་བྱས་པ་བརྒྱུད། སློབ་ཕྲུག་རྣམས་བོད་མིའི་ཐུན་མིན་ཁྱད་ཆོས་ལ་ངེས་པ་རྙེད་པའི་སྒོ་ནས་བོད་དང་བོད་མིའི་ཐོག་དགའ་སྤོབས་བསྐྱེད་ཐུབ་པ་བྱ་དགོས།
འཛིན་རིམ།          གསུམ་པ།    སྤྱི་ཚོགས་རིག་གནས།
བསླབ་གཞིའི་ནང་དོན་གཤམ་གསལ།

  •   བོད་དང་བོད་མི། དེའི་ཁོར་ཡུག་དང་གནས་སྟངས་སྐོར་ངོ་སྤྲོད།
  •   གླིང་ཆེན་དང་རྒྱ་མཚོ། རི་ཆུ་གྲགས་ཅན་ངོ་སྤྲོད།
  •  བོད་ཀྱི་ལོ་གསར་སོགས་དུས་ཆེན་ཆེ་ཁག་ངོ་སྤྲོད།
  •  བསང་གསོལ་དང་དར་འཛུགས། ཕྱག་མཆོད་ལྟ་བུའི་བོད་མིའི་གོམས་སྲོལ་ངོ་སྤྲོད།
  •  བོད་ཀྱི་ལག་ཤེས་དང་སྒྱུ་རྩལ་ངོ་སྤྲོད།
  •  བོད་ཀྱི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད།
  •  འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ་ཀྱི་ལོ་རྒྱུས་དང་བསླབ་བྱ།
  •  བོད་ཀྱི་ཡུལ་ལུང་གི་རྣམ་པ་དང༌། ཁྱིམ་མཚེས་རྒྱལ་ཁབ་ཁག

འཛིན་རིམ།         བཞི་པ།           སྤྱི་ཚོགས་རིག་གནས།

བསླབ་གཞིའི་ནང་དོན་གཤམ་གསལ།

  •  གླིང་ཆེན་དང་རྒྱལ་ཁབ། བོད་རྒྱལ་ཁབ།
  •  བོད་ཀྱི་དུས་ཆེན་དང་རྒྱུན་སྲོལ་གོམས་གཤིས་ཁག་ཅིག་ངོ་སྤྲོད།
  •  འགྲོ་བ་མི་དང་ཁྱད་པར་བོད་མིའི་བྱུང་རབས་ལོ་རྒྱུས།
  •  བོད་ཀྱི་རྒྱལ་ས་དང་རྒྱལ་དར་སྐོར།
  •  བོད་ཀྱི་གནའ་ཤུལ་གྲགས་ཅན་ངོ་སྤྲོད།
  •  གྲགས་ཅན་མི་སྣ་ངོ་སྤྲོད།
  •  བོད་ཀྱི་སྲོལ་རྒྱུན་རིག་གནས་གང་འཚམས་ངོ་སྤྲོད།
  •  ཆོས་ལུགས་ངོ་སྤྲོད།
  •  ནང་པའི་གནས་ཆེན་ཀྱི་ངོ་སྤྲོད།

འཛིན་རིམ།    ལྔ་པ།    སྤྱི་ཚོགས་རིག་གནས།
བསླབ་གཞིའི་ནང་དོན་གཤམ་གསལ།

  • སའི་གོ་ལའི་འཕྲེད་ཐིག་དང་གཞུང་ཐིག
  • སའི་གོ་ལའི་འགུལ་བསྐྱོད་དང༌། དེ་ལ་བརྟེན་ནས་བྱུང་བའི་ཉིན་མཚན་དང་དུས་ཚིགས་འགྱུར་ལྡོག་དཔེ་སྟོན་གྱིས་ངོ་སྤྲོད།
  • ས་བཀྲ་བལྟ་སྟངས་དང༌། ས་བཀྲར་བལྟས་ནས་གླིང་ཆེན་དང་རྒྱ་མཚོ། རྒྱལ་ཁབ། ལུང་ཚན་སོགས་ཀྱི་གནས་ས་དང༌། ཆེ་ཆུང༌། ས་བབ་མཐོ་དམའ། ཚ་ཚད་སོགས་ངོས་འཛིན་ཐུབ་པ་བྱ་དགོས།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱུང་བ་དང་དེའི་གྲུབ་ཆ་མདོར་ཙམ་ངོ་སྤྲོད།
  • བཙན་བྱོལ་བོད་གཞུང་གི་བྱུང་བ་དང་དེའི་གྲུབ་ཚུལ་ངོ་སྤྲོད་མདོར་བསྡུས།
  • སྙན་གྲགས་ཅན་གྱི་མི་སྣ།
  • རྒྱ་གར་གྱི་རྒྱལ་ས་དང༌། མངའ་སྡེ་ཁག་གི་མིང༌།
  • བོད་ཀྱི་མཛེས་ལྗོངས་དང་རང་བྱུང་གཏེར་རྫས་དང་ཐོན་ཁུངས་ངོ་སྤྲོད།
  • བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་གཙོ་བོ།
  • མང་གཙོའི་ཐོབ་ཐང་དང་ལས་འགན།

༤། གཞི་རིམ་འོག་མའི་ཚན་རིག་སློབ་ཚན།
ཉེ་བའི་དུས་རབས་ནང༌། ཚན་རིག་དང་འཕྲུལ་རིག་འཕེལ་རྒྱས་ལ་བརྟེན་ནས་འཇིག་རྟེན་འདིའི་ཁོར་ཡུག་དང་འཚོ་བའི་གནས་སྟངས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེར་བརྟེན། སྐྱེ་བོ་སུ་ཡིན་ཡང་སྤྱི་ཚོགས་ནང་འཚོ་གནས་བྱ་བར་ཚན་རིག་དང་འཕྲུལ་རིག་གི་དགེ་མཚན་སྤྱོད་པ་དང་སྤྱོད་ཤེས་པར་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། གཞི་རིམ་འོག་མའི་ནང་ཚན་རིག་སློབ་ཚན་ལ་སློབ་སྦྱོང་བྱས་པ་བརྒྱུད། སློབ་ཕྲུག་ཚོས་རང་བྱུང་ཁམས་དང་རྒྱུན་གཏན་ཁོར་ཡུག་ཁྲོད་མཐོང་ཐོས་མྱོང་གསུམ་གྱི་སྣང་ཚུལ་ལ་ཡང་དག་པའི་སྒོ་ནས་གོ་རྟོགས་དང་འགྲེལ་བརྗོད་རགས་ཙམ་ཐུབ་པ་དགོས། ཚན་རིག་སློབ་ཁྲིད་ཀྱི་བརྒྱུད་རིམ་དེ་ནི་སློབ་མ་ཚོས་དངོས་ཡོད་ཀྱི་བརྟག་ཞིབ་དང༌། ཚོད་ལྟ། ཉམས་མྱོང་བཅས་ལ་བརྟེན་ནས་སློབ་སྦྱོང་བྱ་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་ཐབས་བྱས་པ་བརྒྱུད། ཁོ་ཚོའི་འཇིག་རྟེན་དང་མི་ཚེའི་བྱ་དངོས་ལ་ལྟ་བའི་རྣམ་དཔྱོད་ཀྱི་གཤོག་རྩལ་རྒྱས་པར་བྱ་དགོས།
གཞི་རིམ་འོག་མའི་ཚན་རིག་སློབ་ཚན་གྱི་གཞི་རྩ་ནི། རང་གཞན་དང་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེར་འབྲེལ་བའི་ཁོར་ཡུག་གི་གནད་དོན་ཇི་སྙེད་པའི་ཐོག་དོ་སྣང་དང་གོ་རྟོགས་སྤེལ་རྒྱུ་གཙོ་གནད་ཅིག་ཏུ་བརྩིས་ཏེ་སློབ་སྤེལ་བྱ་དགོས།
འཛིན་རིམ།             དང་པོ།        ཁོར་ཡུག་ཤེས་བྱ།
བསླབ་གཞིའི་ནང་དོན་གཤམ་གསལ།

  •    མི་དང་ཁོར་ཡུག
  •   ཁྱིམ་ཚང་དང༌། སློབ་གྲྭ སྤྱི་ཚོགས་སྐོར།
  •   ནུས་ཤུགས་དང་དེའི་འབྱུང་ཁུངས།
  •  ཆུ་དང་རླུང་གི་སྐོར།
  •   ཟས་བཅུད་དང༌། ལུས་དང་དབང་པོའི་བྱེད་ལས་ངོ་སྤྲོད།
  •  རྩི་ཤིང་དང་སྲོག་ཆགས།
  •  བོད་ཀྱི་སྲོལ་རྒྱུན་འཚོ་བའི་རྒྱུན་ཤེས་ངོ་སྤྲོད།
  •  ཡ་རབས་བཟང་སྤྱོད་ཀྱི་མི་ཚེ་སྐྱེལ་སྟངས་སྐོར།

འཛིན་རིམ།      གཉིས་པ།        ཁོར་ཡུག་ཤེས་བྱ།
བསླབ་གཞིའི་ནང་དོན་གཤམ་གསལ།

  •  སའི་གོ་ལ་དང༌། ཉི་མ། ཟླ་བ་བཅས་ཀྱི་རྒྱུན་ཤེས་ངོ་སྤྲོད།
  •  ཁྱིམ་ཚང་དང༌། གཉེན་ཚན་བྱེ་བྲག་པའི་རྒྱུན་སྲོལ་གྱི་འབོད་མིང་ངོ་སྤྲོད།
  •  འོད་དང་དེའི་ཁྱད་ནུས་དང་བེད་སྤྱོད་སྐོར་ངོ་སྤྲོད།
  •  རླུང་དང་ཆུ་སོགས་ཀྱྀ་ཁྱད་ནུས་དང་བེད་སྤྱོད་སྐོར་ངོ་སྤྲོད།
  •  རྒྱུན་གཏན་འཚོ་བའི་ཁྲོད་བདེ་འཇགས་ཡོང་ཐབས་སྐོར།
  •  སྲོག་ཆགས་དང་རྩི་ཤིང་གི་ཕན་ཡོན།
  •  གཙང་སྦྲ་འཕྲོད་བསྟེན།
  •  བོད་ཀྱི་ཆས་གོས་དང་གོམས་སྲོལ།
  •  ཡ་རབས་བཟང་སྤྱོད་ཀྱི་མི་ཚེ་སྐྱེལ་སྟངས་སྐོར།
  •  སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་ལས་ལས་མིའི་སྐོར།

འཛིན་རིམ།       གསུམ་པ།        ཚན་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  སའི་གོ་ལ་དང༌། ཉི་མ། གཟའ་སྐར་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད།
  •  རྩི་ཤིང་དང་སྲོག་ཆགས་ཀྱི་དབྱེ་བ་དང་ཁྱད་ཆོས། ཕན་ཐོགས་སྐོར།
  •  དངོས་གཟུགས་ཀྱི་རྩ་བའི་རྣམ་པ་གསུམ་དང་དེ་དག་གི་ཁྱད་ནུས། གཟུགས་འགྱུར།
  •  གནམ་གཤིས་འགྱུར་སྟངས་དང་དེའི་རྒྱུ་རྐྱེན། ཚ་འཇལ་ཡོ་ཆས་སྤྱོད་སྟངས།
  • ས་དང་སའི་ཕན་ཡོན།
  •  ཆུ་དང་རླུང། དེ་དག་མི་གཙང་བ་འགྱུར་སྟངས་ཀྱི་རྒྱུ་རྐྱེན།
  •  སྒྲའི་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད།
  •   ཆེ་ཤེལ།

འཛིན་རིམ།      བཞི་པ།            ཚན་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •  དུས་ཚིགས་བཞི་དང༌། གནམ་གཤིས་འགྱུར་ལྡོག་སྐོར།
  •  རྩི་ཤིང་དང་སྲོགས་ཆགས་སྐོར།
  •  ཉི་མ་དང༌། ཉི་མའི་ཁྱིམ་རྒྱུད། ཉི་འོད་ཀྱི་བེད་སྤྱོད་སྐོར།
  •  རྒྱུན་གཏན་ཁོར་ཡུག་ཁྲོད་མཐོང་ཆོས་སུ་ཡོད་པའི་འགྱུར་ལྡོག་ཁག
  •  ནད་དང་འཕྲོད་བསྟེན།
  •  དབང་པོའི་བྱེད་ལས་སྐོར།
  •  ཤུགས་དང༌། སྟབས་བདེའི་འཕྲུལ་ཆས་སྐོར།
  •   འོད་དང་སྒྲ་ཡི་རྒྱུན་ཤེས་སྐོར།

འཛིན་རིམ།            ལྔ་པ།            ཚན་རིག
བསླབ་གཞིའི་ནང་དོན་གཤམ་གསལ།

  •   རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཚན་རིག
  •   རྩི་ཤིང་དང་སྲོག་ཆགས་སྐོར།
  •   རླུང་དང་ཆུའི་ཁྱད་ཆོས་དང༌། ཕན་ཡོན།
  •   ནུས་པའི་གོ་དོན་དང༌། འབྱུང་ཁུངས། དབྱེ་བ། བཀོལ་སྤྱོད་བྱེད་སྟངས་སྐོར།
  •   རྒྱུན་གཏན་འཚོ་བའི་ཁྲོད་མཐོང་ཆོས་སུ་ཡོད་པའི་འགྱུར་ལྡོག་གི་སྐོར།
  •   ཁོར་ཡུག་ཅ་དངོས་ལ་སྡེ་ཚན་དབྱེ་འབྱེད་བྱེད་སྟངས་སྐོར།
  •   རྡོ་ཁབ་ལེན་གྱི་ཤུགས།
  •   རྒྱུན་གཏན་ཉེན་སྲུང་བྱ་ཚུལ་དང་ཚན་རིག་སྤྱོད་ལོག་གི་གནོད་འཚེ།

༥། གཞི་རིམ་འོག་མའི་ཟློས་གར་བསླབ་གཞི།
ཟློས་གར་ནི་གླུ་གཞས་དང༌། བྲོ་གར། རོལ་དབྱངས་སོགས་འཁྲབ་སྟོན་སྒྱུ་རྩལ་གྱི་ཁོངས་སུ་འདུ་ཞིང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཀྱང་ཡིན། གཞི་རིམ་འོག་མའི་ཟློས་གར་སློབ་ཚན་གྱི་ནང་དོན་གཙོ་བོ་ནི་བྱིས་པའི་མོས་ཁམས་དང་འཚམས་པའི་བོད་ཀྱི་སྲོལ་རྒྱུན་གླུ་གཞས་དང༌། བྲོ་གར། རོལ་དབྱངས་སོགས་དང༌། གཏམ་རྒྱུད་དང༌། རྣམ་ཐར། ལྷ་མོའི་འཁྲབ་གཞུང་སོགས་ངོ་སྤྲོད་བྱས་པ་བརྒྱུད། སློབ་མ་ཚོར་རྒྱ་ཆེ་ལ་གཏིང་ཟབ་པའི་བོད་མིའི་རིག་གཞུང་ཐོག་དགའ་སྤོབས་སྐྱེས་པ་དང༌། བོད་ཀྱི་ཐུན་མོང་མ་ཡིན་རིག་གཞུང་དང་གོམས་གཤིས་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་གཙོ་འཛིན་བྱ་རྒྱུ།
སློབ་མའི་དགའ་མོས་དང་ལྷན་སྐྱེས་ཀྱི་ཁྱད་ནུས་གཞིར་བཟུང་སློབ་སྟོན་རྒྱས་བསྡུས་འཚམས་པ་བྱས་པ་བརྒྱུད། ཁོ་ཚོའི་ཟློས་གར་ཐོག་དགའ་ཞེན་གྱི་བློ་གོང་སྤེལ་དང༌། རང་གི་ཁྱད་ནུས་རྩལ་འདོན་བྱ་བའི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་དགོས།
༦། གཞི་རིམ་འོག་མའི་བཟོ་རིག་པའི་བསླབ་གཞི།
ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་ལྟར་གཞི་རིམ་འོག་མ་ནས་བཟུང་འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པའི་བོད་ཀྱི་སྲོལ་རྒྱུན་བཟོ་རིག་དང༌། རྒྱ་གར་གྱི་སྲོལ་རྒྱུན་བཟོ་རིག གཞན་ཡང་དེ་དག་གི་ཁྱད་ཆོས་ཚང་བའི་དེང་རབས་ཀྱི་བཟོ་རིག་ཆུང་ཁག་བཅས་ས་གནས་སོ་སོའི་རྒྱུན་སྲོལ་དང་དགོས་མཁོ་ལ་གཞིགས་ཏེ་སློབ་ཚན་དུ་བཅུག་སྟེ་ཁྲིད་སྤེལ་བྱ་དགོས།
༧། གཞི་རིམ་འོག་མའི་ཀམ་པུ་ཊར་བསླབ་གཞི།
དེང་གློག་འཕྲིན་གྱི་དུས་རབས་ནང༌། སྐྱེ་བོ་སུ་ཡིན་ཡང་དེང་རབས་འཕྲུལ་རིག་གི་ལེགས་སྐྱེས་ལ་ལོངས་སུ་མི་སྤྱོད་མཁན་མེད་པས། སློབ་ཕྲུག་རྣམས་འཕྲུལ་རིག་ཐོན་རྫས་སྤྱི་དང་ཁྱད་པར་ཀམ་པུ་ཊར་གྱི་རྨང་གཞིའི་ཤེས་བྱ་བརྟན་པོ་འཛུགས་ཆེད། གཞི་རིམ་འོག་མའི་འཛིན་རིམ་བཞི་པ་ནས་བཟུང་ཀམ་པུ་ཊར་སློབ་སྟོན་དང་སྦྱོང་བརྡར་གྱི་འགོ་འཛུགས་ངེས་པར་བྱ་དགོས་ཤིང༌། དེའི་ཆེད་སློབ་གྲྭ་སོ་སོར་དགོས་ངེས་ཀྱི་མཐུན་རྐྱེན་འཛོམས་པ་བྱ་དགོས།
གཞི་རིམ་འོག་མའི་ཀམ་པུ་ཊར་བསླབ་གཞིའི་ནང་དོན་ནི། ཀམ་པུ་ཊར་གྱི་སྲ་ཆས་ཁག་དང་དེ་དག་གི་བྱེད་ལས་གཙོ་བོ་ངོ་སྤྲོད་དང༌། ཀམ་པུ་ཊར་བདག་གཅེས་དང་ཉེན་ཟོན་བྱེད་སྟངས། མཐོང་ཁྲའི་ཆ་ལག་ཁག་གི་རྨང་གཞིའི་ཤེས་བྱ། དྲན་འཛིན་ཤོང་ཚད་དང་མགྱོགས་ཚད། སྨྱུག་མཛོད། འོད་སྡེར་སོགས་ཡོ་ཆས་སྐོར། གློག་ཙིག་དང་མཐེབ་གཞུང་བེད་སྤྱོད་བྱེད་སྟངས། ཀམ་པུ་ཊར་བསད་སྤར་བྱེད་སྟངས། རི་མོར་ཚོན་གཏོང་སྟངས། རྩིས་རྒྱག་འཕྲུལ་ཆས་དང༌། Note pad, Word, Excel, Power point, Internet, Multimedia  སོགས་བཀོལ་སྤྱོད་སྟབས་བདེ་བྱེད་སྟངས། ཨིན་ཡིག་དང་བོད་ཡིག་ཡིག་རྒྱག་བཅས་གཙོ་བོར་བཟུང་ནས་སློབ་སྟོན་དང་སྦྱོང་བརྡར་བྱ་དགོས།
༨། གཞི་རིམ་འོག་མའི་ལུས་སྦྱོང་དང་རྩེད་མོའི་བསླབ་གཞི།
དེང་གི་དུས་འདིར་རྡུལ་ཕྲན་དང་རྫས་འགྱུར། བཟོ་ལས་སོགས་གོ་ལ་གཅིག་གྱུར་དང་བག་མེད་ལོངས་སྤྱོད་ཀྱི་རྗེས་སུ་འབྲངས་པའི་རླུང་འཚུབ་ཤུགས་ཆེར་ལྡང་བཞིན་པའི་གནས་སྟངས་འོག རང་བྱུང་དང་སྤྱི་ཚོགས་ཁོར་ཡུག་སྦགས་བཙོག་ལས་བྱུང་བའི་ནད་ཡམས་དང༌། སེམས་ཀྱི་དཀའ་ངལ་སྣ་ཚོགས་སྔོན་འགོག་དང་སེལ་བའི་དགེ་མཚན་ལྡན་པའི་སྲོལ་རྒྱུན་གྱི་རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་དང་དབུགས་སྦྱོང་སོགས་དང༌། ཁྲུས་རིགས། སྐུ་མཉེ། བྱུག་པ་སོགས་རང་བྱུང་ངམ་རང་བཞིན་གྱི་བཅོས་ཐབས་བྱ་བའི་ནུས་རྩལ་སློབ་སྤེལ་བྱ་དགོས། དེ་བཞིན་ཉིན་ཞག་ཕྲུགས་གཅིག་གི་ཉལ་བསྐྱོད་འདུག་གསུམ་དང༌། ལས་རྩོལ། ཟས་སྤྱོད་དང་ཀུན་སློང་བསྟེན་ཚུལ་སོགས་འཕྲོད་བསྟེན་དང་མཐུན་པའི་གོམས་གཤིས་བཟང་པོ་འཇགས་ཐབས་ཀྱི་རྒྱུན་ཤེས་འོས་འཚམས་མཁོ་སྤྲོད་བྱ་དགོས།
༩། གཞི་རིམ་འོག་མ་འཛིན་གྲྭ་བཞི་པ་དང་ལྔ་པའི་ཨིན་ཡིག་བསླབ་གཞི།
Curriculum frame work of English as second language for Primary classes (Class IV & V)
Introduction: In the present world English plays an important role in the domains of higher education, administration, business and political relations, judiciary, etc. but we are opting English as second language in the Primary classes. Our focus is for the attainment of a basic proficiency, and the development of language as an instrument for basic interpersonal communication and later for abstract thought and knowledge acquisition.  At the initial stages, English may be one of the language for learning activities designed to enhance children’s awareness of their immediate surrounding may turn out to be most productive for learning English literature in the later stage.  We understand that language learning is essentially a matter of acquiring the important skills of listening, speaking, reading and writing in an integrated manner and harnessing these skills to the performance of formal as well as informal communication tasks.
LISTENING SKILL:    In the beginning of the session, the school must provide ample opportunity to the students for the development of skill of listening. Teacher must tell stories describing about parts of body, home, market, natural environment, animal etc. to establish rapport with these environments through English language. Teacher must encourage the students to interact with teacher and among  their peer groups.
SPEAKING SKILL:     Language is a means by which people communicate.  This is the basic objective of     teaching learning language in the school.  The class should be organized in such that every child gets ample chance to communicate and express his/her feeling freely without any hesitations. Here, teacher’s role is active listener and facilitator.
READING SKILL:    To inculcate reading & integrated skills of language among the children, the subject teacher must include at least ten comprehensive units (lessons, grammar, practice exercises and     activities) which should consist of two or three sample of Drama lessons,  seven or eight Prose lessons, five/six Poems for the session.
WRITING SKILL:    To get the classes off to an early start in composition and writing skills, it may begin  with WRITING & THINKING. It will give our students a good foundation in writing  process and will show them how their thinking processes relate to writing. The subject teacher must cover the usage of  GRAMMAR  but it should not be taught in isolation.

VOCABULARY:  
  To develop above skills, a child should have rich vocabulary and this can be enriched by teaching word formation, spellings, word powers, opposites, genders, Number, part of speech, Verb forms etc.