༡།     སློབ་གྲྭར་མ་ཞུགས་སྔོན་གྱི་བྱིས་པའི་གསོ་སྐྱོང་སྐོར།
སློབ་གྲྭར་མ་ཞུགས་གོང་གི་བྱིས་པའི་འཚར་ལོངས་ནི། བྱིས་པ་སྐྱེས་པ་ཉིད་ནས་འགོ་ཚུགས་པ་ཞིག་མ་ཡིན་པར། མའི་མངལ་དུ་འཁོར་བ་ནས་བཟུང་བྱིས་པའི་ལུས་སེམས་འཚར་ལོངས་དང༌། ཕྱི་རོལ་ཡུལ་ལ་ཚོར་ཤེས་བསྐྱེད་ཚུལ་གྱི་ནུས་རྩལ་འཕེལ་རྒྱས་འགྲོ་འགོ་བརྩམས་ཡོད་པར་བརྟེན། རང་རེའི་སྤྱི་ཚོགས་ཁྲོད་སྔོན་འགྲོར་མ་ཞུགས་སྔོན་གྱི་བྱིས་པའི་གསོ་སྐྱོང་ཐོག་ཐུགས་སྣང་དང་གོ་རྟོགས་སྔར་ལྷག་སྤེལ་ཏེ། སྐབས་དེའི་སློབ་སྟོན་ཀྱི་ལྟ་གྲུབ་དང༌། ནང་དོན། ཐབས་ཇུས་གཏན་འབེབས་ཀྱིས་ལག་བསྟར་གང་མྱུར་གནང་གལ་ཆེ་བར་མཐོང༌། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་ད་སྔ་བེད་སྤྱོད་བྱེད་བཞིན་པའི་མོན་ཊེ་ས་རཱིའི་ལམ་སྲོལ་དེ་བོད་མིའི་དངོས་ཡོད་གནས་སྟངས་དང་འཚམས་མིན་ཞིབ་འཇུག་མཐིལ་ཕྱིན་གྱིས་བྱིས་པ་གསོ་སྐྱོང་གི་སྒྲོམ་གཞིའི་ལམ་ལུགས་གཏན་འབེབས་གནང་ཐུབ་བྱུང་ན། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་མ་ལག་འཐུས་གཙང་ཡོང་བ་དང༌། ལག་ལེན་གྱི་ནུས་པ་གནད་དུ་འཁེལ་བར་ཤུགས་སྣོན་ཐེབས་ཐུབ།
༢།    སློབ་ཁྲིད་ཀྱི་ཐབས་ཇུས་སྐོར།
དགེ་རྒན་ནི་མི་ཚེ་གང་པོར་བསླབ་ལ་བརྩོན་མཁན་ཞིག་དང༌། འཛིན་གྲྭའི་ནང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་སྐྲུན་མཁན། སློབ་མའི་སྒོ་གསུམ་གྱི་འཚར་ལོངས་ལ་སྣེ་འཁྲིད་མཁན་བཅས་ཡིན་སྟབས། སློབ་ཁྲིད་ཀྱི་ལག་ལེན་ཁྲོད་སློབ་མ་ཚོར་ཤེས་བྱའི་རྣམ་གྲངས་དང་ཕྱི་ཚུལ་སློབ་པ་ཙམ་མ་ཡིན་པར། ཤེས་ཡོན་གྱི་རྩ་བ་དང་ཐབས་ལམ། ལྟ་སྟངས་སོགས་རང་རྟོགས་ཀྱིས་སློབ་སྦྱོང་བྱེད་པའི་སྣེ་འཁྲིད་རམ་འདེགས་བྱེད་པ་དང་ཆབས་ཅིག་དགེ་རྒན་རང་ཉིད་ཀྱང་ཡར་རྒྱས་ཡོང་བ་བྱེད་དགོས།
༣།    ཤེས་ཡོན་སྲི་ཞུ་བའི་སྒྲིག་གྲལ་གསར་གཏོད།
ཤེས་ཡོན་སྲིད་བྱུས་ནང༌། བྱབྱསྤྱི་ཚོགས་ཞབས་ཞུ་བའི་ནང་ཤེས་ཡོན་དང་འབྲེལ་བའི་ལས་བྱེད་པའི་སྒྲིག་གྲལ་ཟུར་དབྱེ་དགོས་པ་དང༌། ལས་ཚན་དེའི་གནས་རིམ་དང་མཚན་མཐོང་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་དགོས།བྱབྱ ཞེས་པའི་འབྲུ་དོན་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་འཚམས་པའི་ཤེས་ཡོན་སྲི་ཞུ་བའི་སྒྲིག་གྲལ་ལས་ཚན་ཟུར་བཏོད་གནང་ཐུབ་པ་བྱུང་ན། ཤེས་ཡོན་གྱི་གནས་ཚད་རྩེད་ཕུད་ལྡན་པའི་གཞོན་སྐྱེས་རྣམས་དགེ་རྒན་དང་ཤེས་ཡོན་ཞབས་ཞུའི་ལས་གྲལ་དུ་འཇུག་བློ་བསྐྱེད་ནུས་ལ། སྤྱི་ཚོགས་ཁྲོད་དགེ་རྒན་གྱི་ལས་གནས་ཐོག་ཆེ་མཐོང་དང་འབྱུང་འགྱུར་མི་རབས་ཀྱི་སྤུས་ཚད་གོང་མཐོར་གཏོང་ཐུབ་ངེས་ཡིན།

༤།    ཤེས་ཚད་ཚད་འཇལ་ཐབས་ལམ།
ཤེས་ཡོན་སྲིད་བྱུས་ནང༌། གནས་སྐབས་ཀྱི་དུས་ཡུན་གང་འཚམས་རིང་ད་མུས་བཞིན་འབྲི་རྒྱུགས་བརྒྱ་ཆ་ ༥༠ འཇོག་དགོས་ཚུལ་གསལ་འདུག་ནའང༌། གཞི་རིམ་འོག་མར་ད་ཡོད་གནས་སྟངས་ལ་གཞིགས་ཏེ་གོང་གི་འབྲི་རྒྱུགས་བརྒྱ་ཆ་ ༥༠ ཞེས་པ་དེ་ཡང་མི་དགོས་པར། སློབ་མའི་ཡོངས་ཁྱབ་ཤེས་ཡོན་གྱི་གོ་རྟོགས་དང་ལག་བསྟར་གྱི་ནུས་པ་སོགས་ལ་ཉམས་ཞིབ་རྒྱུན་སྲིང་གི་ལམ་ནས་འཛིན་གྲྭ་གོང་མར་འཕོ་འོས་མིན་ཐག་གཅོད་བྱ་རྒྱུ་ལག་ལེན་བསྟར་དགོས།
༥།    བཟོ་རིག་པའི་དགེ་རྒན་འོས་སྦྱོང༌།
གཞི་རིམ་འོག་མའི་བཟོ་རིག་པའི་སློབ་ཚན་འཆར་འགོད་དང་སྦྲགས་དགོས་ངེས་མཐུན་རྐྱེན་སྦྱོར་སྤྲོད་ཀྱིས་དགེ་རྒན་རྣམས་ལ་འབྲེལ་ཡོད་བཟོ་རིག་པའི་སློབ་ཚན་སྐོར་གྱི་ཟབ་སྦྱོང་རིམ་ཅན་དུ་མཁོ་སྤྲོད་ཀྱིས་གཞི་རིམ་འོག་མའི་བཟོ་རིག་སློབ་སྟོན་གནང་ཐུབ་པ་བཟོ་དགོས།
༦།    ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་འགྲེལ་བརྗོད་དང་ལག་བསྟར་གནང་ཕྱོགས་ལམ་སྟོན་དེབ་ཆུང་རྩོམ་སྒྲིག་ལས་རིམ།
གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཞིབ་ཅིང་ཕྲ་བ་བོད་མིའི་སྤྱི་ཚོགས་སྤྱི་དང༌། ཁྱད་པར་གཞི་རིམ་སློབ་ཁག་ཏུ་ལག་ལེན་དོན་འཁེལ་ཡོང་ཐབས་སླད། སྲིད་བྱུས་ཀྱི་ནང་དོན་བྱེ་བྲག་ཁག་ལ་དམིགས་ཕིག་པའི་འགྲེལ་བརྗོད་དང༌། དོན་དངོས་ལག་ལེན་དུ་བསྟར་ཕྱོགས་སྐོར་གྱི་དེབ་ཆུང་དུ་མ་རྩོམ་སྒྲིག་གིས་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་དང་དྲིལ་བསྒྲགས་རྒྱ་ཆེར་གནང་རྒྱུ་དགོས་གལ་ཆེ་བར་མཐོང༌།
༧།    བསླབ་གཞིའི་རྩ་འཛིན་ལག་ལེན་བསྟར་ཕྱོགས་ཀྱི་གསལ་བཤད།
འདིར་འཁོད་བསླབ་གཞིའི་ནང་དོན་དང་རྩ་འཛིན་རྣམས་དངོས་ཡོད་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ངེས་པར་ལག་ལེན་བསྟར་དགོས་པ་སྨོས་མེད་ཀྱང༌། སློབ་དེབ་རྩོམ་སྒྲིག་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་རྩ་འཛིན་འདིའི་དགོངས་དོན་མ་ལུས་པའི་ཐོག དངོས་ཡོད་གནས་སྟངས་དང་འཚམས་པའི་བསླབ་གཞིའི་ནང་དོན་དགོས་ངེས་ཁག་འཕར་མའམ་ཁ་སྣོན་གྱི་ཚུལ་དུ་སྣོན་འཇུག་བྱ་རྒྱུར་སྐུལ་མ་འདེབས་རྒྱུ་ཡིན།