(ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༢༢ ཉིན)

ཤེས་བྱ་ཡོན་ཏན་དང༌བདེན་པའི་ལག་ཆ་དེ་འཁྱེར་ཏེ་ཐབས་མཁས་ཀྱི་ཐོག་ནས་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་བྱེད་དགོས།

དེ་རིང་འདིར་མ་སུ་རི་སློབ་གྲྭར་ཡོད་པའི་ཕྲུ་གུ་ཚོ་གཙོ་བོར་བྱས། རྒྱ་བོད་དགེ་རྒན་དང༌། དེ་བཞིན་ལས་བྱེད་ཚོ་དང༌། མི་མང་གང་ལ་གང་འཚམ་སླེབས་པ་བཅས་ཁྱེད་ཚོ་ཚང་མར་ཞུ་རྒྱུ་ལ། ང་ཚོ་ཡང་བསྐྱར་འཁྱུག་ཙམ་ཐུག་རྒྱུའི་གོ་སྐབས་བྱུང་བ་ལ་ང་རང་ཡང་དགའ་པོ་བྱུང༌། ཁྱེད་ཚོའང་དགའ་པོ་ཡོང་གི་རེད།

༡༩༥༩ ལོའི་སྤྱི་ཟླ་བཞི་པའི་ཟླ་མཇུག་ནས་༡༩༦༠ ཐམ་པའི་ཟླ་བ་ལྔ་པ་བར་ལོ་གཅིག་ཙམ་རིང་ང་ས་ཆ་འདིར་བསྡད་པ་རེད། དེ་ནས་ང་ཚོས་སློབ་གྲྭ་དང་པོ་འདིར་བཙུགས། ཕྲེང་རིང་གི་སྤོ་བོ་ལགས་དང༌། རྨོ་མོ་ལགས་གཉིས་ཀྱིས་འགན་གཙོ་བོ་བཞེས་ཏེ་སློབ་གྲྭ་འདི་སྤུས་དག་ཤོས་ཆགས། དེ་དུས་ཀྱི་ལས་ཀ་བྱེད་མཁན་རྒན་པ་ཁ་ཤས་ད་ལྟ་བསྡད་ཡོད། ས་ཆ་འདིར་ཐེངས་མང་པོ་སླེབས་ཏེ་རྒྱུས་ཡོད་ཆགས་དུས། ད་གིན་འདིར་སླེབས་སྐབས་སྔ་མོ་རྒྱུས་ཡོད་ཀྱི་ས་ཆ་ཞིག་ལ་སླེབས་པའི་སྣང་བ་ཤུགས་ཆེན་པོ་དང༌། ད་གིན་ལྷ་ཁང་ནང་དུ་གོམ་པ་སྤོས་པ་དང་ཕྲེང་རིང་སྤོ་བོ་ལགས་ཀྱི་གདོང་དེ་ལྷང་ངེར་སྣང་བ་ལ་ཤར་བྱུང༌། ཁོང་འདས་ཚར་བ་རེད། གཞན་བྱེད་ཐབས་མེད་ཀྱང་སྨོན་ལམ་ཞིག་བརྒྱབ།

ཁོང་ནི་མི་སྤྱི་སེམས་ཅན་ཞིག་དང༌། མི་སེམས་བཟང་ཞིག་རེད། ཧ་ལམ་བག་ཆགས་བཟང་པོ་དང་སྐྱེ་གནས་བཟང་པོའི་མི་ཞིག་རེད་ཅེས་བཤད་ཐུབ་ཀྱི་རེད།

ང་བོད་ནས་ཕྲེང་རིང་སྤོ་བོ་ལགས་རྒྱུས་མངའ་ངོ་ཤེས་ཡིན། ཕྲེང་རིང་སྤོ་བོ་ལགས་ཀྱིས་ང་ལ་ལྐོག་ཏུ་ཨིན་ཇི་ཕྲན་བུ་བསླབ་པ་རེད། གཙོ་བོ་ནོར་གླིང་དུ་མེ་ཏོག་ལྡུམ་ར་བཟོ་བར་ཡོང༌། ཞོར་ལ་ཨིན་ཇིའི་སློབ་དེབ་ཀློག ཕྲེང་རིང་སྤོ་བོ་ལགས་ཀྱིས་ཁྱེད་རང་ཚོ་ཕྲུ་གུ་མང་པོའི་དགེ་རྒན་བྱས་པས་མ་ཚད། ྋརྒྱལ་བ་རིན་པོ་ཆེར་ཨིན་ཇི་སློབ་པའི་དགེ་རྒན་ཡང་བྱས་པ་རེད།

ཕྲེང་རིང་སྤོ་བོ་ལགས་ཁོང་རང་གི་མིའི་གཤིས་ཀ་དེ་ཧ་ལམ་སྡུག་པ་ཤོད་མ་མྱོང་བ་ལྟ་བུ་རེད། གནས་ཚུལ་གང་ཡང་ཡོང་གི་ཡོད་ཀྱང་མི་གཞན་ལ་མ་འགྲིགས་མ་འཐུས་པ་མི་ཤོད་མཁན་གྱི་མི་ཡ་རབས་དང༌། སེམས་བཟང་པོ། ཡག་པོ་ཞིག་རེད། གཉིས་ནས་སྔ་མོ་བོད་ལ་ཡིན་ན་ཕྲེང་རིང་ཁོང་ཚོའི་གྲས་ཀླད་པ་དཀར་པོའི་གྲལ་ལ་བརྩིས་ཏེ་ཆོས་དད་ཨེ་ཡོད་ཟེར་མཁན་ཡོད་ཀྱང༌། དོན་ལ་ཁོང་རང་ཆོས་དད་ཧ་ཅང་ཆེན་པོ་ཡོད། གཙོ་ཆ་ཤོས་ཁོང་གིས་བོད་སྤྱི་དོན་ལ་ལས་ཀ་ཧུར་ཐག་བྱས་ཏེ་བསོད་ནམས་ཆེན་པོ་བསགས་ཡོད་པས་སྐྱེ་གནས་བཟང་པོ་ཞིག་ཡོང་རྒྱུ་ཡིན་པ་ཐག་ཆོད་པ་རེད། ངས་དེ་འདྲ་དྲན་བྱུང་ལ་བསམ་བློའི་ནང་ལ་ཚོར་སྣང་ཤུགས་ཆེ་བྱུང༌།

ཐོག་མར་སློབ་གྲྭ་འདི་ཚུགས་སྐབས་ཀྱི་ཕྲུ་གུ་ཕོ་གསར་དེ་ཚོ་དང་སང་མི་རྒན་ཆགས་ཡོད་པ་དང༌། དེའི་ནང་ནས་གང་འཚམ་ཞིག་འདས་གྲོངས་སུ་ཕྱིན་ཡོད། ཡང་དེའི་ནང་ནས་ཁ་ཤས་དེང་སང་ལས་འགན་འཁྱེར་མུས། དཔེར་ན། ཁྲིམས་ཞིབ་པ་མདོ་སྔགས་ལགས་དེ་དུས་ཕྲུ་གུ་ལྔ་བཅུ་ཐམ་པའི་གྲས་རེད།

ང་ཚོའི་སློབ་གྲྭ་འདི་ཚུགས་ལོ་སྔ་ཤོས་རེད། ཕལ་ཆེར་ལོ་༣༨ འགྲོ་གི་ཡོད། ས་གནས་ཀྱི་བབ་ནས་འདི་ཁུལ་སློབ་གྲྭ་གཞན་དག་མང་པོ་ཡོད་སྟབས་ཕན་ཚུན་རྩེད་མོའི་འགྲན་སྡུར་བྱེད་རྒྱུས་མཚོན་པའི་ཕར་ཚུར་མིག་ལྟོས་བྱེད་ས་ཡོད་པ་དེའི་ཐོག་ནས་ང་ཚོར་ཕན་ཐོགས་བྱུང་ཡོད། གང་ལྟར་ཡང་སྙིང་ང་རང་ཚོས་འགོ་འཛུགས་བྱས་པའི་སློབ་གྲྭ་འདི་ཡག་ཤོས་ཤིག་ཆགས་ཡོད། ད་ལྟ་བར་དུ་སློབ་གྲྭ་འདིའི་ཐོག་ལ་དཀའ་ལས་རྒྱག་མཁན་ད་ཆ་མིང་ཙམ་ལྷག་པ་གང་ལ་གང་འཚམ་ཡོད་པ་འདི་དག་གི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་ལ། ང་ཚོས་ཁོང་ཚོའི་དྲིན་དྲན་པའི་ཐོག་ནས་སྨོན་ལམ་རྒྱག་རྒྱུ་གལ་ཆེན་པོ་རེད། ངས་ཀྱང་སྨོན་ལམ་རྒྱག་གི་ཡོད།

དེ་བཞིན་དུ་ད་ལྟ་འདིར་འཚོ་ཞིང་གནས་ཏེ་དཀའ་ལས་རྒྱག་མཁན་ཚོས་ཀྱང་མི་ཐོག་རྙིང་པ་རྫོགས་ཀྱིན་རྫོགས་ཀྱིན་ལ་མི་ཐོག་གསར་པས་མཇུག་མཐུད་ཀྱིན་མཐུད་ཀྱིན་བྱས་ཏེ་ད་ལྟ་འདིར་དངོས་སུ་ལས་འགན་འཁྱེར་མཁན་ཚོ་དང༌། དགེ་རྒན་རྣམ་པ་ཚོ་ཚང་མས་ཧུར་ཐག་བྱས་ཏེ་གྲུབ་འབྲས་མིག་གིས་མཐོང་རྒྱུ་ཡོད་པ་བྱུང་ཡོད། དུས་རྒྱུན་ལས་ཀའི་ཐོག་ལ་ངོ་ལྐོག་དང༌། ཚགས་ཚུད་མེད་པ། ཉིན་མ་གང་འཁྱོལ་བྱས་པ་ཡིན་ན་གྲུབ་འབྲས་ཐོན་མི་ཐུབ། ཁྱོད་ཚོ་ཚང་མས་རྒྱུན་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པས་དེ་རིང་ཐུགས་རྗེ་ཆེ་ཟེར་གྱི་ཡིན།

དེ་རིང་འདིར་རྒྱ་གར་གྱི་དགེ་རྒན་ཚོ་ལ་ངས་དམིགས་བསལ་ཞུ་རྒྱུ་ལ། བོད་པའི་གཞིས་ཆགས་ནང་ལ་ཡོད་པའི་རྒྱ་གར་དགེ་རྒན་ཚང་མར་ངས་རྟག་པར་བཤད་ཀྱི་ཡོད། ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ཏེ་བསྡད་ཡོད། རྒྱ་གར་དགེ་རྒན་ཚོ་བཙན་བྱོལ་བ་མིན་ན་ཡང་བོད་པ་བཙན་བྱོལ་པའི་སྤྱི་ཚོགས་ཀྱི་སློབ་གྲྭའི་ནང་ལ་ལས་འགན་འཁྱེར་ཏེ་བསྡད་པའི་རིང་འདིར་ཁྱེད་ཚོ་ཡང་བཙན་བྱོལ་བའི་བཟོ་འདྲ་པོ་ཆགས་ཡོད། ཡང་དགེ་རྒན་ཁ་ཤས་ལས་ཀར་སེམས་ཁུར་དེ་ཙམ་མེད་པ། དཔེར་ན། སྔོན་མ་འཛིན་གྲྭའི་ནང་ཨུ་སུ་བསླས་ཏེ་སྡོད་ཀྱི་འདུག་ཟེར་བ་དེ་འདྲ་བྱུང་ཡོད། དེ་འདྲ་རེ་ཟུང་ཡོང་སྲིད་པ་རེད། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་མཐུན་རྐྱེན་འཛོམས་མིན་གྱི་དཀའ་ངལ་མང་པོ་ཞིག་གི་འོག་སོ་སོའི་མི་ཚེའི་དྭངས་མ་དེ་རྣམས་བོད་པའི་སྤྱི་ཚོགས་ནང་བསྐྱལ། ཚང་མས་བོད་པའི་ཐོག་ལ་ཞབས་འདེགས་ཧུར་ཐག་ཞུས་པའི་གྲུབ་འབྲས་ཀྱང་སྔོན་ལ་སློབ་གྲྭ་མཐོ་པོ་ཐོན་ཡོད་མིན་ལ་མ་ལྟོས་པར་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་བོད་ཕྲུག་ན་གཞོན་མང་བ་རྣམས་སློབ་གྲྭ་འགྲིམས་མྱོང་བ་ཤ་སྟག་ཆགས་ཡོད་པ་དང༌། དེ་ལྟར་ཡིག་རྨོངས་སེལ་བས་མ་ཚད། བོད་ཡིག་དང༌། ཨིན་ཇི། ཧིན་དི་བཅས་གང་ལ་གང་འཚམ་ཤེས་མཁན་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ཆགས་པ་འདི་ཁྱེད་ཚོ་རྒྱ་གར་དགེ་རྒན་ཚོས་ལོ་༣༧-༣༨ རིང་ལ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཡིན་པས། ཁྱེད་ཚོ་རྒྱ་གར་དགེ་རྒན་ཚོ་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་དངོས་གནས་བོད་སྤྱི་དོན་ལ་ཞབས་འདེགས་ངེས་ཅན་ཞིག་ཞུས་ཡོད། ཁྱེད་ཚོའི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་ཀྱི་མ་རེད།
ང་ཚོས་ད་ལྟ་ཁྱེད་ཚོའི་བཀའ་དྲིན་གསོབ་ཐབས་མི་འདུག་སྟེ། མ་འོངས་པར་བོད་རང་དབང་ཐོབ་སྟེ་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་སུ། བོད་ས་མཐོ་བས་དབུགས་མ་འདང་བའི་དཀའ་ངལ་མ་བྱུང་ན་ཁྱེད་ཚོ་ལྷ་སར་ཡོང༌། སྟོད་གངས་རིན་པོ་ཆེ་སོགས་མཇལ་བར་ཕྱིན། བོད་ནང་ཁུལ་དུ་འགྲོ་སོང་གཏོང་མི་དགོས་པའི་དམིགས་བསལ་འབུལ་གྱི་ཡིན། ཁྱེད་ཚོར་ཆ་བཞག་ན་མི་ཚེ་དར་མའི་དུས་ཚོད་བོད་པའི་སྤྱི་ཚོགས་ནང་བསྡད་པ་རེད། ད་ཆ་ང་ཚོ་ག་ལེ་ག་ལེར་རྒས་ཤིང་འཁོགས་པའི་མི་ཆགས་ཀྱི་རེད། ང་ཚོ་ཕན་ཚུན་དམིགས་བསལ་གྱི་འབྲེལ་བ་ཆགས་པ་དེ་རྩ་བ་ཆེན་པོ་རེད། ང་ཚོ་བོད་པའི་གཤིས་ཀར་ཕན་ཚུན་གྲོགས་པོ་ཞིག་ཆགས་ཚར་བའི་རྗེས་ལ་གྲོགས་པོའི་འདུ་ཤེས་མ་དོར་བ་བྱ་རྒྱུ་ང་ཚོས་གལ་ཆེན་པོར་བརྩི་གི་ཡོད་པར་བརྟེན། ཁྱེད་ཚོའི་བཀའ་དྲིན་ང་ཚོས་དུས་ནམ་ཡང་བརྗེད་ཀྱི་མ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན།

སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་ཤེས་པའི་ཐོག་ནས་ཧུར་ཐག་བྱེད་དགོས།

དེ་ནས་དེ་རིང་གཙོ་བོ་སློབ་ཕྲུག་ཚོར་ཐུག་གི་ཡོད་པ་ཡིན་སྟབས། ངས་ད་ལྟ་བཤད་པ་བཞིན་མིའི་སྒྲིག་འཛུགས་སམ། མིའི་སྤྱི་ཚོགས་ནང་མི་གསར་པ་ཡོང་གིན་ཡོང་གིན་དང་རྙིང་པ་རྫོགས་ཀྱིན་རྫོགས་ཀྱིན་བྱེད་པ་འདི་ཆོས་ཉིད་རེད། ཡིན་ན་ཡང། མིའི་སྤྱི་ཚོགས་དེ་མུ་མཐུད་ནས་གནས་དགོས་ཀྱི་ཡོད། དཔེར་ན། ས་འོག་ནས་ཐོན་པའི་གནའ་རབས་ཀྱི་དངོས་རིགས་དེ་འདྲའི་ཐོག་ནས་ཚོད་དཔག་བྱས་པའི་ནང་བོད་ཀྱི་སྤྱི་ཚོགས་འདི་ཆགས་ནས་ས་ཆ་ཁ་ཤས་ལོ་བཞི་སྟོང༌དང། ས་ཆ་ཁ་ཤས་ལ་ལོ་དྲུག་སྟོང༌། ས་ཆ་ཁ་ཤས་ལོ་བརྒྱད་སྟོང་ཙམ་ཕྱིན་པའི་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད།

སྟོད་གངས་རིན་པོ་ཆེའི་ཉེ་འཁྲིས་ས་ཁུལ་གཅིག་ནས་རྡོའི་སྒང་ལ་སེམས་ཅན་གྱི་གཟུགས་བརྙན་བྲིས་པ་ཞིག་ཐོན་པ་དང༌། དེའི་རི་མོའི་ཐོག་ཞིབ་འཇུག་བྱེད་སྐབས། ཨོ་སི་ཀྲ་ལི་ཡ་ཁུལ་ཡོད་པའི་རྡོ་ལ་རི་མོ་བྲིས་པ་དང་འདྲ་པོ་ཡོད་པ། དེ་འདྲའི་ཐོག་ནས་ཉམས་ཞིབ་བྱེད་དུས་ལོ་ཆིག་ཁྲི་ཉིས་སྟོང་ཙམ་ཕྱིན་པ་རེད་ཟེར་གྱི་འདུག གང་ལྟར་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིའི་ནང་ལ་ལོ་ཁྲི་ལྷག་ཙམ་གོང་ནས་མིའི་སྤྱི་ཚོགས་བྱུང་བ་ཡིན་པ་རེད།

ད་ལྟའི་དུས་སྐབས་འདིར་ང་ཚོའི་བོད་མི་རིགས་འདི་དཀའ་ངལ་ཆེན་པོ་ཞིག་གི་འོག་ལ་བསྡད་ཡོད། འདིར་སློབ་གྲྭ་བ་ཕྲུ་གུའི་ནང་བོད་ནས་གསར་འབྱོར་ཕྲུ་གུ་ཅི་ཡོད་ཁྱོད་ཚོས་ལག་པ་རྐྱོངས་དང༌། ཁྱེད་ཚོས་ཤེས་གསལ་རེད། སོ་སོའི་ཕ་མ་ཚོའི་གནས་སྟངས་གང་འདྲ་བྱས་ནས་སྡོད་དགོས་ཀྱི་འདུག ཞེད་སྣང་གི་འོག་ལ་སེམས་ལ་ཡོད་པའི་སྐད་ཆ་ཁ་ནས་འདོན་ས་མེད་པ། བོད་མི་ནང་ཚགས་ཐུག་འཕྲད་སྐབས་སུ་ཡང་སྐད་ཆ་བཤད་སྐབས་མིག་ཕར་ལྟ་ཚུར་ལྟ་མང་པོ་བྱེད་དགོས་པ་རྟག་པར་ཡོང་གི་འདུག སྙིང་རྗེ། བོད་ནས་ཡོང་མཁན་ཚོས་ང་ཐུག་པར་ཡོང་དུས་ང་སྡོད་སའི་ཁང་པའི་ནང་ལ་ཕར་ལྟ་ཚུར་ལྟ་བྱེད་དགོས་པ་མེད་ན་ཡང༌། བོད་ནང་གི་བག་ཆགས་དབང་གིས་ངའི་ཡིག་ཚང་ནང་ང་ལ་སྐད་ཆ་བཤད་དུས་ཀྱང་ཕར་ལྟ་ཚུར་ལྟ་མང་པོ་བྱེད་ཀྱི་འདུག བོད་ནང་ཞེད་སྣང་ཆེན་པོའི་འོག་ལ་སྡོད་དགོས་པས་མ་ཚད་པར། བོད་མི་རིགས་རིག་གཞུང་བཅས་པ་རྩ་བརླག་འགྲོ་རྒྱུའི་དུས་མཚམས་ལ་སླེབས་ཡོད་པ་རེད།

དེ་འདྲའི་དུས་ཚོད་ལ་ང་ཚོ་བཙན་བྱོལ་བ་རྣམས་འགྱེལ་ས་ནས་ལང་རྒྱུའི་བསམ་བློ་བཏང་ནས་བསྡད་ཡོད། འགྱེལ་ས་ནས་ལངས་ཟེར་བ་དེ་ཡང་ཤེས་བྱ་ཡོན་ཏན་གྱི་ཐོག་ནས་ང་ཚོར་བདེན་པ་ཡོད་པ་དང༌། བདེན་པའི་ལག་ཆ་དེ་འཁྱེར་ཏེ་ཐབས་མཁས་ཀྱི་ཐོག་ནས་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་བྱེད་དགོས།

ང་ཚོ་འདིར་བོད་པའི་ཕྲུ་གུ་ཚོས་སློབ་སྦྱོང་བྱེད་པ་འདི་དང༌། སྤྱིར་བཏང་གི་ཕྲུ་གུ་སོ་སོའི་མི་ཚང་དང༌། མི་ཚེ་གཅིག་གི་དོན་ལ་སློབ་སྦྱོང་བྱེད་པ་གཉིས་མི་འདྲ་བ་ཡིན། དཔེར་ན། རྒྱ་གར་ནང་སློབ་ཕྲུག་ས་ཡ་མང་པོ་ཡོད་པ་དེ་དག་སོ་སོའི་མི་རིགས་ལ་དེ་ཙམ་ཛ་དྲག་གི་གནས་ཚུལ་གང་ཡང་མེད། ང་ཚོ་བོད་པའི་ཕྲུ་གུ་སོ་སོའི་ཁྱིམ་ཚང་གཅིག་དང༌། མི་ཚེ་གཅིག་གི་དོན་ལ་བསམ་བློ་བཏང་ན་བསམ་བློ་དེ་མ་འདང་བ་ཡིན། ང་ཚོ་བོད་མི་རིགས་རིག་གཞུང་དང་བཅས་ཆགས་འཇིག་གི་མཚམས་ལ་སླེབས་པའི་དུས་ཚོད་ཅིག་ཡིན་པར་བརྟེན། ཁྱེད་ཚོས་སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་གང་ཡིན་པ། དགོས་པ་གང་ཡིན་པ་ཤེས་པའི་ཐོག་ནས་སློབ་སྦྱོང་ཧུར་ཐག་བྱེད་དགོས། རང་དབང་ལུང་པའི་ནང་གི་ཕྲུ་གུ་ཚོས་ཟླ་གཅིག་གི་སློབ་ཚན་དེ་དངོས་གནས་བྱས་ན་ང་ཚོ་བོད་པའི་ཕྲུ་གུ་ཚོས་ཉི་མ་བཅོ་ལྔ་ཉི་ཤུའི་ནང་ལ་ཤེས་ཐུབ་པ་བྱེད་དགོས། གང་ཡིན་ཟེར་ན་ང་ཚོའི་གནས་སྟངས་ཧ་ཅང་ཛ་དྲག་གི་འོག་ལ་གནས་ཡོད་པས། ཁྱེད་རང་ཚོས་སློབ་སྦྱོང་གི་ཐོག་ལ་ཤུགས་བརྒྱབ། རིག་པ་བསྒྲིམས་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱེད་རོགས་ཟེར་རྒྱུ་ཡིན། ཤེས་སོང་ངམ།

བསམ་བློ་གཏོང་རྒྱུའི་ནུས་པ་དེ་ཆེ་རུ་གཏོང་ཐབས་ཐོག་ལ་སློབ་སྦྱོང་བྱེད་དགོས།

དེ་ནས་ང་ཚོ་མི་ཡི་རིགས་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་ནུས་པ་ཞིག་རང་ཆས་སུ་ཡོད་པ་རེད། ང་ཚོ་མི་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་རང་བཞིན་ཡོད་པ་དེའི་ནུས་པ་གོང་ནས་གོང་དུ་སྤེལ་ཐབས་སུ་སློབ་སྦྱོང་སྤྲོད་ཀྱི་ཡོད། སློབ་དེབ་ནང་ལ་ཡོད་པ་དེ་རྣམས་བློ་འཛིན་གྱིས་རྒྱུགས་སྤྲོད་བྱས་པ་ཙམ་ལས། སློབ་ཚན་ནང་གི་དོན་དག་གང་ཡིན་མགོ་མ་འཚོས་ན་ཡི་གེ་དཔར་བཤུས་བརྒྱབ་པ་ལྟ་བུ་དང། དོན་དག་བསམ་བློའི་ནང་ལ་མ་སླེབས་ན་སློབ་སྦྱོང་གི་དགོས་དོན་མ་ཚང་བ་རེད། སློབ་སྦྱོང་གི་དགོས་དོན་ནི་བསམ་བློ་གཏོང་སྟངས་དང༌། ཐབས་ཤེས་སྤྲོད་སྟངས་མང་པོ་ཞིག་སློབ་སྦྱོང་ཐོག་ནས་ཤེས་པ་དེ་ལྡེ་མིག་ལྟ་བུ་བྱས། ལྡེ་མིག་དེས་ང་རང་ཚོའི་རང་བཞིན་བསམ་བློའི་ནང་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་ནུས་པའི་སྒོ་ལྕགས་ལྟ་བུ་དེ་ཕྱེ་ནས་སྤྱི་ཚོགས་ནང་ཕན་བདེ་རླབས་ཆེན་པོ་བསྒྲུབ་དགོས།

འཛམ་གླིང་འདིའི་ཕྱི་ནང་ཕན་ཚུན་གང་དུ་བལྟས་ན་ཡང་གནས་ཚུལ་འདི་འདྲ་ཞིག་རེད་འདུག འདིའི་དོན་འདི་འདྲ་རེད་བསམ་པའི་རང་བཞིན་རྣམ་དཔྱོད་ཀྱི་ཐོག་ནས་རྟོགས་ཐུབ་པ་དང༌། བཤད་ཤེས་པ་དགོས་ཀྱི་འདུག དཔེར་ན་ང་ལ་ཆ་བཞག་ན། མཚན་ཉིད་དང༌། ནང་པའི་གཞུང་གང་འཚམ་བལྟས་པ་ལས་སློབ་སྦྱོང་གཞན་དག་གང་ཡང་བྱས་མེད། དཔེ་ཆ་ལྟ་སྟངས་ལ་མཚོན་ན་དཔེ་ཆ་སློབ་འཁྲིད་བྱས་པ་དེ་གཅིག་པུའི་དོན་ཤེས་ཏེ་འགྲེལ་བཤད་བྱེད་ཐུབ་ན་ཡང༌། སྔར་མཐོང་མ་མྱོང་བའི་དཔེ་ཆ་གཞན་ཞིག་ལ་འགྲེལ་བཤད་རྒྱག་མ་ཤེས་ན་དེ་དཔེ་ཆ་ལྟ་སྟངས་ཡག་པོ་མ་བྱུང་བ་རེད། བསླབ་པའི་དཔེ་ཆ་དེས་ལྡེ་མིག་ལྟ་བུ་བྱས་ཏེ་དཔེ་ཆ་གཞན་གང་འདྲ་ཞིག་མཐོང་ན་ཡང་དེའི་དོན་དག་ཤེས་ཐུབ་པ་བྱུང་ན་སློབ་སྦྱོང་ཡག་པོ་བྱུང་བའི་རྟགས་རེད། སློབ་ཚན་བྱེ་བྲག་པ་ཞིག་གི་ཐོག་ནས་བློ་གྲོས་ཀྱི་སྒོ་ཕྱེ་སྟེ་སྔར་ཕན་སློབ་སྦྱོང་མ་བྱས་པའི་དོན་ལ་དཔྱད་ཐུབ་པ་དང༌། རྣམ་དཔྱོད་གོང་དུ་འཕེལ་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། སློབ་ཚན་ནང་གི་དོན་དག་བློ་འཛིན་བྱས་པ་ལྟ་བུ་ལ་ངོ་མཚར་ཆེ་རྒྱུ་གང་ཡང་མེད། གང་ལྟར་ང་ཚོའི་བསམ་བློ་གཏོང་རྒྱུའི་ནུས་པ་དེ་ཆེ་རུ་གཏོང་ཐབས་ཐོག་ལ་སློབ་སྦྱོང་བྱེད་དགོས།

དེང་སང་ང་རང་ཚོ་བོད་ནང་ལ་རྒྱ་མིའི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་ཐོག་མཐོང་ཆུང་ཁྱད་གསོད་བྱས་པས་མ་ཚད། ཇི་སྲིད་བོད་ཀྱི་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་དེ་གནས་པ་དེ་སྲིད་དུ་བོད་ཁ་བྲལ་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བལྟས་ཏེ་ཧ་ལམ་འཆར་གཞི་ལྡན་པའི་ཐོག་ནས་མེད་པ་བཟོ་རྒྱུའི་རྣམ་འགྱུར་ཐོན་གྱི་འདུག དེ་འདྲ་ཞིག་གི་དུས་ཚོད་ལ་ང་ཚོ་བཙན་བྱོལ་བའི་སློབ་ཕྲུག་ཚོས་བོད་ཡིག་དང༌། ང་ཚོའི་བོད་ཀྱི་རིག་གཞུང་ལ་དམིབས་བསལ་གྱི་དོ་སྣང་བྱས་ཏེ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་འདུག

སྐབས་རེར་ང་ཚོ་རྒྱ་གར་ནང་གི་སློབ་གྲྭའི་བོད་ཡིག་གི་གནས་ཚུལ་ཞན་པོ་ཡོད་པའི་གནས་ཚུལ་ཐོན་པ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོས་བོད་ནང་དུ་ང་ཚོའི་ཆོས་དང་རིག་གཞུང་རྩ་མེད་འགྲོ་གི་འདུག་ཅེས་འཛམ་གླིང་གི་སྒང་ལ་སྐད་འབོད་བྱེད་ཀྱི་ཡོད་ཀྱང༌། རང་དབང་ལུང་པའི་ནང་ལ་ཡོད་པའི་བོད་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་དང༌། དང་དོད་མ་བྱས་པར་བོད་པའི་ཤེས་ཚད་དང་རིག་གཞུང་སྐྱོ་པོ་ཆགས་པ་ཡིན་ན་རྒྱ་མིར་བཤད་ས་གང་ཡང་བསྡད་མ་སོང་ངམ། དེས་ན་ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་སློབ་ཕྲུག་ཁྱེད་རང་ཚོས་དམིགས་བསལ་གྱི་བོད་ཡིག་ལ་དོ་སྣང་བྱེད་དགོས།

སྤྱི་ཚོགས་ནང་ལ་བྱམས་བརྩེ་དང་ལྷག་བསམ་ལྡན་པའི་ཤེས་ཡོན་ཅན་ཞིག་དགོས།

དེ་ནས་དོན་ཚན་གཅིག་ལ། ང་ཚོ་མི་ལ་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་དེ་གཅིག་པུ་མ་ཡིན་པ་རྩ་བའི་ལྷག་བསམ་ཡག་པོ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ལྷག་བསམ་ལྡན་པ་ཞིག་མ་བྱུང་ན་ཤེས་བྱ་ཡོན་ཏན་ཡོད་པ་དེས་སྤྱི་ཚོགས་ནང་ལ་མགོ་བདེ་དྲན་འཕྲུལ་དང་རེ་དོགས་མང་པོ་ཆགས། སོ་སོ་སྒེར་ལ་ཡང་སྐྱིད་པ་མེད་ལ། སེམས་ནང་ལ་མི་འགྲིགས་པ་ཤ་སྟག་གི་ཚོར་སྣང་ནང་མི་ཚེ་སྐྱེལ་དགོས་པ་ཆགས་ཀྱི་རེད།

ལྷག་བསམ་ཟེར་བའི་རྩ་བ་དེ་གཞན་ཕན་གྱི་བསམ་བློ་ཡིན། གཞན་ཕན་ཡོད་ན་བརྩེ་དུང་རང་ཤུགས་ཀྱིས་སླེབས་ཀྱི་རེད། སེམས་བཟང་པོ་ཟེར་བ་འདི་ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་དགོས་གལ་ཆེ་ཤོས་ཤིག་ཡིན། དཔེར་ན་དེང་སང་འཛམ་གླིང་ནུབ་ཕྱོགས་ཀྱི་ལུང་པ་ཨ་མི་རི་ཀ་དང༌། ཡུ་རོབ་དེ་ཚོའི་ནང་ལ་དངོས་པོ་ཡར་རྒྱས་དང༌། ཤེས་ཡོན་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། འོན་ཀྱང། སྤྱི་ཚོགས་དེ་ཚོའི་ནང་ལ་མི་གསོད་རེས་གཏོང་བ་དང༌། ཁྲམ་པ་དང༌། རང་མགོ་གང་ཐོན་བྱེད་པ་ལས། གཅིག་གིས་གཅིག་ལ་ཕན་གྲོགས་བྱེད་སེམས་མེད་པ་དེ་འདྲའི་སྤྱི་ཚོགས་ནང་མི་ས་ཡ་མང་པོ་གྲོང་ཁྱེར་ཆེན་པོ་གཅིག་གི་ནང་ལ་མཉམ་དུ་སྡོད་ཀྱི་ཡོད་ཀྱང༌། མི་མང་པོ་ཞིག་གི་བསམ་བློའི་ནང་རང་ཉིད་གྲོགས་མེད་གཅིག་པུ། སྐྱབས་མེད་མགོན་མེད་ལྟ་བུའི་ཚོར་བའི་རྣམ་པ་ཞིག་བློ་ལ་འཆར་གྱི་ཡོད་པ་རེད། དེ་འདྲའི་རྐྱེན་གྱིས་སེམས་མ་སྐྱིད་པ་བྱེད་མཁན་མང་པོ་འདུག

ཁ་སང་ང་ཨ་རིར་འགྲོ་སྐབས་ཉིན་གཉིས་གསུམ་ཞིག་ཚོགས་འདུ་འཚོགས་སོང༌། ཚོགས་འདུའི་རྩ་དོན་སྤྱིར་ཨ་རི་དང༌། ཡང་སྒོས་ས་གནས་དེ་གའི་སྤྱི་ཚོགས་ནང་གི་དཀའ་ངལ་སྐོར་ལ་གོ་བསྡུར་བྱེད་རྒྱུ་རེད། ཚོགས་འདུ་དེར་ཡོང་མཁན་ཤེས་ཡོན་ཅན་གཅིག་པུ་མིན་པར་དངོས་སུ་སྤྱི་ཚོགས་ནང་ལ་ཞབས་འདེགས་ཞུ་མཁན་གྱི་མི་སྣ་ཉམས་མྱོང་ཅན་མང་པོ་འདུག ཚོགས་འདུ་དེའི་སར་སྤྱི་ཚོགས་ནང་གི་དཀའ་ངལ་ཤོད་སྐབས་ཨ་རིའི་ནང་མི་སེམས་མ་སྐྱིད་པའི་དཀའ་ངལ་ཤུགས་ཆེན་པོ་ཡོད། དེས་རྐྱེན་པས་ཁྱིམ་ཚང་ནང་དཀའ་ངལ་དང། མི་རྒན་པ་དང་གཞོན་པའི་བར་གྱི་དཀའ་ངལ། ལྷག་པར་དུ་མི་ན་གཞོན་གྱི་ནང་ལ་ཕན་ཚུན་གསོད་རེས་གཏོང་མཁན་མང་པོ་ཡོང་གི་ཡོད། ཕྲུ་གུ་ལོ་༡༣-༡༤ ཡིན་པ་དེ་འདྲས་ཀྱང་མི་བསད་དེ་སྲོག་ཐོག་འགྲོ་རྒྱུའི་ཁྲིམས་ཉེས་ཕོག ད་ལྟ་སྲོག་ཐོག་གཏོང་རྒྱུའི་ལོ་ཚད་ལ་མ་སླེབས་པར་སྒུག་ནས་བསྡད་ཡོད་པའི་གནས་ཚུལ་བཤད་ཀྱི་འདུག དེ་འདྲའི་སྐད་ཆ་བཤད་ཡོང་དུས་དངོས་གནས་ཡ་ང་བ་དང་ཤིན་ཏུ་ཐབས་སྐྱོ་པོ་འདུག

དཀའ་ངལ་དེ་འདྲ་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ཞེ་ན། སྤྱི་ཚོགས་ནང་ལ་བྱམས་བརྩེའི་བསམ་བློས་མ་འདང་བའི་སྐྱོན་རེད། ཁྱིམ་ཚང་ནང་གི་ཕ་མ་ལས་ཀར་མགོ་འཁོར་ཏེ་ཕྲུ་གུ་བུ་བཅོལ་ཁང་ལ་བཞག་དུས་ཕ་མ་དང་ཕྲུ་གུའི་བར་བརྩེ་བའི་འབྲེལ་བ་མ་འདང་བར་ཕྲུ་གུ་གྲོགས་མེད་ལ་ལུས། དེ་ནས་ཕྲུ་གུ་ལོ་ན་གང་འཚམ་སོན་སྐབས་ཕྲུ་གུས་ཕ་མ་ལ་བརྩེ་བ་མེད་པ་དང༌། ཕ་མས་ཀྱང་ཕྲུ་གུ་ལ་བརྩེ་བ་མེད་པ་ལྟ་བུས་ཕྲུ་གུ་གྲོགས་མེད་ཁེར་རྐྱང་གི་མི་ཡན་གར་བ་ཞིག་ཆགས། མ་གཞི་རང་དབང་རེད་ཅེས་བཤད་ཀྱི་ཡོད། རང་དབང་རེད་མོད་ཀྱི། བྱམས་བརྩེའི་འབྲེལ་བ་མེད་པའི་རང་དབང་དེ་དགའ་རྒྱུ་གང་ཡང་མེད། དེ་འདྲའི་ཐོག་ནས་སྤྱི་ཚོགས་ནང་དཀའ་ངལ་ཡོང་གི་ཡོད་པ་ཚང་མས་གཅིག་གྱུར་གྱིས་བཤད་ཀྱི་འདུག དེ་ཆོས་ཀྱི་ཐོག་ནས་སྐད་ཆ་བཤད་པ་མ་རེད། སྤྱི་ཚོགས་ནང་དཀའ་ངལ་ཡོང་སྟངས་བཤད་པ་རེད། རྡོ་དོན་སྙིང་པོ་སྤྱི་ཚོགས་ནང་ལ་བྱམས་བརྩེའི་འཚོ་བས་མ་འདང་བའི་སྐྱོན་མང་པོ་ལྷག་གི་ཡོད་པ་དེར་ཚང་མས་གྲོས་མཐུན་བྱས་སོང༌།

ང་རང་གི་སེམས་ནང་དུའང་ངེས་ཤེས་རྙེད་བྱུང༌། ཆོས་ཁས་བླངས་རུང་མ་བླངས་རུང༌། གང་ལྟར་མིའི་སྤྱི་ཚོགས་ནང་བྱམས་བརྩེ་ཟེར་བ་འདི་མེད་ན་དཀའ་ངལ་འཕྲད་རྒྱུ་ཡིན་པར་རྣམ་ཀུན་ནས་ངས་ཡིད་ཆེས་བྱེད་ཀྱི་ཡོད་ལ། དེ་འདྲའི་དངོས་ཡོད་གནས་ཚུལ་མང་པོ་མཐོང་དུས་ཧ་ཅང་གསལ་པོ་ཆགས་ཡོང་གི་འདུག

ང་རང་ཚོ་བོད་པར་ཆ་བཞག་ན་ཡང་ཤེས་བྱ་ཡོན་ཏན་ཡོད་ཀྱང་ལྷག་བསམ་དང་བྱམས་བརྩེའི་བསམ་བློ་མ་འདང་བས་མཐོ་གནོན་དང། ཕྲག་དོག འགྲན་སེམས། ངོ་ལྐོག གཡོ་སྒྱུ། ཞེ་སྡང་བཅས་ཡོད་པའི་སྤྱི་ཚོགས་ཆགས་པ་ཡིན་ན་སྐྱིད་པོ་ཡོང་ཐབས་ནམ་ཡང་མེད། ང་ཚོ་འདིར་བཙན་བྱོལ་བ་ཚོ་ཡང་སྐྱིད་པོ་ཡོང་ཐབས་མེད་ལ། ཕྱིན་ཆད་བོད་ལ་གཞིས་བྱེས་མཉམ་འཛོམས་བྱུང་བའི་རྗེས་ལ་ཡང་དེ་འདྲའི་སྤྱི་ཚོགས་ཤིག་བྱུང་བ་ཡིན་ན་དགའ་རྒྱུ་གང་ཡང་མེད། ཁྱེད་ཚོས་སློབ་སྦྱོང་བྱེད་པའི་སྐབས་ནས་ཕྱིན་ཆད་མི་བཟང་པོ་ཞིག་ཡོང་བའི་དོན་ལ་ཕྲུ་གུ་སོ་སོའི་ངོས་ནས་དོ་སྣང་བྱེད་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

ྋརྒྱལ་བ་རིན་པོ་ཆེས་བྱམས་བརྩེ་ཟེར་བ་འདི་གལ་ཆེན་པོ་ཡིན་པ་དང༌། ལྷག་བསམ་ལྡན་པའི་ཤེས་ཡོན་ཅན་ཞིག་བྱེད་དགོས་གསུང་གི་འདུག་བསམ་པ་འདི་ཁྱེད་རང་ཚོའི་བསམ་བློའི་ནང་རྟག་ཏུ་དྲན་ཐུབ་པ་བྱེད་དགོས།

ཕྲུ་གུའི་བསམ་བློ་མེ་ཏོག་གི་མྱུ་གུ་ལྟར་འཚར་ལོངས་ཡོང་བཞིན་པ་དེ་རྡོག་བརྫིས་བཏང་བ་ལྟ་བུ་བྱས་ན་རྩ་བ་ཉིད་ནས་ཡག་པོ་མེད།

དགེ་རྒན་ཚོའི་ཐོག་ནས་ཕྲུ་གུ་ལ་སྐབས་དོན་སློབ་ཚན་འགྲེལ་བཤད་བརྒྱབ་པ་ཙམ་མ་ཡིན་པར། ཕྲུ་གུའི་མ་འོངས་པའི་མི་ཚེའི་མདུན་ལམ་གྱི་འགན་ཁུར་ལེན་དགོས་པ་དང༌། མི་ཚེའི་མདུན་ལམ་ཐོག་སེམས་ཁུར་ལེན་པའི་རྣམ་འགྱུར་དེ་ངེས་པར་དུ་ཐོན་པ་བྱེད་དགོས། དེ་འདྲའི་ཐོག་ནས་ཕྲུ་གུའི་བསམ་བློའི་ནང་ལ་ངའི་རྒན་ལགས་ཀྱི་ང་ལ་སློབ་ཚན་འཁྲིད་པ་ཙམ་མ་ཡིན་པར། ངའི་མི་ཚེའི་འགྲོ་སྟངས་ལ་རྒན་ལགས་ཀྱིས་དུས་རྒྱུན་དུ་ཐུགས་ཁུར་བཞེས་ཀྱི་ཡོད། དངོས་གནས་སེམས་ཁུར་གནང་གི་ཡོད་བསམ་པའི་བསམ་བློ་ཞིག་སླེབས་པ་ཡིན་ན། ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩེ་ཡོང་རྒྱུ་དང༌། དེ་འདྲའི་འབྲེལ་བའི་ཐོག་ནས་ཕྲུ་གུའི་བསམ་བློའི་ནང་འཛིན་གྲྭའི་ནང་ལ་ཡོང་རྒྱུར་དགའ་ཚོར་སྐྱེ་བ་ཡོང་གི་རེད།

དེ་མིན་དགེ་རྒན་གྱིས་སློབ་ཚན་ཞིག་འཁྲིད་པ་ཙམ་ལས་རྩ་བའི་མིའི་བརྩེ་བའི་རྣམ་པ་གང་ཡང་མེད་པར། སྐད་འཁོར་བཏང་བ་ལྟ་བུར་ཕྱིན་པ་ཡིན་ན། གང་འཚམ་ནས་ཕྲུ་གུ་ཚོ་ཡང་འཛིན་གྲྭ་འདིའི་ནང་ལ་གྲང་ཤུར་ཤུར་ཞིག་མ་གཏོགས་ཚོར་བ་གང་ཡང་མེད་པ་ཞིག་ཡོང་རྒྱུ་རེད། དེ་འདྲའི་མུར་ལོ་མང་པོ་འགྲོ་དུས་ཕྲུ་གུའི་བསམ་བློའི་ནང་ལ་སྐྱོན་ཆེན་པོ་ཤོར་གྱི་མེད་དམ་བསམ་པ་འདུག

དེ་བཞིན་ཁྱིམ་ཚང་སོ་སོའི་ནང་གི་ཕ་མ་དང་སྤུན་མཆེད་ཚོའི་ཐོག་ནས་ཀྱང་ཕྲུ་གུ་ལ་བྱམས་པོ་བྱས། མ་འགྲིག་མ་འཐུས་པ་ཡོད་ན་གསལ་པོའི་ཐོག་ནས་རྒྱུ་མཚན་བཤད་དེ་སྐྱོན་སེལ་བྱེད་པ་མ་གཏོགས། གདོང་ནག་པོ་བསྟན་པ་དང༌། ལྷག་དོན་ཕྲུ་གུ་ཆུང་ཆུང་ཚོར་ཁོང་ཁྲོའི་རྣམ་འགྱུར་བསྟན་ན། ཕྲུ་གུའི་བསམ་བློའི་ནང་ལ་གནོད་སྐྱོན་ཆེན་པོ་ཡོང་གི་རེད། འཁྱོག་པོ་ཡོ་བསྲང་བྱེད་དགོས་ཀྱང་བྱེད་སྟངས་ཐད་རྒྱུ་མཚན་བཤད། གཞན་དག་གང་བྱུང་མང་བྱུང་བྱེད་མཁན་དེ་ཚོ་དཔེ་ལ་བཀོད། དེ་འདྲའི་ཐབས་མཁས་ཐོག་ནས་བསླབ་བྱ་བྱེད་པ་མ་གཏོགས། ཨར་གཅུན་བྱས་ནས་ཕྲུ་གུའི་བསམ་བློ་མེ་ཏོག་གི་མྱུ་གུ་ལྟར་འཚར་ལོངས་ཡོང་བཞིན་པ་དེ་རྡོག་བརྫིས་བཏང་བ་ལྟ་བུ་བྱས་ན་རྩ་བ་ཉིད་ནས་ཡག་པོ་མེད།

དེ་ལྟར་ན་དགེ་རྒན་ཚོ་དང༌། དེ་བཞིན་ཕ་མ་སྤུན་མཆེད་ཚང་མས་ཕྲུ་གུའི་བསམ་བློའི་ནང་ང་ལ་བྱམས་པོ་བྱེད་མཁན་ཡོད་བསམ་པ་དང༌། ང་ལ་ག་དུས་ཡིན་ཡང་ལྟ་རྟོག་བྱེད་མཁན་ཡོད་བསམ་པའི་བློ་སྐྱེས་ཐུབ་པའི་སྐྱོང་མཁས་བྱས་ན། ཕྲུ་གུ་ཚོ་སློབ་སྦྱོང་ཡག་པོ། གཟུགས་པོ་འཚར་ལོངས་བཟང་བ། བསླབ་བྱ་རྣམས་སེམས་ནང་ཟུག་པ་བཅས་ཡོང་གི་རེད། ཕྲུ་གུ་དེ་ཕྱིན་ཆད་མི་རྒན་ཆགས་སྐབས་རང་ཉིད་ཆུང་དུས་མི་གཞན་གྱི་བྱམས་བརྩེའི་ཐོག་ནས་བསྐྱངས་པའི་ཚོར་སྣང་ཤུགས་ཆེན་པོ་ཡོད་པའི་དབང་གིས་མི་གཞན་དག་དཀའ་ངལ་ཅན་ཞིག་མཐོང་ན་ལམ་སང་དེར་སེམས་ཁུར་དང་ཤ་ཚ་བྱེད་སེམས་བསྐྱེད་ཡོང་གི་རེད།

རང་ཉིད་ཆུང་དུས་ལྟ་རྟོག་བྱེད་མཁན་དང༌། བྱམས་པོ་བྱེད་མཁན་མེད་པར་སྡུག་སྦྱོང་འོག་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་མི་རྒན་ཆགས་དུས་མི་གཞན་ལ་རྣམ་འགྱུར་སྟོན་སྟངས་དང༌། དེའི་གཤིས་ཀ་མི་འདྲ་བ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཤེས་ཡོན་སློབ་སྦྱོང་ཡག་པོ་ཡོད་པ་དང༌། སྤ་སེ་ལག་འཁྱེར་རམ་སྐར་གྲངས་མཐོ་པོ་ཆོད་པ་ཙམ་ལ་ཧ་ལས་རྒྱུ་དང་ངོ་མཚར་ཆེ་རྒྱུ་དེ་ཙམ་མི་འདུག ཤེས་བྱ་ཡོན་ཏན་བེད་སྤྱོད་བྱེད་མཁན་མི་དེའི་རྩ་བའི་བསམ་བློའི་འཁྱེར་སོ་བྱམས་བརྩེ་ལྡན་པ་ཞིག་བྱུང་བ་ཡིན་ན་དེའི་ཤེས་ཡོན་གྱིས་སྤྱི་ཚོགས་ལ་ཕན་པ་དང༌། སྒེར་ལ་ཕན་པ་ཞིག་ཏན་ཏན་ཡོང་གི་རེད། འདི་ཤིན་ཏུ་གལ་ཆེན་པོ་ཡིན། ཤེས་སོང་ངམ།

ཚན་རིག་གི་ཐོག་ནས་སྐྱེ་བ་སྔ་ཕྱི་མེད་པ་མངོན་སུམ་ར་འཕྲོད་སོང་ན་ནང་པ་གཅིག་གི་ངོས་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་ཀྱི་མ་རེད།

དེ་ནས། ལྷག་བསམ་ཟེར་མཁན་འདིའི་རྩ་བ་ས་བོན་མི་ལ་རང་ཆས་སུ་ཡོད་པ་མ་གཏོགས་དེ་ཆོས་ཀྱི་ཐོག་ནས་གསར་དུ་བསླབ་པ་ཞིག་མ་རེད། ཕན་སེམས་ཟེར་བ་འདི་མི་ལ་རང་ཆས་སུ་ཡོད་པ་རེད། ཡིན་ན་ཡང་སྤྱིར་ཆོས་ལུགས་ཁག་དང༌། དེའི་ནང་ཚན་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་རྗེ་ཞེས་པ་འདི་ཤིན་ཏུ་རྩ་བ་ཆེན་པོ་ཡིན། སྙིང་རྗེའི་འགལ་ཟླ་ཁོང་ཁྲོ་ལ་ཉེས་དམིགས་སུ་བལྟས་ནས་གཉེན་པོ་བསྟེན་སྟངས། དེ་བཞིན་ཕྲག་དོག འགྲན་སེམས། བརྙས་སྨོད། འདི་ཚོ་ལ་ཉེས་དམིགས་སུ་བལྟས་ནས་གཉེན་པོ་བསྟེན་སྟངས། ཕྱོགས་གཞན་ནས་བྱམས་པ་དང༌། བཟོད་པ། སྙིང་རྗེ་སྒོམ་པ། འདི་ཚོ་དམིགས་སུ་བསལ་ནས་སློབ་སྦྱོང་དང༌། སྦྱོང་བརྡར་སྤྲོད་སྟངས་མང་པོ་ཞིག་ནང་པའི་གཞུང་གི་ནང་ནས་ཐོན་ཡོང་གི་ཡོད། མི་ལ་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེའི་ཡོན་ཏན་གྱི་གཞི་རྩ་ཞིག་ཡོད་པ་དེ་འགལ་རྐྱེན་གྱི་གཞན་དབང་དུ་མི་འགྲོ་བར་གོང་ནས་གོང་དུ་སྤེལ་བ་ལ་ནང་པའི་ཆོས་ནང་ཐབས་ཤེས་དམིགས་བསལ་གྱི་ཟབ་པོ་ཡོད་པ་ཧ་ཅང་གསལ་པོ་རེད། ཆོས་ཀྱི་ཉམས་ལེན་གྱི་སྐད་ཆ་མ་བཤད་པར། ཤེས་བྱ་ཡོན་ཏན་གྱི་འདུ་ཤེས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཡང༌། ཕྱི་སྣོད་ཀྱི་བཀོད་པ། འཛམ་གླིང་ཆགས་སྟངས་སྐོར་ལ་ནང་པས་འགྲེལ་བཤད་མང་པོ་རྒྱག་གི་ཡོད།

དཔེར་ན། ང་ལ་ད་ལྟ་བར་ཉམས་མྱོང་བྱུང་བར་ཆ་བཞག་ན། ངས་ཚན་རིག་པ་དེ་འདྲ་མང་པོ་ཐུག་གི་ཡོད། དམིགས་བསལ་ཚན་རིག་པ་དེ་འདྲ་མཉམ་དུ་ཚོགས་འདུ་ཚར་མང་པོ་འཚོགས་ཡོད། དེ་འདྲའི་ཐོག་ནས་ཕྱོགས་བསྡོམས་ཤིག་བྱས་ན། ཐོག་མར་ངས་ཚན་རིག་པ་དེ་འདྲ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུར་དགའ་པོ་བྱས་ཏེ་དེ་འདྲ་བྱུང་ན་ཡག་པོ་འདུག་ཅེས་ངས་དམིགས་བསལ་གྱི་དོ་སྣང་བྱེད་སྐབས་ངའི་ངོ་ཤེས་ཕྱི་རྒྱལ་གྱི་མི་འགའ་ཞིག་གིས་ང་ལ་འདི་འདྲ་བརྗོད་མྱོང༌། ཚན་རིག་ཟེར་བ་དེ་ཆོས་ཀྱི་དགྲ་རེད། ཚན་རིག་པས་ཆོས་རྩ་མེད་བཟོ་གི་རེད། གཟབ་གཟབ་བྱེད་དགོས་ཞེས་བཤད་བྱུང༌། ངའི་བསམ་བློའ་ིནང་ལ་ཚན་རིག་པས་དངོས་ཡོད་གནས་ཚུལ་གཏན་ལ་ཕབ་ཀྱི་ཡོད། ནང་སེམས་ཀྱི་སྐོར་ལ་ཚན་རིག་པས་དེ་ཙམ་བཤད་ཀྱི་མེད་ཀྱང༌། ཕྱིའི་གཟུགས་ཅན་གྱི་དངོས་པོའི་རིགས་ལ་དངོས་ཡོད་གནས་ཚུལ་ག་རེ་ཡོད་པ་རྩད་གཅོད་བྱས་ཏེ་གཏན་ལ་ཕབ་མ་གཏོགས། རྣམ་རྟོག་གིས་སྒྲོ་བཏགས་པའི་རིགས་ཁས་ལེན་གྱི་ཡོད་པ་མ་རེད།

ནང་པའི་ཆོས་སྤྱི་དང༌། ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་འགྲོ་སྟངས་འདི་ཚན་རིག་གི་འགྲོ་སྟངས་དང་གཅིག་གྱུར་ལྟ་བུ་ཡིན། དཔེར་ན། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ངའི་རྗེས་འབྲང་པ་ཚོས་ངས་བཤད་པ་འདིར་ཁྱེད་རང་ཚོས་བརྟག་དཔྱད་བྱེད་དགོས། བརྟག་དཔྱད་བྱས་ཏེ་རྒྱུ་མཚན་ཡོད་པ་དང༌། ཕན་ཐོགས་ཡོད་པ་མཐོང་སོང་ན་ཡིད་ཆེས་དང་ལག་ལེན་བྱེད་དགོས། བརྟག་དཔྱད་མ་བྱས་པར་ང་ལ་གུས་པ་དང་དད་པ་རྒྱུ་མཚན་དུ་བྱས་ཏེ་ལམ་སང་ཡིད་ཆེས་བྱས་ན་མི་འགྲིགས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད།

རྒྱན་དྲུག་མཆོག་གཉིས་ཞེས་མགོན་པོ་ཀླུ་སྒྲུབ་དང༌། འཕགས་པ་ལྷ། འཕགས་པ་ཐོགས་མེད། དབྱིག་གཉེན་ལ་སོགས་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་འདི་ཚོའི་གསུང་རྣམས་བོད་ཀྱི་ནང་པའི་ཆོས་ཀྱི་རྩ་བ་འཛིན་ས་བྱེད་ཀྱི་ཡོད། མཁས་པ་འདི་ཚོས་ནང་པའི་ཆོས་ལ་འགྲེལ་བཤད་རྒྱག་སྟངས་དེ་མདོར་ན་སངས་རྒྱས་བཅོམ་ལྡན་འདས་ཁོང་རང་གི་བཀའ་ཡིན་ན་ཡང་དེ་བརྟག་དཔྱད་བྱེད་དགོས་པར་གསུང་གི་ཡོད། དཔེར་ན། བཅོམ་ལྡན་འདས་ཀྱི་གསུང་འདི་ལ་བརྟག་དཔྱད་ཅི་ཙམ་བྱས་ན་ཡང༌། འདི་དོན་ལ་གནས་པ་སྒྲ་ཇི་བཞིན་པ་ཡིན་པས་ཁས་བླངས་ཆོག་པ་དང༌། ཁས་ལེན་དགོས་པ་ཞིག་རེད།

ཡང་འདི་འདྲ་ཞིག་གསུངས་པ་འདི་ལ་རིགས་པས་གནོད་ཀྱི་འདུག འགལ་འདུ་ཡོང་གི་འདུག འདི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ན་ཡང་དགོས་པ་རྒྱུ་མཚན་དམིགས་བསལ་ཞིག་གི་ཐོག་ནས་གསུངས་པ་ཡིན་པས། ང་ཚོས་ཁས་བླངས་ན་མི་འགྲིགས་ཞེས་གསུང་གི་ཡོད། དེས་ན་ཚན་རིག་པ་ཚོའི་ལྟ་སྟངས་དེ་དང༌། སྤྱིར་ནང་པ། ལྷག་དོན་ཐེག་པ་ཆེན་པོས་ལྟ་སྟངས་དེ་གཅིག་མཚུངས་ཆགས་ཀྱི་ཡོད།

གནས་ཚུལ་གང་ཞིག་ཡིན་རུང་ལམ་སང་ཁས་ལེན་དང༌། ཡིད་ཆེས་མ་བྱས་པར། སྔོན་ལ་བརྟག་དཔྱད་བྱས། བརྟག་དཔྱད་བྱས་ཏེ་གནས་ཚུལ་གསལ་པོར་ར་འཕྲོད་སོང་ན་གཞི་ནས་ཡིད་ཆེས་བྱེད་པ་དང་ཁས་ལེན་བྱེད་པ་དེ་ཚན་རིག་པའི་ལྟ་སྟངས་དང་ནང་པའི་ལྟ་སྟངས་འདྲ་པོ་ཡོད་པ་མཐོང་བར་བརྟེན། ངས་ཚན་རིག་པ་དང་མཉམ་དུ་ཡང་ཡང་དགའ་པོ་བྱས་ནས་འཚོགས་ཀྱི་ཡོད།

ངས་སྤོབས་པ་དང་བཅས་པའི་ཐོག་ནས་བཤད་རྒྱུ་ལ། གལ་ཏེ་ཚན་རིག་གི་ཐོག་ནས་སྐྱེ་བ་སྔ་ཕྱི་མེད་པ་མངོན་སུམ་ར་སྤྲོད་ཐུབ་པ་ཞིག་བྱུང་སོང་ན། ང་ཚོ་ནང་པ་གཅིག་གི་ངོས་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་ཀྱི་མ་རེད། དཔེ་ཆའི་ནང་དེ་འདྲ་བཤད་འདུག་ཅེས་ང་ཚོས་རྨོངས་དད་བྱེད་ཀྱི་མ་རེད། ད་ཕན་ཚན་རིག་པ་ཚོས་བརྟག་དཔྱད་བྱས་ཏེ་སྐྱེ་བ་སྔ་ཕྱི་མ་རྙེད་པ་མ་གཏོགས་སྐྱེ་བ་སྔ་ཕྱི་མེད་པ་རྙེད་པ་མིན། མ་རྙེད་པ་དང༌། མེད་པ་རྙེད་པ་གཉིས་ཐ་དད་རེད། དཔེར་ན་ར་སྐོར་འདིའི་ནང་གླང་ཆེན་ཞིག་ཡོད་དམ་མེད། གླང་ཆེན་ཡོད་ན་ང་ཚོས་མཐོང་དགོས་པ་ལ་མ་མཐོང་སྟབས་མེད་པར་བཤད་ཀྱི་ཡོད། ཡང་འབུ་སྲོག་ཆགས་ཕྲ་མོ་ཞིག་གམ། ཡང་ན་རྡུལ་ཕྲན་ཕྲ་མོ་ཞིག་ས་ཆ་འདི་ནང་ལ་ཡོད་དམ་མེད་ཟེར་ན། ང་རང་ཚོའི་མིག་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ཏེ་མི་འདུག་ཅེས་བརྗོད་མི་ཐུབ། དེ་མ་རྙེད་པ་རེད་མ་གཏོགས་མེད་པ་ཡིན་གྱི་མ་རེད།

དཔེར་ན། སྐྱེ་བ་སྔ་ཕྱི་ལྟ་བུ་དང༌། གཟུགས་ཅན་མིན་པའི་ཤེས་བྱ་ལྐོག་གྱུར་གྱི་རིགས་མང་པོ་ཞིག་ད་ལྟ་ཚན་རིག་གི་ཐོག་ནས་སྤྱིར་བཏང་དེ་ཙམ་བཤད་ཀྱི་མེད། དེ་ནི་དཔྱད་པ་བྱ་ཡུལ་གྱི་གཞི་རྟེན་ཐ་དད་ཡིན་པ་དང༌། ཡང་ན་གཞི་རྟེན་གཅིག་གྱུར་ཡིན་ན་ཡང༌། ད་ལྟ་བར་དུ་དོན་དངོས་མ་རྙེད་པའི་ཐོག་ནས་འགྲེལ་བཤད་རྒྱག་གི་མེད་པ་རེད་མ་གཏོགས། མེད་པར་རྙེད་པ་མ་རེད། འདི་ཚོའི་རིགས་ང་ཚོས་དབྱེ་འབྱེད་བྱེད་རྒྱུ་ཡོད། ངས་ཚན་རིག་པ་ཚོ་དང་མཉམ་དུ་ཧ་ལམ་ལོ་ཉི་ཤུ་སྐོར་ཕྱིན་མེད་དམ། དེར་དོ་སྣང་བྱས་ཏེ་གོ་སྐབས་ཡོད་ཚད་ལ་ཐུག་འཕྲད་བྱེད་ཀྱི་ཡོད། འབྲེལ་བ་མང་དུ་འགྲོ་དུས་གནས་ཚུལ་མང་པོ་ཤེས་ཀྱི་འདུག

ཁོང་ཚོས་སྐར་ཚོགས་ཟེར་བ་རྒྱུ་སྐར་ཆགས་སྟངས་ཀྱི་གནས་ཚུལ་མང་པོ་བཤད་ཀྱི་འདུག ང་རང་ཚོའི་དཔེ་ཆའི་ནང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟེར་བ་དང༌། དེ་ནས་རབ་འབྱམས་རྒྱ་མཚོའི་རྒྱུད་དང་པོ། གཉིས་པ། གསུམ་པ་སོགས་གང་ལྟར་འཇིག་རྟེན་གྱི་ཁམས་མཐའ་མེད་པ་བཤད་ཡོད། འདི་དག་གི་གནས་ཚུལ་ནང་པས་འགྲེལ་བཤད་རྒྱག་སྟངས་དང༌། ཚན་རིག་པས་བཤད་སྟངས་ཧ་ཅང་འདྲ་པོ་མང་པོ་ཡོང་གི་འདུག ཡིན་ན་ཡང་ཉི་མ་དང༌། ཟླ་བའི་ཆེ་ཆུང་གི་ཚད་དང༌། འཛམ་གླིང་ནས་ཐག་རིང་ཐུང་གི་གནས་ཚུལ་རྣམས་ང་ཚོའི་མངོན་པ་མཛོད་ནང་གསལ་བ་ལྟར་ང་ཚོས་ཁས་ལེན་ཐབས་ཡོད་པ་མ་རེད། འདི་ཚོའི་གྲས་གནས་ཚུལ་ཐ་དད་རེད། དེ་མིན་གྱི་ཆེ་ས་སྤྱི་ཡོངས་ཀྱི་ཆ་ནས་ནང་པས་བཤད་སྟངས་དང༌། ཚན་རིག་པའི་བཤད་སྟངས་གཉིས་ཕན་ཚུན་མཐུན་ཕྱོགས་མང་པོ་འདུག འབྱུང་བའི་རང་བཞིན་ཐོག་ནས་ཡོང་སྟངས་དེ་ཚོའི་གྲས་ལ་ང་ཚོ་གོ་བསྡུར་བྱེད་རྒྱུ་མང་པོ་ཡོད། དེ་དོན་ཚན་གཅིག་རེད།

དེ་ནས་དོན་ཚན་གཉིས་པ། ཚན་རིག་པས་མིའི་གཟུགས་པོའི་རྩ་གནད་ཕྲ་མོའི་གནས་སྟངས་དང༌། རྣམ་ཤེས་བར་གྱི་འབྲེལ་བ་དང༌། མིའི་ཚོར་བ་འདྲ་མིན་ཡོང་སྟངས། རྣམ་རྟོག་འདྲ་མིན་ཡོང་སྟངས་དེ་ཚོའི་གྲས་མང་པོ་བཤད་ཀྱི་ཡོད་པ་དང༌། ང་ཚོ་ནང་པས་རྩ་རླུང་ཐིག་ལེའི་རྣམ་གཞག་དང༌། ལུས་སེམས་རྟེན་དང་བརྟེན་པའི་འབྲེལ་བ། ཤེས་པ་ཕྲ་རགས་ཀྱི་རྣམ་གཞག་སོགས་ནང་པའི་གཞུང་གི་ཐོག་ནས་མང་པོ་བཤད་རྒྱུ་ཡོད་པ་འདི་ཚོའི་སྐོར་ལ་ཡང་གོ་བསྡུར་བྱེད་རྒྱུ་ཧ་ཅང་མང་པོ་འདུག བསམ་བློ་གཏོང་སའི་གཞི་ཆེན་པོ་ཞིག་ཆགས་ཡོང་གི་འདུག

ཚན་རིག་པས་གཟུགས་ལ་དཔྱོད་པའི་རིགས་པས་རྫས་རྡུལ་ཕྲ་མོར་དཔྱོད་ཚུལ་དང༌། དབུ་མའི་གཞུང་གི་ནང་ཆོས་རྣམས་ཀྱི་གནས་ཚུལ་དང༌། ཆོས་རྣམས་ཀྱི་སྣང་ཚུལ་ཐ་དད་དུ་བཤད་པ། བདེན་པ་གཉིས་ཀྱི་རྣམ་གཞག་བཤད་ཡོད་པ་འདི་དག་ལ་མཐུན་པའི་ཆ་ཧ་ཅང་མང་པོ་ཡོད་འདུག དེང་སང་གི་ཚན་རིག་པ་འགའ་ཤས་ཀྱིས་གཟུགས་ཅན་གྱི་ཆོས་ཀྱི་གནས་ལུགས་ལ་བརྟག་དཔྱད་བྱེད་སྐབས་ཡུལ་གྱི་ངོས་ནས་ཁོ་རང་རང་མཚན་པའི་བདེན་པ་ཞིག་མི་འདུག རྫས་ཇེ་ཕྲ་ཇེ་ཕྲར་བརྟག་དཔྱད་བྱས་པའི་མཐར་ཐུག་རྐྱེན་མང་པོ་ཚོགས་པའི་སྟེང་ནས་ཐ་སྙད་བཏགས་པ་ཙམ་ཡིན་སྲིད་པ་ལས་དངོས་པོ་རང་མཚན་བདེན་པ་ཞིག་མི་འདུག་ཅེས་བཤད་ཀྱི་འདུག་པ་དེ་དབུ་མའི་གཞུང་གི་ནང་ནས་བདེན་པར་གྲུབ་པའི་ཆོས་མེད་གསུངས་པ་དང་མཐུན་གྱི་འདུག ཡིན་ན་ཡང་དབུ་མའི་གཞུང་གི་ནང་ཆོས་ཐམས་ཅད་མིང་གི་དབང་གིས་ཡོད་པ་ཞེས་པ་དེ་ད་ལྟ་ཚན་རིག་པ་ཚོས་བཤད་ཀྱི་མི་འདུག

དེང་སང་ཚན་རིག་པས་གཟུགས་ཅན་གྱི་དངོས་པོའི་གནས་ལུགས་བཙལ་བའི་མཐའ་མར་དེ་སྔ་ཕན་ཆད་དངོས་པོ་གང་དང་གང་ཡིན་རུང་མཐར་ཐུག་གི་བདེན་པའི་སྡོད་ལུགས་ཤིག་ཡོད་ཤག་ཤག་བྱེད་པ་དེར་འགྱུར་བ་ཕྱིན་ཏེ། སྟོང་ཕྱོགས་ནས་དབུ་མའི་ལྟ་བ་བཤད་སྟངས་དང་འདྲ་པོ་འདྲ་པོའི་སྒང་ལ་སླེབས་ཡོང་གི་ཡོད་པ་རེད།

ཉེ་ཆར་རང་བདུན་གཉིས་ཀྱི་གོང་ལ་དྷ་རམ་ས་ལར་ཚན་རིག་པའི་ཚོགས་འདུ་ཐེངས་དྲུག་པ་དེ་འཚོགས་པ་རེད། ནུབ་ཕྱོགས་པའི་སེམས་ཁམས་རིག་པ་དང༌། ང་ཚོ་ཤར་ཕྱོགས་པའི་སེམས་ཀྱི་རྣམ་གཞག་བསྡུར་བ་ཡིན་ན་ནུབ་ཕྱོགས་པ་ད་ལྟ་བྱིས་པ་ཆུང་ཆུང་ལྟ་བུ་རེད། ཤར་ཕྱོགས་པའི་སེམས་ཁམས་རིག་པའི་ཐད་ལོ་སྟོང་ཕྲག་རིང་ལ་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་པ་ཧ་ཅང་གསལ་པོ་རེད། གང་ལྟར་འཇིག་རྟེན་ཆགས་ཚུལ་དང༌། སེམས་ཅན་གྱི་ལུས་ཀྱི་རྩ་ཁམས་ཀྱི་གནས་སྟངས། གཟུགས་དཔྱད་རིག་པའི་ཐོག་ནས་རྡུལ་ཕྲ་རབ་ལ་དཔྱོད་ཚུལ། སེམས་ཁམས་རིག་པ་འདི་བཞིའི་ནང་ལ་ནང་པའི་ཆོས་ཀྱི་འགྲེལ་བཤད་དང་ཚན་རིག་པ་ཚོའི་འགྲེལ་བཤད་གཉིས་མཐུན་ཆ་མང་པོ་ཡོད་པས་མཉམ་དུ་གོ་བསྡུར་བྱེད་དགོས་པ་ལྟ་བུ་འདུག འདི་དག་ཆོས་ཀྱི་ཉམས་ལེན་བྱས་ཏེ་སེམས་འདུལ་རྒྱུའི་དོན་དུ་བཤད་པ་མིན་པར། ཤེས་བྱ་གཏན་ལ་འབེབས་པའི་དོན་དུ་ནང་པའི་ཆོས་ནང་འགྲེལ་བཤད་མང་པོ་རྒྱག་རྒྱུ་ཡོད་པ་དེ་ཚོར་དོ་སྣང་བྱེད་དགོས་པ་གསལ་པོ་ཆགས་ཡོད།

ནང་ཆོས་ཀྱི་རྩ་བའི་འགྲོ་སྟངས་ལ་ཕྲུ་གུ་ཚོས་དོ་སྣང་དང་སྤྲོ་སྣང་སླེབས་ཏེ་དེ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས།

ཆོས་དགེ་ཚོས་ཕྲུ་གུ་ཚོར་སློབ་དེབ་ནང་གསལ་སློབ་ཚན་རྣམས་མ་འཁྲིད་རང་འཁྲིད་རེད། ཁ་འདོན་བྱེད་རྒྱུ་དེ་ཚོའི་གྲས་སློབ་དགོས་ཀྱང། གཙོ་བོ་ནང་པའི་ཆོས་ཀྱི་རྩ་བའི་འགྲོ་སྟངས་འདི་ཚོ་ཕྲུ་གུ་ཚོས་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་རེད། ཕྲུ་གུ་སོ་སོའི་སེམས་ནང་དོ་སྣང་དང༌། སྤྲོ་སྣང་སླེབས། དེ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་བའི་མཚམས་ལ་ཁ་འདོན་བྱེད་ཀྱི་རེད། བསམ་བློ་གཏོང་རྒྱུ་གང་ཡང་མེད་པར་ཁ་འདོན་སྐད་འཁོར་བཏང་བ་ལྟ་བུ་བྱས་ན། དཀའ་ལས་ཁག་རོགས་རེད་མ་གཏོགས་དགོས་པ་གང་ཡང་མེད།

ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆོས་ལ་དད་པ་ཡོད་ཀྱང༌། ནང་པའི་ཆོས་ཀྱི་གནད་དོན་མ་ཤེས་པའི་སྐྱོན་ཆ་མང་པོ་ཡོད། མང་ཚོགས་ཀྱིས་ཀྱང་ཆོས་ཀྱི་ཐོག་ལ་སློབ་སྦྱོང་བྱས། ནང་ཆོས་ཀྱི་འགྲེལ་བཤད་ཡོད་པའི་དཔེ་ཆ་འདྲ་ཀློག ཤེས་མཁན་ལ་དྲི་བ་དྲིས། གོ་སྐབས་བྱུང་བ་ཡིན་ན་ཁ་སང་དོན་གྲུབ་གླིང་གཞིས་ཆགས་སུ་བཤད་རྒྱུ་བྱུང༌། བགྲོ་གླེང་གི་ཚོགས་འདུ་འདྲ་འཚོགས། དཔེར་ན་སངས་རྒྱས་ཞེས་པ་གང་འདྲ་ཞིག་ལ་ཟེར་གྱི་ཡོད། སངས་རྒྱས་ཞེས་པའི་དོན་གང་ཡིན་པ་སོགས་འདི་ཚོའི་གྲས་བགྲོ་གླེང་བྱས། གོ་བསྡུར་བྱས་ཏེ་ཤེས་ཐུབ་པ་བྱུང་ན། སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་མཆི་ཟེར་དུས་རྒྱུ་མཚན་ཤེས། ངེས་པ་རྙེད་པའི་ཐོག་ནས་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཤེས་པ་ཡོང་གི་རེད། གཞན་ཁ་ཁྲལ་ལྟ་བུ་བྱས་ན་དགོས་པ་དེ་ཙམ་མེད།

ཁྱེད་རང་ཕྲུ་གུ་ཚོས་ནང་ཆོས་ཤེས་པ་བྱ་རྒྱུ་གནད་འགག་ཆེན་པོ་ཡོད། གོང་དུ་བཤད་པ་ལྟར་བྱམས་པ་དང༌། སྙིང་རྗེ་གོང་ནས་གོང་དུ་སྤེལ་རྒྱུར་ནང་ཆོས་ལ་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཡོད། སྤྱིར་བཏང་ཤེས་བྱའི་རྣམ་གྲངས་ཀྱི་ཐོག་ནས་བལྟས་ན་ཡང༌། ནང་ཆོས་དང་ཚན་རིག་དཔུང་པ་མཉམ་གཤིབས་ཀྱི་ཐོག་ནས་འགྲོ་ཐུབ་པ་གསལ་པོ་ཡོད། ཕྲུ་གུ་ཚོས་ནང་ཆོས་ཀྱི་ཐོག་སློབ་སྦྱོང་དང༌། དོ་སྣང་ཡག་པོ་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།

མདོར་བསྡུས་ན། དོན་ཚན་དང་པོ་དེ་ང་ཚོ་དུས་ཚོད་ཁག་པོ་ཞིག་གི་སྒང་ལ་སླེབས་ཡོད་པས་ཁྱེད་ཚོས་སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་དང༌། སློབ་སྦྱོང་གི་དོན་དག་སོ་སོར་རྣམ་དཔྱོད་ཡོད་པ་དེའི་རྩལ་འཕེལ་རྒྱས་ཡོང་བའི་དོན་དུ་རེད་མ་གཏོགས། དཔེ་ཆ་དཔར་བཤུས་བརྒྱབ་པ་ལྟར་བསླབ་པ་དེ་རྣམས་ངེས་པ་ཙམ་ལས། ར་བ་དེ་ནས་བརྒལ་མ་ཐུབ་པ་ལྟ་བུ་བྱས་ན་འགྲིག་གི་མ་རེད།

དེ་ནས་དོན་ཚན་གཉིས་པ་དེ་སློབ་སྦྱོང་ཡོད་པ་དང་ཆབས་ཅིག་ལྷག་བསམ་ལྡན་པ་དགོས་ཀྱི་རེད། ལྷག་བསམ་གྱི་སྙིང་པོ་ནི་མི་ལ་བྱམས་བརྩེ་ཡོད་པ་དང༌། གཞན་ཕན་གྱི་བསམ་བློ་ཡིན་པས་འདི་ལ་དོ་སྣང་བྱེད་དགོས།

གསུམ་པ་དེ་ང་རང་ཚོ་བོད་པ་ཚོས་བོད་ཡིག་ཡག་པོ་ཤེས་དགོས་པ་དེ་གལ་ཆེན་པོ་འདུག དེའི་ཐོག་ལ་ནང་ཆོས་ལ་དོ་སྣང་བྱེད་དགོས།

ནང་ཆོས་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གཉིས་ཡོད། གཅིག་ནི་བྱམས་བརྩེའི་ཉམས་མྱོང་གོང་ནས་གོང་དུ་སྤེལ་བ་ལ་ནང་པའི་ཆོས་འདི་ཤིན་ཏུ་རླབས་ཆེན་པོ་དང༌། ཕན་ཐོགས་ཆེན་པོ་ཡོད།

གཉིས་པ་སྤྱིར་བཏང་ཤེས་བྱ་ཡོན་ཏན་གྱི་འདུ་ཤེས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཡང༌། ནང་ཆོས་ལ་བྲོ་བ་ཆེན་པོ་ཡོད་པས་ཁྱེད་རང་ཚོས་དོ་སྣང་ཡག་པོ་བྱེད་དགོས། ཁྱོད་རང་ཚོ་ཚང་མ་སེམས་སྐྱིད་པོ་བྱས་ནས་སྡོད། སེམས་སྐྱིད་པོའི་ངང་ནས་སློབ་སྦྱོང་ཡག་པོ་བྱེད་དགོས།

གོང་དུ་བརྗོད་པ་བཞིན་ཕྲེང་རིང་གི་སྤོ་བོ་ལགས་ལྟ་བུའི་མི་ཐོག་བརྗེ་འགྲོ་གི་ཡོད། ང་ལ་ཆ་བཞག་ན་ཡང་ལོ་དྲུག་ཅུ་རེ་གསུམ་ལ་སླེབས་ཡོད། མ་གཞི་ད་དུང་ལོ་སུམ་ཅུ་བཞི་བཅུ་ཙམ་བསྡད་ཡོང་བསམ་གྱི་འདུག སྨོན་ལམ་རྒྱག་གི་ཡོད། ཡིན་ན་ཡང། ནམ་ཞིག་ྋརྒྱལ་བ་རིན་པོ་ཆེ་མེད་པའི་དུས་ཚོད་ཅིག་ཏན་ཏན་སླེབས་ཀྱི་རེད། ཁྱེད་རང་ཚོ་ཕྲུ་གུ་རྣམས་ཀྱང་ག་ལེ་ག་ལེར་སྤོ་བོ་རྨོ་བོ་ཆགས་ཏེ་ཁྱེད་ཚོའི་མི་ཐོག་དེའང་བརྗེ་འགྲོ་གི་རེད། དེ་རྗེས་མི་ཐོག་གསར་པ་རྣམས་ཀྱི་ང་ཚོའི་ལས་མཇུག་མཐུད་ཡོང་གི་རེད། ད་ལྟ་ང་ཚོར་བོད་ཀྱི་རིག་གཞུང་ཕྱུག་པོ་དང༌། བཟང་པོ་ཡོད་པ་འདི་དག་མི་ཐོག་གཅིག་ལས་མི་ཐོག་རྗེས་མ་དེ་ཕྲན་བུ་སྐྱོ་རུ་ཕྱིན། མི་ཐོག་རྗེས་མ་དེ་ལས་དེའི་རྗེས་མའི་མི་ཐོག་དེ་སྐྱོ་རུ་ཕྱིན་པ་ཡིན་ན་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་དང༌། བློ་ཕམ་པོ་རེད། ད་ལྟ་ང་ཚོའི་མི་ཐོག་གི་དུས་ཚོད་འདིའི་མཇུག་མཐུད་མཁན་གྱི་མི་ཐོག་དེ་ཁྱེད་རང་ཚོ་རད། ཁྱེད་རང་ཚོའི་མི་ཐོག་དེས་ང་ཚོའི་མི་ཐོག་ལས་ལྷག་པ་ཞིག་དང༌། རླབས་ཆེ་བ་བྱེད་ཐུབ་པའི་ཆ་རྐྱེན་དང༌། ཤེས་ཡོན་འཛོམས་བསྡད་ཡོད། ང་ཚོའི་མི་རབས་འདི་ལས་ཤེས་བྱ་ཡོན་ཏན་དང༌། ལྷག་བསམ་བཟང་པོ་ཡོད་པ་ཞིག་ཡོང་མ་ཐུབ་པ་མིན། ཡོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད་པས་ཁྱེད་རང་ཚོས་གཟབ་གཟབ་བྱེད་དགོས། ཁྱེད་རང་ཚོའི་མི་ཐོག་རྒས་པོ་རྒན་མོ་ཆགས་པའི་སྐབས་སུ་ཁྱེད་རང་ཚོའི་མཇུག་ལ་ཡོང་མཁན་གྱི་མི་ཐོག་གསར་པ་དེ་རྣམས་ལ་ཁྱེད་རང་ཚོའི་ཉམས་མྱོང་རྣམས་བསླབ། ཁྱེད་ཚོའི་བྱ་སྤྱོད་ཀྱི་དཔེ་བཟང་རྣམས་ངོ་སྤྲོད་ལམ་སྟོན་ཡག་པོ་བྱས་པ་ཡིན་ན། མི་ཐོག་རྗེས་མ་དེ་རྣམས་ཡག་པོ་ཆགས་ཐུབ་ཀྱི་རེད།

དེ་འདྲ་ཞིག་བྱུང་བ་ཡིན་ན། ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོ་ནས་བརྒྱུད་པའི་མི་རིགས་འཛམ་གླིང་ཡང་ཐོག་ལ་སྡོད་མཁན་བོད་མི་རིགས་ཀྱི་རིག་གཞུང་བཟང་པོ་འདི་དག་གིས་བོད་མི་རང་ཉིད་ལ་ཁེ་ཕན་ཐོབ་ཐུབ་པས་མ་ཚད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དང༌། སོག་པོ་ཕྱི་ནང༌། ཡང་སྒོས་རྒྱ་མི་རིགས་མང་པོ་ཞིག་ལ་ང་ཚོས་ཕན་ཐོགས་བྱེད་ཐུབ་པ་ཡོང་གི་རེད། དེ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ལ་ཡང་ང་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་འདི་དག་གི་ཐོག་ནས་གང་ལ་གང་འཚམ་གྱིས་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་ཡོད་པ་རེད།

བོད་རང་དབང་དང༌། ང་ཚོའི་ཆོས་དང་རིག་གཞུང་གི་དོན་དག་ལ་ང་ཚོའི་མི་མང་པོ་ཞིག་ཤི་བ་དང༌། མི་མང་པོ་ཞིག་རྡུང་རྡེག་གི་འོག་ནས་ལུས་ནད་གཅོང་ཆགས་ཡོད། བོད་སྤྱི་དོན་ལ་རང་སྲོག་བློས་བཏང་གིས་དཀའ་ལས་རྒྱག་མཁན་བོད་མི་བརྒྱ་ཕྲག་མང་པོ་ཞིག་ད་ལྟའི་དུས་སྐབས་སུ་ཡང་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་བསྡད་ཡོད།

ང་ཚོ་བཙན་བྱོལ་བར་མཚོན་ན་ཡང་ཡུལ་དུས་བརྗེས་ཏེ་ཚ་གྲང་མ་སྙོམས་པ། མཐུན་རྐྱེན་མ་འཛོམས་པ། འཕྲོད་བསྟེན་ཞན་པ་སོགས་ཀྱི་དཀའ་ངལ་དང༌། རྒན་གཞོན་མང་པོ་དུས་མིན་འཆི་རྐྱེན་བྱུང་ཡོད། གང་ལྟར་ང་རང་ཚོའི་མི་ཐོག་འདིར་བོད་མི་རིགས་ཀྱིས་དཀའ་སྡུག་ཆེན་པོ་མྱོང་དགོས་པ་བྱུང་ན་ཡང༌། མི་མང་པོ་ཞིག་གིས་ལུས་སྲོག་འབེན་དུ་བཙུགས་ཏེ་དཀའ་ངལ་ཁྱད་བསད་བྱས་པའི་འབྲས་བུར་ང་ཚོའི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་གོམས་གཤིས་བཟང་པོ་བཅས་ཉམས་མེད་རྒྱུན་འཛིན་ཡག་པོ་ཞིག་བྱེད་ཐུབ་པ་བྱུང་བ་ཡིན་ན་དཀའ་ལས་བརྒྱབ་པ་དེ་གོ་ཆོད་པ་རེད། ཤི་མཁན་ཚོ་ཡང་ཤི་གོ་ཆོད་པ་རེད། ཤི་ཁར་ཁ་ཆེམས་བཞག་པའི་དོན་དག་སྒྲུབ་ཐུབ་པ་རེད།

གལ་ཏེ་ང་ཚོའི་མི་ཐོག་འདིས་ཡག་པོ་བྱེད་མ་ཐུབ་པ་དང༌། ལྷག་བསམ་ཡག་པོ་མ་བྱུང་བ། ཤེས་བྱ་ཡོན་ཏན་ཡག་པོ་མ་བྱུང༌། སྤྱི་སེམས་ཡག་པོ་མ་འཁྱེར་བར་སླ་རུ་སླ་རུ་ཕྱིན་པ་ཡིན་ན། མི་ཤི་མཁན་ཚོ་ཤི་གོ་མ་ཆོད་པ་རེད། དཔེ་མི་སྲིད་པའི་ཕངས་པོ་རེད། དཀའ་ལས་བརྒྱབ་པ་རྣམས་ཆུད་ཟོས་ཕྱིན་པ་དང༌། ང་སྒེར་ངོས་ལ་ཆ་བཞག་ན་ལོ་༦༣ ལ་མ་སླེབས་བར་དུ་བོད་སྤྱི་པའི་དོན་ལ་ཕྱོགས་གང་ས་ནས་ཞབས་འདེགས་གང་ཡོང་ཅི་ཡོང་ཞུས་ཡོད་བསམ་པ་དྲན་གྱི་འདུག ཡིན་ན་ཡང་གཞོན་སྐྱེས་ཚོས་མཇུག་ཡག་པོ་མཐུད་མ་ཐུབ་པར་བོད་མི་རིགས་ཀྱི་གཟི་བརྗིད་ཉམས་ཆག་ཕྱིན་པ་ཡིན་ན་ང་ཚོས་དཀའ་ལས་བརྒྱབ་པ་ཆུད་ཟོས་འགྲོ་གི་རེད། དེས་ན་ཁྱེད་ཚོ་གཞོན་སྐྱེས་ཚོའི་མཇིང་པའི་སྒང་ལ་འགན་ཆེན་པོ་ཞིག་སླེབས་ཡོད། དེ་ཁྱེད་ཚོས་སྙིང་ལ་བཅངས། སེམས་ལ་ངེས་པ་བྱེད་རོགས། ཧུར་ཐག་བྱེད་རོགས། ཤེས་སོང་ངམ། ཁྱེད་རང་ཚོ་བར་སེང་ཞིག་ལ་གནམ་གཤིས་སྐྱིད་པ་ཞིག་བྱུང་ན་ཉིན་གཅིག་གུང་སེང་སྤྲོ་སྐྱིད་བཏང་ན་འགྲིགས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་སྩལ།། །།