༄༅། །གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
མཛད་པ་པོ། ཚེ་ཏན་ཞབས་དྲུང་།
ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བ་བཤད་པ།
༄༅།།དངོས་འཛིན་ཚང་ཚིང་གཅོད་པའི་རལ་གྲི་དང་།།
ཟབ་དོན་གླུ་རུ་ལེན་པའི་པུསྟི་ཀ །
བསྣམས་པ་གང་དེའི་མཁྱེན་རབ་བདུད་རྩི་ཡིས།།
བདག་གི་སྒོ་གསུམ་རྣམ་ཀུན་བརླན་པར་མཛོད།།
སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་སོགས།།
མཁས་དགུ་བག་ཡངས་སྤྱོད་པའི་ཡོན་ཏན་མཛོད།།
ཅི་དགར་ལག་ཏུ་གཏོད་མཛད་བདག་གི་བཤེས།།
སྲིད་མཐའི་བར་དུ་སྤྱི་བོའི་རྒྱན་དུ་བསྟེན།།
བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་གཟུགས།།
མཚུངས་མེད་རྣམ་དཔྱོད་མཆོག་གིས་ཉེར་བཟོས་ཏེ།།
སཱ་ལའི་ལྗོངས་སུ་རིག་པའི་སྒོ་འབྱེད་མཁན།།
སློབ་དཔོན་ཐོན་མི་མཆོག་ལ་གུས་པས་འདུད།།
003
གང་གི་མཁྱེན་རབ་རྒྱ་མཚོའི་ཀླུང་ཡངས་ལས།།
ཉེ་བར་ཐོན་པའི་སུམ་རྟགས་ཡིད་བཞིན་ནོར།།
རིས་མེད་སྐྱེ་འགྲོ་ཡོངས་ཀྱི་དགའ་སྟོན་སླད།།
གོ་སླའི་ངག་གིས་རྒྱ་ཆེར་དབྱེ་བར་བྱ།།
ད་ལྟའི་གདུལ་བྱའི་བློ་དང་འཚམ་པ་ཡིན་གྱི་གཏིང་དཔོག་དཀའ་བའི་མདུད་རྒྱས་བཅིངས་པ་མིན།།
རྣམ་དག་ཁུངས་དང་གཏུགས་པའི་གཞུང་ལུགས་ཡིན་གྱི་གཞན་གྱི་ཚིག་རིས་ཇི་བཞིན་བཤུས་པ་མིན།།
དགག་གཞག་ཟེའུ་འབྲུ་སྤུངས་པའི་འདབ་བརྒྱ་ཡིན་གྱི་ཚིག་ཟིན་ངོ་གདོང་གཉེར་བའི་སྡོང་སྐམ་མིན།།
བློ་གྲོས་གཤོག་ལྡན་བུང་བའི་དགའ་སྟོན་ཡིན་གྱི་ཐོས་བརྩོན་ནོར་གྱིས་དབུལ་བའི་སྤྱོད་ཡུལ་མིན།།
དེ་སླད་ཚུལ་འདིར་འཇུག་འདོད་པའི།།
བློ་གསལ་སྐལ་བཟང་ཤེས་ལྡན་དག །
ཚིམ་མེད་དོན་དུ་གཉེར་བའི་བློས།།
བརྡ་སྤྲོད་རྒྱ་མཚོར་རོལ་བར་མཛོད།།
དང་པོ། སུམ་རྟགས་མཛད་པ་པོ་སློབ་དཔོན་ཐོན་མིའི་ཆེ་བ།
༡ བོད་ཡིག་གསར་བཟོ་བྱེད་དགོས་པའི་རྐྱེན།
དེ་ཡང་སྔོན་འདས་པའི་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་ཙམ་སོང་བའི་དུས་རབས་བདུན་པའི་སྟོད་ཀྱི་ཆར། བོད་རྒྱལ་གནམ་རི་སྲོང་བཙན་གྱིསྲས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་བཞེས་པ་ས་མོ་གླང་གི་ལོར། (སྤྱི་ལོ་༦༢༩) རྒྱལ་སྲིད་གསར་དུ་སྐྱོང་དུས་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པ་ན། ཤར་ན་རྒྱ་ནག་དང་ཁྲི་བརྟན། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་ཡན། བྱང་ན་ཁྲོམ་དང་གེ་སར་ཏེ། མཐའ་བཞིའི་རྒྱལ་བོ་རྒྱལ་ཕྲན་དང་བཅས་པས་སྟོན་ཀའི་སྤྲིན་གྱི་འདུ་འགོད་དང་མཚུངས་པའི་ཕོ་ཉ་ཡང་ཡང་མངགས་ནས་བོད་རྒྱལ་ལ་རང་རང་གི་རྒྱལ་ཁམས་ཀྱི་ཡི་གེར་བཀོད་པའི་འཚམ་ཞུའི་འཕྲིན་ཡིག་དང་འཚམ་སྐྱེས་སུ་རིན་ཐང་གཞལ་དུ་མེད་པའི་རྟེན་མཚོན་འདི་དང་འདི་ཡོད་དོ་ཞེས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ནས་བསྐུར་བ་ལ། དེ་དུས་བོད་རང་ལ་ཡི་གེ་མེད་པས་སྐྱེས་ལན་དང་འཕྲིན་ལན་ལ་རྒྱལ་ཁམས་དེ་དང་དེའི་ཡི་གེ་ལྟར་འབྲི་བའམ། ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བ་དེར་སྲོང་བཙན་གྱི་དགོངས་པ་ལ། རང་ཅག་བོད་ལ་ཡི་གེ་མེད་པ་འདིས་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་བྱེད་མི་ཐུབ་པ་དང་། རྒྱལ་ཁམས་གཞན་གྱིས་འཕྱ་བའི་གནས་སུ་ཡང་འགྱུར་ན། ད་ནི་རྒྱལ་ཁམས་གཞན་གྱི་ཡི་གེ་ལ་རག་མ་ལས་པར། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་ཐུགས་ཀྱི་དམ་བཅའ་བརྟན་པོ་བཅས་སོ།།
༢ ཐོན་མི་རྒྱ་གར་དུ་མངགས་པ།
དེའི་ཚེ་བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ན་ཡང་། ལ་ལ་ལམ་བགྲོད་དཀའ་བ་ལ་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་ཕྱིན་ཀྱང་ཚད་པས་ཤི། ལ་ལ་རྒྱ་སྐད་མ་ཤེས་པར་ཕྱིར་ལོག དེ་ནས་རྒྱལ་བོས་སླར་ཡང་ཐོན་མི་སམྦྷོ་ཊ་ཞེས་བྱ་བའི་ཁྱེའུ་ངང་ཚུལ་བཟང་བ། བློ་གསལ་བ། དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན། གཞན་ཕན་གྱི་ལྷག་བསམ་དཀར་བ་ཞིག་ཡོད་པ་དེ་ལ་བཀའ་གནང་ཞིང་། གསེར་བྱེ་བྲེ་གང་ལ་སོགས་པའི་རྫོངས་པ་བཅས་རྒྱ་གར་དུ་བཏང་ངོ་། །རྒྱལ་རབས་གསལ་བའི་མེ་ལོང་དུ། བློ་རྣོ་བ་བདུན་མངགས། ཞེས་དང་། བུ་སྟོན་གྱིས། ཐོན་མི་འཁོར་བཅུ་དྲུག་དང་བཅས་པ་བྱོན། ཅེས་གསུངས་པ་ལ་བརྟགས་ན། གོང་གི་བློན་པོའི་བུ་བཅུ་དྲུག་མངགས་པ་དེ་དང་རེབ་ཐེངས་གཅིག་ཏུ་བཞེད་པར་སྣང་ངོ་།།
བོད་མཁས་པས་བརྩམས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་གྱི་ལུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་ཡི་གེའི་བཤད་པར་བཀོད་པ་ལྟར་ན། དེའི་ཚེ་བློན་པོའི་མཆོག་འགར་སྲོང་བཙན་ཡུལ་སྲུང་གཡོག་དང་བཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་སྟེ། ཏ་ལ་ཁ་ཏི་རྣམ་གསུམ་གྱི་སར་ཕྱིན་པ་ན་གཡོག་ཕལ་ཆེར་ལ་ས་ཆུ་མ་འཕྲོད་པས་ཤི། འགར་རང་ཉིད་ཀྱང་འཆི་བར་དོགས་ནས་སླར་ལོག དེ་ནས་སྲོང་བཙན་གྱིས་ལྟོ་གཉལ་བ་ནས་ཐོན་མི་སྣང་གྲགས་ཞེས་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ཁྱོད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་མི་ཐུབ་དྲིས་པ་ན། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས་སོ། །དེ་ནས་ཕོ་ཉའི་མགོ་དཔོན་དུ་སྟག་རོ་ལོ་ཤོག་ཟེར་བ་བསྐོས་ཏེ་གཡོག་ལྔ་བརྒྱ་སྤྲད་པ་དང་། ཐོན་མིས་ཧ་ཅང་མང་བ་འདི་དག་གིས་ཅི་བྱེད། བཅུས་འཚལ་ལོ་ཞེས་གསོལ་ནས་དཔོན་གཡོག་བཅུ་གཉིས་ལ་མཁོ་བའི་ཆས་ཀ་དང་། རྒྱ་གར་རྒྱལ་བོ་དཔལ་སྦྱིན་བྱེད་བཱི་ན་ལྟ་ཆེན་ཞེས་པ་ལ་འཚམ་སྐྱེས་ཀྱི་བསྐུར་མ་ངག་འཕྲིན་དང་བཅས་པ་གནང་ནས་བརྫངས། ལམ་ནས་ནེ་པ་ལ་བལ་བོ་རྒྱལ་བོ་ལ་སྐྱེས་ཕུལ་ཏེ་ཚད་པ་ལ་ཕན་པའི་སྨན་ག་པུར་དང་། ཅུ་གང་དང་། ཙན་དན་གྱི་ཆུ་ལ་སོགས་པ་བསྩལ་བ་བསྟེན་ཅིང་སོང་བས་ཅི་ཡང་མ་གནོད་པར་རྒྱ་གར་དུ་བདེ་བར་བརྟོལ། ཞེས་འབྱུང་ངོ་།།
༣ ཐོན་མིའི་འཁྲུངས་ཡུལ་དང་ཡབ་དང་མཚན་ལ་མཁས་པའི་བཞེད་པ་མང་ཚུལ།
སྔོན་གྱི་མཁས་པས་བརྩམས་པའི་བསྟན་བཅོས་རྣམས་སུ། ཐོན་ལུག་ར་ཁ་བ་ནས་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་ཞེས་འདོད་པ་དང་། འགའ་ཞིག་གིས་ལྷོ་གཉལ་བ་སྣང་གྲགས་ཀྱི་བུ་ཨ་ནུ་སམྦྷོ་ཊ། སམྦྷོ་ཊ་རྒྱ་སྐད་དུ་འདོད་པ་བྱུང་ཡང་། འདི་གཉལ་ན་ཡོད་པའི་ས་འབུར་བོ་ཞིག་འདུག་པས་ས་འབོར་ཡིན་པ་འདྲ། གང་ལྟར་བོད་སྐད་དུ་སྣང་ཞེས་པ་དང་། སྨོན་འགྲོ་པཎ་ཆེན་གྱིས་གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་ཁྲུངས་པས་ན་ཐུ་མི་ཟེ་ར། ཞེས་པ་དང་། མཚན་ཡང་སམྦྷོ་ཊ་སྟེ་བྷོ་ཊ་བོད་དང་སཾ་ཡང་དག་པ་དང་། སཾ་བྷ་དྲའམ་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོ་དང་། སཾ་བསྔགས་པ་དང་བྷོ་ཊ་བོད་དེ་བོད་བསྔགས་པ་ཞེས་པར་འདོད་པ་དང་། བུ་སྟོན་སོགས་ཀྱིས་ཨ་ནུ་ཞེས་པ་ཡབ་ཀྱི་མཚན་དུ་འདོད་པ་དང་། མཁས་པ་ལ་ལས། རྒྱ་གར་སྐད་ཀྱིས་ཨ་ནུ་ཞེས་པ་མིའུ་ཆུང་གི་མིང་ཡིན་པས། ཐོན་མི་ཨ་ནུ་ནི་ཐོན་མི་མིའུ་ཆུང་ཞེས་པའི་དོན་དང་། སམྦྷོ་ཊ་བོད་ཡང་དག་པ་སྟེ་བོད་དངོས་མ་ཞིག་རེད་ཅེས་པའི་སྐད་དོད་ཡིན་ནོ། །ཞེས་བཞེད་དོ། །འགའ་ཞིག་གིས། རྒྱ་གར་ན་འགྲེལ་བ་སངས་རྒྱས་བསྐྱངས་དང་། འགྲེལ་བ་ཆོས་མཆོག་ཅེས་མཛད་པ་པོའི་མཚན་བསྟན་བཅོས་ལ་འདོགས་པའི་སྲོལ་ཡོད་པ་བཞིན་དུ། འདིར་ཡང་སཾ་བྷ་དྲའམ་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོ་ནི་སློབ་དཔོན་ཐུ་མིའི་མཚན་ཡིན་པ་ལ་ཁུངས་ཚད་ལྡན་ཡོད་དེ། སུམ་ཅུ་པའི་རྩ་བའི་མཇུག་ཏུ་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་བའོ། །ཞེས་སྒྲ་བ་ནམ་བཟང་གི་སུམ་ཅུ་བའི་འགྲེལ་བ་བསྟན་པའི་སྒྲོན་མེར་བཀོད་པ་ལྟར་ན། ཀུན་ཏུ་བཟང་པོ་ཞེས་པ་སློབ་དཔོན་རང་གི་མཚན་དུ་གསལ་ལོ། །ཞེས་ཟེར་རོ། །གང་ལྟར་ཐོན་མི་དང་ཐུ་མི་ཞེས་འབྲི་སྲོལ་གཉིས་ཀ་མཆིས་ནའང་དེང་སང་ཐོན་ཞེས་འབྲི་བ་ནི་དར་སོ་ཆེའོ།།
༤ ཐོན་མིས་རྒྱ་གར་ནས་སྦྱངས་པ་མཛད་ཚུལ།
དེ་ནས་ཐོན་མི་རྒྱ་གར་གྱི་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། པཎྜི་ཏ་ལྷ་རིག་པའི་སེང་གེ་ཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་བ་རྣམས་དང་། རྟོགས་སླ་བ་རྒྱལ་བོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་ལ་བསླབས།
བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས། ཐོན་མི་རྒྱ་གར་དུ་བརྟོལ་བའི་རྗེས་སུ་རྒྱ་གར་རྒྱལ་བོས་ཐུགས་ལ་བཏགས་ཏེ། མཁས་པ་ཡ་ཤ་མི་ཏྲ་ཞེས་བྱ་བའི་སློབ་མ་ལྷ་རིག་པ་སེང་གེ་སློབ་དཔོན་དུ་བཀུར་ནས་ལོ་བདུན་དུ་སྒྲའི་བསྟན་བཅོས་རྣམས་ཚང་བར་བསླབས། དམ་པའི་ཆོས་དགེ་བ་བཅུའི་མདོ་ཡང་ཉན་ཅིང་བསླབས། ཞེས་འབྱུང་ངོ་། །དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དང་། གཙོས་གསེར་ཁྲི་དང་གསེར་ཏོག་སུམ་རྟགས་འགྲེལ་བ་རྣམས་སུ། ཡིག་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་ལ་སྦྱངས་ཞེས་པ་ནི་ཡི་གེ་ནོར་བར་མངོན་ཏེ། མདོ་རྒྱ་ཆེར་རོལ་པ་ལས་ཀྱང་ཡིག་རིགས་དྲུག་ཅུ་རྩ་བཞི་ལས་མི་འབྱུང་བས་སུམ་བརྒྱ་ལྷག་ནི་ལྟ་ག་ལ་ཞིག་གོ་སྙམ་མོ། །སྨྱུ་གུའི་སྟོང་ཐུན་སྒྲོན་མེ་ཞེས་པའི་དཔེ་རྙིང་བ་ཞིག་ན་ཐོན་མི་རྒྱ་གར་དུ་ཕེབས་དུས་ཡིག་རིགས་ཉི་ཤུ་རྩ་གཅིག་ཙམ་ཡོད་པར་བཤད་སྣང་ངོ་།།
༥ ཐོན་མིའི་སློབ་དཔོན་གྱི་མཚན་ལ་དཔྱད་པ།
ཐོན་མེའི་སློབ་དཔོན་གྱི་མཚན་ལ། ལི་བི་ཀ་ར། ལི་བྱིན། ལེགས་བྱིན། ལི་བྱིན་ཧ་ར་ཞེས་ཡི་གེ་མི་འདྲ་བ་དུ་མ་བྱུང་བ་ལས། ཀརྨ་སྨོན་ལམ་འོད་ཟེར་གྱི་སུམ་རྟགས་འགྲེལ་བར། ལི་བི་ཀ་ར་ཞེས་པ་ཡིག་མཁན་དུ་བསྒྱུར་འདུག དེ་ལྟ་ན་ལི་བི་ཞེས་པ་ཡིག་གཟུགས་དང་། ཀ་ར་ཞེས་པ་བྱེད་པ་པོའམ་བྱེད་མཁན་གྱི་སྐད་དོད་ཡིན་ནོ། །རྣམ་གླིང་བས་བོད་སྐད་དང་འདྲ་བར་སློབ་དཔོན་ལེགས་བྱིན་ཞེས་བྲིས་པ་དང་། གསེར་ཏོག་གིས་ལི་བྱིན་ཧ་ར་ཞེས་བྲིས་པ་གཉིས་ལ་ཁུངས་ཚད་ལྡན་ཡོད་མེད་བཙལ་དགོས་སོ།།
བུ་སྟོན་ཆོས་འབྱུང་དང་། དེབ་ཐེར་སྔོན་པོ། ངོར་བ་དཀོན་ལྷུན་གྱི་ཆོས་འབྱུང་སོགས་སུ། པཎྜི་ཏ་ལྷའི་རིག་པ་སེང་གེ་གཅིག་པུ་ལས་མ་བྱུང་བ་ལ་དཔགས་ན་ལི་བི་ཀ་ར་སྟེ་ཡིག་མཁན་ལྷའི་རིག་པའི་སེང་གེ་ཞེས་ཐོན་མིའི་སློབ་དཔོན་གྲགས་ཆེ་བ་འདི་གཅིག་པུ་ལས་ལི་བྱིན་དང་ལྷའི་རིག་པའི་སེང་གེ་གཉིས་གང་ཟག་སོ་སོ་བ་མིན་ནམ་སྙམ་སྟེ། ཐོན་མི་རང་གི་གསུང་མགུར་དུ་ཡང་།
ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།།
ཞེས་ལི་བྱིན་གཅིག་པུ་ལས་སོགས་སྒྲ་ཙམ་ཡང་མ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ལི་བྱིན་ཞེས་པ་ལི་བི་ཀ་ར་ཞེས་པའི་ལི་བི་ལ་ཡི་གེ་བསྣན་པའི་ཚུལ་གྱིས་ལི་བྱིན་དུ་བརྗོད་པའམ་ཟུར་ཆག་པ་གང་རུང་དུ་གོར་མ་ཆག་པས་ལེགས་བྱིན་དང་ལི་བྱིན་ཧ་ར་ཞེས་པ་རང་བཟོ་བྱས་པ་ལས་འོས་མེད་དོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེ་དཀར་གཡའ་སེལ་དུ་ཡིག་མཁན་ལི་བྱིན་ཞེས་བྲིས་པ་ལ་ཟློས་སྐྱོན་ཡོད་མེད་ཀྱང་བརྟག་དགོས་ཏེ། ལི་བྱིན་ནི་ཡིག་མཁན་གྱི་སྐད་དོད་ཡིན་པའི་ཕྱིར་རོ།།
༦ ཐོན་མིའི་རྒྱ་གར་དུ་ནམ་ཕེབས་པ་དང་ལོ་ཅི་ཙམ་བཞུགས་པ།
སྤྱིར་བོད་རྒྱལ་སྲོང་བཙན་སྒམ་པོ་ནམ་འཁྲུངས་ཀྱི་ལོ་ལ་བཞེད་པ་མི་མཐུན་པ་ཆེ་ཁག་གཉིས་ཡོད་ནའང་། ས་ཆེན་གྲགས་པ་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ་པ། ཚལ་བ་ཀུན་དགའ་རྡོ་རྗེ། པཎ་ཆེན་བསོད་ནམས་གྲགས་པ། དཔའ་བོ་གཙུག་ལག་ཕྲེང་བ། ཀུན་མཁྱེན་འཇམ་དབྱངས་བཞད་པ། སུམ་པ་ཡེ་ཤེས་དཔལ་འབྱོར། རྒྱལ་རབས་གསལ་བའི་མེ་ལོང་། རྒྱ་ནག་གི་ཡིག་ཚང་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་མ་ཚུགས་པའི་སྔོན་གྱི་ལོ་བདུན་པ་(སྤྱི་ལོ་༦༡༧)མེ་མོ་གླང་ལ་འཁྲུངས་པར་བཞེད་པ་གཙིགས་པར་འདོད་པ་ལྟར་ན། སྲོང་བཙན་དགུང་ལོ་བཅུ་བདུན་དང་ཐོན་མི་དགུང་ལོ་བཅོ་ལྔ་བཞེས་པའི་ཐོག་(༦༣༣)ཐོན་མི་རྒྱ་གར་དུ་ཆས་པར་བཤད། དེ་ལྟར་ན་རྒྱ་ནག་གི་སློབ་དཔོན་ཐང་སང་བླ་མ་སྤྱི་ལོ་དྲུག་བརྒྱ་ཉེར་དགུ་ལོར་ཁྲང་ཨན་ནས་ལི་ཡུལ་བརྒྱུད་དེ་རྒྱ་གར་དུ་ཆས་པ་ལས་ལོ་བཞིས་འཕྱིས་པ་ཙམ་མོ།།
ཐོན་མི་རྒྱ་གར་དུ་ལོ་ག་ཙམ་བཞུགས་གསལ་བར་བཤད་པའི་སྔོན་གྱི་ཡིག་ཚང་མ་མཐོང་ཡང་། སྲོང་བཙན་དགུང་ལོ་ཉེར་གསུམ་བཞེས་ཐོག་རྒྱའི་ཡིག་ཚང་ལྟར་ན་བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུ་དུས་བློན་པོ་འགར་གྱི་རོགས་སུ་ཐོན་མི་ཡོད་ངེས་པ་ཡིན་ལ། དེ་ལྟ་ན་བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས་ཐོན་མི་རྒྱ་གར་དུ་ལོ་བདུན་བཞུགས་པར་བཤད་པ་དེ་ཡང་ཁུངས་དང་འབྲེལ་ལམ་སྙམ་མོ།།
༧ ཐོན་མིའི་སྦྱངས་པ་མཐར་ཕྱིན་ནས་བོད་དུ་ཕྱིར་ལོག་པ།
དེ་ནས་སློབ་དཔོན་ལི་བྱིན་ལ་ཐོན་མིས་གསེར་གྱི་མཆོད་པ་དང་བཅས་བཀའ་དྲིན་ཆེ་བའི་ཆེད་བརྗོད་ཞུས་པ་ནི་འདི་ལྟར།
ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།།
བཀའ་དྲིན་ཆེ་འོ་ངོ་མཚར་ཆེ།།
བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན།།
རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།།
ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར།།
སྨོན་ལམ་དག་པའི་རླུང་གིས་དྲངས།།
སྒྲ་ཚད་ཡི་གེའི་ཉི་ཟླ་ཤར།།
འགྲོ་བའི་མ་རིག་མུན་པ་སེལ།།
བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ།།
རིག་པ་བློ་ཡི་ཆུ་ཕྲན་འཁོར།།
སྨོན་ལམ་དག་པའི་ཆུ་བྱ་ལྡིང་།།
སྒྲ་ཚད་ཡི་གེའི་ནོར་བུ་བཞུགས།།
འགྲོ་བའི་དབུལ་ཕོངས་སེལ་བར་བྱེད།།
སྒྱུ་ལུས་དྲི་མེད་ཀྱི་སྡོང་བོ་ལ།།
ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས།།
བསླབས་ཤེས་ཡོན་ཏན་མེ་ཏོག་ཤར།།
སྒྲ་ཚད་ཡི་གེའི་འབྲས་བུ་སྨིན།།
བདག་བོད་ཀྱི་བློན་པོ་ཐོན་མི་ལ།།
མ་ལུས་གནང་བ་ཐུགས་ལ་བཏགས།།
རྒྱ་གར་ཡུལ་དུ་ཕྱིན་པ་ཡིན།།
མཁས་གྲུབ་ཁྱེད་དང་མཇལ་བ་ཡིན།།
ཡོན་ཏན་གཞི་མ་ཡི་གེ་ཡིན།།
མ་ལུས་ཁོང་དུ་ཆུད་པ་ཡིན།།
བོད་ཡུལ་དབུས་སུ་འགྲོ་བ་ཡིན།།
རྒྱལ་བོས་དགའ་སྟོན་མཛད་པ་ཡིན།།
རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན།།
རྒྱལ་བོས་དབུ་མཛད་བློན་འབངས་ལ།།
སྒྲ་ཚད་ཡི་གེ་སྤེལ་བ་ཡིན།།
ཀུན་ལ་རྒྱས་པར་བྱེད་པ་ཡིན།།
ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།།
ཞེས་ཞུས་ནས་བཀའ་དྲིན་རྗེས་སུ་དྲན་པར་བྱས་སོ།།
དེ་ནས་བོད་དུ་ཕྱིར་ལོག་ཁར་སྒྲ་རིག་པའི་བསྟན་བཅོས་བསླབས་ཚད་ཀྱི་རྒྱ་དཔེ་དང་། གཞན་འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་པའི་རྒྱ་དཔེ་རྣམས་ཀྱང་གདན་དྲངས་པར་མཛད་དོ། །བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས། རྒྱ་གར་རྒྱལ་པོས་སྲོང་བཙན་ལ་སྐྱེས་ལན་དུ། མདོ་སྡེ་དཀོན་མཆོག་སྤྲིན། དམ་པའི་ཆོས་པདྨ་དཀར་བོ། གཙུག་ཏོར་དྲི་མེད་ཀྱི་གཟུངས། ནོར་བུ་ཀཻ་ཏུ་ཞེས་པ་མུན་རུམ་ན་བཞག་པས་འོད་གསལ་བ་ཞིག་བཅས་བསྐུར་བ་བསྣམས་ནས་བོད་ལ་བདེ་བར་བྱོན་ཅེས་འབྱུང་ངོ་།།