• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས།
    • གཞོགས་འདེགས་ཀློག་དེབ།
    • གཞོགས་འདེགས་རྒྱུ་ཆ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

དངུལ་གྱིས་བསླུས་པའི་གྲོགས་པོ་ཞིག

འཇམ་དབྱངས་དོན་གྲུབ། ཝཱ་ཎ་མཐོ་སློབ། བོད་དགེ

༡) ཞོགས་པའི་སྐྱ་རེངས་ཀྱི་ན་ཆུང་བུ་མོ་ཡངས་པའི་འཛིན་མའི་གྲོང་ཁྱེར་ལ་བག་མར་བྱོན་པས། ནག་སིབ་སིབ་ཀྱི་དྷ་སའི་རི་ཀླུང་དེ་ཡང་རིམ་གྱིས་ཇེ་གསལ་ཇེ་གསལ་དུ་གྱུར་བ་དང་། མཐའ་འཁོར་གྱི་ཚང་ཚིང་ལྗོན་པའི་གསེབ་ནས་བྱ་བྱེའུ་ཡི་གསུང་སྙན་འགའ་དྲན་འཛིན་གྱི་བུ་གར་ཐོལ་གྱིས་འཛུལ་ཡོང་ལ། ཐག་རིང་ནས་གྲགས་པའི་ཁྱི་ལྡོམ་འགའ་ཡི་གསལ་ལ་མི་གསལ་བའི་ཟུག་རྔུ་རེ་ཟུང་ལས་གཞན་གང་ཡང་ཐོས་རྒྱུ་མེད་པར་ཁོར་ཡུག་ཀུན་དབེན་འཇམ་རི་ཁྲོད་ཅིག་དང་གཉིས་སུ་མ་མཆིས། རྒན་རྡོ་རྗེ་ལགས་ཀྱིས་འཆར་ཅན་བཞིན་ཞོགས་པའི་ཕྱག་ཚོད་ལྔ་པར་མལ་ནས་བཞེངས་ཏེ་ཁ་ངོ་རོབ་ཙམ་འཁྲུས་ཤིང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རི་འདབས་ཀྱི་གུ་དོག་ལ་ཀྱག་ཀྱོག་མང་བའི་རྐང་ལམ་ཕྲ་མོ་དེ་བརྒྱུད་ནས་རྒྱུག་མ་འདུར་གྱིས་མེག་ལོར་གྷན་ཅི་བར་འཆམ་འཆམ་ལ་བསྐྱོད་པ་དང་། དེ་གར་ཕེབས་རྗེས་ལམ་ཟུར་དུ་ཆགས་པའི་རྒྱ་གར་གྱི་ཇ་ཁང་ཞིག་ནས་གསོལ་ཇ་མངར་མོ་ཤེལ་ཕོར་གང་མངགས་ཏེ་ཇུས་གཏོགས་རྐུབ་སྟེགས་སྟེང་བཞུགས་ནས་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་གི་འགྲུལ་པ་རྒན་གཞོན་ཀུན་ལ་ལྟད་མོར་གཡེངས་ནས་བཞུགས་པའི་སྐབས་སུ་གློ་བུར་དུ་“གསོལ་ཇ་མངར་མོ་བཞེས་དང་། གསོལ་མར་མེད་པ་མ་རེད་”ཅེས་པའི་གླུ་གཞས་རྙིང་པ་ཞིག་གི་སྒྲ་དབྱངས་ཤིག་ཁ་པར་ལས་ལྷང་ལྷང་དུ་གྲགས་པས། ལམ་སེང་གོས་ཐུང་གི་ཨམ་ཕྲག་ནང་ནས་ཨོ་བྷོ་རྟགས་ཅན་གྱི་ཁ་པར་དེ་བཏོན་ནས་གཟིགས་སྐབས་ཆ་རྒྱུས་གཏན་ནས་མེད་པའི་ཁ་པར་ཨང་གྲངས་གསར་པ་ཞིག་ཡིན་པ་རྟོགས་པས་སྣང་མེད་ངང་ཁ་པར་རྣ་ཅོག་གཡས་ཕྱོགས་སུ་བླགས། “ཧ་ལོ། ཁྱེད་རང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བོད་དགེ་རྡོ་རྗེ་ལགས་ཡིན་ནམ།” “ལགས་ཡིན། ཁྱེད་རང་སུ་ཡིན་ནམ།” “ང་ང་ང། ང་ཚེ་རྒྱལ་གྱི་སྲུ་མོ་ཡིན། ཁོ་ཉིན་བཅུའི་གོང་ཚེ་ལས་འདས་སོང་། ཁོ་གྲོངས་ཁར་ཁྱེད་རང་ལ་ཡི་གེ་ཞིག་བཞག་འདུག་པས་ངས་པར་བརྒྱབ་ནས་ཁྱེད་རང་གི་ཝཱ་ཚེ་ཨབ་ནང་བསྐུར་ཆོག” ཅེས་བུད་མེད་ཀྱི་ངུ་ངག་འདྲེས་མའི་དབྱངས་རྟ་གཉོམ་པོ་ཞིག་དང་ལྷན་དུ་ལམ་སེང་ཁ་པར་སྒོ་གཏན་སོང་། གློ་བུར་དུ་ཐོས་པའི་གཏམ་ངན་དེས་ཇུས་གཏོགས་རྐུབ་སྟེགས་སྟེང་བཞུགས་པའི་རྒན་རྡོ་རྗེ་ལགས་རེ་ཞིག་འཇིམ་གཟུགས་ལྟར་གཡོ་འགུལ་མེད་པར་ལྐུགས་པས་ལྷ་མཐོང་བ་བཞིན་གྱུར་བ་དང་། གང་མཚམས་ཤིག་ནས་གླ་བྱེད་རླངས་འཁོར་ཆུང་ངུ་ཞིག་གི་དུང་སྒྲས་ཁོང་ཧོབ་སྟེ་གཉིད་ལས་སད་པ་བཞིན་དྲན་པ་ནང་དུ་ཁུགས་ཏེ་མགོ་བོ་ས་ལ་དུད་ཀྱིན་དངན་པ་རིང་པོ་འགའ་འཐེན་ནས་ཕྱིར་རྐང་ལམ་ཕྲ་མོ་དེ་དེད་བཞིན་སློབ་གྲྭར་ལོག་ཅིང་། རང་ཤག་ཏུ་འབྱོར་བ་དང་ལམ་སེང་ལྕགས་སྒམ་རྙིང་སོང་དེ་ཁ་ཕྱེ་སྟེ་པར་སྣོད་ནང་ནས་སྔོན་མ་ཚེ་རྒྱལ་དང་མཉམ་དུ་བརྒྱབ་པའི་པར་རྙིང་དེ་དག་ལ་ལྟ་ཞོར་ཕྲེང་ཐག་ཆད་པ་བཞིན་འཁྲུམ་འཁྲུམ་དུ་བཞུར་བའི་མིག་ཆུ་རེ་རེ་བཞིན་མཁུར་འགོ་ནས་བཞུར། དངོས་གནས་བྱས་ན་དེ་རིང་རེས་གཟའ་ཉི་མ་ཡིན་པས་ལས་རོགས་དགེ་རྒན་འགའ་དང་ལྷན་དུ་དྷོ་ལ་རི་བོའི་རྩེ་མོར་སྤྲོ་གསེང་ལ་འགྲོ་རྒྱུའི་ཁ་དན་གནང་ཡོད་ཀྱང་། གློ་བུར་དུ་ཐོས་པའི་གཏམ་ངན་དེས་སྤྲོ་གསེང་ལ་འགྲོ་རྒྱུའི་ཡི་ག་རྨང་ནས་འགག་སྟེ་ལས་རོགས་དགེ་རྒན་ཞིག་ལ། “དེ་རིང་ང་བདེ་པོ་མི་འདུག་པས་ཁྱེད་ཚོ་དང་ལྷན་དུ་འགྲོ་ཐུབ་མ་སོང་བར་དགོངས་འགལ་མེད་པ་ཞུ་”ཞེས་ཝཱ་ཚེ་ཨབ་ནང་འཕྲིན་ཐུང་ཞིག་བསྐུར་ཏེ་ཉིན་གང་རང་ཤག་ཏུ་འདས་དོན་གྱི་བསམ་གཞིགས་སྣ་ཚོགས་ལ་རོལ་ནས་དུས་འདས་ཏེ་ཕྱི་དྲོ་ཇི་ལྟར་ཆགས་པའང་གཏན་ནས་མ་ཤེས།
༢) རྡོ་རྗེ་དང་ཚེ་རྒྱལ་གཉིས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་རྒྱ་མ་གྲོང་ཚོར་སྐྱེས་ཤིང་། གནས་མཆོག་དེ་ནི་བོད་ཀྱི་སྙན་གྲགས་ཅན་གྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡང་ཡིན། སྡེ་པ་གཅིག་ནང་ཆུང་དུས་ནས་མཉམ་དུ་འཚར་ལོངས་བྱུང་བས། ཁོང་གཉིས་ནི་གྲོགས་པོ་བློ་ཐུབ་ཡིན་པ་མ་ཟད། སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་ཡང་དགེ་རྒན་གཅིག་གི་འོག་ནས་འཚར་ལོངས་བྱུང་བའི་ཆོས་གྲོགས་བཟང་པོ་གཉིས་ཡིན། ཁོང་གཉིས་ཀྱི་ཁྱིམ་ཚང་ཡང་ཁྱིམ་མཚེས་ཡིན་པ་མ་ཟད་ཕན་ཚུན་སེམས་ཐག་ཉེ་ཞིང་། ཤ་སྤགས་ལ་ཟ་རེས་དང་། ཇ་ཆང་ལ་འཐུང་རེས་ཟེར་བ་ལྟར་སུ་ལ་དཀའ་ངལ་འཕྲད་ན་ཡང་ཕན་ཚུན་གཅིག་ཕན་གཅིག་རོགས་བྱེད་སྲོལ་ཡོད་པས་ཁྱིམ་གཅིག་དང་ཁྱད་པར་ཡེ་ནས་མེད། ན་སོའི་བབ་ཀྱིས་ཁོང་གཉིས་སློབ་ཆུང་ཐོན་རྗེས་གཡུར་ཟའི་འབྲས་བཟང་དང་ལྷན་དུ་ལྷ་ས་སློབ་འབྲིང་དང་པོར་ཞུགས་པ་དང་། དེ་གར་ཁོང་གཉིས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་དང་རྒན་བཀུར་གཞོན་གཅེས་ཀྱི་བྱ་བཟང་ལ་དགེ་སློབ་ཚང་མའི་བསྔགས་བརྗོད་ཐོབ་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ཁོང་གཉིས་ཀྱི་སློབ་སྦྱོང་གི་གྲུབ་འབྲས་རྟག་ཏུ་འཛིན་གྲྭའི་ནང་ཨང་རིམ་རྩེ་ཕུད་སོན་གྱི་ཡོད་པས་ཀུན་གྱིས་རེ་བའི་མིག་ཟུང་གཏོད་ཡུལ་དུ་གྱུར། ཚེ་སྔོན་གྱི་བག་ཆགས་ཤིག་གིས་ཡིན་ནམ་ཡང་ན་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་གིས་ཁོང་གཉིས་ཀྱི་མི་ཚེར་དཀྱོག་མཚམས་ཆེན་པོ་ཞིག་བྱུང་སྟེ། སློབ་འབྲིང་འགྲིམས་བཞིན་པའི་ཉིན་ཞིག་ཁོང་གཉིས་འབྲས་སྤུངས་དགོན་པའི་ནང་བཞུགས་ཡོད་པའི་ཚེ་རྒྱལ་གྱི་ཨ་ཁུ་དགེ་བཤེས་བློ་བཟང་ཉི་མ་ལགས་ཀྱི་འགྲམ་དུ་བསྐྱོད་པ་དང་། ཉིན་དེར་དགོན་པའི་ནང་ཚེས་བཅུའི་གཏོར་རྒྱག་འཁེལ་བས་ཨ་ཁུ་ལགས་ལ་དུས་ཁོམ་དེ་ཙམ་མེད་ཙང་ཁོང་གཉིས་ཁོང་གི་ཤག་ཚང་དུ་ལྷོད་ལྷོད་ངང་སྡོད་བཅུག ཁོང་གཉིས་ནམ་རྒྱུན་ནས་དཔེ་དེབ་འདྲ་མིན་སྣ་ཚོགས་ལྟ་ཀློག་བྱེད་རྒྱུར་དགའ་བས། ཨ་ཁུ་ལགས་ཀྱི་དཔེ་སྒྲོམ་ནང་གྲལ་བསྟར་སྒྲིག་པོས་བརྩིགས་གནང་བའི་ཕྱག་དཔེ་དེ་དག་རེ་རེ་བཞིན་མིག་ཤར་བརྒྱབ། ཡ་མཚན་པ་ཞིག་ལ་རྒྱ་ཡིག་ཚགས་པར་ཞིག་གིས་ཕྱི་འཐུམ་བརྒྱབ་པའི་དཔེ་དེབ་རྙིང་ཧྲུལ་ཞིག་ཁོང་གཉིས་ཀྱི་ལག་ཏུ་སོན་ཞིང་། ནང་ལོགས་ཁ་ཕྱེ་ནས་ལྟ་དུས་དཔེ་དེབ་ཀྱི་མཚན་བྱང་དུ་“ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་”ཞེས་འཁོད་ཡོད་པས་མཚར་སྣང་དང་བཅས་དཔེ་དེབ་དེ་ལྐོག་ཏུ་འཁྱེར་ནས་སློབ་གྲྭར་ཕྱིར་ལོག་ཅིང་། ལྐོག་ཏུ་དུས་ཁོམ་ཡོད་ཚད་ལ་ཆ་ཚང་བཀླགས་པས་སེམས་ནང་བརྗོད་མི་ཤེས་པའི་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་གིས་ལུས་ཁམས་ཀུན་སྦྲིད། དུས་དེ་ནས་བཟུང་ཁོང་གཉིས་ཀྱི་སེམས་ནང་རྒྱལ་ཞེན་དང་ལ་རྒྱ་ཟེར་བའི་ཚིག་འབྲུ་གཉིས་འཚང་ནས་ཡོད། སློབ་འབྲིང་ཐོན་ལ་ཉེ་བའི་སྐབས་སུ་ཉིན་ཞིག་གློ་བུར་དུ་སྒྲིག་ཆས་གྱོན་པའི་ཉེན་རྟོག་པ་ལྔ་དྲུག་ཙམ་ཞིག་ལྷ་ས་སློབ་འབྲིང་དང་པོར་སླེབས་ཏེ་ལམ་ཟུར་གྱི་གློག་མིག་ལ་བརྟག་དཔྱད་བྱེད་པར་ཡོང་བ་དང་། དེ་ཡང་ཉེ་སྔོན་སློབ་གྲྭའི་གྱང་ལྡེབས་སུ་བྲིས་པའི་”བོད་རང་བཙན་ཡིན། རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཤོག”ཅེས་པའི་ཡི་གེ་དེ་སུས་བྲིས་ཡོད་མེད་བརྟག་དཔྱད་བྱེད་པར་སླེབས་པས། ཁ་ཁུ་སིམ་པའི་སློབ་གྲྭ་དེ་ཉིད་སྐད་ཅིག་ཉིད་དུ་འདུ་འཛིས་ཁེངས་པའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གྱུར་བ་དང་། བོད་ཡིག་དགེ་རྒན་ཚོས་བྲེལ་བ་འཚུབ་འཚུབ་ངང་རང་གི་འཛིན་གྲྭའི་སློབ་མ་རྣམས་ཀྱི་བོད་ཡིག་སྦྱོང་ཚན་འབྲི་དེབ་ཚང་མ་བསྡུས་ནས་སློབ་དོན་གཞུང་ལས་ཁང་ནང་འཁྱེར་ཕྱིན་པར་བལྟས་ན། དེ་ནི་ཉེན་རྟོག་པས་སློབ་མ་རྣམས་ཀྱི་བོད་ཡིག་ཡིག་གཟུགས་ལས་ཁ་སྔོན་གྱང་ལྡེབས་སུ་བྲིས་པའི་ཡི་གེ་དེ་སུ་ཞིག་གིས་བྲིས་ཡོད་མེད་རྩད་གཅོད་བྱེད་ཀྱི་ཡོད་པ་ཐག་གིས་ཆོད། གནས་ཚུལ་དེ་རིམ་བཞིན་ལྷ་ས་གྲོང་ཁྱེར་ཡོངས་ལ་ཁྱབ་ནས་ཚང་མས་དོ་སྣང་བྱེད་འོས་པའི་གསར་འགྱུར་ཞིག་ཏུ་གྱུར་ཞིང་། ཉིན་ཤས་རྗེས་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་གཉིས་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་པའི་སྐད་ཆ་ཞིག་ཀྱང་རིམ་བཞིན་ཚགས་པར་དང་གསར་འགྱུར་ལས་ལྷ་ས་གྲོང་ཁྱེར་ཙམ་མིན་པར་རིམ་བཞིན་བོད་ཁམས་ཡོངས་ལ་ཁྱབ།
༣) དྲང་མོར་བཤད་ན་སློབ་གྲྭའི་གྱང་ལྡེབས་སུ་ཡི་གེ་འབྲི་མཁན་དེ་ནི་རྡོ་རྗེ་དང་ཚེ་རྒྱལ་གཉིས་ཡིན་ཞིང་། ཁོང་གཉིས་ཀྱིས་དགོང་མོའི་རང་སྦྱོང་གྲོལ་ནས་སློབ་མ་རྣམས་རང་རང་སོ་སོའི་ཉལ་ཁང་ལ་ལོག་རྗེས་མི་གཅིག་ཁྱི་གཅིག་ཙམ་ཡང་མེད་པའི་སྐབས་སུ་བྲིས་པ་ཞིག་ཡིན་ཀྱང་། སྟབས་མ་ལེགས་པར་ལམ་ཟུར་གྱི་གློག་སྡོང་སྟེང་བཀལ་བའི་གློག་མིག་ལས་ཁོང་གཉིས་ངོ་ཤེས་པ་མ་ཟད། གྱང་ལྡེབས་སུ་བྲིས་པའི་བོད་ཡིག་ཡིག་གཟུགས་ཀྱང་རྡོ་རྗེའི་ཡིག་གཟུགས་ཡིན་པ་ཤེས་ངེས་ཡིན་སྟབས་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུར་ངེས་པས། ད་ནི་རྒྱ་ཡི་མུན་ནག་བཙོན་ཁང་ནང་དཀའ་སྡུག་མྱངས་པ་ལས་རྒྱ་གར་ལ་བྲོས་ཕྱིན་ན་གཅིག་ནས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྐུ་མདུན་ཡིད་བཞིན་ནོར་བུའི་གསེར་ཞལ་མཇལ་ཐུབ་པ་དང་། གཉིས་ནས་མུ་མཐུད་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཞིག་འཐོབ་རྒྱུར་གདོན་མི་ཟ་སྙམ་ཏེ། རང་གི་བརྩེ་བའི་ཕ་ཡུལ་དང་ཆུང་ནས་འདྲིས་ཤིང་གཤིབས་པའི་ཕ་མ་སྤུན་མཆེད་སོགས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་ཧི་མ་ལ་ཡ་རྡོག་པས་བརྫིས་ནས་གསར་འབྱོར་བ་གཞན་རྣམས་དང་འདྲ་བར་བལ་ཡུལ་སྣེ་ལེན་ཁང་བརྒྱུད། ཕྱི་ལོ་༢༠༠༩ ལོར་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཏེ་ཡུན་རིང་སྙིང་ལ་བརྣགས་པའི་བསམ་འདུན་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཞིང་། དྷ་ས་སྣེ་ལེན་ཁང་དུ་བདུན་ཕྲག་གཅིག་རིང་བསྡད་དེ་བདེ་ལེགས་སྨན་ཁང་དུ་གཟུགས་གཞིར་བརྟག་དཔྱད་བྱས་པ་སོགས་ཀྱི་བྱ་རིམ་དག་ཚགས་ཚུད་ངང་གྲུབ་ཏེ་ཕྱི་དྲོ་ཞིག་ལ་གསར་དུ་འབྱོར་བའི་ཕོ་གཞོན་མོ་གཞོན་གཞན་ལྔ་དང་མཉམ་དུ་འཇིབས་འཁོར་ཆེ་བ་ཞིག་གི་ནང་བསྐྱོད་དེ་གྷོ་པལ་པུར་བོད་ཁྱིམ་དུ་འབྱོར་བ་དང་། སློབ་གྲྭའི་ཡིག་ཚང་དུ་ཐོ་འགོད་བྱས་རྗེས་གཟུགས་པོ་ཆུང་ཞིང་ཤ་མདོག་ཅུང་ནག་པའི་གཉེར་པ་ཞིག་གིས་ཁོ་ཚོར་སྡེར་མ་དང་། ཕོར་པ། ཐུར་མ། ཀམ་པ་ལི། སྒྲིག་ཆས་ཆ་ཚང་གཅིག་བཅས་གནང་སྟེ་ཉལ་ཁང་ངོ་སྤྲོད་བྱས། གནས་དེ་ནས་སླར་ཡང་ཁོང་གཉིས་ཀྱིས་སློབ་སྦྱོང་ལ་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་འཇུག་ཅིང་། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཤེས་བྱ་རིག་པའི་གནས་སྤྱི་དང་ལྷག་པར་དུ་དབྱིན་ཇིའི་སྐད་ཡིག་ལ་རྟག་གུས་བརྩོན་པ་ལྷོད་མེད་བྱས་པས་ཁོང་གཉིས་ཀྱི་སྙན་གྲགས་གང་སར་ཁྱབ། ཁོང་གཉིས་ཀར་བཙན་བྱོལ་ནང་སྤུན་མཆེད་དང་དགའ་ཉེ་བློ་དཀར་སོགས་ཅི་ཡང་མེད་པས་མགོ་གཡེངས་ས་ཡེ་ནས་མེད་སྟབས་རྐྱེན་ངན་གྲོགས་སུ་ཤར་ཏེ་ཉིན་མཚན་དབྱེར་མེད་དཔེ་དེབ་དང་ཁ་འབྲལ་ཐུབ་ཀྱི་མེད་ལ། ནམ་རྒྱུན་རེས་གཟའ་སྤེན་པ་གཉིས་པར་ཡང་ཉལ་ཁང་ནང་དུ་བསྡད་དེ་དཔེ་ཀློག་གིས་དུས་འདའ་བ་ལས་ཕྱི་རོལ་དུ་འགྲོ་བ་ཧ་ལམ་མཐོང་དཀོན། དེ་ནི་ཕྱི་རོལ་དུ་འགྲོ་འདོད་མེད་པ་མིན་པར་ཁོང་གཉིས་ལ་སློབ་ཕྲུག་བྱིངས་དང་འདྲ་བར་གཞུང་ནས་ཟླ་རེར་གནང་བའི་ཧིན་སྒོར་ཉེར་ལྔ་དེ་མ་གཏོགས་མེད་པའི་རྐྱེན་གྱིས་རེད། བར་སྐབས་ཤིག་ནས་ཁོང་གཉིས་ཀྱི་བོད་ཡིག་རྩོམ་ཡིག་ལེགས་གྲས་འགའ་ཞིག་ཀྱང་ཤེས་རིག་ལས་ཁུངས་ཀྱི་སྨྱུག་གསར་དང་། སློབ་གྲྭའི་དུས་དེབ་སོགས་སུ་ཡང་ཡང་མཐོང་རྒྱུ་ཡོད་པས་དྷ་སའི་རི་ངོགས་དེར་ཡང་ཁོང་གཉིས་ཀྱི་མཚན་སྙན་མེད་པ་ནས་ཡོད་པ་དང་་ཡོད་པ་ནས་འཕེལ་བའི་ཕྱོགས་སུ་གྲགས། འོན་ཀྱང་ལོ་ངོ་བཞི་ལྷག་ཙམ་གྱི་རྗེས་སུ་ཚེ་རྒྱལ་གྱི་མི་ཚེར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཞིང་། འགྱུར་ལྡོག་དེས་མ་བསམ་ས་ནས་ཁོའི་མི་ཚེར་བར་ཆད་དང་གོད་ཆག་ཆེན་པོ་ཞིག་གི་དབུ་འཁྱུད་འབྲི་འགོ་ཚུགས་པ་ནི་ཅི་འདྲའི་བློ་ཕམ་དགོས་པའི་དོན་ཆེན་ཞིག་ཡིན་ཨང་།
༤) ཁོང་གཉིས་གྷོ་པལ་པུར་བོད་ཁྱིམ་དུ་སླེབས་ནས་ལོ་ངོ་བཞི་ཙམ་སོང་རྗེས་དྷ་ས་རྣམ་རྒྱལ་གྲྭ་ཚང་ནང་ཡོད་པའི་ཕ་ཡུལ་གཅིག་པའི་གྲྭ་པ་ཞིག་བརྒྱུད་ཚེ་རྒྱལ་གྱི་ཨ་ཁུ་དང་སྲུ་མོ་ཞིག་ཨ་རིར་ཡོད་པ་ཤེས་ཤིང་། དེ་ནས་མི་རིང་བར་ཁྱིམ་ཚང་གི་ཨ་མ་ལགས་ཤིག་གི་སྐད་འཕྲིན་ཁ་པར་བརྒྱུད་ཕན་ཚུན་སྤུན་ངོ་འཕྲོད་པར་གྱུར་བ་དང་། ཟླ་ཤས་རྗེས་ཨ་རིར་ཡོད་པའི་ཚེ་རྒྱལ་གྱི་སྤུན་མཆེད་དག་གིས་ཁོ་ལ་དངུལ་ཆར་པ་འབབ་འབབ་བསྐུར་ཡོང་གི་ཡོད་པས། དེ་སྔོན་ཉམ་ཐག་གི་སློབ་ཕྲུག་གྲས་ཡིན་པའི་ཚེ་རྒྱལ་གློ་བུར་དུ་སྒོར་ཁྲི་ཕྲག་ཡོད་པའི་ཕྱུག་པོ་ཆུང་ཆུང་ཞིག་ཏུ་གྱུར། དུས་དེ་ནས་བཟུང་རེས་གཟའ་ཉི་མ་འཆར་ཅན་ལ་ཁག་དཀྲི་སྣ་ཚོགས་བཏགས་ནས་སྒྲིག་འཛུགས་དགེ་རྒན་གྱི་འགྲམ་ནས་དགོངས་པ་ཞུ་གང་ཐུབ་བྱས་ཏེ་དྷ་སར་བསྐྱོད་དེ་སྡིག་གྲོགས་འགའ་ཞིག་དང་ལྷན་དུ་ཆང་རག་འཐུང་འགོ་ཚུགས་ཤིང་། མཚམས་རེར་རེས་གཟའ་ཉི་མའི་དགོང་མོར་ཡང་སློབ་གྲྭར་དུས་ཐོག་ཏུ་ལོག་མ་ཡོང་བར་རྗེས་ལུས་ཐེབས་པ་སོགས་ཀྱི་གནས་ཚུལ་བསྟུད་མར་ཐེངས་འགའ་བྱུང་བས། སློབ་གྲྭའི་སྒྲིག་འཛུགས་ཚོགས་ཆུང་ངོས་ནས་མཐའ་མའི་ཉེན་བརྡ་བཏང་སྟེ་མ་འོངས་པར་སྒྲིག་འགལ་གྱི་གནས་ཚུལ་ཐེངས་གཅིག་ལྷག་ཚེ་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུར་ཐག་བཅད་ཀྱང་། ཟླ་བ་གཉིས་ཙམ་ལས་མ་འགོར་བར་ཡང་བསྐྱར་སྒྲིག་འགལ་བྱུང་བས་མཐར་འཛིན་རིམ་བཅུ་པའི་ཡིག་རྒྱུགས་མ་སླེབས་སྔོན་གྱི་ཟླ་བ་གཉིས་ཙམ་གྱི་གོང་དུ་ཚེ་རྒྱལ་སློབ་གྲྭ་ནས་ཕྱིར་འབུད་བཏང་། འོན་ཀྱང་ཁོ་ནི་སེམས་ནང་སྐྱོ་སྣང་ཕྲན་བུ་ཙམ་ཡང་མེད་པར་དངུལ་ཏོག་ཙམ་ཡོད་པའི་བློ་ཤེད་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་དྷ་རམ་ས་ལར་ཆས་ཏེ་ཨ་མདོ་གྲོང་གསེབ་ཏུ་ཁང་ཆུང་ཞིག་གླས་ནས་བསྡད་པ་དང་། གྲོགས་པོ་རྡོ་རྗེ་ཡང་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཚར་རྗེས་ཐེངས་གཅིག་ཆེད་དུ་མངགས་ནས་དྷ་སར་ཚེ་རྒྱལ་ཐུག་པར་བསྐྱོད་ཅིང་། སྐབས་དེར་ཚེ་རྒྱལ་དང་ཕ་ཡུལ་ལི་ཐང་ནས་ཡིན་པའི་བུ་མོ་མིང་ལ་ཚེ་རིང་གཡང་འཛོམས་ཟེར་བ་ཞིག་དགའ་རོགས་སྒྲིག་ནས་མཉམ་དུ་བསྡད་ཡོད་པ་དང་། བུ་མོ་དེ་ནི་ཕྱི་ཚུལ་གྱི་རྣམ་པ་དང་ཁ་སྒོ་སྐྱེ་འབྲས་མི་ལེགས་རྒྱུ་མེད་ཀྱང་ཚེ་རྒྱལ་དང་འདྲ་བར་ཆང་རག་ལ་ངན་གོམས་ཤོར་བའི་བུ་མོ་ཐ་ཤལ་ཞིག་ཡིན་པ་དང་། ཡང་ན་ལོ་གསུམ་གཤིབས་པས་ཤེས། ཡང་ན་ཧོབ་སྟེ་བལྟས་པས་ཤེས་ཞེས་པ་ལྟར་ལུས་ལ་གྱོན་པའི་ཁྲ་ཁྲ་ཟིང་ཟིང་གི་གྱོན་གོས་དག་ལས་བུ་མོ་མ་རབས་ཤིག་ཡིན་པ་ལམ་སེང་རྟོགས་ཐུབ་པས། འགྲོ་ཁར་རྡོ་རྗེས་ཚེ་རྒྱལ་ལ་བུ་མོ་འདི་མཉམ་དུ་མུ་མཐུད་བསྡད་ན་མ་འོངས་པར་ཁྱེད་རང་ལ་དཀའ་ངལ་འཕྲད་ཡོང་། ད་ལྟ་ཁྱེད་རང་གཉིས་དགའ་རོགས་ཙམ་ཡིན་པ་ལས་ཆང་ས་བརྒྱབ་མེད་ཙང་ཨའུ་ཙམ་རེད་ཅེས་ནན་ཏན་ངང་ཤ་ཚས་མ་བཟོད་པར་སྙིང་གཏམ་འགའ་བཤད་པར་ཐལ། རྗེས་སོར་གོ་ཐོས་ལ་ཏག་ཏག་དེ་ནས་ལོ་གཅིག་ཙམ་གྱི་རྗེས་སུ་བུ་མོ་དེ་གསང་བའི་ངང་གློ་བུར་དུ་བོད་ལ་ཕྱིར་ལོག་པ་དང་། ལོག་འགྲོ་སྐབས་ཚེ་རྒྱལ་གྱི་དངུལ་ཁུག་ནང་ཡོད་པའི་སྒོར་མོ་ཁྲི་གཅིག་ལྷག་ཙམ་དེ་ཡང་ཆ་ཚང་བརྐུས་འདུག་ཟེར། དེ་ནས་བཟུང་ཚེ་རྒྱལ་ནི་སྨྱོན་པ་ཞིག་དང་འདྲ་བར་གང་སར་ཁྱི་ལྡོམ་བཞིན་ཉུལ་བ་དང་། མཚམས་རེར་ཕྱི་རྒྱལ་མགོ་སེར་མ་དེ་ཚོ་དང་མཉམ་དུ་ཕྱིན་ཏེ་གསལ་ལེ་རྒྱལ་འཁྲབ་པ་སོགས་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་དང་བྲལ་བའི་སྤྱོད་ངན་ཤ་སྟག་བྱེད་མཁན་ཞིག་ཏུ་གྱུར་བས། ཨ་རིར་ཡོད་པའི་སྤུན་མཆེད་ཚོས་ལམ་སེང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་ཕྱི་རྒྱལ་ལ་འཐེན་རྒྱུར་ཐག་བཅད་པ་རེད། ཚེ་རྒྱལ་ཨ་རིར་འགྲོ་ཁར་རྡོ་རྗེ་སྐད་བཏང་ནས་མཚན་གང་ཁོང་གཉིས་ལྷོད་ལྷོད་ངང་སྔར་སོང་ད་རྒྱུས་ཀྱི་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད་ཅིང་། དེ་ནས་མི་རིང་བར་ཚེ་རྒྱལ་ཨ་རིར་འཕུར་ཞིང་ཁོང་གཉིས་རྒྱ་མཚོའི་ཤར་ནུབ་གཉིས་སུ་ཁ་གྱེས་མོད། ཁོང་གཉིས་ཀྱི་གྱེས་བྲལ་དེ་གནས་སྐབས་ཙམ་ཡིན་པ་ལས་དུས་གཏན་གྱི་བདེ་མོ་ཞིག་ཡིན་པ་སུ་ཞིག་གིས་དཔོག་ནུས་སམ།
༥) རྒན་རྡོ་རྗེ་ལགས་སང་ཞོགས་ཕྱག་ཚོད་ལྔ་པར་མལ་ནས་ལངས་ཏེ་ཁ་པར་སྒོ་ཕྱེ་མ་ཐག་གྲོགས་པོ་ཚེ་རྒྱལ་གྱི་སྲུ་མོ་ལགས་ཀྱིས་ཝཱ་ཚེ་ཨབ་ནང་འཕྲིན་ཡིག་ཤོག་ལྷེ་གཉིས་ཅན་ཞིག་བསྐུར་གནང་ཡོད་པ་དེ་མཐོང་། ཁོང་གིས་ལམ་སེང་ཅོག་ཙེའི་སྟེང་གི་སྤྱན་ཤེལ་དེ་བསྐྱོན་ནས་ཞིབ་མོར་བཀླག་འགོ་བརྩམས་ཤིང་། འཕྲིན་ཡིག་ནང་འདི་ལྟར་བཀོད་ཡོོད་དེ། “ཆུང་ནས་མཉམ་དུ་གཤིབས་ཤིང་བརྩེ་སེམས་གངས་རི་ལྟར་ཟབ་པའི་གྲོགས་མཆོག་རྡོ་རྗེའི་གམ་དུ། ཆེད་འབུལ། མིག་འཁྱུག་ཙམ་ཞིག་ལ་ངེད་གཉིས་ཕན་ཚུན་ཁ་གྱེས་ནས་ད་བར་ལོ་ངོ་ལྔ་ཙམ་འགྲོ་བཞིན་འདུག ལོ་ངོ་འདི་དག་གི་རིང་ང་ནི་ནུབ་ཕྱོགས་ཨ་རིའི་ལུང་པར་བྲེལ་ཟིང་གིས་ངང་ནས་དུས་འདས་ཤིང་། མཚམས་རེར་གྲོགས་མཆོག་ཁྱེད་ལ་ཁ་ཏ་ལྷོད་ལྷོད་རེ་བྱེད་དགོས་བསམ་ཡང་ཡུལ་ལུང་འདིར་དུས་ཚོད་ནི་གསེར་ལས་ཀྱང་དཀོན་པ་ལྟར་སྣང་བས་སེམས་ལ་བསམ་པ་བཞིན་བྱུང་མ་སོང་བས་སྙིང་ཁོང་རུས་པའི་གཏིང་ནས་དགོངས་དག་ཞུ། ང་འདིར་སླེབས་པ་ནས་བཟུང་ཨ་ཁུ་དང་སྲུ་མོ་གཉིས་ཀྱི་བཀའ་དྲིན་ལས་འཚོ་བའི་ཐོག་དེ་ཙམ་དཀའ་ངལ་འཕྲད་མ་བྱུང་ལ། རང་གིས་ལས་ཀ་ཙག་ཙིག་འདྲ་བྱས་པའི་དངུལ་སྒོར་རྣམས་སྒེར་ལ་བདག་པས་རྒྱུན་དུ་ཆང་རག་མང་པོ་འཐུང་རྐྱེན་ཟླ་ཤས་སྔོན་ནས་སྨན་ཁང་དུ་སྡོད་དགོས་བྱུང་། སྨན་པས་བཤད་པ་ལྟར་ན། ཁོ་བོའི་མཆིན་པ་ཟུང་ཧ་ལམ་བེད་མེད་དུ་ཕྱིན་ཟིན་པས་མཆིན་པ་བརྗེ་པོ་རྒྱག་མ་ཐུབ་ན་སྲོག་ཉེན་ལས་ཐར་དཀའ་ཞེས་ཟེར་བྱུང་ཡང་། རང་ཉིད་རང་གིས་ལྐོག་ཏུ་མ་འགྱུར་བས་ཚེ་འདིའི་ལས་དང་བསོད་ནམས་ཟད་ན་མཆིན་པ་བརྗེ་པོ་རྒྱག་ཐུབ་པའི་དབང་དུ་བཏང་རུང་རིང་པོར་མི་གནས་པར་ཕྱི་མའི་ལམ་དུ་འགྲོ་ངེས་པས་ད་ནི་འཆི་སྒུག་རྒྱག་རྒྱུ་ལས་ཐབས་གཞན་མེད་པ་ཚོར། གྲོགས་མཆོག་ཁྱེད་ཀྱིས་སྔོན་མ་ནས་ཁོ་བོར་ཆང་རག་སྤོང་དགོས་པའི་བསླབ་བྱ་གཅིག་མིན་གཉིས་མིན་བརྒྱབ་རུང་ངས་དེ་དག་ཚང་མ་རྣ་རྒྱབ་ཀྱི་རླུང་བུར་བཏང་བ་དག་ད་ལྟ་བསམ་ན་འགྱོད་པ་རྟས་མི་ཟིན་པ་སྐྱེས་ཀྱིན་འདུག་རུང་ཡོད་ཚད་འཕྱི་དྲགས་སོང་། ངེད་གཉིས་ནི་གྲོང་ཚོ་གཅིག་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་གྲོགས་མཆོག་བློས་ཐུབ་ཟུང་གཅིག་ཡིན་ཞིང་། མཐར་ས་ནག་པོ་འདོམ་གྱིས་གཞལ་ཞིང་སྤྲིན་དཀར་པོ་ཚད་དུ་བཙུགས་ནས་ཕ་ཡུལ་དང་ཁ་བྲལ་ཏེ་ས་མཐར་ཡང་མཉམ་དུ་ཡོང་མྱོང་བའི་ལམ་གྲོགས་བཟང་པོ་ཞིག་ཡིན་ཡང་། རྒྱ་གར་དུ་སླེབས་ནས་ལོ་ཤས་རྗེས་ང་ལ་ཨ་རི་ནས་སྤུན་མཆེད་རྙེད་དེ་དངུལ་སྒོར་ཐོག་ལ་སེམས་འཁྲལ་མེད་པས་ཕ་ཡུལ་དྲན་པའི་གདུང་བ་སེལ་ཆེད་ཆང་རག་ཏོག་ཙམ་འཐུང་བས་མཐར་ངན་གོམས་སུ་གྱུར་ནས་ནམ་ཡང་སྤོང་མ་ཐུབ་པར་ཨ་རིར་སླེབས་རྗེས་ཀྱང་མུ་མཐུད་ཆང་རག་ལ་རོལ་བས་ད་ལྟའི་གནས་སྟངས་འདི་ཆགས་པ་རེད། ཁྱེད་རང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་མཐར་ཕྱིན་ནས་ད་ཆ་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་དགེའི་ཕྱག་ལས་གནང་བཞིན་ཡོད་པ་གོ་ཐོས་བྱུང་བས་ངའི་སེམས་ནང་དགའ་ཚོར་དཔག་མེད་སྐྱེས་བྱུང་། ཁྱེད་ནི་ཤེས་བྱ་རིག་པའི་གནས་མཐའ་དག་ལ་མཁས་ཤིང་བརྩོན་པ་མ་ཟད་མི་རིགས་ཀྱི་ལ་རྒྱ་ལྡན་པའི་གཞོན་སྐྱེས་རྩེ་གྲ་ཞིག་ཡིན་པས། མུ་མཐུད་རང་མི་རིགས་ལ་ཕན་ཐོགས་པའི་ཕྱག་ལས་གནང་རོགས་ཞུ་རྒྱུ་དང། རང་གིས་གང་སྦྱངས་པའི་ཤེས་ཡོན་རྣམས་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་དག་ལ་རྩིས་སྤྲོད་ཐུབ་པ་ཞིག་བྱུང་ན་དེ་ལས་ལྷག་པའི་ལེགས་སྐྱེས་འབུལ་རྒྱུ་ཞིག་འཇིག་རྟེན་འདིར་མེད་པས་དེ་དོན་ཡིད་ལ་འཇགས་རོགས་ཞུ་རྒྱུ་དང་། རབ་བྱུང་ན་ང་ནང་བཞིན་ཕྱི་རྒྱལ་ལ་གསང་སྤྱོད་བཀྲུ་བར་མ་ཕེབས་པར་དགེ་རྒན་གྱི་ལས་རིགས་མུ་མཐུད་ནས་གཉེར་རོགས་ཞུ་རྒྱུ་དེ་ངའི་མཐའ་མཇུག་གི་རེ་བ་ཡིན། མཐའ་དོན་ཁྱེད་ཀྱི་མི་ཚེ་འོད་སྣང་ལྡན་པ་དང་ལུས་བདེ་སེམས་སྐྱིད་ཡོང་བ་མ་ཟད་ལས་དོན་ཐམས་ཅད་གང་བསམ་ལྷུན་གྱིས་འགྲུབ་པ་དང་། ཚེ་ཕྱི་མར་སླར་ཡང་གྲོང་སྡེ་གཅིག་ནས་སྐྱེས་ཤིང་གྲོགས་མཆོག་བཟང་པོ་ཞིག་ཆགས་ཐུབ་པའི་རེ་སྨོན་དང་བཅས་ཁྱེད་ཀྱི་གྲོགས་མཆོག་ཚེ་རྒྱལ་གྱིས། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ནས། ཟླ་ཚེས་བཟང་པོར་ཕུལ།” ཞེས་གསལ་ཡོད། རྒྱ་མཚོའི་ཕ་རོལ་ནས་སྤྲིངས་པའི་འཕྲིན་ཡིག་འདིས་རྒན་རྡོ་རྗེ་ལགས་ཀྱི་སེམས་པ་སྨྲེང་ཤུར་རེར་བཏང་ཞིང་། ལོ་མང་མཉམ་དུ་གཤིབས་པའི་བརྩེ་བའི་གྲོགས་མཆོག་ཅིག་འཇིག་རྟེན་འདི་ནས་གཏན་དུ་ཁ་གྱེས་པར་བཟོད་གླགས་བྲལ་བའི་སྡུག་བསྔལ་བསྐྱེད་པ་མ་ཟད། དངུལ་སྒོར་ནི་འགྲོ་བ་མིའི་རིགས་ལ་ཆེས་དགོས་མཁོ་ཆེ་བའི་དངོས་པོ་ཞིག་ཡིན་ཡང་བེད་སྤྱོད་ཡང་དག་པ་གཏོང་མ་ཤེས་ན་ཚེ་སྲོག་གི་གཤེད་མ་དང་འཚོ་བའི་འགལ་རྐྱེན་ཞིག་ཏུ་འགྱུར་འགྲོ་བའི་ངེས་ཤེས་ཞེ་ཐག་པ་ནས་རྙེད་དོ།།

3rd Article Writing 2022
ཕ་དམ་པའི་ཞལ་གདམས་སྙིང་དབུས་སུ་བཅངས་པ།
གསང་བྲོས།༡

This website is funded by DANIDA through CICED