• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས་ཀློག་དེབ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

ཟབ་སྦྱོང་གི་ཟིན་བྲིས་དང་རང་གི་མྱོང་བ།

བསོད་ནམས་དར་རྒྱས།

ད་ལྟའི་བར་དུ་སློབ་སྦྱོང་གི་ལམ་ལུགས་ཡོད་པ་རེད་དེ། སློབ་ཁྲིད་ཀྱི་གཞུང་ལུགས་མེད་པར་མ་ཟད། སློབ་ཁྲིད་ཀྱི་རིག་གནས་ལ་དོ་གལ་ཆེན་པོ་རྩི་མཁན་ཡང་ཉུང་ཉུང་ལྟ་བུར་གྱུར་ཅིང་། ཐབས་ལམ་ཇི་ལྟ་བུ་ཞིག་བེད་སྤྱད་ན་འཚམ་མིན་དང་། ལམ་ལུགས་གང་འདྲ་ཞིག་བདམས་ན་གྲུབ་འབྲས་ཡོད་མིན་ལ་དཔྱད་ཞིབ་མ་གནང་བར། དབང་ཤུགས་ཁོ་ནས་སློབ་ཁྲིད་བྱེད་པའི་རྒྱུན་སྐྱོང་བཞིན་ཡོད། སྔོན་ཆད་ལམ་ལུགས་དེས་ཡུལ་དུས་འགའ་ཞིག་ལ་ཕན་ཐོགས་པ་བྱུང་ཡོད་ཀྱང་། དཔལ་འབྱོར་དང་ཚན་རྩལ་རིག་གནས་ཆེས་ཆེར་དར་ཞིང་། རང་དབང་དང་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་གང་སར་ཁྱབ་སྤེལ་དུ་ཕྱིན་དུས། ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་དམོད་པ་བོར་མཁན་ཉུང་ཉུང་ཞིག་མིན་ཀྱང་། ཁོར་ཡུག་གི་ཤུགས་རྐྱེན་ནི་ཟློག་དཀའ་བའི་རི་གཟར་གྱི་རྦབ་ཆུ་བཞིན། རང་དབང་མེད་པར་སིམ་འཛུལ་བྱས་ཡོང་དུས། ཐ་ན་བསམ་ཤེས་ཐུབ་ཙམ་གྱི་བྱིས་པ་ཡན་ཆད་ཀྱི་སེམས་ནས་རང་དབང་བསམ་བཞིན་ཡོད་ལ། ཁ་ནས་རང་དབང་གླེང་བཞིན་ཡོད། ང་ཚོས་བྱིས་པ་ཞིག་གི་ལོ་ཤས་ཀྱི་བསམ་སྤྱོད་ལ་དབང་སྒྱུར་བྱེད་ནུས་མོད། དེ་ནི་ང་ཚོ་ལ་དགོས་པའི་མཐར་ཐུག་གི་གྲུབ་དོན་དེ་མ་རེད། ང་ཚོ་ལ་དགོས་པ་ནི་བྱིས་པ་དེས་མ་འོངས་ཕུགས་རྒྱང་རིང་པོར་རིག་གཞུང་རྒྱུད་འཛིན་དང་བརྒྱུད་སྤྲོད་ཐུབ་རྒྱུ་དེ་རེད་ལ། བྱིས་པ་དེ་མ་འོངས་དཀའ་སྡུག་གི་ལམ་བུ་ལས་སྒྲོལ་ཆེད་ཀྱང་རེད། སུ་ཞིག་གིས་རིག་གཞུང་གང་ཞིག་རྒྱུད་འཛིན་བྱེད་པ་དང་། རང་གི་མ་འོངས་པའི་མདུན་ལམ་བཟང་པོ་མངོན་འགྱུར་བྱེད་པར། རིག་གཞུང་ལ་དགའ་བའི་དུངས་སེམས་ལྷད་མེད་ཅིག་བསྐྲུན་དགོས་པ་དང་། མ་འོངས་མདུན་ལམ་ལ་ཡིད་ཆེས་གཙང་མ་ཞིག་བསྐྲུན་དགོས་པ་དང་པོའི་ཆ་རྐྱེན་ཡིན་ལ། དེ་ནི་སེམས་ཁམས་ཀྱི་ཆོས་ཉིད་ཅིག་ཡིན་པས། གཙོ་བོ་སེམས་ཁམས་ལ་སློབ་གསོ་ཐེབས་དགོས་ངེས་ཡིན། དེར་བརྟེན། ང་ཚོས་སྔོན་མའི་ལམ་ལུགས་ཀྱི་བརྒྱུད་རིམ་དང་ཕན་ནུས་ཉི་ཚེ་བ་གཅིག་པུ་མ་གླེང་པར་ཁོར་ཡུག་ལ་རྒྱུས་ལོན་ཡག་པོ་བྱས་ཏེ། དུས་རབས་དང་མཐུན་པའི་མདུན་སྐྱོད་ངེས་པར་བྱེད་དགོས། ཁོར་ཡུག་ལ་མིག་དཔེ་ཡག་པོ་མེད་པའི་རྐྱེན་གྱིས། ཕྲུ་གུ་ལ་དེབ་ཀློག་པའི་གོམས་གཤིས་ཡན་ཆད་ཧ་ཅང་འཇགས་པར་དཀའ་ཞིང་། དེབ་ལ་ལྟ་རྒྱུ་ནི་ཁོང་ཚོ་གཅིག་པུའི་རྡོག་ཁྲེས་སུ་བསམ་བཞིན་ཡོད་པ་མ་ཟད། ནམ་ཞིག་སློབ་དེབ་ལ་ལག་པ་འཆང་མི་དགོས་པར་ཉིན་མཚན་ཀུན་ཏུ་ཁ་པར་དང་གློག་བརྙན་གཡེང་ཆོག་པའི་རྒན་རབས་ཤིག་ཏུ་འགྱུར་ན་སྙམ་པའི་རེ་བས་ཁེངས་ཡོད། གནས་སྟངས་དེ་འདྲའི་འོག་ནས་ཕྲུ་གུ་ལ་ཤེས་ཡོན་སྤྲོད་རྒྱུ་ནི་དགེ་རྒན་དང་སློབ་གྲྭ་གཅིག་པུའི་འགན་མ་ཡིན་པར། སྤྱི་ཚོགས་སྤྱི་དང་། མ་མཐའ་ཡང་ཁྱིམ་ཚང་དང་ཕ་མས་འགན་བརྒྱ་ཆ་ལྔ་བཅུ་ཡན་ཆད་མི་ལེན་ཐབས་མེད་ཡིན། ཁྱིམ་བདག་གིས་ཕྲུ་གུའི་སློབ་སྦྱོང་གི་གནས་ཚད་དང་། ཤུགས་རྐྱེན་ལ་དགོངས་པ་བཞེས་ཏེ། དེབ་ཀློག་རྒྱུ་དང་། སློབ་སྦྱོང་གི་ལེགས་ཆ་བསྟན་ཐུབ་ན། སློབ་སྦྱོང་བྱེད་རྒྱུ་དེ་ཁོང་ཚོ་གཅིག་པུའི་ཁུར་པོ་མིན་པ་ཤེས་ཐུབ། ཁོང་ཚོའི་མིག་སྔར་གློག་བརྙན་རྐྱང་རྐྱང་ལ་ལྟ་བ་དང་། བརྡ་འཕྲིན་གྱི་རོལ་རྩེད་རྐྱང་རྐྱང་རྩེས་ཏེ། ད་དུང་ཕྲུ་གུའི་རྒྱབ་ནོན་ཡིན་མདོག་བྱས་ཏེ། དགེ་རྒན་ག་གེ་མོ་དང་། སློབ་གྲྭ་ག་གེ་མོ་ལ་དམའ་འབོད་དང་ངན་ཚིག་རྐྱང་པས་སྡིགས་ནས་བསྡད་ན། ཕྲུ་གུའི་སེམས་ནང་ནས་ཀྱང་དགེ་རྒན་དང་སློབ་གྲྭ་ནི་ཕ་མས་བཤད་པ་ལྟར་བརྩི་བཀུར་བྱེད་མི་དགོས་ས་ཤིག་ཏུ་བསམས་ནས། སློབ་གྲྭའི་ཁོར་ཡུག་ལ་ཞེན་པ་ལོག་ཅིང་། དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་ལ་དད་མོས་གཏན་ནས་མེད་པར་འགྱུར་ཞིང་། ད་དུང་ང་ཚོས་ཆེས་ནོར་འཁྲུལ་ཆེ་བ་ནི། ཕྲུ་གུ་ལ་སློབ་སྦྱོང་གི་ཚོར་སྣང་ཆད་པའི་ལས་ཀ་ལྟ་བུར་བསྐྲུན་པ་དེ་རེད། དཔེར་ན། ཡག་པོ་མ་བསྡད་ན་ཡི་གེ་འབྲི་འཇུག་གི་ཡིན། ཡི་གེ་མི་འདོན་ན་སློབ་གྲྭར་གཏོང་གི་ཡིན། ཞེས་སློབ་སྦྱོང་དང་སློབ་གྲྭ་ནི་དང་པོ་ནས་ཕྲུ་གུའི་ཀླད་པའི་ནང་མི་འདོད་པའི་ཁོར་ཡུག་ཅིག་ལ་སྒྱུར་བཞིན་ཡོད། གལ་སྲིད་ཁོར་ཡུག་ཅིག་གི་ནང་དུ་ཕྲུ་གུ་ཡག་པོ་ཞིག་འཚར་ལོངས་ཡོང་དགོས་ན། ཁོར་ཡུག་དེ་ལ་གནས་པའི་ཕ་མ་དང་སྤུན་མཆེད། དགེ་རྒན་སློབ་གྲྭགས། ཐ་ན་ཉེ་འཁོར་གྱི་ཁྱིམ་མཚེས་ཡན་ཆད་ནས་ཕྲུ་གུ་ལ་མིག་དཔེ་ཡག་པོ་དང་། ཡར་སྐུལ་གྱི་འདུ་ཤེས་གཏིང་ཟབ་མོ་ཞིག་མེད་དུ་མི་རུང་། མདོར་ན། སློབ་ཁྲིད་ཀྱི་འགན་ཡོངས་རྫོགས་དགེ་རྒན་ལ་ཡོད་ཅིང་། སློབ་ཁྲིད་ཀྱི་ལམ་ལུགས་ལ་རྒྱུས་ལོན་དང་བསྐྱར་ཞིབ་ནན་པོ་གནང་ནས། ཡུལ་དུས་གནས་སྐབས་དང་མཐུན་པའི་སློབ་ཁྲིད་ཅིག་སྐབས་སུ་བབས་ཡོད། འོན་ཀྱང་། སློབ་མའི་གྲུབ་འབྲས་ནི་དགེ་རྒན་གཅིག་པུ་ལ་རག་ལས་པ་ཞིག་མིན་པས། ཁོར་ཡུག་དང་ཁྱིམ་བདག་ནས་འགན་མཉམ་འཁུར་ངེས་པར་དུ་གནང་དགོས།

  • དེ་ལྟར་གླེང་བསླངས་ནས། སྐབས་བབ་དེང་རབས་སློབ་ཁྲིད་ཀྱི་ལམ་ལུགས་ལས་ཆ་ཤས་ཙམ་སྡེ་ཚན་བཞི་ལ་བགོས་ནས་བཤད་ན།

དང་པོ་ཉམས་མྱོང་ཕུན་སུམ་ཚོགས་པ།

འཛིན་ཁང་གི་ནང་ལ་འཛུལ་བ་ནས་ཕྱི་ལ་མ་ཐོན་བར་གྱི་བྱེད་སྒོ་མཐའ་དག་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་མེད་ན། ཉིན་རེའི་བྱེད་སྒོ་ཁག་ལ་ཆད་ལྷག་མང་པོ་ཞིག་ཤོར་ཏེ། སློབ་ཁྲིད་ཀྱི་ནུས་པ་ལྡོག་ཕྱོགས་ནས་ཐོན་མི་སྲིད་པ་མིན། དེས་ན། ཅི་ཞིག་བྱས་ན་སློབ་མ་ཚོ་དགའ་བར་འགྱུར་ཞིང་། གང་ཞིག་བསྒྲུབ་ན་སློབ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པའི་ཉམས་མྱོང་ལ་ནང་བྱན་ཆུད་པ་ནི་སློབ་ཁྲིད་ཀྱི་དང་པོའི་འགག་སྒོ་ཡིན།

གཉིས་པ་བསམ་བློས་ཟིན་པ།

རང་ངོས་ནས་ཇི་ཙམ་མཁས་པ་ཡིན་ཀྱང་། སློབ་ཁྲིད་སྐབས་སུ་སློབ་མའི་བསམ་བློ་དང་སྦྲེལ་མ་ཐུབ་ན། དཀའ་ལས་ལ་གྲུབ་འབྲས་ཇི་ཙམ་སྨིན་རྒྱུ་ཡིན་མིན་ནི་ད་དུང་བཤད་དཀའ་ཞིང་། འཛིན་ཁང་གཅིག་གི་ནང་དུ་དབང་པོ་རབ་འབྲིང་ཐ་གསུམ་གྱི་སློབ་མ་ཡོད་པས། སློབ་ཁྲིད་དེ་ཚང་མར་འཐད་ཅིང་། ཀུན་ལ་ཉན་རིན་ཡོད་པ་ཞིག་དགོས་ལ། གལ་སྲིད་ཁོང་ཚོའི་བསམ་བློའི་གསང་བ་དེ་རག་ཙམ་ཤེས་མ་ཐུབ་ན། ང་ཚོ་ལ་ཇུས་གཏོགས་བྱེད་ཀྱིན་མི་འདུག་ལབ་མཁན་མང་པོ་ཐོན་ཏེ། སློབ་ཁྲིད་ཀྱི་ལྷིང་འཇགས་ལ་དོ་ཕོག་ཐེབས་ཤིང་། ཆ་སྙོམས་མིན་པའི་འཛིན་ཁང་དེ་མུ་མཐུད་ནས་མདུན་སྐྱོད་ཀྱི་ལམ་བུ་ལ་འཁྲིད་ཐབས་བྲལ་སྲིད།

གསུམ་པ་ཉམས་མྱོང་ཅན་གྱི་དགེ་རྒན་དེས་བསམ་བློས་ཟིན་པའི་སྒོ་ནས་བྱེད་སྒོ་ལ་ཇི་ལྟར་ཞུགས་པ་ནི།

འདིར་སྐབས་སུ་བབས་པ་གཞི་རིམ་འོག་མའི་སློབ་མ་འཛིན་གྲྭ་དང་པོ་ནས་ལྔ་བའི་བར་ལ་སྐད་ཡིག་སློབ་ཚན་གཙོར་བཟུང་གིས་བཤད་རྒྱུ་ཡིན་པས། དེས་བསམ་བློའི་གོ་རྟོགས་དང་མཐུན་པའི་གོང་འོག་གི་སློབ་མ་ལ་ཡང་མཚོན་པར་བྱེད་ཆོག
དང་པོ་འཛིན་ཁང་ལ་འཛུལ་མ་ཐག་པ་ནས། ཐེངས་དེ་ཡི་སློབ་ཁྲིད་འགོ་འཛུགས་པ་ཡིན་པས། སློབ་མའི་སྤྲོ་སེམས་སྤེལ་ཐབས་དང་། དོ་སྣང་འགུག་ཐབས་ནི། དགེ་རྒན་གྱི་ཕྱག་ལས་དང་པོ་དེ་ཡིན་ཞིང་། གལ་སྲིད། སྤྲོ་སྣང་དང་དོ་སྣང་མེད་ན་དཀའ་ལས་ལ་གྲུབ་འབྲས་མེད་ཅིང་། གྲུབ་འབྲས་མེད་པའི་ལས་ཀ་ལ་སུ་ཡང་ཡི་ཐང་ཆད་འགྲོ་བ་ནི་རང་བཞིན་ཞིག་རེད། རྣམ་རིག་ཤིན་ཏུ་བཀྲ་བའི་བྱིས་པ་ཞིག་དགའ་བཞིན་སྤྲོ་བཞིན་སློབ་སྦྱོང་ལ་བློ་ཁ་ཕྱོགས་རོགས་བྱས་ན། ཁོང་ཚོའི་རིག་པ་ནི་ང་ཚོ་ལས་ལྡབ་སྟོང་གིས་ལྷག་པ་ཚན་རིག་གིས་འགྲེལ་བཤད་ཟིན་པ་ཞིག་ཡིན་འདུག་ཅིང་། ང་ཚོས་བལྟས་ནའང་ཁོང་ཚོར་འདོད་པ་ཡོད་པ་ནི་ལམ་སང་ཤེས་འགྲོ་བ་མྱོང་བས་གྲུབ་པ་ཞིག་རེད། དེར་བརྟེན། དུས་ཚོད་ཐུང་ཐུང་ཞིག་གི་ནང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ལ་རྔམས་ནས་ཧ་ཅང་མང་པོ་མང་པོ་སློབ་པ་ནི་ཆེས་ཤིན་ཏུ་ནོར་འཁྲུལ་ཆེན་པོ་སྟེ། དེས་ཁོང་ཚོའི་སྤྲོ་སྣང་ལ་ཐད་ཀར་གནོད་པ་མ་ཟད། དུས་དེ་ནས་སློབ་སྦྱོང་ནི་ཁོང་ཚོའི་ཁུར་པོར་འགྱུར་ཞིང་། སློབ་དེབ་ནི་ཁོང་ཚོ་ལ་དཀའ་ལས་སྤྲོད་བྱེད་ཀྱི་དངོས་པོ་སྡང་ཤོས་དེ་འགྱུར་འགྲོ། སྤྲོ་སྣང་མེད་པས་དོ་སྣང་ཡང་རང་ཤུགས་ཀྱིས་འགག་སྟེ། སློབ་སྦྱོང་གི་དུས་ཡུན་ལས་གཡོལ་གང་ཐུབ་བྱེད་པའི་གོམས་གཤིས་ཤིག་རང་ཆས་སུ་འཁྲིལ་ཡོང་། དེ་དུས་ཞི་རྒྱས་དབང་དྲག་གི་ལས་གང་གིས་ཀྱང་ཁོ་ཚོའི་བསམ་བློ་ལ་འགྱུར་བ་གཏོང་དཀའ་བས། ང་ཚོ་ལ་གྲུབ་འབྲས་འདུག་གམ། ཡི་གེ་འབྲི་ཀློག་ཤེས་པ་བཟོ་རྒྱུ་གཅིག་པུ་འགན་གཙོ་བོ་དེ་མིན་པར། སློབ་ཕྲུག་ལ་སློབ་སྦྱོང་གི་གོམས་གཤིས་དང་། འཚོ་བའི་གོམས་གཤིས་བཟང་པོ་འཇགས་ཐབས་བྱེད་དགོས་པས། གནས་སྐབས་ཀྱི་གྲུབ་འབྲས་གཅིག་པུར་མགོ་འཁོར་མི་ཉན།
འཛིན་ཁང་ལ་འཛུལ་བ་དང་གདོང་ལ་འཛུམ་མདངས་དང་། ངག་ལ་ཁ་མཚར་གྱི་རྩེད་མོ་རྒྱུན་ཆགས་སུ་ཡོད་ན། སློབ་མ་ཚོས་དགེ་རྒན་ནམ་ཞིག་སླེབས་པ་དང་། ཅི་ཞིག་བཤད་པར་སྒུག་སྲིད་ལ། དེ་དུས་ཞར་དང་ཞོར་ལ་ཕན་ཚུན་དྲི་བའི་གོ་སྐབས་ཤིན་ཏུ་མང་པོ་རག་པ་མ་ཟད། དྲི་བ་དྲིས་ལན་བརྒྱུད་ནས་སློབ་མའི་རྣམ་རིག་ལ་སྦྱོང་བརྡར་སྤྲད་རྒྱུ་ཡང་གོ་སྐབས་ཡོད་ཡོད་པ་ཡིན། འོ་ན་ཅི་ཞིག་ཚུལ་ཇི་ལྟར་འདྲི་དགོས་སྙམ་ན།

དྲི་གཞི། ག་རེ། གང་ན། ག་དུས། སུ་ལྟ་བུ། རྒྱུ་མཚན་དྲི་བ། རྣམ་པ་དྲི་བ། འཆར་སྣང་དྲི་བ།
ཉེ་འཁོར། འཛིན་ཁང་ནང་དུ་ག་རེ་འདུག འཛིན་ཁང་གྲུ་བཞི་ཡིན་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ང་ཚོའི་འཛིན་ཁང་ལ་སྒོ་དང་སྒེའུ་ཁུང་ག་ཚོད་འདུག གལ་སྲིད་ང་ཚོའི་འཛིན་ཁང་འདི་མེད་ན་ཁྱོད་རང་གིས་ག་རེ་བྱེད་ས་རེད།
ཅ་ལག ཁྱོད་ཚོས་འབྲི་དེབ་འདི་གང་ནས་ཉོས་སམ། ཁྱོད་ཚོས་འབྲི་དེབ་ཉོ་དགོས་པའི་རྒྱུ་མཚན་གང་ཡིན། ཁྱོད་ཚོ་ལ་འབྲི་དེབ་ཆེ་ཆུང་སོགས་རིགས་མི་འདྲ་བ་ག་ཚོད་ཡོད། གལ་སྲིད་ཁྱོད་ཚོའི་འབྲི་དེབ་ཆར་པས་སྦངས་ན་ག་རེ་བྱེད་ས་རེད།
ས་ཆ། ལྷ་ས་གང་ན་ཡོད་པ་ཨེ་ཤེས། མི་མང་པོ་ཞིག་ལྷ་ས་ལ་དགའ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ལྷ་སའི་ཁོར་ཡུག་དེ་གཙང་མ་ཞིག་ཡོད་དམ་བཙོག་པ་ཞིག་ཡོད། གལ་སྲིད་ཁྱོད་རང་ལྷ་ས་ལ་སླེབས་ན་ཅི་བྱེད་དགོས།
དུས་ཚིགས། དབྱར་ཁ་ག་དུས་ཚེས་ཀྱིིན་ཡོད་རེད། དབྱར་ཁ་མེ་ཏོག་སྣ་མང་བཞད་པའི་རྒྱུ་མཚན་གང་ཡིན་ནམ། དབྱར་ཁ་དང་དགུན་ཁ་ལ་མི་འདྲ་ས་གང་དག་ཡོད། གལ་སྲིད་དབྱར་ཁ་མ་གཏོགས་དགུན་ཁ་སོགས་ཚེས་རྒྱུ་མེད་ན་ཁོར་ཡུག་དེ་གང་འདྲ་ཞིག་ཡོང་ས་རེད།
རི་མོ། ཁྱོད་ཚོ་རི་མོ་དགའ་ཤོས་གང་ཡིན། ཁྱོད་ཚོ་རི་མོ་དེ་ལ་དགའ་དགོས་པའི་རྒྱུ་མཚན་གང་ཡིན། ཁྱོད་ཚོས་རི་མོ་མི་འདྲ་བ་ག་རེ་འབྲི་ཤེས། ཁྱོད་ཚོ་རི་མོ་བ་ཞིག་ཡིན་ན་དང་པོ་ག་རེ་འབྲི་ས་རེད།
དུས་ཆེན། ལོ་གསར་ག་དུས་རེད། ལོ་གསར་གཏོང་དགོས་པའི་རྒྱུ་མཚན་གང་ཡིན། ལོ་གསར་ཉི་མ་བདུན་སོ་སོ་ལ་མི་འདྲ་བ་ག་རེ་བྱེད་ཀྱི་རེད། ག་དུས་ཡིན་ནའང་ལོ་གསར་ཡིན་ན་ཁྱོད་ཚོས་ག་རེ་བྱེད་ས་རེད།
ནང་མི་དང་གྲོགས་པོ། ནང་མི་ག་ཚོད་ཡོད། ཁྱོད་ཚོས་ཨ་མ་གཅེས་ཤོས་བྱེད་དོན་གང་ཡིན། ནང་མི་ཚོར་མིང་ག་རེ་ག་རེ་བཏགས་རེད། ཁྱོད་རང་ནང་གི་ཨ་ཕ་ཡིན་ན་ག་རེ་བྱེད་ས་རེད།

སྐབས་རེར་ཁོང་ཚོར་དྲི་བཅུག མཚམས་རེར་དགེ་རྒན་གྱིས་དྲིས་ཏེ། དོ་སྣང་དང་རྣམ་རིག་སྤེལ་ཐབས་བྱེད་དགོས་ཤིང་། དེ་དག་གིས་མཚོན་པའི་གསར་གཏོད་དང་། ཁོར་ཡུག་གི་དགོས་མཁོ་ལ་བསྟུན་དགོས་པ་ནི་སྨོས་མེད་རེད།

དང་པོ་ནས་ལན་ངེས་བཟུང་བྱས་ནས་དྲི་བ་གཏོང་བཅུག་པ། ཡིན། མིན། ཡིན་སྲིད། ནམ་ཡང་ཡིན་མི་སྲིད་ལྟ་བུའི་ལན་དགོས་པའི་དྲི་བ་གཏོང་འཇུག་དགོས།
ལན། དཔེར་བརྗོད།
ཡིན། ཁྱོད་རང་མི་ཡིན་ནམ།
མིན། ཁྱོད་རང་རྐུན་མ་ཡིན་ནམ།
ཡིན་སྲིད། ལོ་རྗེས་མ་ཁྱོད་རང་འཛིན་གྲྭའི་རྒན་བདག་ཡིན་ནམ།
ནམ་ཡང་ཡིན་མི་སྲིད། ད་ལོ་ཁྱོད་རང་སློབ་སྤྱི་ཡིན་ནམ།

གཞན་ཡང་དེ་དང་འབྲེལ་ནས། སྐྱིད་པོ་འདུག ཞེད་སྣང་འདུག་ཅེས་སོགས་ཚོར་སྣང་གི་ལན་དང་། ཆེན་པོ། ཆུང་ཆུང་། ཡག་པོ། སྡུག་ཅག་སོགས་ཁྱད་ཚིག་གི་ལན་འདེབས་དགོས་པའི་དྲི་བ་འདོན་བཅུག་པ་སོགས་གང་ལ་གང་འོས་གསར་གཏོད་བྱེད་ཆོག་ལ།
སློབ་གྲྭར་ཡོང་བའི་ལམ་བར་ནས་གང་ཞིག་མཐོང་བ་དང་། ཆེ་ཤོས་ག་རེ་མཐོང་བ་དང་། ཆུང་ཤོས་ག་རེ་མཐོང་བ་དང་། དགའ་ཤོས་ག་རེ་མཐོང་བ་དང་། ཞེད་སྣང་སློང་ཡ་ག་རེ་མཐོང་བ་དང་། སེམས་ཅན་ག་རེ་མཐོང་བ་དང་། གནམ་ནས་འཕུར་ཡ་ཡོད་པ་དང་། ཆུ་ལ་འཛུལ་ནུས་པ། ཁྱོད་རང་ལ་དགོས་ཡ་དང་། གྲོགས་པོ་ལ་དགོས་ཡ་ག་རེ་མཐོང་བ་སོགས་དྲིས། གཞན་ཡང་། རྨི་ལམ་དང་། ཡར་ལངས་ཚར་བ་དང་ག་རེ་དྲན་མིན་སོགས། དྲི་བ་ཁྱད་མཚར་དེ་འདྲ་རང་ངོས་ནས་བཟོས་ཏེ་བཏང་ན། དྲིས་ལན་ལ་མཁས་ཤིང་རྣམ་དཔྱོད་རྒྱས་པ་དང་། སྤོབས་པ་འཕེལ་ཞིང་སྐད་ཡིག་ལ་གཞོག་འདེགས་བྱེད་པའི་ནུས་པ་ལྡན།
གཞན་ཡང་ཅ་ལག་གང་རུང་ཞིག་ལག་ཏུ་བཟུང་ནས། དེ་དང་འབྲེལ་ཡོད་ཀྱི་དྲི་བ་འདྲ་མིན་གཏོང་བཅུག བརྒྱུད་རིམ་དེ་དག་ལས་བྱུང་བའི་མིང་ཚིག་དང་བྱ་ཚིག་སོགས་ལ་དྲན་གསོ་དང་། འབྲི་ཀློག་ཚིག་གྲུབ་སོགས་བྱེད།
འཛིན་ཁང་གི་ཅ་ལག་མིང་བགྲང་བྱེད་པའམ། ནང་མི་དང་། གྲོགས་པོ་དང་། ཁྱིམ་མཚེས་དང་། ཚོང་ཁང་དང་། ཐབ་ཚང་དང་། ས་ཆ་དང་། རྩེད་ཆས་སོགས་ཀྱི་མིང་བགྲང་བྱེད་བཅུག ནག་པང་ལ་བྲི། འབྲི་ཀློག་སོགས་གང་དགོས་བྱེད།
ད་དུང་སྨྱུ་གུ་ལྟ་བུ་ཞིག དངོས་པོ་གང་དང་འདྲ་མིན་འདྲི་ཞིང་། དེ་དག་སོ་སོའི་མིང་ཚིག་སླར་ཡང་ནག་པང་ལ་བྲིས་ཏེ་སྐད་ཤུགས་ཆེན་པོས་ཀློག་འཇུག་པ་དང་། བཤུ་འཇུག་པ་དང་། ཡང་ན། མིང་ཚིག་དེའི་སྐོར་ལ་སྐད་ཆ་ཐུང་ཐུང་བཤད་འཇུག་པ། ཡང་ན་ཚིག་གྲུབ་བཟོ་འཇུག་པ་སོགས་དབང་པོ་ལ་ལྟོས་པའི་བྱེད་སྒོ་སྤེལ་ཞིང་། ཉོབ་སྣང་གི་སྒོ་དང་པོ་ནས་འགོག་དགོས་པ་ཡིན་ནོ། །
སྐབས་འགར་གནམ་གཤིས་སོགས་རྒྱུ་རྐྱེན་དམིགས་བསལ་འོག་ཉོབ་སྣང་དབང་མེད་དུ་འོང་ཞིང་། དེ་དུས་ཨུ་ཚུགས་ལ་མགོ་མི་སྒུར་བར། རྩེད་མོ་དང་འབྲེལ་བའི་སློབ་སྦྱོང་གི་བྱེད་སྒོ་སྤེལ་དགོས།
སློབ་ཕྲུག་ཚོ་གོར་གོར་བྱས་ནས་ལངས་བཅུག དེ་ནས་སློབ་ཕྲུག་ཅིག་གིས་ལག་ཏུ་ཅ་ལག་འདྲ་མིན་ཁུར་ནས། ཚོང་པ་ཡིན་མདོག་བྱས་ཏེ། མེ་ཏོག ཚལ་མ། ཤིང་འབྲས་སོགས་འཚོང་ཁུལ་གྱིས་སྐད་འབོད་བྱེད་ཞོར་སྐོར་བ་བྱེད། སུའི་མདུན་དུ་བསྡད་ནས་གོང་གི་ཐ་སྙད་གསུམ་པོ་གང་གི་མིང་བོས་སོང་ན་དེའི་སྡེ་ཚན་གྱི་ཐ་སྙད་གསར་པ་ཞིག་གང་མགྱོགས་ལབ་ཐུབ་དགོས་ཤིང་། དཔེར་ན། མེ་ཏོག་ལབ་སོང་ན། མེ་ཏོག་པད་མ་ཞེས་ལམ་སང་ལབ་ཐུབ་དགོས། གལ་སྲིད་དུས་ཚོད་ཡོལ་སོང་ན་ཁོ་རང་ཅ་ལག་འཚོང་བར་འགྲོ་དགོས།

མེ་ཏོག ཤིང་ཏོག སྔོ་ཚལ། མིང་ཚིག བྱ་ཚིག ཁྱད་ཚིག
མངར་མོ། སྐྱུར་མོ། ཁ་མོ། གནམ། ས། ཆུ།
དཀར་པོ། སེར་པོ། དམར་པོ། གཤེར་གཟུགས། རླངས་གཟུགས། གདོས་གཟུགས།

རྩེད་མོའི་སྐབས་སུ་བྱུང་བའི་ཐ་སྙད་རྣམས་ནག་པང་ལ་བྲིས། ཀློག་རྩལ་སྦྱོང་གིན་ཡོད་ན་དང་པོ་རང་གིས་དག་པོ་ཚར་གཅིག་ཙམ་བཀླགས་ཏེ་རྗེས་ཟློས་བྱེད་བཅུག དེ་ནས་ཁོང་ཚོ་ཚང་མར་ཚར་གཅིག་ཙམ་དག་པོར་ཀློག་བཅུག དེ་ནས་སྡེ་ཚན་ཁ་ཤས་བཟོས་ཏེ་འགྲན་སྡུར་བྱེད་བཅུག་ན་ཕན་ནུས་ཆེན་པོ་ཐོན་ཐུབ། འབྲི་རྩལ་སྦྱོང་གིན་ཡོད་ན། ཚར་གཅིག་ཙམ་ཡིག་གཟུགས་གང་ལེགས་བཤུ་ཆུགས། དེ་ནས་རང་འདོད་ཀྱིས་གང་ནུས་འབྲི་བཅུག་ཅིང་། མང་ཉུང་ལ་ལྟོས་པའི་འགྲིག་རྟགས་དང་སྐར་མ་སོགས་སྤྲད་ན་ཕན་ནུས་ཆེན་པོ་ཡོང་གིན་ཡོད། དབང་པོ་ལ་ལྟོས་པའི་ཚད་མཐོ་དམན་གང་དགོས་དང་རན་མིན་ནི་སྐབས་བབ་ཀྱི་སློབ་ཁྲིད་མཁས་ཞན་ལ་རག་ལས་པ་ཡིན།
ཡང་སློབ་ཕྲུག་ཚོ་གོར་གོར་བྱས་ནས་ལངས་བཅུག སློབ་ཕྲུག་གང་རུང་ཞིག་གིས་དཀྱིལ་མ་ནས་སྐོར་བ་འགྲོ་ཞོར་ཁོང་ཚོ་གང་རུང་ཞིག་ལ་གྲོགས་པོ་བསྒྲིག་གི་ཡིན་པས་ཞེས་དྲིས། དེས་གྲོགས་པོ་སྒྲིག་གི་མིན་ལབ། འོ་ན་ཁྱོད་སུ་ལ་གྲོགས་པོ་སྒྲིག་འདོད་ཡོད་ཅེས་འདྲི་ཞིང་། དེས་སློབ་གྲྭགས་ཚོའི་མིང་གི་ཐོག་མའི་ཡི་གེ་བློ་བཟང་ཡོད་པ་དེ་ལ་གྲོགས་པོ་བཟོ་འདོད་ཡོད་ཅེས་པ་ལྟ་བུ་ལབ། དེ་ལབ་པ་དང་ལམ་སང་སློབ་ཕྲུག་དམངས་ཀྱི་དཀྱིལ་ལ་མིང་གི་ཐོག་མ་བློ་བཟང་ཡོད་པ་ཚོ་ཕན་ཚུན་སྡོད་ས་བརྗེ་དགོས་ཤིང་། གལ་སྲིད་སུས་བརྗེ་མ་ཐུབ་ན་དེ་དཀྱིལ་མ་ནས་གྲོགས་པོ་བཙལ་སར་ལག་པ་གནམ་ལ་བཀྱགས་ཏེ་འགྲོ་བཅུག རྩེད་མོ་ཚར་བ་དང་གོང་ནས་བོས་པའི་མིང་དེ་དག་ནག་པང་ལ་བྲིས་ཏེ། འབྲི་ཀློག་ག་རེ་བྱེད་དགོས་ནའང་དེ་བྱེད་བཅུག དེས་རིགས་འགྲེ་སྟེ། ལྷམ་ཡོད་མཁན་དང་། རྔུལ་ལེན་སེར་པོ་ཅན་སོགས་ལབ་ནས་རྩེད་མོ་འཁྲུག་པོ་རྩེ།
ཡང་སློབ་གྲྭགས་ཚོ་གོར་གོར་བྱེད་བཅུག པོ་ལོ་ཆུང་ཆུང་ལྟ་བུ་ཅ་ལག་གང་རུང་ཞིག་ལག་བརྒྱུད་བྱེད་བཅུག དང་པོས་མིང་ཚིག་གང་རུང་ཞིག་ལབ་ཏེ། ཅ་ལག་འཁྲིས་ཀྱི་མི་དེ་ལ་སྤྲད། དེས་སྔོན་མས་ལབ་པའི་ཐ་སྙད་དེའི་མིང་མཐའི་ཡི་གེ་ཅན་གྱི་མིང་ཚིག་གསར་པ་བཙལ། དེ་ལྟར་གང་མགྱོགས་སྐོར་བ་བྱེད། སུས་ལབ་མ་ཐུབ་ན་གཞས་ལེན་པ་སོགས་བྱེད་དགོས། དཔེར་ན། གྲོགས་པོ། པོ་ཏ་ལ། ལ་དྭགས། དྭགས་པོ། པོ་ལོ། ལོ་ཏོག ཏོག་ཙེ་ལྟ་བུ། དེ་ནས་བྱུང་བའི་ཐ་སྙད་རྣམས་འབྲི་ཀློག་སོགས་བྱེད།
ཡང་ན། ནག་པང་ལ་ཐ་སྙད་ཁ་ཤས་ཤིག་འབྲི། སློབ་ཕྲུག་ཚོ་གོར་གོར་རམ་བང་རིམ་ཏག་ཏག་བསྒྲིགས། ཅ་ལག་ཅིག་རིམ་གྱིས་ལག་བརྒྱུད་བྱེད་ཅིང་། དགེ་རྒན་ཁ་ཕར་བསློགས་ནས་ལག་པ་མགྱོགས་པོ་རྡེབ། སུའི་མཚམས་ལ་ལག་པ་རྡེབ་མཚམས་བཞག་ན་དེས་ཐ་སྙད་དེ་དང་འབྲེལ་བའི་སྐད་ཆ་སྐར་མ་གཅིག་ཙམ་བཤད་བཅུག ཁོའི་སྐད་ཆའི་ནང་གི་ཐ་སྙད་ཡག་ཤོས་སམ། ཡང་ན་སྡུག་ཤོས། ཡང་ན་ཧ་མི་གོ་བ་སོགས་གང་ཡོད་ནག་པང་ལ་བྲིས་ཏེ་སྦྱོང་བཅུག
སུས་ལྷམ་གྱོན་ཡོད་ན་དེས་གྲོགས་པོ་ཞེས་པའི་ཐ་སྙད་དེ་བྲིས། སུ་ཚོང་ཁང་ནང་ལ་འགྲོ་མྱོང་ཡོད་ན་དེས་ཚོང་ཁང་གི་དག་ཆ་བྲིས། སུས་ངའི་གདོང་པ་མཐོང་གིན་འདུག་ན་གདོང་པ་ཞེས་པའི་དག་ཆ་བྲིས་ཞེས་སོགས་མིང་བརྡ་ཡག་པོ་འཕྲོད་ཐབས་དང་སྣང་བ་ཡེངས་ཐབས་སོགས་བྱེད།
སློབ་ཚན་དང་འབྲེལ་བའི་ཐ་སྙད་ལ་ལྡོག་ཕྱོགས་དང་། ཁྱད་ཚིག་བཙལ་བཅུག་པ་སོགས་བྱེད། དཔེར་ན། གྲོགས་པོ། དགྲ་བོ། ཆེན་པོ། ཆུང་ཆུང་ལྟ་བུ་དང་། གྲོགས་པོ། གྲོགས་པོ་བཟང་པོ། སློབ་ཁང་། སློབ་ཁང་ཆེན་པོ་ལྟ་བུའོ། །
རྡེའུ་སོགས་རྩི་ཞོར་གྲངས་ཀ་སློབ་པ་དང་། གྲངས་ཚིག་ལ་ཚིག་གྲོགས་དང་ཚིག་གྲུབ་སོགས་བཟོ་བཅུག་པ།
འཛིན་གྲྭ་དང་པོ་ལྟ་བུ་ཡིན་ན། རྩེད་མོའི་སྐབས་སུ་སྔོན་རྗེས་ཡང་གསུམ་དང་། མགོ་འདོགས་བརྩེགས་གསུམ་ལྟ་བུ་ངོས་བཟུང་བཅུག དེ་ནས་སུམ་ཅུ་པ་སློབ་པའི་སྐབས་ལྟ་བུ་ཡིན་ན་ཕྲད་རྣམ་དབྱེ་སོགས་ལ་སྦྱར་ཞིང་། རྟགས་འཇུག་སྐབས་སུ་ཕོ་མོ་མ་ནིང་གི་ཡི་གེ་ངོས་བཟུང་བཅུག་སྟེ་གང་ལ་གང་འཚམ་གྱི་རྩེད་མཚར་དང་འབྲེལ་ཏེ། གནོན་ཤུགས་དང་དབང་ཤུགས་མེད་པར། སློབ་སྦྱོང་བྱེད་དུས་དེ་འདྲ་སྤྲོ་བ་ལ་སྙམ་པའི་བསམ་བློ་ཞིག་ངང་གིས་ཡོང་ཐབས་ལ་བརྩོན།
རྣམ་འགྱུར་འདྲ་མིན་བསྟན་ནས་ཚོར་བའི་ཐ་སྙད་འདྲ་མིན་བཙལ། དེ་དག་ལས་རང་གི་དགའ་ཤོས་བྱེད་ས་གསུམ་ཙམ་ལ་ཚིག་གྲུབ་བཟོ་བཅུག་པ་སོགས་བྱེད།
ཚིག་མགོ་གཅིག་པ་ཅན་གྱི་ཐ་སྙད་ལྔ་ངོས་བཟུང་འཇུག་པའམ། ཚིག་མཇུག་གཅིག་པ་ཅན་གྱི་ཐ་སྙད་ལྔ་ངོས་ཟུངས་ཞེས་དང་། ཁྱད་ཚིག་མཐའ་ཅན་གྱི་ཐ་སྙད་ལྔ་ངོས་ཟུངས་ཞེས་དང་། དེ་དག་བརྗོད་པ་བཟོས་ལྟ་བུ་དབང་པོ་དང་འཚམ་པའི་བྱེད་སྒོ་སྤེལ།
ཤོག་བྱང་ལ་ཐ་སྙད་འདྲ་མིན་བྲིས་ཏེ་འཐེན་བཅུག དེ་དག་དང་འབྲེལ་བའི་སྐད་ཆ་བཤད་བཅུག་པའམ། ཡང་ན་ཚིག་གྲུབ་སོགས་བཟོ་བཅུག་ན་རང་དབང་གི་སྣང་བ་སྟེར་བའི་ནུས་པ་ལྡན་པས་དཀའ་སྣང་མི་བྱེད་པའི་ཁྱད་ཆོས་ཡོད།
མགོ་མཇུག་བར་གསུམ་ལ་སྟོང་ཆ་བཟོས་ཏེ་སྐོང་བཅུག་ན་ཚིག་གྲུབ་ལ་ཕན་པ་ཆེན་པོ་ཡོད།
གོང་གསལ་དྲི་ལན་དང་རྩེད་རིགས་དེ་དག་ནི་འབྲི་ཀློག་དང་། ཚིག་གྲོགས། ཚིག་གྲུབ་སོགས་གང་ཅིར་སྦྱར་ཆོག་ཅིང་། སྐད་ཡིག་གཅིག་པུ་མིན་པར་ཨང་རྩིས་དང་། ཚན་རིག་སོགས་ལའང་རིགས་སྒྲེ་རྒྱུ་ཡོད་པ་མ་ཟད། དེ་དང་འབྲེལ་ནས་གསར་གཏོད་དང་ཐབས་ལམ་གསར་པ་གང་ལེགས་བཙལ་བར་བྱ་ཞིང་།
དམིགས་བསལ་ཡི་གེ་ཀློག་པའི་ཉོབ་སྣང་སེལ་ཆེད། ཀློག་ཞོར་ལག་པ་བརྡབ་བཅུག་པ་དང་། མགོ་གཡུག་བཅུག་པ་སོགས་བྱ་ཞིང་། བརྗོད་བདེ་ལ་སྒྲ་འདྲ་བ། དོན་མཚར་བ་སོགས་བཟོས་ཏེ་ཀློག་བཅུག་པ་དང་། སྡེ་ཚན་བཟོས་ཏེ་ངལ་གསོ་བཞིན་གསོ་བཞིན་འགྲན་སྡུར་བྱེད་བཅུག་ན་ཕུགས་རྒྱང་རིང་པོའི་གྲུབ་འབྲས་ཐོན་ཐུབ། སྐབས་འགར་ཁོང་ཚོ་ཁོང་ཚོར་དགེ་རྒན་རེས་མོས་བྱེད་བཅུག་ན་སྤྲོ་སྣང་འཕེལ་ཞིང་། ཚོར་བ་དྲག་པོ་བསྐྱེད་ནུས།
བྲིས་གཟུགས་སྦྱོང་བའི་ཐོག་མར། རི་མོ་འདྲ་མིན་མཐུན་སྦྱོར་བྱེད་འཇུག་པ་དང་། རང་ལ་ཡོད་པའི་ཅ་དངོས་རྣམས་བེད་སྤྱད་དེ་གྲུ་བཞི་དང་གྲུ་གསུམ། གོར་གོར་སོགས་འབྲི་བཅུག ཉོབ་སྣང་སེལ་ཆེད་དུ། ངེད་གཉིས་གྲོགས་པོ་ཡིན་ན་གོར་གོར་གསུམ་བྲིས་ཤོག་ཨ། ཁྱོད་རང་ལ་སྨྱུ་གུ་གསུམ་ཡོད་ན་གྲུ་བཞི་གསུམ་བྲིས་ཨ། ཁྱོད་རང་པོ་ལོ་ལ་དགའ་བོ་ཡོད་ན་པོ་ལོ་ལྔ་བྲིས་ཤོག་ལྟ་བུ་གང་བདེ་ཅི་དགར་བྱ་ཞིང་། མདོར་ན། འབྲི་རྒྱུ་ལ་དགའ་བའི་བསམ་པ་དང་། འབྲི་ཐུབ་པའི་ལག་རྩལ་གཉིས་ཀ་སློབ་དགོས་ཤིང་།
བྲིས་གཟུགས་ནོར་བཅོས་སོགས་བྱེད་སྐབས་དང་པོ་ཡག་པོ་མེད་ཀྱང་ནོར་བཅོས་མང་པོ་མི་བྱེད་ཅིང་། ཡར་རྒྱས་ཀྱི་རྣམ་པ་ལ་བསྔགས་བརྗོད་བྱེད། འགྲིག་རྟགས་དང་། བཟང་རྟགས། སྐར་མ་སོགས་ཀྱི་རྟགས་ཆེན་པོ་དེ་འདྲ་སྤྲད་ཐུབ་ན་དེས་སེམས་ཤུགས་སྤར་བའི་ནུས་པ་ལྡན་ལ་མུ་མཐུད་དེ་འབྲི་འདོད་ཀྱི་འདུན་པ་བསྲིང་ཐུབ།
གོང་གི་བྱེད་ཐབས་དེ་དག་ནི་མཚོན་པ་ཙམ་ཡིན་ལ། གཙོ་བོ་དགེ་རྒན་རང་ཉིད་ཀྱི་རྣམ་དཔྱོད་ལས་ཉིན་རེའི་བྱེད་སྒོ་མཐའ་དག་སྔོན་ཚུད་ནས་གྲ་སྒྲིག་ཡོད་དགོས་ལ། འཛིན་ཁང་ནང་ནས་ཆ་ཤས་ལེན་མཁན་ཆེས་ཉུང་ཤོས་ནི་དགེ་རྒན་ཡིན་དགོས་པ་མ་ཟད། སློབ་ཚན་ནང་གི་དྲི་བ་དང་སྟོང་ཆ་སོགས་ནི་སློབ་ཕྲུག་སོ་སོས་བཙལ་དགོས་པ་ལས་དགེ་རྒན་ནས་རོགས་གཏན་ནས་བྱེད་མི་ཉན་ཏེ། ལན་རག་རྒྱུ་དེ་གཅིག་པུ་སློབ་ཚན་ཚོགས་པའི་དགོས་པ་མིན་པར། ལན་དེ་སློབ་ཕྲུག་རང་ངོས་ནས་ཤེས་དགོས་པས་སོ། །
བརྗོད་བྱ་ངོས་མ་ཟིན་པར་ཐ་སྙད་སོགས་བློ་འཛིན་བྱེད་པ་ནི་སྐད་ཡིག་སྦྱོང་བའི་ཐབས་ལམ་གཏན་ནས་མིན་ཞིང་། སྐད་ཡིག་སྦྱོང་བའི་དམིགས་ཡུལ་ནི་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་ཤེས་པའི་ཆེད་ཁོ་ན་ཡིན་པས། དང་པོ་བརྗོད་བྱ་ངོ་ཡག་པོ་སྤྲད། དེ་ནས་དེ་ལ་ཅི་ཞིག་དང་ཚུལ་ཇི་ལྟར་རྗོད་པ་སོགས་སློབ་ན་ངེས་སླ་ཞིང་བརྗེད་དཀའ་བའི་ཕན་ཡོན་དང་ལྡན་པ་ཡིན་ལ། དེ་ལ་ཡང་དང་པོ་ཡི་གེ་འབྲི་ཀློག་གཉིས་ཡག་པོ་སློབ་པ་ནི་རྩ་བ་ལྟ་བུ་ཡིན་པས། འབྲི་ཀློག་གཉིས་ཀྱི་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་ན། དེ་ནས་ཚིག་གྲོགས་དང་ཚིག་གྲུབ་ཀྱི་དཀའ་ལས་ཕལ་ཆེ་བསལ་ཟིན་ཅིང་། ཚིག་གྲོགས་དང་ཚིག་གྲུབ་ལ་དཀའ་ངལ་མེད་ན། བརྗོད་པ་དང་རྩོམ་རིག་ལ་དེ་ཙམ་དཀའ་ངལ་མེད་པ་མཐོང་ཆོས་དང་མྱོང་བས་གྲུབ་ཅིང་། དེར་བརྟེན། འཛིན་རིམ་དང་པོ་གཉིས་པར་འབྲི་ཀློག་གཙོ་བོར་བྱེད་ཅིང་། དེ་ཡང་། དང་པོ་རྨང་གཞི་གསལ་བྱེད་ནས་དབྱངས་དང་། མགོ་འདོགས་བརྩེགས་གསུམ། སྔོན་རྗེས་ཡང་གསུམ་སོགས་འབྲུ་འདེད་སྒྲ་དག་ལ་བྱང་ཆུབ་པ་ཧ་ཅང་མྱུར་མོ་ཀློག་ཐུབ་པར་བྱེད་ཅིང་། དེ་མ་ཐུབ་བར་དུ་སྡུད་ཀློག་རྩལ་དུ་བཏོན་ཏེ་ཤུགས་གཏན་ནས་རྒྱག་མི་ཉན། རྒྱུ་མཚན་ནི་སྒྲ་མི་དག་པའི་རྩ་བ་ཚུགས་མ་ཟིན་པས་ཡིན་ལ། སྒྲ་དག་པོ་མེད་ན་དག་ཆ་དང་སྡེབ་སྦྱོར་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་གཏན་འཁེལ་ཆོག གལ་ཏེ་འབྲུ་འདེད་ཀྱི་རྩ་བ་ཡག་པོ་ཚུགས་སོང་ན། སྡུད་ཀློག་ལ་རྩལ་དུ་འདོན་དགོས་ལ། དེ་ཡང་དང་པོ་ཡིག་འབྲུ་རེ་རེ་བྱས་ནས་མྱུར་མོ་ཀློག་མ་བྱང་བར་དུ་བཀླགས་ཤིང་། ག་དུས་མགྱོགས་པོ་ཀློག་ཐུབ་སོང་ན་ཡིག་འབྲུ་གཅོད་མཚམས་སོགས་ཚེགས་ཆུང་ངུས་ཤེས་ཐུབ་པས་དམིགས་བསལ་དཀའ་ཁག་ཡོད་པ་མ་མཐོང་། གསུམ་པ་དང་བཞི་པར་འབྲི་ཀློག་དང་། ཚིག་གྲོགས་དང་ཚིག་གྲུབ་གཙོ་བོ། ལྔ་པ་དང་དྲུག་པ་ནས་ཚིག་གྲུབ་དང་། བརྗོད་པ། སུམ་ཅུ་པ་གཙོ་བོ། བདུན་པ་དང་བརྒྱད་པ་ནས་རྩོམ་རིག་དང་རྟགས་འཇུག་གཙོ་བོ། དགུ་པ་བཅུ་པར་རྩོམ་རིག་སྤྱི་དང་། སྙན་ངག མངོན་བརྗོད་ལ་གཙོ་བོར་བྱེད་ཐུབ་ན་འཆར་གཞི་དང་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་རྨང་ལེགས་པར་བཙུགས་ཐུབ་པར་སེམས་ལ། དེ་ནས་གཞན། དགེ་རྒན་གྱིས་གང་ལབ་དང་། ནག་པང་ལ་གང་བྲིས་རྐྱང་རྐྱང་ལ་བལྟས་བསྡད་པ་ཡིན་ན། འཛིན་གྲྭ་ཐོན་ཚར་དུས་ཀྱང་རང་གི་འབྲི་དེབ་དང་ཀླད་པ་སྟོང་པར་ལྷག་ཉེན་ཤིན་ཏུ་ནས་ཆེའོ། །
བཞི་པ་བྱེད་སྒོ་གང་འདྲ་ཞིག་ཡིན་ནའང་ངེས་པར་མཐའ་སྡོམ་ལེགས་པོ་རྒྱག་ཅིང་། དེས་ནི་ཉིན་རེ་དང་ཟླ་རེ། ཐ་ན་ཆུ་ཚོད་སྐར་མ་ཡན་ཆད་ཀྱི་གྲུབ་འབྲས་གསལ་སྟོན་བྱེད་ཅིང་། དེས་མ་འོངས་པའི་ཁ་ཕྱོགས་དང་གོམ་ཁ་ལ་རྒྱུས་ལོན་བྱེད་ཐུབ།
དགེ་རྒན་ནི་རང་གི་ཤེས་ཚད་ངོམ་མཁན་ཞིག་མ་ཡིན་ལ། སློབ་ཕྲུག་ནི་དགེ་རྒན་གྱི་ཤེས་ཚད་ལྟ་མཁན་ཞིག་མིན་པས། སྔོན་ཆད་ཀྱི་བསམ་སྤྱོད་ཀྱི་ནོར་འཁྲུལ་ཡོད་ཚད་བཞག་སྟེ། སློབ་ཕྲུག་རང་ངོས་ནས་རང་གིས་ཉིན་རེར་གང་ཞིག་ཤེས་སམ། གང་ཞིག་སྦྱངས་སམ་ལེགས་པར་བལྟ། དགེ་རྒན་རང་ངོས་ནས་སློབ་ཕྲུག་སུ་ཞིག་གིས། གནད་དོན་གང་ཞིག་ཤེས་མེད་པ་ལ་བློ་རྩེ་བསྒྲིམས་ཏེ། ཐབས་ལམ་དང་བྱེད་སྒོ་ལ་ཤུགས་སྣོན་བརྒྱབ་ན། ད་གཟོད་སློབ་གྲྭ་ལ་འཛོམས་པའི་དམིགས་ཡུལ་རྫོགས་པ་ཡིན་ནོ། །
(འདི་ནི་ཉིས་སྟོང་བཅོ་བརྒྱད་ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་གཞི་རིམ་འོག་མའི་དགེ་རྒན་ལ་སྐད་ཡིག་ཟབ་སྦྱོང་སྐབས་ཀྱི་ཟིན་བྲིས་ལ་གཞིར་བཞག་སྟེ་བྲིས་པ་ཡིན་ལ། ད་རེས་གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དགེ་རྒན་གྱི་རྩོམ་ཡིག་འགྲན་སྡུར་གྱི་གོ་སྐབས་འདི་བརྒྱུད་ནས་མཉམ་ཞུགས་བྱས་ན་ཤིན་ཏུ་བསྐལ་པ་བཟང་ངོ་སྙམ་ཏེ། ལོ་ཤས་ཀྱི་ཉམས་མྱོང་དང་སྦྲགས་ནས་སླར་ཡང་སྣོན་འཕྲི་ཅུང་ཟད་བྱས་ཏེ་བྲིས།)

All
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་སྐོར་རགས་ཙམ་གླེང་བ། །
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཚུལ།

This website is funded by DANIDA through CICED