བསྟན་འཛིན་འཕེལ་བཟང་།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ། འབྲོག་པ་ཟེར་ན། སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱས་ཏེ་གནས་ངེས་མེད་དུ་འཚོ་བ་སྐྱེལ་མཁན་ལ་འབྲོག་པ་ཟེར་གྱི་ཡོད། འབྲོག་པ་སྡོད་སའི་གུར་ལ་སྦྲ་གུར་ཟེར་བ་དང་། དེ་ནི་གཡག་གི་ཙིད་པའི་སྐུད་པ་འཁེལ་བ་དང་སྐུད་པའི་རེ་ལྡེ་འཐག་སྟེ་བཟོས་པ་ཞིག་ཡིན། སྦྲ་གུར་ལ་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད། འབྲོག་པའི་ཟས་གཙོ་བོ་ནི་ཞོ་དང་། འོ་མ། མར། ཕྱུར་བ་སོགས་དཀར་ཟས་ཀྱི་རིགས་དང་། གཡག་ཤ་དང་། ལུག་ཤ་སོགས་དམར་ཟས་རིགས་ཀྱི་གཙོ་བོ་ཡིན། གཞན་ཡང་ཞིང་པས་འབྲོག་པར་རྩམ་པ་དང་། གྲོ། འབྲས་སོགས་ཞིང་པའི་སྟོན་འབྲས་དང་། འབྲོག་པས་ཞིང་པར་ཤ་དང་། མར། ཕྱུར་བ་མཁོ་འདོན་བྱས་ཏེ་བརྗེ་ཚོང་ལམ་ལུགས་ཀྱི་སྲོལ་ཡང་ཡོད། གནའ་སྔ་མོ་འབྲོག་པའི་གོས་ནི་སེམས་ཅན་གྱི་ལྤགས་པའི་བཟོས་པ་དང་། བུད་མེད་དང་སྐྱེས་པའི་གོས་ཀྱི་མཐའ་གཤམ་ལའང་མཐའ་ལྕགས་སྔོན་པོ་དང་། སེར་པོ། དཀར་པོ། དམར་པོ། ལྗང་ཁུ་བཅས་ས་ཆ་སོ་སོའི་ལུགས་སྲོལ་ལྟར་འཇའ་གཏོང་སྲོལ་ཡོད། དེ་བཞིན་སྐྱེས་པའི་གོས་ཀྱི་མཐའ་གཤམ་ལའང་སྟག་ལྤགས་དང་། གཟིག་ལྤགས། ཝ་ལྤགས། སྲམ་ལྤགས་སོགས་རྒྱན་པའི་དར་སྲོལ་ཆེན་པོ་ཡོད་ནའང་། ཕྱི་ལོ་ ༢༠༠༦ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩ་ཆེན་སྲོག་ཆགས་སྲུང་སྐྱོབ་ཀྱི་བཀའ་སློབ་ལ་བརྟེན་ནས་སེམས་ཅན་གྱི་ལྤགས་པ་སོགས་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱས་པ་རེད། འབྲོག་པ་ཕོ་མོ་ལ་ཡང་ལས་ཀ་ཁག་ཁག་ཡོད། སྐྱེད་པ་རྣམས་ཚོང་རྒྱག་ཏུ་འགྲོ་བ་དང་བུད་མེད་རྣམས་ནང་གི་ལས་ཀ་བྱེད་ཀྱི་ཡོད། གནང་སྔ་མོར་འབྲོག་པ་ཕོ་མོའི་ལས་ཀར་དབྱེ་མཚམས་འབྱེད་སྲོལ་ཡོད་ཀྱང་། དེང་སྐབས་ཕོ་མོ་ལ་དབྱེ་བ་མེད་པར་དགའ་ཕྱོགས་དང་འཇོན་ཐང་ལ་དཔག་སྟེ་ལས་ཀ་བྱེད་ཡོད། འབྲོག་པ་ལ་ང་ཚོ་ནང་བཞིན་དུས་སྟོན་ཡོད་པ་དང་དུས་སྟོན་སྐབས་འབྲོག་པ་རྣམས་དགའ་དགའ་སྤྲོ་སྤྲོ་བྱེད་བཞིན། དུས་སྟོན་སྐབས་འབྲོག་པ་རྣམས་ས་ཁུལ་གཅིག་ཏུ་འཛོམས་ཏེ་བདུན་ཕྲག་གཉིས་རིང་རྟ་རྒྱུག་དང་གཡག་རྒྱུག མི་རྒྱུ། མདའ་རྩལ། གཡག་རྡུང་ག་འགྲན་པ་བཅས་བྱེད་པ་མ་ཟད། གཞས་དང་ཞབས་བྲོ་འཁྲབ་སྟེ་དུས་སྟོན་ལ་རོལ་གྱི་ཡོད། འབྲོག་པ་རྣམས་ས་གནས་གཅིག་ཏུ་གཞིས་ཆགས་ནས་མི་སྡོད་པར། ནམ་དུས་དང་བསྟུན་ནས་རུ་སྤོར་ནས་འགྲོ་ཡི་ཡོད། དཔྱིད་ཀ་ནི་མ་མོ་ལ་ལུ་གུ་དང་། ར་མ་ལ་རེའུ། འབྲི་ལ་བེའུ་སྐྱེས་པའི་སྐབས་ཡིན་པས། བྲེལ་བ་ཆེ་ཞིང་སྒོ་ཕྱུགས་འཚོ་སྐྱོང་ལ་དཀའ་ལས་ཆེ་ཤེས་ཀྱི་དུས་ཡིན། དབྱར་ཁའི་དུས་སུ་རྩྭ་ཆུ་བཟང་བས་ནོར་ཕྱུགས་རྣམས་དེད་ནས་ས་བབ་མཐོ་སར་སྤོར་བ་དང་། ས་དེ་ལ་དབྱར་ས་ཟེར། སྟོན་ཀའི་དུས་སུ་འབྲོག་པས་ནོར་ལུག་རྣམས་ས་བབ་ཅུང་དམའ་བར་སྤར་ནས་འགྲོ་བ་དང་། དེ་དུས་དཀར་ཆུ་འོ་མ་བཟང་ཞིང་། ཤ་ཤེད་བརྒྱད་པས་འབྲོག་པ་སྐྱེས་པའི་ཚོ་ཚོང་རྒྱག་ཏུ་འགྲོ་བའི་དུས་ཚོད་ཡིན། དགུན་ཁའི་དུས་སུ་གནམ་གཤིས་ཧ་ཅང་གྲང་བས་ས་ཆ་དམའ་སར་སྡོད་ལ། ས་དེ་ལ་དགུན་ས་དང་དགུན་མཚེར་ཡང་ཟེར། […]
ཨ་མ་ལགས།
བསྟན་འཛིན་དྭངས་མཚོ།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ། སྤྱིར་བཏང་ཨ་མ་ཟེར་བ་ནི་ཕྲུ་གུར་བཀའ་དྲིན་ཆེ་ཤོས་དང་བྱམས་བརྩེ་མང་ཤོས་སྤྲོད་མཁན་གྱི་མི་ཞིག་རེད། གུས་མོའི་མི་ཚེའི་ནང་ཨ་མ་ནི་ཧ་ཅང་གི་རྩ་ཆེན་པོ་དང་། གལ་སྲིད་ཨ་མ་མེད་པ་ཡིན་ན། གུས་མོ་ཡང་མེད་པ་དང་གཅིག་པ་རེད། འཛམ་གླིང་དེ་ཡི་ནང་དུ་མི་ཁ་ཤས་ལ་ཨ་མ་མེད་པ་དང་ཁ་ཤས་ལ་པ་ལགས་ཀྱང་མེད། སོང་ཙང་སའི་གོ་ལའི་དེའི་སྟེང་ཨ་མ་དང་པ་ལགས་གཉིས་ཀ་ཡོད་པའི་ཕྲུ་གུ་དེ་ཚོ་ཧ་ཅང་གི་བསོད་ནམས་ཆེན་པོ་རེད། དེ་འདྲ་སོང་ཙང་ཕ་མ་གཉིས་ཀྱི་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས། གུས་མོ་ལ་ཆ་བཞག་ན། ཨ་མ་དང་པ་ལགས་གཉིས་ཀ་ཡོད་པའི་ཕྲུ་གུ་ཞིག་ཡིན་པས་སོ་སོ་རང་ཉིད་ཧ་ཅང་གི་བསོད་ནམས་ཆེན་པོ་ཡིན་པ་ཚོར་གྱི་འདུག ད་ལྟ་ང་ཚོ་ཨ་མ་ལགས་ཀྱི་ཉེ་འགྲམ་དུ་ཡོད་དུས་ཁོང་ལ་གུས་ཞབས་དང་། ལས་ཀ་བྱེད་དུས་རོགས་པ་སོགས་བྱེད་དགོས་པ་ནི་ཧ་ཅང་གི་གནད་འགག་ཆེན་པོ་རེད། ང་ཚོ་ཕྲུ་གུ་ཞིག་ཡིན་པ་ཆ་ནས་ཨ་མ་ལགས་ཀྱི་མི་ཚེ་དེ་ཧ་ཅང་གི་སྐྱིད་པོ་ཞིག་བཟོ་དགོས་པ་དེ་ཕྲུ་གུའི་ལས་འགན་ཞིག་རེད། ང་ལ་མཚོན་ན། ངའི་ཨ་མ་ནི་ང་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། གང་ཡིན་ཟེར་ན། ཨ་མ་ལགས་ཀྱིས་ད་བར་དཀའ་ལས་བརྒྱབ་པའི་དངུལ་གྱིས་ང་ཚོ་གསོ་སྐྱོང་བྱེད་ཀྱི་ཡོད་པ་དང་། ཉིན་མཚན་མེད་པར་ང་ཚོའི་ཆེད་དུ་དཀའ་ལས་རྒྱག་གི་ཡོད། སོང་ཙང་ང་ཚོ་ཡང་མ་འོངས་པར་ཆེན་པོ་ཆགས་དུས་ཕ་མ་ལ་དྲིན་ལན་འཇལ་ཐུབ་པ་བྱེད་དགོས། འཛམ་གླིང་འདིའི་ནང་སྐྱེ་བོ་མང་པོ་ཡོད་ཀྱང་མི་སྣ་གཙོ་ཆེ་ཤོས་ནི་བདག་གི་ཨ་མ་ཡིན། ཨ་མས་བྱས་པའི་ལས་ཀ་དང་བྱམས་སྐྱོང་སུས་ཀྱང་འགྲན་ཐབས་མེད། ཨ་མ་ཟེར་བ་ནི་རང་ཉིད་ཀྱི་མི་ཚེའི་ནང་གི་རྒྱན་ཆ་རིན་ཐང་ཆེ་ཤོས་དང་ནམ་ཡང་ཉོ་རྒྱུ་མེད་པ་ཞིག་ཡིན། ཨ་མ་ཟེར་བ་ནི་ཐུགས་ཧ་ཅང་བཟང་ལ། ཕྲུ་གུས་ཅ་ལག་གང་འདྲ་ཞིག་བསླངས་ཀྱང་དོགས་པ་མེད་པ་ཐོག་ནས་གནང་གི་ཡོད། བདག་གི་ཨ་མ་ལགས་ཀྱིས་ང་ལ་གང་དགོས་པ་དེ་འཛུམ་དམུལ་དམུལ་གྱིས་ང་ལ་སྤྲད་ཀྱི་འདུག ཡིན་ནའང་། དེ་སྐབས་ངའི་ཨ་མ་ལགས་ཀྱིས་ང་ལ་ཁྱེད་རང་སློབ་སྦྱོང་ཡག་པོ་ཞིག་བྱེད་ཨ་ཞེས་བསླབ་བྱ་རྒྱག་གི་འདུག སོང་ཙང་གུས་མོ་ཡང་སློབ་སྦྱོང་ཡག་པོ་ཞིག་བྱས་ནས་ཕ་མ་སྤོབས་པ་སྐྱེས་དགོས་པ་ཞིག་བཟོ་རྒྱུ་ནི། གུས་མོའི་སྨོན་ལམ་དང་དམིགས་ཡུལ་གཙོ་ཆེ་ཤོས་དེ་ཡིན། ངའི་ཨ་མ་ནི་ང་རང་གི་གྲོགས་མོ་ཡག་ཤོས་དང་། ངས་ཨ་མ་ལ་གསང་བ་གང་ཡིན་ནའང་བཤད་ཀྱི་ཡོད། དེ་སྐབས་བདག་གི་སེམས་ནང་ངོ་ཚ་བ་དེ་འདྲའི་ཚོར་བ་གང་ཡང་སླེབ་ཀྱི་མི་འདུག ངའི་ཆེད་དུ་ཨ་མ་ལགས་ནི་བདག་གི་སྙིང་ལྟ་བུ་ཡིན། སྐབས་རེར་ངའི་ཨ་མ་ལགས་ཀྱིས་ང་ལ་བཀའ་བཀྱོན་གནང་བ་མ་བཟད་སྐུ་རླུང་ཡང་བཞེངས་ཀྱི་རེད། ཡིན་ནའང་། ཨ་མས་ང་ལ་ང་རང་གི་བདེ་འཇགས་དང་ཕན་ཡོན་ཆེད་བཀའ་བཀྱོན་གནང་གི་ཡོད་པས་ང་ནི་ཁོང་ལ་ཤིན་ཏུ་དགའ། གུས་མོས་བསམ་པ་ལ་འཇིག་རྟེན་འདིའི་ནང་ཨ་མ་ལགས་ནི་ལས་ཀ་མང་ཤོས་གནང་མཁན་དང་ཕྲུ་གུ་ལ་སེམས་འཁྲལ་མང་ཤོས་ཡོད་མཁན་གྱི་མི་སྣ་ཞིག་རེད་བསམ་གྱི་འདུག གུས་མོར་མུན་ནག་གི་ཁྲོད་ན་ལམ་སྟོན་གནང་མཁན་དེ་བདག་གི་སྙིང་ནས་བརྩེ་བའི་ཨ་མ་ལགས་དེ་ཡིན། ཨ་མས་ང་ལ་ཟས་ཞིམ་པོ་ཉོས་པ་དང་། ངའི་དགའ་བའི་གོས་ལོག་ཉོས་དུས་གུས་མོ་ཧ་ཅང་གི་ཐུགས་རྗེ་ཆེན་པོ་ཚོར་གྱི་འདུག གུས་མོས་བསམ་པ་ལ་སའི་གོ་ལའི་སྟེང་ཕྲུ་གུ་མང་ཆེ་བ་ལ་ཨ་མ་ཡོད་པ་དེ་སྤྱན་རས་གཟིགས་ཀྱི་ཕྲུ་གུ་རྣམས་ལ་རྔན་པ་ཞིག་རེད་བསམ་གྱི་འདུག ངའི་སྨོན་ལམ་ནི། གུས་མོ་ང་རང་ལོ་ག་ཚོར་བར་དུ་གནས་ཀྱང་ཕྲན་གྱི་ཨ་མ་ལགས་ངའི་ཉེ་འགྲམ་དུ་ཡོད་ན་བསམ་གྱི་འདུག ཡིན་ནའང་། ཉིན་གཅིག་ང་ཚོ་ཚང་མ་སོ་སོའི་ཨ་མ་དང་ཁ་འཕྲལ་དགོས་ཀྱི་ཡོད་པས། གུས་མོ་ད་ལྟ་ནས་ཧ་ཅང་སེམས་པ་སྐྱོ་ཡི་འདུག འཛམ་གླིང་འདི་ཡི་སྟེང་ཕྲུ་གུ་ཁ་ཤས་ཀྱིས་ཕ་མ་ལ་གུས་ཞབས་བྱེད་ཀྱི་མེད་པ་དང་། ཕ་མས་བཀའ་བཀྱོན་བཏང་ན་ཚིག་རྩུབ་བཤད་པ་དེ་འདྲ་བྱས་ན་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་རེད། དེ་འདྲ་བྱེད་པའི་སྐབས། ང་ཚོའི་ཨ་མ་ལགས་ཀྱིས་ང་ཚོའི་ཆེད་དུ་ད་བར་གང་བྱས་པའི་དེ་ཚོ་སེམས་ནང་འཇོག་དགོས། དེ་ནི་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོའི་ཨ་མ་ལགས་ཀྱིས་ད་བར་ང་ཚོ་ཕྲུ་གུ་ཆེད་བཟའ་རྒྱུ་བཏུང་རྒྱུ་དེ་འདྲའི་ཡག་པོ་དང་ཞིམ་པོ་གནང་བ་དང་། དེ་མ་ཟད་བྱམས་དང་བརྩེ་བ་དེ་འདྲ་གནང་གི་ཡོད་པས། ང་ཚོ་ཆེན་པོ་ཆགས་སྐབས་ཕ་མས་ཆུང་དུས་ང་ཚོ་ལ་ཁ་ལག་ཡག་པོ་སྤྲད་པ་དང་། […]
འཚམས་འདྲི།
པ་སངས་ལྷ་མོ།འཛིན་གྲྭ་དྲུག་པ། དྷ་སྟེང་བོད་ཁྱིམ། ཉི་མ་གསར་པ་ཞིག་འགོ་བརྩམས་དུས། རང་ཉིད་ཀྱི་ཕ་མ་དང་དགེ་རྒན་ལ་སྔོ་དྲོ་བདེ་ལེགས་ཞེས་ཞུས་ན་སུ་ཡིན་ནའང་སེམས་ཁམས་བདེ་པོ་མི་ཡོང་བ་ག་ལ་སྲིད། དེར་བརྟེན་ང་ཚོས་ངེས་པར་དུ་ངག་འཇམ་ཞི་དུལ་གྱི་སྒོ་ནས་ཞོགས་པ་བདེ་ལེགས་ཞེས་འཚམས་འདྲི་ཞུ་རྒྱུ་ངེས་པར་དུ་མ་བརྗེད་པ་གནང་དགོས། ཡག་ཤོས་བྱུང་ན་ཐོག་མར་ཕ་མ་དང་དགེ་རྒན་གྱི་སྔོན་ལ་འཚམས་འདྲི་ཞུ་དགོས། དེ་ལྟར་གནང་ན། བུ་ཕྲུག་ཚོ་ལ་འཚམས་འདྲི་ཞུ་རྒྱུའི་གོམས་གཤིས་བཟང་པོ་འཇག་ཐུབ། གལ་སྲིད་སུ་ཞིག་གིས་སྔོན་ལ་འཚམས་འདྲི་ཞུས་རྗེས་ལན་མ་སྤྲད་པར་སྣང་མེད་བཏང་ན། སུ་ཡིན་ནའང་བློ་ཕམ་ཡོང་ངེས་རེད། རྒྱུ་མཚན་གང་ཡིན་ཟེར་ན་། འཚམས་འདྲི་ཡིས་ང་ཚོ་ཕན་ཚུན་ཁས་ལེན་དང་རྩི་མཐོང་ཡོད་པ་མཚོན་གྱི་ཡོད། འཚམས་འདྲི་ནི་ཁྱིམ་ཚང་ཙམ་མ་ཡིན་པར། ཞོགས་པ་ལས་ཀ་དང་སློབ་གྲྭར་འགྲོ་བའི་སྐབས་སུ་ཁྱིམ་མཚེས་སམ་ཡང་ན། ལས་ཁུངས་གཅིག་པ། སློབ་གྲོགས་སོགས་དང་འཕྲད་ན་ཚང་མར་རང་འགུལ་ངང་ནས་ཞོགས་པ་བདེ་ལེགས་ཞུ་དགོས། ཁྱིམ་བདག་དང་དགེ་རྒན་གྱི་གཞན་ལ་འཚམས་འདྲི་བྱས་པའི་ངང་ཚུལ་ནི། འཚམས་འདྲི་ནི་མི་གཞན་ལ་བརྩི་བཀུར་བྱེད་སྟངས་ཤིག་ཡིན་པ་མ་ཟད། དེས་མི་གཞན་དང་མཛའ་མཐུན་གྱི་འབྲེལ་བ་འཛུགས་རྒྱུའི་འདུན་པ་མཚོན་པར་བྱེད་ཀྱི་ཡོད། གཞན་ཡང་། རང་ཉིད་ཁྱིམ་དུ་ཡོང་བའི་སྐབས་སུ་ཨ་མ་ལགས་ང་ལོག་སླེབས་ཡོད་ཅེས་ཞུ་དགོས་ཤིང་། ཁྱིམ་ནས་ཕ་མ་དང་སྐུ་མགྲོན། སློབ་གྲོགས་སོགས་སུ་ཞིག་ཕེབས་པའི་སྐབས་སུ་ཁྱེད་རང་ཕེབས་མཁན་ཡིན་ན་ཐུགས་འཇགས་གནང་རོགས་ཞེས་ཞུ་དགོས། ང་ཚོས་འདི་ལྟར་གཞན་ལ་ངག་ནས་སྐྱེལ་མ་དང་ཕེབས་གསུ་ཞུས་ན། ཡ་རབས་བཟང་སྤྱོད་ཀྱི་རྣམ་འགྱུར་ཇི་འདྲེའི་སྙཱིང་རྗེ་བ་ཞིག་མ་རེད་དམ། དེར་བརྟེན་སློབ་གྲོགས་ཚོ་ལ་ཞུ་རྒྱུར། ང་ཚོས་དུས་རྟག་ཏུ་གཞན་ལ་ཡ་རབས་ཀྱི་ངང་ནས་འཚམས་འདྲི་ཞུས་ན། ང་ཚོའི་སྤྱི་ཚོགས་ཀྱི་བྱང་ཚད་མཐོ་རུ་སོང་བ་མ་ཟད། འཚམས་འདྲི་ནི་མ་རྩ་ཆུང་ཆུང་ཞིག་ཡིན་པ་དང་། དེས་རང་ཉིད་དང་སྤྱི་ཚོགས་ལ་ཕན་འབྲས་ཀྱི་ནུས་པ་ནི་དངོས་གནས་ཚད་གཞལ་དཀའ་བ་ཞིག་ཡིན། ང་ཚོ་ཚང་མས་ཕན་ཚུན་འཚམས་འདྲི་ཞུ་རྒྱུ་མ་མཉེས་པ་གནང་དགོས།
ང་བོད་ལ་ལོག་ན་འདོད།
བདེ་སྐྱིད་ལྷ་མོ།འཛིན་གྲྭ་དགུ་པ། དྷ་སྟེང་བོད་ཁྱིམ། རྨོ་མོས་སྒྲུང་མང་པོ་བཤད་པ་ལས་གཅིག་ནི་ང་ཚོའི་ཕ་ཡུལ་བོད་སྐོར་ཆགས་ཀྱི་འདུག ཞོགས་པ་སྔ་པོ་ལངས་མ་ཐག་དྲོ་སོབ་སོབ་ཀྱི་ཉི་མ་དེ་གཉེར་མ་ཞུམ་པའི་ངོ་གདོང་དུ་ཕོག་དུས་ཨ་མས་སོ་སོའི་བུ་མོར་བརྩེ་སེམས་སྟོན་པ་དང་འདྲ། གྲངས་སིལ་སིལ་གྱི་རླུང་པོ་དེའི་དྲི་ཡིས་ང་རང་ཁྱིམ་དུ་སླེབས་ཡོད་པའི་ཚོར་སྣང་དང་འདྲ། ས་ཕྱོགས་གང་སར་བལྟས་པ་ན་ལྟ་ན་སྡུག་པའི་ཡུལ་ལྗོངས་ལས་མཐོང་རྒྱུ་མེད། ཏོག་ཙམ་ས་ནས་ཡར་བལྟས་པ་ན་ཐ་འཁོར་གངས་རི་ལས་ཏུམ་ཡོད། ང་རང་སྔོན་འབྲོག་པ་ཡིན་ཙང་སྤང་ལྗོངས་ཀྱི་སྟེང་གུར་སྤུགས་ནས་ར་ལུག་ཚོར་ཙ་སྟེར་ཏེ་བོད་ཇ་བཏུང་ནས་ལས་རོགས་མཉམ་གཞས་གཏོང་བ་སོགས་སེམས་པ་ལྷང་ལྷང་གི་གནས་མྱོང་ཡོད་ཅེས་རྨོ་མོས་ང་ལ་ང་ཚོའི་ཕ་ཡུལ་སྐོར་འགྲེལ་བཤད་རྒྱག་གི་རེད། ངས་བསམ་བློ་ཞིབ་ཏུ་བཏང་ན་ང་རང་བོད་དུ་འགྲོ་འདོད་ཡོད་པ་དེ་ང་རང་བོད་པ་ཡིན་ཙང་གཅིག་པུ་བསམ་གྱི་མི་འདུག ངས་བསམ་བློ་རྒྱ་ཆེན་པོ་བཏང་ན། དེ་ནི་བོད་ཀྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་རིག་གཞུང་། ཆོས་ལུགས་སོགས་ལ་བརྟེན་བདག་བོད་དུ་འགྲོ་རྒྱུའི་དམིགས་ཡུལ་ཡོད། བོད་ཀྱི་རིག་གཞུང་ནི་གཞན་དང་མི་འདྲ་བ་ཞིག་ཡོད་པ་མ་ཟད། དེ་ཡི་རྣམ་པ་ནི་ཤིན་ཏུ་མཛེས། ང་ཚོ་བོད་མི་ཆེད་བོད་ནི་རྒྱལ་ཁབ་ཅིག་ཡིན་པ་ཙམ་མ་ཡིན་པར། དེ་ནི་བོད་ཀྱི་ལོ་རྒྱུས་གལ་ཆེན་མང་པོ་ཞིག་དེ་ནང་དུ་གནས་ཡོད། རང་བྱུང་ཁམས་དེ་ཚོར་མཛེས་སྡུག་ལྡན་པ། ཕར་ཕྱོགས་མི་ཚོས་མི་ཚེ་སྐྱེལ་སྟངས་ནི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད། མཚམས་རེར་སོ་སོའི་ལུང་པ་དུ་གནས་པའི་ཚོར་བ་དེ། ངས་ཤེས་འདོད་འདུག ངས་ཚོར་འདོད་འདུག ངས་འབྲི་འདོད་འདུག འོན་ཀྱང་མཚམས་རེ་འདི་ནི་རྨི་ལམ་ཞིག་ཡིན་པ་མ་གཏོགས་མངོན་སུམ་དུ་བྱུང་བའི་རེ་བ་མེད་པས་ཚོར་སྣང་ཞིག་ཡང་སྲིད་སྐྱེས་གྱིན་འདུག འོན་ཀྱང་བདག་གིས་སེམས་ཤུགས་མ་ཆགས་ནས་རྒྱུན་དུ་རེ་བ་བཅངས་ནས་བསྡད་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ནས་ད་བར་བཙན་བྱོལ་དུ་བསྡད་ཡོད་པ་དང་བོད་མི་མང་ཆེ་སོ་སོའི་ཁྱིམ་འདི་རྒྱ་གར་ལྟ་བུ་མཚོན་གྱི་ཡོད། འོན་ཀྱང་དེ་ནི་བོད་དང་མི་འདྲ། ང་ཚོས་ཁྱིམ་ལྟ་བུ་དེ་བོད་ཀྱི་རྣམ་པ་དང་འདྲ་བར་བཟོས་མི་ཐུབ། དེའི་མཛེས་སྡུག་ལྡན་པས་ཡུལ་ལྗོངས་དེ་ང་ཚོས་རྒྱ་གར་དུ་སྤོ་མི་ཐུབ། སོ་སོའི་ཕ་ཡུལ་དུ་གནས་པས་ཚོར་སྣང་ཡང་ང་ཚོས་རྒྱ་གར་དུ་ཚོར་མི་ཐུབ། བྱས་ཙང་ང་རང་ཁྱིམ་དུ་ལོག་འདོད་འདུག བདག་ཉིད་བོད་ལ་ལོག་འདོད་འདུག ནང་མི་ལྷན་དུ་སོ་སོའི་ཁྱིམ་དུ་ལོག་ནས་བོད་ཆས་གཙང་མ་ཞིག་གྱོན་ཏེ་རྒྱུགས་ཆུའི་འགྲམ་དུ་བོད་ལ་གནས་པའི་ཚོར་སྣང་སྙན་ངག་ཐོག་འབྲི་འདོད་འདུག གུས་མོ་ངས་ཉིན་དེ་སླེབ་པར་སྒུག་གི་ཡིན།
ང་བོད་ལ་ལོག་ན་འདོད།
བསྟན་འཛིན་ཚེ་ལྷ།འཛིན་གྲྭ་བཅུ་པ། དྷ་སྟེང་བོད་ཁྱིམ། བོད་ཟེར་པའི་ཚིག་དེ་ངའི་ཨ་མཆོག་ནང་དུ་ཐོས་ཡོང་བ་དང་། ཐོག་མ་༧རྒྱལ་བ་ཡིན་བཞིན་ནོར་བུའི་ཞལ་མཇལ་བ་དང་། ལྷ་སར་ཡོད་པའི་པོ་ཏཱ་ལ། དགོན་པ་ཁག།གངས་རི་དཀར་པོ། དྭངས་ཤིང་བསིལ་བའི་མཁའ་རླུང་། དྭངས་ཤིང་གཙང་བའི་རྒྱུགས་ཆུ་དང་མཚོ། ལྗང་ཐིང་ཐིང་གི་སྤང་ལྗོངས། བོད་ཀྱི་སྲོག་ཆགས་དང་ཟས་ཞིམ་པོ་འདྲ་མིན་སྣ་ཚོགས་ཤིག་མིག་གི་ནང་དུ་ཤར་ཡོང་གི་འདུག ང་བོད་པ་ཡིན་ཡང་བོད་ནང་སྐྱེས་པའི་བུ་མོ་ཞིག་མིན། ངའི་སྤོ་སྤོ་དང་རྨོ་མོ་རྣམས་ཆུང་དུས་བོད་ལ་འཁྲུངས་ནས་ལོ་གསུམ་བཞི་གཡས་གཡོན་ལ་བོད་ནས་ཕ་མ་མཉམ་དུ་བྲོས་སླེབས་པའི་བཙན་བྱོལ་བ་ཞིག་རེད། ང་ཆུང་དུས་ལོ་བཞི་ལྔ་ནས་སྤོ་སྤོ་དང་རྨོ་རྨོ་འགྲམ་ནས་ཐེངས་མང་པོ་བོད་ཀྱི་ལོ་རྒྱུས་སྐོར་གོ་མྱོང་ཡོད། གང་འདྲ་བྱས་ནས་ཟེར་ན། ང་ཆུང་ཆུང་ཡིན་པའི་སྐབས་སུ་ཉིན་མ་མང་ཆེ་བ་སྤོ་སྤོ་དང་རྨོ་རྨོ་དཀྱིལ་ལ་འཛུལ་ནས་མཉམ་དུ་ཉལ་དུས་ཉིན་གཅིག་ཀྱང་མ་ཆད་པར་སྤོ་སྤོ་ལགས་ཀྱི་མཚམས་རེ་སྒྲུང་བཤད་པ་དང་། ཡང་ན་བོད་ནས་རྒྱ་གར་དུ་བྲོས་སླེབས་དུས་པོ་ཏཱ་ལ་མཐའ་མ་ས་ཆ་གང་དུ་མཇལ་བ་དང་། ལམ་བར་དུ་དཀའ་ངལ་ག་ཚོད་འཕྲད་ཡོད་མིན་སྐོར་དང་། བོད་དེ་ས་ཆ་གང་འདྲ་ཞིག་ཡོད་པ་ཚང་མ་རེ་རེ་བཞིན་ང་ལ་བཤད་ཀྱི་རེད། སྤོ་སྤོས་ཉིན་ལྟར་ཞལ་ནས་བོད་ནང་བཞིན་ས་ཆ་སྐྱིད་པོ་དང་ཞི་བདེ་ཅན་གྱི་ཡུལ་དེ་འཛམ་བུ་གླིང་སྟེང་ལ་ཡོད་པའི་རྒྱལ་ཁབ་གཞན་དང་རྩིས་ན་འདྲ་ཡི་མ་རེད་ཅེས་གསུང་གི་རེད། ཡིན་ཡང་དེ་སྐབས་སུ་ང་ཆུང་ཆུང་ཡིན་དུས་དེ་ཚོར་དེ་ཙམ་གྱི་དོ་སྣང་བྱེད་ཀྱི་མེད། དེ་རྗེས་ང་ལོ་དྲུག་སླེབས་དུས་བོད་པའི་སློབ་གྲྭ་ཐོག་མ་དྷ་སྟེང་བོད་ཁྱིམ་ལ་ཀ་ཁ་ག་ང་དང་ཨེ་བི་སི་དྲི་སྦྱང་འགོ་བཙུགས་ནས་བོད་དང་འབྲེལ་བའི་དེབ་དང་། དཔེ་རིས་མང་པོ་མཐོང་དུས་བོད་ཀྱི་སྐོར་དང་བོད་ཞེས་པའི་ས་ཆ་དེ་གང་འདྲ་ཡོད་པ་ཞིག་ངས་ཤེས་བྱུང་། དེ་དང་མཉམ་དུ་ང་ཆུང་ཆུང་སྐབས་སུ་སྤོ་སྤོ་ཡིས་བཤད་པའི་བོད་ཀྱི་སྐོར་དང་། དགེ་རྒན་རྣམས་ཀྱིས་བསླབས་གནང་བའི་བོད་ཀྱི་ལོ་རྒྱུས་དེ་ཚོར་བསམ་བློ་ཡག་པོ་ཞིག་བཏང་ན། བོད་ཞེས་པའི་རྒྱལ་ཁབ་དེ་དངོས་གནས་སྙིང་རྗེ་མོ་དང་ཞི་བདེ་ཅན་ཞིག་རེད་འདུག་བསམ་བྱུང་། དེ་ནས་བཟུང་ང་བོད་ལ་ལོག་རྒྱུའི་འདོད་པ་སླེབས་བྱུང་། ག་ལེར་འཛིན་རིམ་ཆེ་རུ་འགྲོ་དུས་བོད་ཀྱི་དུས་ཆེན་བརྩི་སྟངས་དང་། རྒྱལ་པོ་ཆགས་སྟངས། ༧གོང་ས་མཆོག་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་ལོ་རྒྱུས། ཕོ་བྲང་པོ་ཏཱ་ལ་ཇི་ལྟར་འཛུགས་སྐྲུན་གནང་ཡོད་མེད་སོགས་ཀྱི་སྐོར་ལ་ཤེས་དུས་བོད་ཀྱི་རྒྱལ་ཁབ་དེ་གཞན་དང་མི་འདྲ་བ་གཟི་བརྗིད་ཆེན་པོ་ཞིག་མཐོང་བྱུང་། ང་བོད་ལ་ལོག་ན་འདོད། ལོག་ན་ཡང་ང་གཅིག་པུ་མི་ཡིན་པ། ༧གོང་ས་མཆོག་དང་ནང་མི། རྒྱ་གར་ནང་དུ་ཡོད་མཁན་བོད་མི་ཚང་མ་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོ་ངང་ལོག་འདོད་ཡོད། བོད་ལ་ལོག་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད། དང་པོ་ནི་བོད་ནང་ཡོད་པའི་བོད་མི་རྣམས་རྒྱ་ནག་འོག་གང་འདྲ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་པ་སྐོར་ལ་ང་རང་ཧ་གོ་འདོད་འདུག།ཕོ་བྲང་པོ་ཏཱ་ལ་མཇལ་འདོད་ཡོད་པ་དང་དེ་ནང་བཞིན་བོད་ལ་ཡོད་པའི་ཡུམ་བུ་བླ་སྒང་དང་། འབྲས་སྤུངས། སེ་ར། དགའ་ལྡན། སྐུ་འབུམ་སོགས་དགོན་པ་སྣ་ཚོགས་ཀྱང་མཇལ་འདོད་ཡོད། ང་ཡི་ཐོས་པ་ལྟར་བོད་ཀྱི་རྒྱུགས་ཆུ་དང་གཙང་ཆུ་རྣམས་ཧ་ཅང་གཙང་མ་དང་། འཐུང་ན་ཡང་ཞིམ་པོ་དང་ལུས་ལ་ཕན་པོ་ཡོད་བཅས་ཟེར་གྱི་འདུག་པས་ང་ཡང་ཆུ་ཡི་བྲོ་བ་དེ་གང་འདྲ་ཡོད་ན་བསམ་གྱི་འདུག དེ་ག་ནང་བཞིན་བོད་ཀྱི་ཟས་རྩམ་པ་དང་ཕྱུ་ར། རྩམ་ཐུག་ལ་སོགས་པ་ཡང་ཟ་ཡ་ཡི་འདོད་པ་ཡོད།ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་བཟོས་པའི་ཁྲིམས་གསར་དང་ཁོང་ཚོས་བོད་མི་རྣམས་ལ་གང་འདྲ་བཞག་གི་ཡོད་པ་སྐོར་སོགས་ཀྱང་ཤེས་འདོད་ཡོད། རྒྱུ་མཚན་གཉིས་པ་དེ། སྔོན་མ་ང་ཡི་སྤོ་སྤོ་དང་རྨོ་རྨོ་ཕ་མ་བསྡད་སའི་ཡུལ་ལ་འགྲོ་འདོད་ཡོད། གལ་སྲིད་ང་རང་གི་དམིགས་ཡུལ་དེ་གྲུབ་ན་ང་རང་ཧ་ཅང་སྐྱིད་པོ་བྱུང་ས་རེད། ཅི་སྟེ་བོད་ལ་འགྲོ་རྒྱུའི་གོ་སྐབས་རག་པ་ཡིན་ན་ཡང་སེམས་པའི་ནང་དུ་ཚོར་བ་གཞན་དང་མི་འདྲ་བ་སྐྱིད་པོ་བྱུང་ས་རེད། སོ་སོ་ཡི་རྒྱལ་ཁབ་ངོ་མ་བོད་དེ་རྒྱ་ནག་གི་མངའ་འོག་ཏུ་ཤོར་ཡོད་ཀྱང་། ང་རང་བོད་པ་གཅིག་གི་ལུས་སུ་འཇིག་རྟེན་འདིིའི་ནང་སྐྱེས་པ་དང་། ༧གོང་ས་མཆོག་ཞལ་མཇལ་རག་པ་དེ་ང་རང་སྐལ་བ་བཟང་པོ་རེད་བསམ་གྱི་འདུག
ང་བོད་ལ་ལོག་ན་འདོད།
བསྟན་འཛིན་འོད་ཟེར།འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ། ༄༅། །ཐོག་མར་ང་བོད་ལ་ལོག་ན་འདོད་ཅེས་པའི་བརྗོད་གཞི་འདི་ནི་བསམ་བློ་ཅི་འདྲ་ཞིག་བཏང་ཡང་ཧ་ཅང་གི་ཟབ་ལ་ཁུར་དུ་འཁྲི་བའི་ལས་འགན་གཡོལ་ཐབས་བྲལ་བ་ཞིག་ཏུ་མཐོང་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རང་རིགས་བཙན་བྱོལ་བ་འབུམ་གཅིག་ལྷག་ཕྱིའི་རྒྱལ་ཁབ་མང་པོར་སྲན་མ་གཏོར་བ་བཞིན་བཀྲམས་ནས་ཡོད་ཅིང། དེ་ཡང་ཕྱིའི་དགྲ་བོས་བཙན་འཛུལ་ལ་ཁ་གཏད་བྱ་དགོས་པ་མ་ཟད་འུ་ཅག་གི་སྐད་ཡིག་ཆོས་དང་རིག་གཞུང་བཅས་ཀྱི་ཤུལ་འཛིན་དང་གནའ་ནས་ཡོད་པའི་ཡང་དག་གི་ཡུལ་སྲོལ་གོམས་གཤིས་རྣམས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དེ་ཤོད་ག་ལ་དགོས། གཅིག རང་དབང་བྲལ་བའི་བོད་མི། ང་ཚོའི་ཕ་ཡུལ་བོད་དུ་གནས་པའི་གདོང་དམར་སྤུན་ཟླ་རྣམས་རང་སའི་སྟེང་དུ་ཡོད་ཀྱང་རང་དབང་ནི་ནས་འབྲུ་ཙམ་ཞིག་ལས་མེད། ཁོང་ཚོ་ཆུང་ངུ་བྱིས་པའི་དུས་ནས་ད་ལྟ་སྐྲ་ལོ་ཇེ་དཀར་དུ་འགྲོ་བ་མ་ཟད། གདོང་གི་གཉེར་མ་ཇེ་མང་དུ་འགྲོ་ཡི་ཡོད་ཀྱང། ད་དུང་དེ་ཚོའི་སེམས་ནང་དུས་རྟག་ཏུ་འཆར་བའི་སྨོན་ལམ་ལྟ་བུ་ནི་ཡིད་བཞིན་གྱི་ནོར་བུ་༧སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་བོད་དུ་ཡང་བསྐྱར་བྱོན་པའི་སྨོན་ལམ་དང་གཞིས་བྱེས་བོད་མི་ལྷན་འཛོམས་བྱུང་བའི་སྐལ་བ་བཟང་པོ་དེ་ཡིན་པར་བརྟེན་ནས་བདག་བོད་དུ་ལོག་ན་འདོད། གཉིས་པ། སྲན་འབྲུ་འགའ། གངས་རིའི་ཕ་རོལ་དུ་ཡོད་པའི་སྲན་མ་གཏོར་བ་བཞིན་ཡོད་པ་ང་ཚོ་ནི། ཁོང་གི་ཐུགས་བསྐྱེད་དམ་བཅའ་ཡིད་ལ་བཅངས་ནས་བྱ་ལས་ལ་འབད་བཞིན་པ་དང། ང་ཚོའི་མཐུན་སྒྲིལ་དང་ཆིག་སྒྲིལ་ངང་ནས་རང་ཡུལ་དུ་གནས་པའི་སྤུན་ཟླ་ཚོས་སྨོན་ལམ་མངོན་སུམ་དུ་བསྒྲུབ་པར་བྱ་ཕྱིར་ངོས་ཀྱིས་སློབ་ལ་བརྩོན་ནས་སྐྱིད་པའི་ཕ་ཡུལ་ལ་ལོག་ན་འདོད། གསུམ་པ། བྱ་འཇོལ་མོའི་མགྲིན་ངག བོད་ནང་དུ་རྒྱ་དམར་པོས་བཙན་འོག་ཏུ་སྨྲ་བའི་སྐད་བོད་སྐད་ལས་ཀྲུང་ཀོའི་སྤྱི་སྐད་རྒྱ་སྐད་དེ་རྐང་བཙུགས་ནས་བརྒྱབ་ཏུ་བཅུག་ནས་བོད་སྐད་དེ་བསྲེ་སླད་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་པ་དང་། ང་ཚོ་ཕྱིར་སྡོད་བོད་མི་རྣམས་ཀྱིས་བོད་སྐད་འདི་གང་ཐུབ་ཀྱིས་ཡར་རྒྱས་དང་ཐ་སྙད་རྣམ་གྲངས་མང་པོ་བསླབ་དགོས་པ་མ་ཟད། ཡང་མེས་ཀྱི་མགྲིན་ཚབ་བྱས་ནས་ཕྱི་རྒྱལ་དཀར་པོའི་ཡུལ་དང་རྒྱལ་ཁབ་གང་ན་ཡོད་ཀྱང་སློབ་སྦྱོང་ཧུར་ཐག་བྱས་ནས་ཞི་བའི་ཐོག་ནས་རང་སར་ལོག་ཐུབ་པར་བྱ་དགོས་པ་དང། དཔེར་ན་བྱ་འཇོལ་མོའི་ངག་དེ་རྒྱ་དམར་གྱིས་བཙན་པོས་རྒྱ་སྐད་རྒྱག་བཅུག་ཀྱང་བྱ་དེའི་བྱ་སྐད་རང་བཞིན་དེ་བཅོས་བསྒྱུར་མི་ཐུབ་པ་བཞིན་ང་ཚོར་བོད་སྐད་ནི་གནའ་སྔ་མོ་ནས་ཡོད་པ་ཞིག་དང་གཤིས་ལ་འཇགས་ཡོད་པ་དེ་གང་བྱས་ཀྱང་རྩ་མེད་དུ་ནམ་ཡང་གཏོང་མི་ཐུབ། དེ་འདྲ་སོང་ཙང་ང་རང་བོད་དུ་ལོག་ནས་བོད་ཡིག་ལ་སྔར་ལས་ལྷག་པར་བརྩོན་ནས་སྐད་ཡིག་གི་གལ་གནད་ཆེ་བ་དང་ང་ཚོའི་བོད་སྐད་འདི་ཐུན་མོང་མ་ཡིན་པ་དེ་གསལ་ན་འདོད། བཞི་པ། ཨ་ཁུ་ཐོན་མིས་བརྩམས་པའི་ཡི་གེ། སྲོང་བཙན་སྒམ་པོའི་དུས་སུ་འཕྲུལ་བློན་མཛངས་པ་ཐོན་མི་ཡིས་བོད་ཀྱི་ཡི་གེ་ཐོག་མར་བརྩམས། ད་ལྟ་དུས་རབས་ཉེར་གཅིག་གི་དུས་འདི་རུའང་བོད་ཡིག་མཐོང་རྒྱུ་ཡོད་པ་མ་ཟད་ནང་པའི་ཆོས་ལ་སློབ་སྦྱོང་བྱ་ཆེད་སྐད་ཡིག་གཙོ་བོ་ཡང་དེ་ཉིད་ཡིན། འོན་ཀྱང་ད་ལྟ་བོད་ནང་དུ་ཡོད་པའི་བོད་ཕྲུག་མང་པོ་ཞིག་བཙན་ཁྲིད་ཀྱིས་ཕ་མ་དང་ཐག་རིང་ཞིག་ཏུ་སློབ་སྦྱོང་བྱེད་དུ་བཅུག་བཞིན་པ་དང། བོད་ཡིག་ཡིག་འབྲུ་གཅིག་ལའང་མིག་བལྟ་མི་བཅུག་པ་དང་བོད་དགེ་ཧ་ཅང་རྩེ་ཕུད་མེད་པའི་བོད་ནང་དུ་དཀའ་ངལ་ཡོད་པ་དང། ཡུལ་གྱར་བ་ང་ཚོར་བོད་ཡིག་བཀག་སྡོམ་མེད་པ་སྦྱང་ས་ཡོད་པས་བོད་ཀྱི་སྐད་ཡིག་ལ་བརྩོན་ནས་བོད་ལ་ལོག་ན། རང་རང་སོ་སོའི་རྒྱལ་ཁབ་ཡིན་པའི་བོད་ཡིག་ལ་དོ་སྣང་ཤུགས་ཆེར་ཡོང་བ་དང་བོད་ཡིག་གི་ཤུལ་འཛིན་ཐུབ་པ་དང། དེ་དང་བསྟུན་ནས་ནང་པའི་ཆོས་ཀྱང་གར་སོང་ཆ་མེད་དུ་མི་འགྲོ་བས་བོད་ལ་ལོག་རྒྱུའི་བསམ་པ་འདི་ངའི་སེམས་གཏིང་ན་བདེ་སྐྱིད་ཀྱི་མེ་ཏོག་འཆར་བ་དང་ང་དེར་བདག་པའི་ཚོར་བ་ཧ་ཅང་གི་ཤུགས་ཆེ་བ་ཞིག་མྱོང་ཐུབ། ལྔ་པ། རྟ་ནོར་རི་ཆུའི་ཁྱད། གངས་རི་རྭ་བས་བསྐོར་ཞིང་འཛམ་གླིང་གི་ཡང་རྩེ་ནི་ངའི་ཕ་ཡུལ་བོད་དེ་ཡིན། བོད་ན་ཡོད་པའི་རྟ་ནོར་ལུག་དང་། གཅན་གཟན། འབྲོང་དང་བཅས་པ་ཡུལ་གཞན་ན་མེད་པ་རྣམས་ངའི་ཕ་ཡུལ་ན་ཡོད་པས་ང་བོད་ལ་ལོག་ནས་དེ་ཚོར་གཅེས་སྤྲས་བྱས་ན་འདོད། ད་ལྟ་རྒྱ་དམར་པོས་ས་འོག་གཏེར་ལ་སོགས་པ་ཇི་ཙམ་འཐུས་ཀྱང་དེ་ཚོ་ནི་ང་ཚོ་བོད་ལ་དབང་བ་ལས་རྒྱ་དམར་པོར་མི་དབང་ཞིང་། དེ་ཡི་ས་བཅུད་ཀྱང་ཉམས་ཀྱི་ཡོད་ཙང་ངས་ཉམས་པ་སླར་གསོའི་ཆེད་ང་བོད་ལ་ལོག་ན་འདོད། རི་དང་ཆུ་ཡི་བང་མཛོད་ནི་ངའི་ཕ་ཡུལ་ཡིན་པས་རྒྱ་ནག་གིས་དེ་ཚོར་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་རྫོར་པོ་དང་བོད་ཀྱི་ཆགས་བབས་ལ་ཡང་འགྱུར་བ་དང་འཕྲོ་བརླག་གཏོང་རྩིས་ཡོད་སྟབས། དེ་མི་ཉམས་རྒྱུན་འཛིན་བྱེད་ཆེད་བོད་ཀྱི་བུ་མོ་ང་བོད་མི་ཡོངས་དང་གོ་ལའི་སྨོན་ལམ་འགྲུབ་ཆེད་རང་ཡུལ་དུ་ལོག་ན་འདོད། གལ་སྲིད་ང་ཚོ་ལ་རང་རང་སོ་སོར་དབང་བའི་ཕ་ཡུལ་དེ་ཡོད་ན། རང་ཡུལ་དུ་ལོག་ན་འདོད་ཅེས་མི་ལབ་པ་དང་ངའི་སྨོན་ལམ་དུའང་ཉིན་ཞིག་ངས་ཡང་བསྐྱར་རྩོམ་འགྲན་ཞིག་ལ་ང་རང་ཡུལ་དུ་ཡོད་པའི་བསོད་ནམས་ཆེ་ཞེས་བྲི་རྒྱུ་མྱུར་དུ་ཡོང་བར་སྨོན། ང་བོད་དུ་ལོག་ན་འདོད་པ་ང་ཚོ་མི་རེ་ངོ་རེས་ཡིད་ལ་བཅངས་པའི་རེ་བ་ཞིག་མ་ཡིན་པར། ནམ་ཞིག་ང་ཚོས་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་མགོན་སྐྱབས་ཁོང་བོད་དུ་ཕེབས་པའི་ཉིན་བཟང་པོ་དེར། ང་ཡང་བོད་དུ་འབྱོར་རྒྱུ་ཡིན་པ་དེ་ནི་ཕྱི་ནང་ཀུན་ན་ཡོད་པའི་གདོང་དམར་ས་ཡ་དྲུག་ཙམ་མ་ཟད་རྒྱབ་སྐྱོར་བ་རྣམས་ཀྱི་ཀྱང་སྨོན་ལམ་ཡིན། མཐར་རྩོམ་འདི་ཁྱེད་རྣམ་པའི་རྣ་ལམ་དུ་སྙན་པོ་དང་ང་ཚོ་ཚང་མ་སྐྱིད་པའི་རང་ཡུལ་དུ་ལོག་ཐུབ་པའི་རེ་བ་དང་། ༧སྐྱབས་མགོན་སྐུ་གཟུགས་པདྨའི་སྡོང་པོ་བཞིན་དུ་བདེ་བའི་སྨོན་ལམ་དང་བཅས་བོད་རྒྱལ་ལོ།།