རིན་ཆེན་དཔལ་སྒྲོན། འཛིན་གྲྭ་བཅུ་པ། སམ་བྷོ་ཏ་ཅན་དྷ་གྷི་རི་ཉིན་སློབ། བདག་ད་ལྟ་འཇིག་རྟེན་འདི་ནང་སླེབས་པ་དེ་བདག་གི་ཕ་མ་གཉིས་ཀྱིས་བཀའ་དྲིན་ཡིན། ཨ་མ་ལགས་ཀྱི་བདག་ཟླ་བ་དགུ་དང་ཉིན་འགའ་ཤས་ཤིག་ཨ་མའི་ཁོག་པ་ནང་དུ་ཉར་བ་དང་། ད་དུང་ཨ་མས་སོ་སོའི་ཕྲུ་གུ་ཆེད་དུ་ཁ་ལག་གང་བྱུང་མི་ཟ་བ་དང་དེ་འདྲ་གནང་ཡོད། པཱ་ལགས་ཀྱི་ཨ་མ་ལགས་སྦྲུམ་མ་ཡིན་སྐབས་དངུལ་ཐབས་ཤེས་དང་ནང་གི་འགན་ཆེ་བ་དང་མང་ཆེ་བ་ཕལ་ཆེར་ཨ་ཕ་ལགས་ཀྱི་གནང་ཡོད། བྱས་ཙང་བདག་གི་ཕ་མ་རྣམ་པ་གཉིས་དེ་བདག་ལ་བྱམས་བརྩེས་སྐྱོང་མཁན་ཆེ་ཤོས་དེ་ཡིན། དེ་རྗེས་སུ་ང་ལ་བྱམས་བརྩེས་སྐྱོང་མཁན་གཉིས་པ་དེ་བདག་གི་རྨོ་རྨོ་ལགས་ཆག་གི་འདུག རྨོ་ལགས་ཆ་བཞག་ན་དགུན་དུས་སུ་བདག་གི་ཕ་མ་རྣམ་པ་གཉིས་དགུན་ཚོང་རྒྱབ་ཏུ་ཕྱིན་སྐབས་བདག་ལ་བྱམས་བརྩེ་བའི་ངང་སྐྱོང་མཁན་དེ་རྨོ་རྨོ་ལགས་ཡིན། རྨོ་རྨོ་ལགས་ཀྱི་བདག་སློབ་གྲྭ་རུ་སྐྱེལ་བ་ང་སློབ་གྲྭར་བཏང་སྐབས་སྒྲིག་ཆས་གཙང་མ་བསྐྱོན་པ་དང་དུག་ལོག་དྲོ་པོ་གཡོག་གི་ཡོད། ད་དུང་རྨོ་རྨོ་ལགས་ཀྱིས་བདག་ལ་ཁ་ལག་ཞིམ་པོ་དང་བཅུད་ལྡན་པ་སྦྱིན་གྱི་ཡོད། བློ་ཕམ་པ་ཞིག་ལ་བདག་གི་ཕ་མ་གཉིས་དགུན་ཚོང་ནས་ནང་ལ་སླེབས་རྗེས་ཟླ་བ་འགའ་ཤས་ཀྱི་རྗེས་སུ་བདག་གི་རྨོ་རྨོ་ལགས་འདས་གྲོངས་སུ་ཕྱིན་བྱུང་། དེ་དུས་བདག་འཛིན་གྲྭ་དང་པོ་ཡང་ན་གཉིས་པ་ནང་སློབ་སྦྱོང་སྦྱངས་བཞིན་པའི་སློབ་མ་ཆུང་ཆུང་ཞིག་རེད། བདག་ད་ལྟ་འགྱོད་པ་སྐྱེས་བ་ཞིག་ལ་ད་ལྟ་རྨོ་རྨོ་ལགས་མེད་ཙང་རྨོ་རྨོ་ལགས་ཀྱི་བསྐྱངས་པའི་བྱམས་བརྩེས་དེ་ལ་དྲིན་ལན་་འཇལ་རྒྱུ་རག་མི་བྱུང་། རྨོ་རྨོ་ལགས་ཀྱི་ཆུང་དུས་ནས་བྱམས་བརྩེ་ཆེན་པོ་ངང་བདག་ལ་བལྟ་སྐྱོང་གནང་བས་ད་ལྟ་ང་ནུས་སྟོབས་ཆེ་བའི་བུ་མོ་ཞིག་ཆགས་ཡོད། བདག་ད་ལྟ་སློབ་གྲྭ་ཡོང་དུས་སྔོན་རྨོ་རྨོ་ལགས་ཀྱི་སློབ་གྲྭ་སྐྱེལ་བཏང་དེ་མིག་ལམ་དུ་འཆར་གྱི་འདུག སྔོན་མ་བདག་སློབ་གྲྭ་ཆུང་བ་ལ་ཀློག་སྐབས་རྨོ་རྨོས་ཆར་པ་དཀྱིལ་ལ་བདག་སློབ་གྲྭ་ལ་སྐྱེལ་གྱི་ཡོད་པ་དང་རྨོ་རྨོ་ལགས་འདས་གྲོངས་ཕྱིན་རྗེས་བདག་ས་སྐྱ་གཞིས་ཆགས་སྤུ་རུ་ཝ་ལ་སློབ་གྲྭ་རུ་སློབ་སྦྱོང་བྱེད་དུ་ཕྱིན་པ་ཡིན། དེ་དུས་རྨོ་རྨོ་ལགས་ཀྱི་བདག་ལ་བྱམས་བརྩེས་བསྐྱངས་པ་རྣམས་དྲན་གྱི་འདུག་བདག་ལ་བྱམས་བརྩེས་སྐྱོང་མཁན་གསུམ་པ་དེ་བདག་གི་དགེ་རྒན་ཡིན། དགེ་རྒན་གྱིས་ང་ཚོ་ལ་ཆུང་དུས་ནས་ཀ་ཁ་ག་ང་བསླབ་པ་དང་སློབ་སྦྱོང་ཁོ་ན་མིན་པར་སྤྱོད་པ་ཡང་བསླབ་ཀྱི་ཡོད། དགེ་རྒན་ནི་ང་ཚོའི་ཕ་མ་གཉིས་པ་དང་གཅིག་མཚུངས་ཡིན། གང་ཡིན་ཟེར་ན་ང་ཚོ་སློབ་གྲྭ་རུ་ཡོད་སྐབས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དགེ་ལགས་རྣམ་པ་ཚོས་དཀའ་ངལ་རྣམས་སེལ་གྱི་ཡོད། རྒན་ལགས་རྣམ་པ་ཚོས་དཀའ་ངལ་ཆེ་ཆུང་ལ་མི་འཛེམ་པར་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། དགེ་ལགས་ཚོས་ང་ཚོ་ཆེད་དུ་སང་ཉིན་སློབ་ཚན་གང་བསླབ་དགོས་དང་ཚོགས་ཐེངས་ལ་གང་བྱེད་ན་ཡག་བ་ཡོད་མེད་ཆ་ཚང་སྔོན་ནས་བསམ་བློ་གཏང་ནས་སླེབས་ཀྱི་ཡོད། དེ་འདྲའི་དགེ་ལགས་ཚོས་ང་ཚོ་ལ་བརྩེ་བ་ཡོད་པ་ནང་བཞིན་ང་ཚོས་ངོས་ནས་སློབ་སྦྱོང་ཡག་པོ་སྦྱངས་དགོས། དགེ་རྒན་རྣམ་པ་ཚོ་བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཆེ་ཤོས་ཞིག་ཀྱང་ཡིན། དགེ་ལགས་ཚོས་ང་ཚོ་ལ་རྨང་གཞི་ནས་ཡི་གེ་བསླབ་པ་དང་མ་འོངས་པ་ཆེད་དུ་ལམ་སྟོན་དང་མ་འོངས་པའི་དམིགས་ཡུལ་ལ་ཡང་རོགས་རམ་གང་ཐུབ་ཅི་ཐུབ་གནང་གི་ཡོད། སོ་སོ་ལ་བྱམས་བརྩེས་སྐྱོང་མཁན་དེ་རྟོགས་ནས་ཁོང་རྣམ་པ་ཚོ་ལ་དྲིན་ལན་འཇལ་བ་དང་ཁོང་ཚོས་བསྐྱངས་པའི་བྱམས་བརྩེས་རྣམས་སེམས་ལ་བཀའ་དྲིན་དེ་དྲན་དགོས། བདག་ལ་བྱམས་བརྩེས་སྐྱོང་མཁན་མང་པོ་ཡོད། ཡིན་ཡང་ངའི་ད་ལྟ་འདི་ནང་རེ་ཟུང་མ་གཏོགས་བྲིས་མེད། དཔེར་ན་བདག་གི་གྲོགས་མོ། བདག་གི་སྤུན་མཆེད། བདག་གི་འཛིན་གྲོགས་སོགས་ཡོད། ང་རང་ལ་ཁོང་རྣམ་པ་ཚོས་བྱམས་བརྩེས་བསྐྱངས་པས་བདག་ད་ལྟ་མི་ཚེ་དེ་ཧ་ཅང་སྐྱིད་པོ་འདུག ཡིན་ཡང་མཚམས་རེ་ད་ཀའ་ངལ་བྱུང་གི་འདུག ངའི་བསམ་བློའི་ནང་འཁོར་བ་འདི་ནང་སླེབས་རྗེས་སྡུག་བསྔལ་བྱུང་ཡ་ངེས་ཡིན་པ་དེ་བསམ་ནས་དཀའ་ངལ་ཆུང་ཚགས་རྣམས་དེ་ཙམ་བརྩི་ཡི་མེད། བདག་ལ་བྱམས་བརྩེས་སྐྱོང་མཁན་ཆ་ཚང་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བདག་ལ་བྱམས་བརྩེས་སྐྱོང་མཁན། ། ཧ་ཅང་མང་པོ་ཡོད་ཀྱང། ། ཁོང་ཚོའི་བཀའ་དྲིན་དེ་ནི། སེམས་ལ་བཅང་ནས་བཞག་ཡོད། ། ཐུགས་རྗེ་ཆེ།
བདག་ལ་བྱམས་བརྩེས་བསྐྱངས་པའི
ཚེ་རིང་ཆོས་སྒྲོན། འཛིན་གྲྭ་དགུ་པ། སྦེལ་ཀོབ་སམ་བྷོ་ཊ། བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་ནི་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་དང། དྲིན་ཆེན་གྱི་ཕ་མ་གཉིས་ཡིན། ཁོང་གཉིས་ནི་བདག་ལ་ད་བར་བཀའ་དྲིན་གྱིས་བསྐྱངས་ཡོད། གང་ཡིན་ཟེར་ན། ང་མི་ཞིག་ཡིན་པའི་ཆ་ནས་ང་ཨ་མ་ཞིག་ནས་སྐྱེས་པ་ཡིན་ཀྱང། དེང་སང་མི་ཁ་ཤས་རང་ལ་ཕྲུ་གུ་ཞིག་ཆགས་པར་རང་གི་ཕྲུ་གུ་དེ་མེད་པ་ཡང་བཟོས་ཐུབ་ཀྱི་ཡོད། ང་རང་གི་ཨ་མ་ལགས་ཀྱིས་ང་སྐྱེས་པ་ལ་ཧ་ཅང་དགའ་པོ་དང་ང་ལ་ཡག་པོ་བྱེད་པ་རྣམས་བྱམས་བརྩེས་ཞིག་ཡིན། ཆུང་དུས་ནས་ང་ཡི་འགྲམ་ལ་བསྡད་ནས་ང་ལ་ལྟ་སྐྱོང་དང་ཁ་ལག འོ་མ་སོགས་སྤྲད་པ་དང་སྤྱི་ཚོགས་ཞིག་གི་ནང་འགྲོ་སྟངས་སློབ་པ། མི་ལ་ཕན་ཐོགས་ཡོད་པ་ཞིག་བཟོས་པ། བྱ་ལས་སོགས་བྱེད་ཐུབ་པ་བཟོས་པ་རྣམས་ལ་བཀའ་དྲིན་ཆེ། དེང་སང་སྤྱི་ཚོགས་ནང་དུ་བྱམས་བརྩེ་དངོས་གནས་དང་རྫུན་མ་ཡོད་པ་ཀྱང་ཕ་མས་ང་ལ་བྱམས་བརྩེས་དངོས་གནས་སྤྲད་པ་དང། པ་ལགས་རང་གི་བུ་མོ་དེ་ནང་ལ་ལས་ཀ་བྱེད་བཅུག་ནས་་ནང་ལ་མ་བཞག་པར་སློབ་གྲྭ་བཏང་བ་དང། ངའི་ཆེད་དུ་ཞིང་ཁ་རུ་ལས་ཀ་བྱེད་པ་ལ་ཐུགས་རྗེ་ཆེ། ངའི་དགའ་བའི་ཅ་ལག་རྣམས་ཉོས་པ་དང། དེ་ཚོ་ཆུང་ཆུང་ཚང་མ་ལ་སྒོར་མང་པོ་ཞིག་བཏང་བ་ལ་ཐུགས་རྗེ་ཆེ། ཉིན་མཚན་མེད་པ་ལ་དཀའ་ལས་རྒྱག་པ་དང་། ཉིན་མ་ཚ་པོ་དེ་འདྲའི་འོག་ཏུ་ལས་ཀ་བྱེད་པ་རྣམས་ཧ་ཅང་གི་དཀའ་ལས་ཡིན་པ་དེ་རང་གི་ཚོར་ཐུབ་ཀྱི་ཡོད། ང་ལ་ཨ་ཅག་དང་ཅོ་ཅོ་རྣམས་སྤྲད་པ་ལ་བཀའ་དྲིན་ཆེ། ངའི་ཕ་མ་གཉིས་ཀྱི་བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཆེ། ཕ་མ་གཉིས་ཀྱིས་བདག་ལ་བྱམས་བརྩེས་བཀའ་དྲིན་གནང་བ་རྣམས་ཕྱིས་སུ་གུས་མོ་ཆེན་པོ་ཆགས་དུས་འཇལ་ཆོག ངས་སློབ་སྦྱོང་ཡག་པོ་བྱེད་ནས་བོད་སྤྱི་ཚོགས་དང། ཕ་མ་གཉིས་ལ་ཞབས་ཕྱི་ཞུ་ཆོག།ཨ་མ་ལགས་དང་པ་ལགས་གཉིས་སེམས་འཁྲལ་མ་བྱེད་ནས་མི་ཚེ་དེ་གནས་རོགས་གནང། ཁྱེད་གཉིས་ལ་བུ་མོས་བྱམས་བརྩེས་བཀའ་དྲིན་འཇལ་ཆོག འཛམ་གླིང་དེ་ཡི་ནང་ལ་ང་ཡི་ཆེད་དུ་མི་སྣ་གལ་ཆེན་པོ་གཉིས་ཡོད། དེ་ནི་ངའི་ཕ་མ་དང་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ༸གོང་ས་མཆོག་ནི་ང་ཡི་མི་ཚེའི་ནང་གི་མི་སྣ་གལ་ཆེན་པོ་ཞིག་ཡིན། ཁོང་ནི་རང་ཅག་བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཞིག་ཡིན། ཁོང་ནི་ང་ཚོ་བོད་མིའི་ཆེད་དུ་ཉིན་མཚན་མེད་པར་སྐུ་ལས་རྒྱག་གི་ཡོད་པ་མ་ཟད། ང་ཚོ་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་ཐོག་མར་ཕྲུ་གུའི་མི་ཚེའི་མདུན་ལམ་ཆེད་བོད་མི་སློབ་གྲྭ་ཟུར་དུ་བཙུག་ཡོད། ཁོང་གིས་བཀའ་དྲིན་ལ་བརྟེན་ནས་ང་ཚོ་སྐྱབས་བཅོལ་བ་ཡིན་ན་ཡང་རྒྱ་གར་འཕགས་ཡུལ་ནང་དུ་སྐྱིད་པོ་བྱེད་ནས་སྡོད་ཡོད། མ་ཟད་སྐྱབས་བཅོལ་གཞན་དང་མི་འདྲ་བ་སྡོད་ཁང་དང་ས་ཞིང་སོགས་གསོལ་རས་སྩོལ་ཡོད། ༸གོང་ས་མཆོག་གི་བཀའ་དྲིན་དེས་ང་ཚོ་ནམ་ཡང་བརྗེད་རྒྱུ་མེད། ཁོང་གིས་དུས་རྟག་ཏུ་མི་བཟང་པོ་དང་ཕན་སེམས་འགྲུབ་དགོས་པའི་བཀའ་སློབ་ལམ་སྟོན་གནང་གི་ཡོད། ཁོང་གི་བཀའ་སློབ་རྣམས་གུས་མོ་སྙིང་ལ་བཅང་གི་ཡོད། གང་ཐུབ་ཐུབ་ཀྱི་ལག་བསྟར་བྱེད་རྒྱུ་འབད་བརྩོན་བྱེད་ཀྱི་ཡོད། བདག་གི་ཕ་མ་དང་༸གོང་ས་མཆོག་གི་བཀའ་དྲིན་དེ་བུ་མོ་ངས་ནམ་ཡང་བརྗེད་ཀྱི་མེད། ང་ཡི་ཕ་མ་གཉིས་ནི་མི་གཞན་ལ་ཡག་པོ་བྱེད་ཀྱི་ཡོད་པ་མ་ཟད་ཁོང་རྣམ་པ་གཉིས་ཀྱི་ཕ་མ་ལ་ཡང་ཞབས་ཕྱི་སྒྲུབ་ཀྱི་ཡོད། ཁོང་གཉིས་ཀྱིས་ང་ཡི་མི་ཚེ་ནང་ལ་མིག་དཔེ་བཟང་པོ་བསྟན་གྱི་ཡོད། ང་རང་མི་ཡག་པོ་ཞིག་ཆགས་ནས་ཕ་མ་གཉིས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ཡིན། ཁོང་རྣམས་ཀྱིས་ཟས་ཞིམ་པོ། གོས་མཛེས་པོ་དང་གཙང་མ་གཡོག་གི་ཡོད་པར་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན། ཕ་མ་གཉིས་ཀྱིས་དཀའ་ལས་མ་རྒྱག་ན་འབྲས་བུ་མི་ཐོན་པ་དང་ལས་ཀ་ལ་གཡོ་སྒྱུ་མེད་པ་བྱེད་རྒྱུ་གལ་ཆེན་ཡིན་པར་སློབ་གསོ་ཡང་ཡང་གནང་གི་ཡོད། ༸གོང་ས་མཆོག་ནི་ང་གཅིག་པུ་མ་ཡིན་པར་ང་དང་ང་འདྲ་བ་རྣམས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཞིག་ཡིན། ང་བོད་པ་ཞིག་ཡིན་པ་དེ་མི་རིགས་གཞན་གྱི་ཧ་གོ་ཐུབ་པ་དེ་ཁོང་གི་བཀའ་དྲིན་ཡིན། མཐར་ང་ལ་བྱམས་བརྩེས་གནང་མཁན་གཙོ་བོ་གཉིས་ནི་ཕ་མ་དང། ༸གོང་ས་མཆོག་ཡིན། ཁྱེད་རྣམས་སྐུ་ཚེ་རིང་པོ་ཡོང་བར་ཤོག།
བདག་ལ་བྱམས་བརྩེས་བསྐྱངས་པའི
རིན་ཆེན་རྡོ་རྗེ། འཛིན་རིམ་བཅུ་གཉིས། གོ་པལ་པུར་བོད་ཁྱིམ། ཀློག་པ་པོ་ལགས། གོ་ལ་འདིའི་ནང་གནས་པའི་སྐྱེ་འགྲོ་ཡོངས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན། དེར་བརྟེན་བདེ་པ་དང་འདོད་པ་ལ་ང་ཚོ་ཕན་ཆུན་གཅིག་གིས་གཅིག་ལ་གཅིག་མཚུངས་ཀྱི་འདུ་ཤེས་དང་། སུ་འདྲ་ཞིག་ཡིན་རུང་ཚང་མ་ལ་བྱམས་པ་དང་བརྩེ་བས་ལྟ་སྟངས་འཛིན་རྒྱུ་་ཤིན་ཏུ་གལ་ཆེ་སྙམ། དཔེར་ན། ཕ་མ་བུ་ཚ་རེས་མོས་ཡིན་གསུངས་པ་ལྟར་ཚང་མ་གཅིག་མཚུངས་སུ་འཛིན་ན་ད་ལྟའི་འཛམ་བུ་གླིང་འདི་བདེ་སྐྱིད་ཕུན་སུམ་ཚོགས་པའི་གོ་ལ་ཞིག་ཏུ་གྱུར་སྲིད། གལ་སྲིད་ངོ་མ་གོ་ལ་འདི་བྱམས་པ་དང་བརྩེ་བས་སྐྱོང་མཁན་གྱི་མི་སྣ་ཤ་སྟག་ཡིན་ན་ཅི་མ་རུང་། གང་ཡིན་ཞུས་ན་མི་ཡོངས་རྫོགས་ཕན་ཚུན་བྱམས་དང་བརྩེ་བའི་ངང་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རོལ་སྲིད། ཀློག་པ་པོ་ལགས། གོང་དུ་ངས་བྱམས་པ་དང་བརྩེ་བའི་ཡིག་འབྲུ་གཉིས་ཇི་ཙམ་གྱི་འགུལ་ཤུགས་དང་ནུས་པ་གླེང་སྟེ། བརྗོད་གཞི་དངོས་གླེང་བར་བྱ། བདག་ནི་འཇིག་རྟེན་འདིར་ཐོག་མའི་ལྟེ་ཁྲག་འཕོས་པའི་ཉིན་དེ་ནས་ད་བར་ངའི་འཇིག་རྟེན་ནང་བྱམས་དང་བརྩེ་བས་བསྐྱངས་པའི་བཀའ་དྲིན་ཅན་མང་དག་ཅིག་ཡོད། ཁོང་རྣམས་ནི་ངའི་མི་ཚེའི་ནང་སྨག་རུམ་གྱི་སྒྲོན་མེ་ལྟ་བུ་ཡང་ཡིན། འོན་ཀྱང་འཇིག་རྟེན་གྱི་ཆོས་ཉིད་ལྟར་སྐྱེས་བ་ཐམས་ཅད་མཐའ་མ་འཆི་རྒྱུ་བཞིན་འགའ་ཤས་བདག་དང་ཁ་གྱེས་ཏེ་འཇིག་རྟེན་ཕོ་རོལ་དུ་འདས་ཟིན་སོང་། ཁོ་ཚོ་ལ་གུས་པའི་ལུས་ངག་ཡིད་གསུམ་གྱིས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་། བདག་ལ་ཐུགས་ཁྲལ་གནང་མི་དགོས། ང་སྔར་རྒྱུན་བཞིན་བདེ་ཐང་ཡིན་ལ་ད་དུང་གུས་ནར་སོན་ནས་སོ་སོ་ལ་གཅེས་སྐྱོང་དང་སྐུལ་མ་གནང་ཐུབ་མཁན་ཞིག་ཆགས་ཡོད། ཁྱེད་ཅག་གིས་ང་ལ་བཅངས་པའི་རེ་བ་དང་ཕུགས་མདུན་རྣམས་བདག་གི་ཉིན་རེ་བཞིན་འབད་བརྩོན་བྱེད་བཞིན་ཡོད་ལ། དེ་བཞིན་མ་འོངས་བར་འགྱོད་པ་མེད་པ་ཞིག་བྱེད་རྒྱུ་ནི་ངས་ཁྱེད་རྣམས་ལ་བཞག་པའི་དམ་བཅའ་ཡང་ཡིན། སྟབས་ལེགས་པ་ཞིག་ལ་བདག་ལ་བྱམས་བརྩེ་བཀའ་དྲིན་ཅན་མང་དག་ཅིག་ད་དུང་བདེ་པོ་ཐང་པོའི་ངང་གནས་བཞིན་ཡོད། དང་པོ་བདག་གི་ཕ་མ་གཉིས། ཆེས་མཛེས་སྡུག་ལྡན་པའི་འཛམ་བུ་གླིང་འདིའི་ནང་སོ་སོའི་ཚེ་སྲོག་ལ་མ་འཛེམས་པར་བུ་ང་ཟླ་དགུ་ཁོག་པའི་ནང་དུ་ཉར། ཉིན་ལྟར་བསམ་བློ་ཞིག་བཏང་ཡང་བུ་ངའི་ཆེད་དུ་བཏང་། ཐ་ན་ཞིམ་མངར་གྱི་ཟས་ཤིག་ཡོད་ཀྱང་བུ་ང་དྲན། དེ་ནས་ཕ་མ་གཉིས་ཀྱིས་ཁོ་གཉིས་ནང་བཞིན་གནས་སྟངས་དང་འཚོ་བ་སྐྱོ་བོ་ཞིག་ཏུ་ལྷག་ཡོང་སྙམ་ནས། བུ་ང་རྒྱ་གར་འཕགས་པའི་ཡུལ་དུ་གཏོང་རྒྱུ་ཐག་བཅད། ཕ་མ་སུ་ཞིག་ཡིན་ཡང་སོ་སོའི་བུ་ཕྲུག་སོ་སོ་དང་བྲལ་ནས་མི་ཡུལ་ལུང་པར་གཏོང་འདོད་ཡོང་མཁན་སུ་ཞིག་ཡོད། ཡིན་ན་ཡང་བུ་ཕྲུག་གི་མདུན་ལམ་དང་མ་འོངས་བོད་ཀྱི་རྩ་དོན་ཆེད། འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་ཞིག་བཏང་ནས་ནང་གི་བུ་ལོན་ལ་འཛེམས་བར་མི་ཡུལ་ས་མཐར་མངགས། ད་ལོ་ལོ་ངོ་ཧྲིལ་པོ་བཅུ་གཅིག་ཕྱིན་ན་ཡང་ད་དུང་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གནང་ནས་བུ་ངའི་མ་འོངས་མདུན་ལམ་བཟང་པོ་ཞིག་ཡོང་བའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན། ང་དང་ཕ་མའི་བར་་ལེ་བར་ག་ཚོད་ཡོད་ཀྱང་ཁྱེད་ཚོའི་སེམས་ཁྲལ་དང་སེམས་འཁུར་ནི་ནམ་ཡང་བདག་དང་བྲལ་ཐབས་མེད། སེམས་ཁྲལ་དང་སེམས་འཁུར་ཚང་མ་ཁྱེད་རྣམ་པ་གཉིས་ཀྱི་ཞལ་རས་ནས་ཤེས་ཐུབ་། ལོ་རེ་ནས་ལོ་རེ་གདོང་གི་གཉེར་མ་ཇེ་མང་རེད་འདུག བུ་ངའི་ཕུགས་འདུན་ནི་སྔོན་མ་ཆུང་དུས་བཞིན་ང་ཚོ་ནང་མི་ཚང་མ་ཧ་དང་ཧུར་གྱི་དུས་ཡུན་དེ་ཡང་བསྐྱར་་ག་དུས་སླེབས་ཡོང་བསམ་ནས་ཞི་མིས་ཙི་ཙི་སྒུག་པ་ལྟར་སྒུག་ནས་བསྡད་ཡོད། གཉིས་པ་རྩ་བའི་བླ་མ། རླབས་ཆེན་ཁོང་ནི་བདག་ལ་བྱམས་བརྩེས་བསྐྱངས་པའི་དྲིན་ཅན་རྣམ་པ་ཞིག་དང། དེ་བཞིན་སྐྱེ་འགྲོ་ཡོངས་ཀྱི་དྲིན་ཅན་ཡང་ཡིན། འཛམ་བུ་གླིང་འདིའི་ནང་སྙན་གྲགས་ཆེ་བའི་མི་སྣ་སྤྱན་རས་གཟིགས་གྱི་རྣམ་སྤྲུལ་སྤྱི་ནོོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ། ཁོོང་གིས་དགུང་ལོ་༡༦ ནས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཐུགས་འགན་བཞེས། རྒྱ་མི་དམར་པོས་དྲག་པོའི་བཙན་འཛུལ་བྱས་ཀྱང་༸གོང་ས་མཆོག་དང་བོད་གཞུང་གིས་ཞི་འགྲིག་ཡོང་ཐབས་ལན་མང་གནང་ཡང་། གྲུབ་འབྲས་མ་སོན་པའི་སྟེང་༸རྒྱལ་བའི་སྐུ་སྲོག་ལའང་ཉེན་འགན་བྱུང་བར་བརྟེན་བཙན་བྱོལ་དུ་མ་ཕེབས་ཀ་མེད་བྱུང། འདིར་སློབ་གྲྭ་དང་དགོན་སྡེ། གཞིས་ཆགས་ཁག་གསར་འཛུགས་གནང། དམིགས་བསལ་མ་འོང་བོད་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་རྒྱུན་འཛིན་ཆེད། བོད་པའི་སློབ་གྲྭ་ཟུར་དུ་བཙུགས། དེ་ཙམ་མ་ཟད་ཡུལ་གྲུ་གཞན་ལ་ཕྱག་གཉིས་ཐལ་མོ་སྦྱར་ནས་རང་མི་རིགས་རྣམས་སྐྱབས་བཅོལ་ཞུས། ད་ལྟ་༸གོང་ས་མཆོོག་དགུང་ལོ་ཧ་ཅང་བགྲེས་པོར་ཕེབས་རུང། བོད་ཀྱི་ཆོས་དང་རིག་གཞུང། བོད་ཀྱི་བདེ་དོན་བོད་ཕྲུུག་གཞོན་སྐྱེས་ཚོའི་ཆེེད་དུ་སྐུ་ལས་ཚད་མེད་བསྐྱོན་བཞིན་ཡོད། མདོར་ན་ད་ལྟ་བོད་མི་རིགས་ཀྱི་འཚོ་བའི་གནས་སྟངས་ཇེ་བཟང་ངུ་ཕྱིན་འདི་དག་ཁུངས་གཏུགས་༸རྒྱལ་བའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་། […]
བདག་ལ་བྱམས་བརྩེས་བསྐྱངས་པའི
བསྟན་འཛིན་དགྲ་ལྷ། འཛིན་གྲྭ་དགུ་པ། དཔེ་སྟོན་སློབ་གྲྭ། ཚོགས་ཐེངས་དྲུག་པའི་ཅོང་བརྡ་གྲགས་པ་དང་མཉམ་དུ་འཚང་ག་ཤིག་ཤིག་གིས་འཛིན་ཁང་དུ་འཛུལ་དུས། ནག་པང་དུ་<<བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།>>ཞེས་པའི་ཡིག་འབྲུ་ཆེན་པོ་ཞིག་བྲིས་ཡོད་པ་མ་ཟད། འདིའི་ཐོག་ལ་རྩོམ་ཕྲིས་ཟེར་བའི་གསུང་སྐད་ཐོས་དུས། ང་ལ་ཉོབ་སྣང་ཞིག་སྐྱེས་ནས་ཡོང་བ་དང་མཉམ་དུ་ཀློག་དེབ་ཁ་བརྒྱབ་སྟེ་འཛིན་ཁང་ཕྱི་ལོགས་སུ་འགྲོ་དགོས་སྙམ་མོད། འོན་ཀྱང་ང་རང་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་དེ་ལྟར་སྒྲུབ་ག་ལ་ཕོད། དེ་ནས་ངས་ང་རང་གི་སེམས་པ་འདི་ཚུར་གུག་སྟེ་དབུགས་རིང་པོ་ཞིག་བཏང་ནས་རྩོམ་ཡིག་འདི་འབྲི་འགོ་བརྩམས་མོད། བརྗོད་བྱ་འདི་ཁག་དྲགས་པས་འགོ་ཇི་ལྟར་འཛུགས་དགོས་པའང་མ་ཤེས། སྐབས་དེར་ངས་སློབ་གྲོགས་ཚོ་ལ་མིག་ཉུལ་ཞིག་བྱེད་དུས། ཁོང་ཚོ་ཡང་ང་ནང་བཞིན་སྙུག་གུ་ཁ་ནང་དུ་བཙུགས་ནས་བསྡད་ཡོད་པ་མཐོང་དུས། རང་དབང་མེད་པར་ཁོག་འཛུམ་ཞིག་ཤོར་དུ་བཅུགས་སོང། དེ་ནས་ངས་བསམ་བློ་ཞིབ་མོ་བཏང་སྟེ་རང་ཉིད་ཀྱི་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། བུ་ཆུང་བདག་ལ་མཚོན་ན་བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་ནི་བདག་གི་བརྩེ་བའི་ཕ་མ་གཉིས་ཡིན། གང་ཡིན་ཟེར་ན་བུ་ཆུང་བདག་ལ་ད་བར་གསོ་སྐྱོང་བྱེད་མཁན་ནི་བདག་གི་བཀའ་དྲིན་ཆེ་བའི་ཕ་མ་གཉིས་ཡིན། འཛམ་བུ་གླིང་འདིའི་ནང་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་མཁན་གྱི་མི་དེ་ནི་བདག་གི་དྲིན་ཅན་ཕ་མ་གཉིས་ཡིན་ལ། ལྷག་པར་དུ་ཕ་མ་གཉིས་ཀྱི་བཀའ་དྲིན་ནི་ཧ་ཅང་རྒྱ་ཆེ་བས་འཇིག་བརྟེན་འདིའི་ནང་ཕ་མ་ཞེས་པ་ནི་སངས་རྒྱས་ལྷ་དངའདྲ་མཚུངས་བརྩི་མཐོང་བྱེད་ན་འགྲིག ཕ་མ་གཉིས་ཀྱི་བཀའ་དྲིན་ཧ་ཅང་ཆེ་བས་བདག་གིས་ཤོག་བུ་དཀར་པོའི་སྟེང་ལ་བཀོད་པ་ཡིན་ནའང་བྲིས་ནས་རྫོགས་ཐབས་མེད་པ་ཞིག་ཡིན། དེར་བརྟེན་དེ་རིང་བུ་ཆུང་བདག་གིས་གང་དྲན་པ་རྣམས་ཅུང་ཟད་ཅིག་གངས་རི་ལས་དཀར་བའི་ཤོག་བུ་དཀར་པོ་དེའི་སྟེང་འགོད་རྒྱུ་ཡིན། ཕ་མ་གཉིས་ནི་བདག་གཅིག་པུ་མ་ཡིན་པར་ཕྲུ་གུའི་ཚང་མའི་ཆེད་དུ་ཁྱད་དུ་འཕགས་པའི་མི་སྣ་ཞིག་ཡིན། བདག་གི་ཕ་མ་གཉིས་ཀྱིས་ཀྱང་བུ་ཆུང་བདག་ལ་ཆུང་བྱིས་པའི་དུས་ནས་ཟ་སྟངས་དང་། འགྲོ་སྟངས། སྡོད་སྟངས་བཅས་ཀྱི་བསླབ་བྱ་བཟང་པོ་གནང་ཡོད་ལ། བུ་ཆུང་བདག་ལ་ཡོད་པའི་ཡ་རབས་བཟང་པོའི་སྤྱོད་ཚུལ་ཅུང་ཟད་དེ་ཡང་ཕ་མ་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ད་དུང་བདག་ཆུང་དུས་ནས་ཕ་མ་གཉིས་ཀྱིས་གཙང་སྦྲ་འཕྲོད་བསྟེན་དང་ཟས་གོས་ཀྱི་མཐུན་འགྱུར་གང་ཡག་སྦྱར་ཏེ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་རུ་སློབ་སྦྱོང་དང་སྤྱོད་ལམ་བཟང་པོ་ཞིག་ཆགས་པའི་རེ་བ་ཞིག་འཁྱེར་སྟེ་བཏང་ཡོད་པ་མ་ཟད། མ་འོངས་པར་མི་ཚེའི་ནང་ངལ་རྩོལ་ཆེ་བའི་དཀའ་ངལ་མྱོང་མི་དགོས་པའི་ཆེད་རེ་བ་དང་འགྲོ་སོང་འཕར་མ་བཏང་ནས་བདག་ལ་ད་ལྟ་ཤེས་ཡོན་གྱི་གནས་ཚད་ཧང་སངས་པའི་ཡག་པོ་ཐོབ་པའི་གོ་སྐབས་བྱུང་ལ། ཐ་ན་ཕ་མ་གཉིས་པོས་རང་ཉིད་ཀྱི་མི་ཚེའི་ནང་དཀའ་ངལ་དང་རྙོག་དྲ་མང་པོ་ཞིག་བསྐྱོན་ནས་དངུལ་དང་རྒྱུ་ནོར་ལོངས་སྤྱོད་ཅུང་ཟད་བསགས་པ་མཐའ་དག་ངའི་སློབ་སྦྱོང་དང་འཚར་ལོངས་བཟང་པོ་ཞིག་ཡོང་པའི་ཆེད་དམིགས་པ་གཙོ་བོ་ཞིག་ཡིན་པ་བདག་གིས་དུས་རྒྱུན་དུ་མིག་གིས་མདུན་དུ་རང་དབང་མེད་པར་འཆར་ཡོང་པ་དང་སེམས་ནང་དུ་ཚོར་བ་ཤུགས་ཆེན་ཞིག་སྐྱེས་ཀྱི་འདུག ཁོང་གཉིས་ཀྱིས་དགུན་ཁ་གནམ་གཤིས་གྲང་མོ་དེའི་ནང་དགུན་ཚོང་དུ་ཕྱིན་ཏེ་སྔ་དྲོ་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོ་ཆུ་ཚོད་དགུ་པ་བར་ངལ་གསོ་གང་ཡང་མེད་པར་ས་ཆ་གཅིག་གི་སྟེང་ཁ་ཐུག་ལངས་ནས་ཚོང་བརྒྱབ་ཀྱི་ཡོད། དེ་མ་ཟད་སྐབས་རེ་ཉིན་ཟས་དང་དགོང་ཟས་གང་ཡང་མེད་པར་ཚོང་བརྒྱབ་ནས་བསྡད་ཀྱི་ཡོད། ཁོང་གཉིས་ཀྱིས་བུ་ཆུང་བདག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དཀའ་སྡུག་ཚད་ལས་བརྒལ་བ་ཞིག་མྱོང་བ་མཐོང་དུས་བདག་གི་མིག་ཟུང་ནས་རང་དབང་མེད་པར་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་མིག་ཆུ་འདོན་གྱི་འདུག བདག་གིས་ཁོང་གཉིས་ཀྱིས་བདག་ལ་རྒྱུན་དུ་ནས་གསུང་བཞག་པའི་བསླབ་བྱ་རྣམས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་སེམས་ནང་ཉར་གྱི་ཡོད། དཔེན་ན། སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་དང་། མ་འོངས་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་བསྒྲུབ་རྒྱུ་གསུང་གི་འདུག། ཁོང་གཉིས་ཀྱིས་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་གཉིས་ནི་སོ་སོའི་སྒེར་གྱི་ལས་དོན་དང་། ང་ཚོའི་ནང་ཆོས་ལས་བཤད་པའི་སེམས་པ་བཟང་པོ་བྱ་རྒྱུའི་བསམ་བློ་དེ་ཁོང་གཉིས་ལ་ཧ་ཅང་ཤུགས་ཆེན་པོ་ཡོད། གྲོང་པ་ཁྱིམ་མཚེས་དང་། རྒྱུས་མངའ་མེད་པའི་མི་སུ་ཡིན་ནའང་ཁོང་གཉིས་ཀྱི་སྙིང་རྗེ་ཆེན་པོས་ལྟ་སྐྱོང་གནང་གི་ཡོད། མདོར་ན་ཁོང་གཉིས་ནི་བདག་གི་དགེ་བའི་བཤེས་གཉེན་ཞིག་དང་ཁྱད་པར་རྩ་བ་ནས་མེད། ཁོང་གཉིས་ཀྱི་བྱེད་སྟངས་བྱེད་ལུགས་ལ་བརྟེན་ནས་བདག་ལ་ཤེས་ཡོན་མི་འདྲ་བ་སྣ་ཚོགས་ཤིག་ཤེས་རྒྱུའི་གོ་སྐབས་བྱུང་། དེས་ན་བུ་ཆུང་བདག་གི་མི་ཚེའི་མདུན་ལམ་དང་བདག་ལ་ཡོད་པའི་ཤེས་ཡོན་གནས་ཚད་ཡག་པོ་ཞིག་ཡོང་བ་ནི་དྲིན་ཅན་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན་ལ། ཁོང་གཉིས་ཀྱིས་ང་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པ་རྣམས་ང་ཚོ་སློབ་ཕྲུག་སོ་སོས་སེམས་ལ་གངས་རི་བཞིན་བརྟན་པོར་ཡིད་ལ་བཟུང་ནས། ང་ཚོས་རྗེས་སུ་དྲིན་ལན་འཇལ་དགོས་པ་ནི་གནད་འགག་ཡིན། མཐའ་མར་བདག་གིས་ཁྱེད་གཉིས་ཀྱི་སྐུ་ཚེ་ཡུན་རིང་བརྟན་ཅིང་། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ་ལགས།
བདག་ལ་བྱམས་བརྩེ་བསྐྱངས་པའི་
ཉི་མ་ཏ་མང། འཛིན་གྲྭ་དགུ་པ། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། ཐོག་མ་བདག་ལ་བྱམས་བརྩེ་བསྐྱངས་པའི་བཀའ་དྲིན་ཅན་ཟེར་དོན་གང་ཡིན་པ་གུས་མོས་བསམ་པར་སོ་སོ་ལ་བྱམས་དང་བརྩེ་བ་སྤྲད་མཁན་སྲོག་གཅིག་གི་ཆེད་དུ་སྲོག་གཞན་ཞིག་གི་ཉིན་མཚན་མེད་པར་དཀའ་ལས་བརྒྱབ་པ་དང་སོ་སོ་ལས་ལྷག་སོ་སོའི་ཕྲུ་གུའམ་སོ་སོའི་དགའ་བའི་མི་རྣམས་ཀྱི་མི་ཚེ་དེ་སྐྱིད་པོ་ཡོང་བའི་ཆེད་དུ་དཀའ་ལས་འདྲ་མིན་མྱོང་གནང་མཁན་ཕ་མ་ལྟ་བུ་དང་སྐྱིད་སྡུག་མངལ་དུ་འཁུར་བ་སོགས་བྱེད་མཁན་རྣམས་ལ་བདག་ལ་བྱམས་བརྩེ་བསྐྱངས་པའི་བཀའ་དྲིན་ཅན་ཟེར་རོ། དེ་འདྲ་བའི་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་ཆེ་ལ་བརྟེན་ནས་གུས་མོ་ད་ཆ་མི་ཚེ་འདི་དོན་དང་ལྡན་པ་ཞིག་ཆགས་པ་དང་། མ་ཟད་བདག་ལ་བྱམས་སྐྱོང་གནང་མཁན་དང་བརྩེ་བ་སྤྲད་མཁན། བསླབ་བྱ་བཟང་པོ་གནང་མཁན། མི་ཚེའི་འགྲོ་སྟངས་སློབ་མཁན། སེམས་པ་སྐྱོ་དུས་སེམས་དགའ་རུ་བཅུག་མཁན་གྱི་གྲོགས་མོ་རྣམ་པ་དང། མི་ཚེ་འདི་ནག་ཁུང་ནག་ཀྱང་ཡོད་དུས་མི་ཚེ་འདི་ལ་འོད་སྣང་སྤྲོད་མཁན་བཅས་ཚང་མ་ངའི་སྐྱེ་བ་འདི་ལ་ཐོབ་པ་དེ་བསོད་ནམས་ཆེན་པོ་ཡིན་པ་དེ་བསམ་བློ་གཏོང་བཞིན་ཡོད། སྤྱིར་བདག་ལ་བྱམས་བརྩེ་བསྐྱངས་པའི་བཀའ་དྲིན་ཅན་རྣམས་ནི་འཛམ་བུ་གླིང་འདིའི་ནང་ལ་སྐྱེས་ཆེན་ཨ་མ་ལགས་དང། བདག་གི་རྩ་བའི་བླ་མ་རིན་པོ་ཆེ་སྐལ་བཟང་ཐུབ་བསྟན་མཆོག་དང། སོ་སོ་ལ་ཤེས་ཡོན་ཇི་ཙམ་རགས་པ་ཡོད་པ་རྣམས་བདག་ལ་ཉིན་ལྟར་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་དེ་རྣམས་ཡིན། ཁོང་ཚོ་ཚང་མ་ནི་ངའི་མི་ཚེ་འདི་ནང་གི་མི་སྣ་གལ་ཆེ་ཤོས་དང་བཀའ་དྲིན་ཆེ་ཤོས་དེ་ཡིན། ཁོང་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་མི་ཚེ་འདི་སྐྱིད་པོའི་ངང་སློབ་སྦྱོང་སྦྱོང་བཞིན་ཡོད་པ་དང། དཀའ་ངལ་མེད་པ་སོགས་ཆགས་འདུག ཁོང་ཚོ་ཚང་མ་ལ་བདག་གིས་ཐུངས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཁོང་ཚོའི་བཀའ་དྲིན་དེ་དྲིན་ལན་མཇལ་ཆེད་དུ་གུས་མོ་ང་རང་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་སྤྱོད་པ་ཡག་པོ་བྱེད་པ་དང་། གཞན་ལ་སེམས་པ་བཟང་པོ་དང་ཕན་མ་གཏོགས་ནའང་གནོད་མ་བྱེད་པ། ཞལ་འདོན་གང་ཐུབ་ཐུབ་སྐྱོར་བ། སྨོན་ལམ་བཟང་པོ་འདེབས་པ་སོགས་བྱེད་ཀྱི་ཡོད།
བདག་ལ་བྱམས་བརྩེས་བསྐྱངས་པའི
བློ་བཟང་ཚེ་བརྟན། འཛིན་གྲྭ་དགུ་པ། རྫོང་ཆོས་སློབ་གྲྭ། དུས་རབས་ཉེར་གཅིག་པའི་འཇིག་རྟེན་ཁམས་འདིར་འགྲོ་བ་རིགས་དྲུག་གི་ནང་གནས་ཡོད་པའི་སེམས་ཅན་སུ་དང་སུ་ཞིག་ལ་ཡང་བྱམས་བརྩེས་སྐྱོང་མཁན་བཀའ་དྲིན་ཅན་མེད་པ་གཅིག་ཀྱང་མེད། དེང་དུས་ཀྱི་འཇིག་བརྟེན་འདིར་བདག་ལ་བྱམས་བརྩེས་སྐྱོང་མཁན་མང་པོ་ཡོད་ཀྱང་བུ་ངའི་བསམ་པར་བདག་ལ་བྱམས་བརྩེས་སྐྱོང་མཁན་གྱི་བཀའ་དྲིན་ཆེ་ཤོས་ནི་ད་ལྟ་ང་ཚོའི་མིག་གི་མདུན་དུ་ཡོད་པའི་བྱམས་སེམས་ཅན་གྱི་ཕ་མ་རྣམ་གཉིས་དང་བཀའ་དྲིན་ཅན་གྱི་རྒན་ལགས་རྣམས་ཡིན། དེར་བརྟེན་དུས་དང་རྣམ་པ་ཀུན་ཏུ་ཁོང་རྣམ་པའི་ཆེད་དུ་བྱ་བ་གང་བཟང་བཟང་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། མ་ཟད་ཕ་མ་རྣམས་གཉིས་ནི་འཇིག་རྟེན་འདི་རུ་བྱམས་བརྩེའི་ས་བོན་དང་གསེར་ལས་རིན་ཐང་ཆེ་བའི་མི་ལུས་རིན་པོ་ཆེ་འདི་རུ་ཕྲུ་གུ་རྣམས་ཀྱིས་དགའ་སྣང་ཆེ་ཤོས་བྱེད་སའི་གང་ཟག་ཅིག་ཡིན། གལ་ཏེ་མི་ཚང་གཅིག་གི་ཕ་མ་རྣམ་གཉིས་བྱམས་བརྩེའི་རྩ་བ་ཡིན་ན་དེ་ནས་འཁྲུངས་པའི་ཕྲུ་གུ་རྣམས་ཀྱང་རང་བཞིན་གྱིས་བྱམས་སེམས་ཆེན་པོ་ཞིག་ཆགས་སྲིད། ཡིན་ཡང་འཇིག་རྟེན་འདིར་བདག་ལ་བྱམས་བརྩེས་སྐྱོང་མཁན་གྱི་བཀའ་དྲིན་ཆེ་ཤོས་གཉིས་ཡོད། དང་པོ་བུ་ངའི་ཕ་མས་བྱམས་སྐྱོང་གནང་བའི་བཀའ་དྲིན་མདོར་བསྡུས་ཤིག་བྲི་བ་ཡིན་ན། དང་པོ་བུ་ང་ཆུང་དུས་ལོ་ངོ་གསུམ་བཞིའི་སྐབས་ལ་ངའི་གདོང་ངོས་སུ་ཁྲ་ཀོར་ཀོར་འཁྱིལ་བའི་མིག་ཆུང་གཉིས་ཡོད་ཀྱང་མཐོང་རྒྱུ་ཕ་མ་གཉིས་ལས་མེད། མ་ཟད་ཕ་མ་གཉིས་ཀྱིས་ཀྱང་བུ་ང་གྲང་བའི་དུས་སུ་བྱམས་བརྩེའི་ངང་ནས་གྱོན་ཆས་གཡོག་གི་ཡོད། རྗེས་ནས་ཕ་མ་རྣམས་གཉིས་ཀྱིས་བུ་ངའི་མི་ཚེ་ཕུགས་རྒྱང་རིང་པོའི་ཆེད་དུ་རྫོང་དཀར་ཆོས་སྡེ་རུ་སློབ་སྦྱོང་སྦྱོང་བར་བཏང་སོང་། གཉིས་པ་བདག་ལ་བྱམས་བརྩེས་སྐྱོང་མཁན་བཀའ་དྲིན་ཅན་གྱི་དགེ་རྒན་གྱི་སྐོར་མདོར་བསྡུས་ཤིག་བྲི་པ་ཡིན་ན། ད་ལྟའི་ཆ་ལ་འཇིག་རྟེན་འདིར་དགེ་རྒན་རྣམས་ནི་སློབ་ཕྲུག་རྣམས་ལ་མེད་དུ་མེད་རུང་བ་ཞིག་ཆགས་ཀྱི་ཡོད། མ་ཟད་ང་ཚོའི་དགེ་འདུན་པ་རྣམས་ཐག་རིང་གི་སྐྱིད་པའི་ཕ་ཡུལ་དང་སྙིང་ཉེ་བའི་གྲོགས་པོ་གྲོགས་མོ་དང་བྱམས་བརྩེ་ཅན་གྱི་ཕ་མ་རྣམས་བཞག་ནས་སློབ་སྦྱོང་སྦྱང་བར་ཡོང་བ་ནང་བཞིན་དགེ་རྒན་རྣམས་ཀྱིས་ཀྱང་ཕ་མ་ནང་བཞིན་གྱི་བྱམས་བརྩེའིམངང་ནས་སློབ་སྦྱོང་བསླབས་དང་སློབ་བཞིན་ཡོད། མ་ཟད་དགེ་རྒན་རྣམས་ལ་སོ་སོའི་ལས་ཀ་ཡོད་ཀྱང་སློབ་ཕྲུག་རྣམས་འཐུས་ཤོར་འགྲོ་ཡོང་དགོངས་ནས་ཁོང་རྣམས་ཀྱིས་རང་ལས་གཞན་གཅེས་པར་བཟུང་སྟེ་སློབ་ཕྲུག་དོན་དུ་རང་ཉིད་ཀྱི་ལས་ཀ་བློས་བཏང་ནས་ཡི་གེ་སློབ་ཀྱི་ཡོད། དེ་འདྲ་སོང་ཙང་ཆེ་ཆུང་དབྱེ་བ་མེད་པར་སློབ་ཕྲུག་སུ་དང་སུ་ཞིག་ཡིན་རུང་དགེ་རྒན་དང་ཕ་མ་རྣམ་པས་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་དེ་ལ་དྲིན་ལན་འཇལ་བའི་ཆེད་དུ་ཡི་གེ་ཡག་པོ་སྦྱང་ཡ་དང་ཁོང་རྣམ་པས་གནང་བའི་བསླབ་བྱ་རྣམས་ང་ཚོས་ལག་ལེན་བསྟར་ཐུབ་པ་བྱེད་དགོས་ཞེས་བུ་ངའི་སེམས་གཏིང་གི་རེ་བསྐུལ་ཆེ་ཤོས་དེ་ཡིན།