Skip to main content
ཤེས་རིག་ལས་ཁུངས།

དྲ་ཐོག་སློབ་ཁྲིད་ཀྱི་མྱོང་བ

དྲ་ཐོག་སློབ་ཁྲིད་ཀྱི་མྱོང་བ།

ཀུན་དགའ་ཚེ་སྒྲོན། རཱ་ཇ་པུར་བོད་ཁྱིམ། འཛིན་རིམ་དགུ་པ།   དྲ་ཐོག་སློབ་ཁྲིད་ཞེས་པ་ནི་སློབ་ཕྲུག་རྣམས་ལ་དྲ་རྒྱ་དང་གློག་འཕྲུལ་བརྒྱུད་ནས་སློབ་ཁྲིད་བྱེད་པ་དེ་ལ་ཟེར་གྱི་ཡོད། སྤྱིར་ང་ཚོའི་སློབ་མ་དང་སློབ་དགེ་ཚང་མས་ནམ་རྒྱུན་དུ་དྲ་རྒྱ་བེད་སྤྱོད་བྱེད་སྟངས་ཤེས་ཀྱི་ཡོད་ཀྱང་། དྲ་རྒྱའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡོད་པ་དེ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡོད། གང་ཡིན་ཞེ་ན་ཉིན་ལྟར་སློབ་ཕྲུག་རྣམས་སློབ་གྲྭར་ཕྱིན་ནས་ཚང་མ་འཛོམས་འཛོམས་ངང་ནས་འཛིན་གྲྭའི་ནང་སློབ་དགེ་ཡི་སློབ་སྦྱོང་སྤྲོད་ཀྱི་ཡོད། དེ་འདྲ་སོང་ཙང་དྲ་རྒྱའི་སློབ་ཁྲིད་སྐོར་མང་པོ་ཤེས་ཀྱི་མེད་པ་རེད། དེ་ནས་ཕྱི་ལོ་ ༢༠༢༠ ལོར་ང་རང་ཚོའི་འཇིག་རྟེན་འདིའི་ནང་ཏོག་དབྱིབས་ནད་ཡམས་ཞེས་པའི་ན་ཚ་ཞེད་སྣང་ཚ་བོ་ཞིག་སླེབས་ཡོད་པ་རེད། དེ་ནི་འགོས་ནད་ཀྱི་ནད་ཡམས་ཞིག་ཡིན་དུས་འཛམ་གླིང་འདིའི་ནང་ཡོད་པའི་ལུང་པ་ཚང་མའི་ནང་གི་མི་མང་པོ་ཞིག་ལ་ནད་ཡམས་དེ་ན་བ་མ་ཟད། མི་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་རེེད། སོང་ཙང་ང་རང་ཚོའི་སློབ་གྲྭའི་དགེེ་རྒན་དང་སློབ་ཕྲུག་ཚང་མའི་བདེ་འཇགས་ཀྱི་ཆེད་དུ་ནད་ཡམས་དེ་ལྷིང་མ་ཆགས་བར་སློབ་གྲྭ་རྣམས་སྒོ་བརྒྱབས་པ་རེད། སློབ་གྲྭར་བསྐྱོད་ས་མེད་དུས་སློབ་ཕྲུག་ཚང་མ་ནང་ལ་ཡོད་པས་སློབ་སྦྱོང་ལ་འཐུས་ཤོར་འགྲོ་ཡི་ཡོད་པའི་རྐྱེན་གྱིས་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམས་འཛོམས་ནས་དྲ་རྒྱའི་ཐོག་སློབ་ཁྲིད་བྱེད་དགོས་པའི་བསམ་འཆར་བྱུང་བ་བཞིན། ད་ཆ་དྲ་རྒྱའི་ཐོག་སློབ་ཁྲིད་བྱེད་དང་བྱེད་མུས་ཡིན་ལ། ང་རང་གི་ངོས་ནས་དྲ་ཐོག་སློབ་ཁྲིད་ཐོག་གི་མྱོང་བ་ཞིག་བཤད་པ་ཡིན་ན། ད་ཆ་ང་རང་ཚོ་ལ་སློབ་གྲྭར་འགྲོ་ས་མེད་དུས་ཡི་གེ་གཅིག་ཀྱང་མ་བསླབས་པར་བསྡད་པ་ལས་དྲ་རྒྱའི་ཐོག་གི་སློབ་སྦྱོང་དག་ལ་དོ་སྣང་ཡག་པོ་བྱས་པ་ཡིན་ན། སློབ་གྲྭའི་ནང་ཡོད་པ་ནང་བཞིན་ཤེས་ཀྱི་རེད། ཐེངས་དང་པོར་འགོ་འཛུགས་དུས་དཀའ་ངལ་ཆུང་ཆུང་དེ་འདྲ་འཕྲད་བྱུང་། ཡིན་ནའང་ད་ལྟའི་ཆར་དཀའ་ངལ་དེ་འདྲ་གང་ཡང་མིན་འདུག སློབ་ཕྲུག་ཚང་མ་གཅིག་པ་མིན་དུས་སློབ་ཕྲུག་ཁ་ཤས་ཀྱི་ལུང་པར་དྲ་རྒྱ་སྐྱོ་བོ་ཡོད་པ་དང་དེ་དག་ལ་དགེ་རྒན་གྱིས་ཀྱང་བསམ་ཤེས་བྱེད་ཀྱི་རེད། ཡིན་ནའང་སློབ་ཕྲུག་ཁ་ཤས་རྒྱུན་དུ་སློབ་ཁྲིད་བྱེད་དུས་དུས་ཐོག་ཏུ་མ་སླེབས་པ་དང་། ནང་ནས་དུས་ཐོག་ཏུ་སློབ་སྦྱོང་བྱེད་པར་མ་བཏང་བ་སོགས་བྱས་ན་སོ་སོ་རང་ལ་གནོད་བསྐྱལ་བ་མ་ཟད། མ་འོངས་པར་སོ་སོར་དཀའ་ངལ་འཕྲད་ཀྱི་རེད། ད་དུང་ན་ཚ་དེ་ག་དུས་མེད་པ་ཆགས་ཀྱི་ཡོད་མེད་ང་ཚོ་སུས་ཀྱང་ཧ་གོ་ཡི་མེད་དུས་སློབ་ཁྲིད་ལ་དོ་སྣང་སྤྲོད་རྒྱུ་དང་། ནང་ལས་རྣམས་དུས་ཐོག་ཏུ་འབྲི་རྒྱུ་གལ་ཆེ། འོན་ཀྱང་སློབ་ཕྲུག་ཁ་ཤས་ལ་དཀའ་ངལ་ཡོད་སྲིད་པ་རེད། ཡིན་ནའང་སོ་སོ་ངོས་ནས་ཐབས་ཤེས་བྱས་ཏེ་འཛིན་གྲྭའི་ནང་སློབ་ཁྲིད་ཉན་དུ་བསླེབས་ན་སོ་སོར་ཡང་ཕན་ཐོགས་ཆེ་བ་མ་ཟད་དགེ་རྒན་གྱིས་ཀྱང་སློབ་ཕྲུག་མང་པོ་སླེབས་འདུག་བསམ་ནས་སེམས་ཤུགས་འཕར་གྱི་རེད། གང་ཡིན་ཞེ་ན་ད་ཆའི་དུས་ཚོད་ལ་དགེ་རྒན་རྣམས་ཀྱིས་སོ་སོའི་སློབ་ཕྲུག་གི་མ་འོངས་པའི་མདུན་ལམ་ཆེད་དུ་སྐུ་ལས་མང་པོ་སྐྱོན་གྱི་ཡོད། ཞོགས་པ་འཛིན་གྲྭ་ཁྲིད་ཀྱི་ཡོད་པ་དང་དེ་ནས་ཉིན་རྒྱབ་ལའང་འཛིན་གྲྭ་ཁྲིད་དགོས་ཀྱི་ཡོད། ད་དུང་དགོང་དྲོ་ཕྱི་པོ་བར་དུ་སློབ་ཚན་གྱི་ཆེད་བརྙན་ཐུང་བཟོ་པ་དང་། ཡང་ན་འཛིན་གྲྭའི་ནང་ནས་ནང་ལས་བསྐུར་བ་དག་ལ་དག་བཅོས་བྱེད་ཀྱི་ཡོད། སློབ་མ་རྣམས་ཀྱིས་ནང་ལས་རྣམས་ཡག་པོ་དང་གཙང་མ་བྲིས་པ་སོགས་བྱས་ན་རང་བཞིན་གྱིས་དགེ་རྒན་རྣམས་ལ་དགའ་སྐྱིད་ཀྱི་ཚོར་བ་ཞིག་སྤྲོད་ཐུབ་ཀྱི་རེད། མཐར་བུ་མོ་ངའི་རེ་བར་ནད་ཡམས་དེ་མྱུར་དུ་མེད་པ་ཆགས་ནས་སྔོན་མ་ལྟར་འཛིན་གྲྭའི་ནང་སླེབས་ནས་དགེ་རྒན་གྱི་སློབ་ཁྲིད་བྱས་པ་རྣམས་དང་། སློབ་ཕྲུག་ཚང་མ་འཛོམས་པའི་རེ་སྨོན་ཞུ་བཞིན་ཡོད།

བརྩེ་བའི་ཨ་མ་ལགས།

བརྩེ་བའི་ཨ་མ་ལགས།

དཀོན་མཆོག་སྒྲོལ་མ། ཅོན་ཏ་ར་བོད་ཁྱིམ། འཛིན་གྲྭ་དགུ་པ།   བརྩེ་བའི་ཨ་མ་ཞེས་པའི་ཐ་སྙད་དེ་རྣ་བར་ཐོས་པ་ཙམ་གྱི་ཨ་མའི་བྱམས་བརྩེ་དང་འཛུམ་མདངས་ལྡན་པའི་རྣམ་གྱུར་དེ་གུས་མོའི་ཡིད་ལ་ལྷང་ལྷང་དུ་ཤར་བྱུང་ལ། ངས་ནམ་ཡང་བརྗེད་ཐབས་མེད་པའི་བསླབ་བྱ་བཟང་པོ་དེ་ཡང་ཡིད་ལ་དྲན། གུས་མོའི་ཨ་མ་ནི་སྐུ་གཟུགས་རིང་ལ་དབུ་སྐྲ་ཡང་ནག་ཐིང་ཐིང་ཡོད་ཅིང་། མི་ཀུན་དང་མཐུན་ལམ་བཟང་ཞིང་གཤིས་རྒྱུད་འཇམ་ལ་རྒན་པ་རྣམས་ལ་གུས་ཞབས་དང་གཞོན་པར་བྱམས་སྐྱོང་གནང་མཁན་གྱི་གང་ཟག་ཁྱད་པར་བ་དེ་ནི་ངའི་བརྩེ་བའི་ཨ་མ་ཡིན། ཁོང་ནི་ཕ་ཡུལ་སླི་མིང་ནས་ཡིན་ཞིང་ཕ་བསོད་ནམས་དང་མ་མཚོ་མོ་གཉིས་ཀྱི་བུ་མོར་སྐྱེས་ཤིང་། ངའི་ཨ་མ་ལགས་ཀྱི་མཚན་ལ་བསོད་ནམས་མཚམས་གཅོད་ཟེར་གྱི་ཡོད་ལ། ཁོང་ལ་སྤུན་མཆེད་གཅེན་པོ་ཞིག་དང་གཅུང་མོ་ཞིག་ཡོད། ཁོང་ལས་ལ་ཧུར་བཙོན་ཆེ་བས་ཉིན་མོར་ཟས་དང་མཚན་མོར་གཉིད་ཀྱང་མེད་པར་བདག་ཅག་ཕྲུ་གུ་རྣམས་ཀྱིས་ཆེད་དུ་སྐུ་ལས་ཧ་ཅང་མང་པོ་བསྐྱོན་དང་སྐྱོན་བཞིན་ཡོད་ལ། ཁོ་མོའི་སྐུ་ལས་སྐྱོན་སྟངས་ལ་བལྟས་ནས་བདག་གི་མིག་ནས་མིག་ཆུ་རང་དབང་མེད་པར་ཉིལ་ཉིལ་དུ་ཐོན་ཡོང་བ་མ་ཟད། དེ་བས་ངའི་སེམས་ལ་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཤུགས་ཆེ་རུ་འགྲོ་ཡི་འདུག ངའི་ཨ་མ་ལགས་གཞས་གཏོང་རྒྱུར་ཧ་ཅང་དགའ་ཞིང་མི་ཚང་མས་དགའ་པོ་བྱེད་སའི་གྲོགས་ཤིག་ཡིན། འོན་ཀྱང་མོ་རང་ཆུང་དུས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མ་འཐོབ་སྟབས། དུས་རྟག་ཏུ་ཨ་མས་ང་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་རྒྱུ་དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་པ་གསུང་གི་ཡོད། ཆུང་དུས་ནས་ཁོང་གིས་བྱམས་བརྩེ་ཆེན་པོས་ང་ཚོར་བསླབ་བྱ་བཟང་པོ་དང་ཟས་གོས་ལེགས་པོ་གནང་ནས་གསོ་སྐྱོང་གནང་བ་མ་ཟད། ཨ་མས་ཟླ་བ་དགུའི་རིང་ཁོག་པའི་ནང་དུ་ཉར་ནས་སྡུག་པོ་རྐྱང་རྐྱང་མྱངས་པ་མ་གཏོགས་སྐྱིད་པོ་ནམ་ཡང་བཏང་མེད་པ་ནི་གུས་མོའི་སེམས་གཏིང་ནས་ཚོར་བ་ཤུགས་ཆེན་པོ་བྱུང་། དེས་མ་ཚད་ཕྲུ་གུ་ནར་སོན་རྗེས་སྤྱི་ཚོགས་ནང་གནས་ཐུབ་པ་གཅིག་པུ་མ་ཡིན་པར་མིའི་དཀྱིལ་དུ་འགྲོ་སྐབས་དམའ་ཆགས་མི་དགོས་པ་ཞིག་དང་། རང་མགོ་ཐོན་པ་ཞིག་ཡོང་རྒྱུའི་ཐབས་ཤེས་འདྲ་མིན་གནང་ནས་ལམ་སྟོན་གཡོ་བ་མེད་པར་གནང་མཁན་ཞིག་ཡིན། ཁྱེད་ཀྱིས་གནང་བའི་བསླབ་བྱ། ། བུ་ཕྲུག་ང་ཚོའི་སེམས་ནང་། ། རྡོ་ལ་རི་མོ་བཀོད་བཞིན། ། མ་བརྗེད་ཡིད་ལ་བཅངས་ཡོད། ། ཐ་མར་བདག་གང་འདྲ་ཆགས་ཡོད་པ་དེ་ནི་ཨ་མ་ཁྱེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡིན་པས་གུས་མོས་ནམ་ཡང་བརྗེད་ཐབས་མེད། ཨ་མ་ཁྱེེད་སྐུ་ཚེ་ཡུན་རིང་གནས་པ་དང་ལུས་སེམས་གཉིས་ལ་བདེ་སྐྱིད་ཡོང་རྒྱུར། གུས་མོས་སྙིང་ཁུང་རུས་པའི་གཏིང་ནས་སྨོན་འདུན་ཞུ་ལ་ཁྱེད་ཚེ་རིང་ལོ་བརྒྱར་གནས་པའི་སྨོན་འདུན་ཞུ། ང་ཨ་མ་ལགས་ལ་ཧ་ཅང་དགའ། བརྩེ་བ་དོར་ཐབས་མེད། བརྩེ་བའི་ཨ་མ་ལགས། སྐུ་ཚེ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །  

གྲོགས་མོའི་བར་གྱི་བརྩེ་བ།

གྲོགས་མོའི་བར་གྱི་བརྩེ་བ།

བསྟན་འཛིན་ཟླ་དཀར། སཾ་བྷོ་ཊ་ཀོ་ལེ་གྷལ་ཉིན་སློབ། འཛིན་གྲྭ་དགུ་པ། ལོ་མང་ཞིག་གི་སྔ་རོལ་དུ་གཞིས་ཆགས་ཤིག་གི་སློབ་གྲྭའི་ནང་སློབ་ཕྲུག་མང་པོ་ཡོད། སློབ་གྲྭ་དེའི་ནང་འཛིན་གྲྭ་དང་པོ་ནས་བཅུ་པ་བར་ཡོད། དེའི་ནང་བུ་མོ་བསྟན་འཛིན་ཟེར་བ་མོ་རང་མི་ཚང་ཉམ་ཆུང་དང་། ཕ་མ་བཟང་པོའི་ཕྲུ་གུ་ཞིག་ཡིན། མོ་རང་ནི་བོད་ཡིག་སློབ་ཚན་ལ་ཧ་ཅང་དགའ་པོ་ཡོད། མོས་དུས་ཚོད་སྟོང་པ་རྣམས་ལ་སྒྲུང་དེབ་ཀློག་པ་དང་རྩོམ་བྲིས་ནས་སྡོད་ཀྱི་ཡོད། དུས་རྒྱུུན་དུ་ནས་མོ་རང་རྩོམ་འབྲི་རྒྱུ་དང་རྩོམ་གྱི་འགྲན་སྡུར་ནང་ཆ་ཤས་ལེན་རྒྱུར་དགའ་པོ་བྱེད་ཀྱི་ཡོད། མོ་རང་སྒྲུང་དེབ་གང་འདྲ་ཞིག་བཀླགས་ཀྱང་དེབ་དེའི་སྙིང་བསྡུས་རེ་བྲིས་ཏེ། རང་ཉིད་ཀྱི་གཡས་གཡོན་དུ་ཡོད་པའི་སློབ་གྲོགས་རྣམས་ལ་ཤོད་རྒྱུར་ཡང་དགའ་པོ་བྱེད་ཀྱི་ཡོད། བུ་མོ་མོ་རང་འཛིན་གྲྭའི་ནང་ནས་བོད་ཡིག་ཡག་ཤོས་དེ་ཡིན་པ་རེད། ཉིན་གཅིག་མོས་རྩོམ་གྱི་འགྲན་སྡུར་ནང་འཛུལ་བཞུགས་བྱས་ཏེ། ཨང་དང་པོ་བླངས་པ་རེད།   མོ་རང་ཉམ་ཆུང་དང་གཤིས་ཀ་བཟང་བས་དུས་རྒྱུན་ནས་དགེ་རྒན་དང་སློབ་ཕྲུག་ཀུན་གྱིས་དགའ་པོ་དང་ཡག་པོ་བྱེད་ཀྱི་ཡོད། ཉིན་གཅིག་བསྟན་འཛིན་གྱིས་མོ་རང་གི་འཛིན་གྲོགས་བུ་མོ་མེ་ཏོག་ཟེར་བ་དེ་གཅིག་པུར་སེམས་སྐྱོ་བོའི་ངང་བསྡད་ཡོད་པ་མཐོང་བས། མོས་ཕར་ཕྱིན་རྗེས་མེ་ཏོག་ལ་གང་བྱས་སོང་ཞེས་སྐད་ཆ་དྲིས་པར། མེ་ཏོག་གིས་མོ་རང་སློབ་སྦྱོང་ལ་དཀའ་ངལ་འཕྲད་མུས་ཡིན་པའི་སློབ་སྦྱོང་ཐོག་རོགས་པ་བྱེད་མཁན་སུ་ཡང་མེད་པའི་སྐོར་བཤད་པ་རེད། སྤྱིར་བཏང་མེ་ཏོག་མོ་རང་དངུལ་ཡག་པོ་ཡོད་པས་དུས་རྒྱུན་དུ་ནས་ཟ་རོགས་དང་། འཐུང་རོགས། འཁྱམ་རོགས་མང་པོ་ཡོད་ཀྱང་སློབ་སྦྱོང་ཐོགས་ཕན་ཐོགས་མཁན་གྲོགས་ཡག་པོ་གཅིག་ཀྱང་མེད་པའི་སྐོར་བརྗོད་མ་ཐག བསྟན་འཛིན་གྱིས་ངས་རོགས་པ་བྱེད་ཆོག་ཅེས་བཤད་ཙང་། མེ་ཏོག་དགའ་ཐག་ཆོད་ནས་ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུས་པ་རེད།   ཉིན་དེ་ནས་བཟུངས་ཁོང་གཉིས་བྲལ་ཐབས་མེད་པའི་གྲོགས་མོ་བཟང་པོ་ཞིག་ཆགས། ཁོང་གཉིས་གང་དུ་འགྲོ་ན་ཡང་མཉམ་དུ་འགྲོ་བ་དང་། སློབ་སྦྱོང་བྱེད་དུས་ཀྱང་མཉམ་དུ་ཡིན་པས་མེ་ཏོག་གི་སློབ་སྦྱོང་ལ་ཡར་རྒྱས་ཤིན་ཏུ་ཆེན་པོ་བྱུང་བས། དགེ་རྒན་རྣམས་པས་བསྟན་འཛིན་ལ་བསྟོད་བསྔགས་མཚོན་ཆེད་ལེགས་གསོལ་གྱི་ཕྱག་རྟགས་གནང་བ་དང་། མེ་ཏོག་ལ་ཡང་ཡར་རྒྱས་དང་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་བསླབ་བྱ་ནན་པོ་གནང་། ཁོ་གཉིས་གྲོགས་མོ་ཆགས་ནས་བཟུངས། མེ་ཏོག་ཡང་བསྟན་འཛིན་ལྟར་རྩོམ་འབྲི་རྒྱུར་དོ་སྣང་ཇེ་ཆེར་སོང་བས། མཐར་མོ་རང་རྩོམ་སྒྲིག་པ་ཆེན་མོ་ཞིག་བྱེད་རྒྱུའི་དམིགས་ཡུལ་དུ་གྱུར། བསྟན་འཛིན་ནི་སྤྱིར་བཏང་ནས་རྩོམ་འབྲི་རྒྱུར་དགའ་པོ་ཡོད་ཀྱང་མོ་རང་གི་དམིགས་ཡུལ་ནི་དགེ་རྒན་ཡག་པོ་ཞིག་ཆགས་རྒྱུ་དེ་ཡིན། ལོ་ཤས་རྗེས་ཁོང་གྲོགས་མོ་གཉིས་འཛིན་རིམ་བཅུ་གཉིས་ཐོན་ལ་ཉེ་བའི་སྐབས། བསྟན་འཛིན་སེམས་འཚབས་ངང་གནས་ཡོད་པ་མེ་ཏོག་གིས་ཤེས་པ་རེད། ཡིན་ན་ཡང་རྒྱུ་མཚན་ཅི་ཡིན་མ་ཤེས་པར་ཁོང་ལ་དྲིས་པས། བསྟན་འཛིན་གྱིས་ཁོང་སློབ་གྲྭ་ཐོན་རྗེས་མཐོ་སློབ་ཏུ་འགྲོ་འདོད་ཡོད་རུང་འགྲོ་གྲོན་དང་། གྲ་སྒྲིག་གང་འདྲ་བྱེད་དགོས་བསམ་པའི་སེམས་འཁྲལ་ཡོད་པ་བཤད་པ་རེད། མེ་ཏོག་སྙིང་རྗེ་ནས་ཁོང་ལ་ཐམས་ཏེ་འགྲིག་འགྲོ་ཡི་རེད་ཅེས་སེམས་གསོ་བྱས་པ་རེད། དེ་རྗེས་ཉིན་ལྟར་མེ་ཏོག་གིས་བསྟན་འཛིན་ལ་རོགས་པ་གང་འདྲ་བྱེད་དགོས་མིན་མ་ཤེས་པས་ནང་དུ་ལོག་ནས་ཁོང་གི་ཕ་མ་གཉིས་ལ་བཤད་པ་རེད། མོའི་ཕ་མ་གཉིས་ཀྱིས་བསྟན་འཛིན་ནང་ལ་ཁྲིད་ནས་ཤོག་ཅེས་བཤད་པས། སང་ཉིན་དེར་ཁོང་གི་གྲོགས་མོ་ནང་ལ་མཉམ་དུ་སླེབས། དུས་རྒྱུན་དུ་ནས་མེ་ཏོག་གི་ཕ་མ་དང་སྤུན་མཆེད་ཡོངས་ནས་བསྟན་འཛིན་ལ་བསྟོད་བསྔགས་ཆེན་པོ་གཏོང་བཞིན་ཡོད་པ་རེད། མེ་ཏོག་གི་ཕ་མ་གཉིས་ནས་གསོལ་ཇ་དང་བཞེས་ཏོག་བསྐྱགས་ནས་ཁོང་ཚོ་ཕན་ཚུན་སྐད་ཆ་བཤད་དེ་སྐྱིད་པོའི་ངང་བསྡད། དེ་ནས་བསྟན་འཛིན་སློབ་གྲྭར་ལོག་གྲབས་བྱེད་པའི་སྐབས་མེ་ཏོག་གི་ཕ་མས་ཁོང་བཀའ་དྲིན་ཆེན་པོ་ཡིན་ལུགས་དང་། ད་དུང་མེ་ཏོག་གི་ཕ་མ་གཉིས་ནས་བསྟན་འཛིན་ཁོང་ཚོའི་ཕྲུ་གུ་དང་ཁྱད་མེད་ལུགས་བཅས་བཤད་པ་མ་ཟད། དཀའ་ངལ་གང་འཕྲད་ཀྱང་ཁོང་ཚོས་རོགས་བྱེད་ཆོག་ཅེས་ལབ། མཐར་བསྟན་འཛིན་དང་མེ་ཏོག་གཉིས་སློབ་སྦྱོང་ལ་འགྲན་ཟླ་མེད་པར་སློབ་སྦྱོང་ཐོག་ལེགས་སོན་དུ་ཐོན་པ་བྱུང་ཡོད། བཅས་བཟང་པོའི་ཁ་ལ་ཇ་ཆང་དང་། །ངན་པའི་ཆ་ལ་རྒྱུག་བརྡུངས་ཟེར་བའི་དཔེ་ལྟར་རྒྱུན་དུ་ནས་གྲོགས་པོ་ཡག་པོ་འདེམས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ནོ། །  

ཏོག་དབྱིབས་ནད་ཡམས།

ཏོག་དབྱིབས་ནད་ཡམས།

རིན་ཆེན་དཔལ་སྒྲོན། སཾ་བྷོ་ཊ་ཅན་དྷ་གྷི་རི། འཛིན་གྲྭ་དགུ་པ། ནད་ཡམས་ཐོག་མ་དེ་རྒྱ་ནག་གི་རྒྱལ་ས་འུ་ཧན་ནས་བྱུང་བ་ཞིག་ཡིན།  ནད་ཡམས་དེའི་མིང་ལ་ཏོག་དབྱིབས་ནད་ཡམས་འདོགས་དགོས་པའི་རྒྱུ་མཚན་ནི། ནད་འབུ་དེ་བཟོ་ལྟ་ཏོག་ཏོག་ཡོད་ཙང་ཏོག་དབྱིབས་ནད་ཡམས་ཞེས་བཏགས་པ་རེད།  རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ནས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། གལ་སྲིད་མི་སུ་འདྲ་ཞིག་ཏོག་དབྱིབས་ནད་ཡམས་དེ་ན་བ་ཡིན་ན། གཙོ་བོ་སེམས་སྐྱིད་པོ་དང་ལྷོད་ལྷོད་དུ་བཞུགས་དགོས།  ཏོག་དབྱིབས་ནད་ཡམས་དེ་ན་བ་ཡིན་ན་ནད་རྟགས་ཚ་བ་འབར་བ་དང་། གློ་སྐམ་པོ་བརྒྱབ་པ། ཐང་ཆད་པ་སོགས་ཀྱི་ནད་རྟགས་དེ་མི་མང་པོ་ཞིག་ལ་འཐོན་གྱི་ཡོད།  མི་ཉུང་ཤས་ཤིག་ལ་བྲང་ཁོག་ལ་ཟུག་བརྒྱབ་པ་དང་། མིད་པར་རྨ་བཟོས་པ། མགོ་ན་བ། དྲི་མ་དང་བྲོ་བ་མེད་པ་ཆགས་པའི་ནད་རྟགས་ཡང་འཐོན་གྱི་ཡོད། ཉེན་ཁ་ཆེ་བའི་ནད་རྟགས་ནི་དབུགས་གཏོང་བར་དཀའ་ངལ་འཕྲད་པ་དང་། དབུགས་ཡག་པོ་གཏོང་མི་ཐུབ་པ། བྲང་ཁོག་ལ་ཟུག་བརྒྱབ་པ། སྐད་ཤུགས་ཆུང་དུ་འགྲོ་བ་བཅས་ཡིན། ནད་ཡམས་དེ་མ་ན་བའི་སྔོན། དོ་བདག་ངོས་ནས་ལག་པ་ཡི་ཙི་ཡིས་ཡང་སེ་འཁྲུ་དགོས་པ་དང་། གལ་སྲིད་མི་གཅིག་གློ་བརྒྱབ་པ་དང་ཧབ་སྦྲིད་བརྒྱབ་པ་དེ་འདྲ་བྱས་ན་མི་དེ་དང་རྒྱང་ཐག་རིང་ད་ུུསྡོད་དགོས། ད་དུང་མི་མང་འཛོམས་ས་ལ་རྒྱང་ཐག་རིང་དུ་བསྡད་དེ་ཁ་རས་ཡག་པོ་གྱོན་དགོས་མ་ཟད། སོ་སོ་གློ་བརྒྱབ་པ་དང་ཧབ་སྦྲིད་རྒྱག་དགོས་བྱུང་ན། ཁ་གཙང་ཕྱིས་ཀྱི་འགེབས་པ་དང་ཡང་ན་ལག་པའི་གྲུ་མོས་འགེབས་དགོས།  གལ་ཏེ་སོ་སོ་གཟུགས་པོ་མི་བདེ་བ་དེ་འདྲ་བྱུང་ཚེ་ནང་དུ་བཞུགས་དགོས།  ནད་ཡམས་དེ་སོ་སོར་བགོས་ཚེ་སྨན་བཅོས་གང་འདྲ་བྱ་དགོས་ཟེར་ན། སོ་སོ་ནང་ལ་ཟུར་བཀག་ཏུ་བཞུགས་པ་དང་ སྒེར་གི་ཅ་ལག་རྣམས་མི་གཞནདང་མཉམ་དུ་བེད་སྤྱོད་བྱ་མི་རུང་། ད་དུང་དབུགས་ཀྱི་ཚད་དེ་ཉིན་མ་ཉིན་མར་བརྟག་དཔྱད་བྱ་དགོས། ད་དུང་ལུས་ཀྱི་ཚ་དྲོད་འཕར་ཚད་དེ་ཉིན་རེར་ལྟ་དགོས་པ་དང་། ངལ་གསོ་བརྒྱབས་ནས་ཆུ་ཁོལ་མ་མང་ཙམ་འཐུང་དགོས། གལ་སྲིད་དེ་ལྟར་བྱས་ན་ནད་ཡམས་དེ་ལས་གྲོལ་བའི་རེ་བ་ཆེན་པོ་ཡོད། དེ་ལྟར་རྒྱ་ནག་གི་ནད་ཡམས་དེས་མི་མང་པོ་ཞིག་ལ་ལས་ཀ་མེད་བའི་དཀའ་ངལ་ཡང་འཕྲད་ཡོད།  ང་ཚོ་སློབ་ཕྲུག་ཞིག་ལ་ཆ་བཞག་ན་ཡི་གེ་སྦྱོང་སྐབས་སྔོན་མ་ལྟར་མིན་པར་ཆ་ཚང་དྲྭ་ཐོག་བརྒྱུད་སྦྱོང་དགོས་ཀྱི་ཡོད།  ནད་ཡམས་དེའི་རྐྱེན་གྱིས་རྒྱལ་ཁབ་མང་པོ་ཞིག་ནང་ཚོང་ཁང་དང་ལས་ཁུངས། སློབ་གྲྭ་སོགས་སྒོ་བརྒྱབས་དགོས་པ་བཟོས་ཡོད།  ད་ལྟ་ཡིན་ན་ཡང་སྒོ་མུ་མཐུད་ནས་རྒྱབ་བཞིན་ཡོད།  ནད་ཡམས་དེས་རྐྱེན་པས་མི་ཧ་ཅང་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། ནང་མི་མང་པོར་དཀའ་ངལ་འཕྲད་ཡོད།  ཉེ་ཆར་ལོ་ན་རྒན་པ་རྣམས་ལ་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་ཁབ་འཐོབ་ཡོད་པ་དང་། ལོ་ན་འབྲིང་བའི་མི་ཁ་ཤས་ལ་མ་གཏོགས་སྔོན་ཁབ་འཐོབ་མེད། ལོ་ན་ཆུང་བ་རྣམས་ལ་སྨན་རྩིས་ཁང་ནས་སྨན་སྤྲད་ཡག་ཡིན་པའི་བཀའ་མོལ་བྱུང་ཡོད།  བྱས་ཙང་ཏོག་དབྱིབས་ནད་ཡམས་དེ་མྱུར་ནས་མྱུར་དུ་མེད་པ་ཆགས་བའི་སྨོན་ལམ་དང་། ནད་ཡམས་དེས་གྲོངས་མཁན་རྣམས་བསྐྱར་དུ་མི་ལུས་འཐོབ་པའི་སྨོན་ལམ་ཡོད།

བཀའ་དྲིན་ཆེ་བའི་དགེ་རྒན།

བཀའ་དྲིན་ཆེ་བའི་དགེ་རྒན།

  བསྟན་འཛིན་དབངམོ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ འཛིན་གྲྭ་དགུ་པ།   གྲང་རླུང་འུར་འུར་དུ་ལྡང་ཞིང་ཕྱི་རུ་ཁྱི་རྣམས་མུན་ནག་གི་ཁྲོད་དུ་“བའོ་བའོ”ཞེས་སྐད་རྒྱག་བཞིན་འདུག མ་ཟད་ཆར་པ་ཤག་ཤག་ཏུ་བབས་ནས་ཆར་ཐིག་གི་སྐད་དང་། ཆར་རླུང་གི་ཤག་སྒྲ་དེ་དག་གིས་བདག་ལ་སྔར་ལས་ལྷག་པའི་རྩོམ་ཡིག་འབྲི་རྒྱུའི་འདུན་པ་ཞིག་སྦྱིན། དགོང་མོ་དེར་ངས་ཁེར་རྐྱང་ངང་དཀར་གསལ་ཟླ་སྒོར་དེའི་འོག་ཏུ་རང་སྦྱོང་བྱེད་སའི་ནག་ཅིང་སྣུག་པའི་ཅོག་ཙེའི་དེའི་སྒང་ལ་ཁྱིམ་གྱི་གློག་སྒྲོན་ཆུང་ཆུང་དེ་སྦར་ནས་དེའི་འོག་ཏུ་སེམས་ཤུགས་ཆེན་པོའི་ངང་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། གུས་མོ་ང་རང་གི་ཀ་ཁའི་དབྱངས་རྟ་སྙན་མོ་གྱེར་ས་དེ་ནི་མ་ཡུམ་དཔེ་སྟོན་སློབ་གྲྭ་ཡིན། ང་རང་ད་བར་སློབ་གྲྭའི་རྭ་སྐོར་ཆུང་ཆུང་དེའི་ནང་དུ་འཚར་ལོངས་བྱུང་བའི་སློབ་ཕྲུག་དཀྱུས་མ་ཞིག་ཡིན། འདས་ཟིན་པའི་ལོ་དེ་དག་གི་ནང་དུ་ངའི་མཐོང་སྣང་ལ་སློབ་གྲྭའི་ནང་གི་ལས་བྱེད་དང་དགེ་རྒན་དག་ནི་སྤྱི་ཚོགས་འདིའི་ནང་ཧ་ཅང་དཀོན་པའི་བློ་དཀར་སེམས་དཀར་ཅན་ཞིག་དང་། གཞུང་དྲང་བོད་མི་ཞིག་ཡིན་པར་ངས་སེམས་ནས་ཡིད་ཆེས་དང་དད་པ་བྱེད་བཞིན་ཡོད། གང་ཡིན་ཟེར་ན། ཁོང་རྣམས་པས་ང་ཚོ་སློབ་མ་རྣམས་ལ་རང་ཉིད་ཀྱི་ཕྲུ་གུ་བཞིན་འདུ་ཤེས་བཟུང་སྟེ་ང་ཚོར་བྱམས་སྐྱོང་གནང་གི་འདུག ངའི་བསམ་པར་སློབ་མ་ང་ཚོར་སློབ་གྲྭ་བཟང་པོ་འདི་དང་དགེ་རྒན་བཟང་པོ་ཁོང་ཚོའི་འོག་ཡི་གེ་སྦྱོང་རྒྱུ་རག་པ་དེ་སློབ་མ་ང་ཚོའི་ཚེ་སྔོན་གྱི་ལས་ཤིག་རེད་ཡང་སྙམ་མྱོང་། དགེ་རྒན་རྣམ་པས་བོད་པའི་སོན་རྩ་ང་ཚོའི་ཆེད་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་མཚམས་རེ་ཕྱི་པོ་བར་དུ་སང་ཉིན་གྱི་སློབ་ཚན་འཆར་འགོད་བྱས་ཏེ་ཞུགས་དགོས་ཁེལ་གྱི་ཡོད་། འོན་ཀྱང་སང་ཞོགས་དེར་ཁོང་རྣམ་པས་སེམས་ཤུགས་ཆེན་པོའི་ངང་དམིགས་ཡུལ་ཆེན་པོ་ཞིག་ཁྱེར་ནས་འཛིན་གྲྭའི་ནང་བྲེལ་འཚུབ་ཀྱིས་བསླེབས་ཏེ། ང་ཚོར་སློབ་ཁྲིད་དང་མ་འོངས་པའི་མདུན་ལམ་ཐོག་སློབ་གསོ་གང་གཟབ་གནང་སྟེ། རྩི་ཤིང་སྐམ་པོ་ཞིག་ལ་ཆུ་སྦྱིན་པ་ལྟར་གྱི་རྩི་ཤིང་དེ་སྐྱེ་འཕེལ་བྱེད་བ་ལ་ཕན་པའི་ཕྱག་ལས་གང་མང་གནང་གི་ཡོད། དགེ་རྒན་རྣམས་པས་ང་ཚོར་ཉིན་ལྟར་ཁ་ན་ན་བར་དུ་མ་འོངས་པའི་ཆེད་འོད་ཟེར་གྱི་མདུན་ལམ་སྦྱིན་ཏེ་ང་ཚོར་དྲན་སྐུལ་ཐེངས་མང་བྱེད་མྱོང་། ཁོང་རྣམས་པས་ང་ཚོར་ཉིན་ལྟར་སྤྱི་ཚོགས་ནང་མི་ཡ་རབས་དང་ལྡན་པ་ཞིག་ལས་གཞན་གཡོ་ཁྲམ་གསུམ་ཅན་དང་། མི་རྨོངས་གཉིད་ཀྱིས་བཏུམས་པའི་འཇོན་མེད་ནུས་མེད་ཀྱི་སློབ་ཕྲུག་ཅིག་བྱེད་རྒྱུ་མེད་པའི་དྲན་སྐུལ་གྱི་སློབ་གསོ་བཟང་པོ་ཉིན་གཅིག་ཀྱང་མ་ཆད་པར་གསུང་བཞིན་ཡོད། ངས་ཁ་སྔོན་གྱི་དུས་ཚོད་ཅིག་ལ་ཕྱིར་དྲན་ཞིག་བྱེད་དུས་རྒན་ལགས་རྣམས་པས་རང་ཉིད་ཀྱི་ལས་ཁུར་འཁུར་དུ་བླངས་ཏེ་སློབ་མ་ང་ཚོའི་ཤེས་ཡོན་ཆུ་ཚད་འཐུས་ཤོར་མི་འགྲོ་བའི་ཆེད། དགེ་རྒན་ཞིག་ཡིན་པའི་ཆ་ནས་སེམས་འཁུར་དང་ཐུགས་འཁུར་གནང་ནས་ང་ཚོར་དུས་ཁོམ་བྱུང་ཚེ་སློབ་གྲྭ་གྲོལ་ནས་ཟུར་ཁྲིད་བྱ་རྒྱུ་ཡིན་པ་དང་། སློབ་ཕྲུག་ང་ཚོ་དུས་ཐོག་ཏུ་འཛོམས་དགོས་པའི་བཀའ་ཕེབས་ཀྱང་། ཕྲུ་གུ་ཐ་ཤལ་དང་གླེན་པ་ང་ཚོས་འདོད་ལ་མི་འདོད་ཀྱི་རྣམ་འགྱུར་སྐྱུག་བྲོ་བོ་ཞིག་བསྟན་ནས་ནང་སྦྱོང་དང་ཟུར་ཁྲིད་དག་ལེ་ལོ་དང་ཉོབ་སྣང་གི་ངང་བྲིས་པ་ཡིན། ད་ལྟ་དེ་ཚོ་སེམས་ལ་དྲན་དུས་གུས་མོ་ང་གཅིག་པོ་མ་ཡིན་པར་ང་དང་ང་འདྲ་བའི་སློབ་ཕྲུག་རྣམས་ཀྱང་གནོང་འགྱོད་དྲག་པོ་སྐྱེ་ཡི་འདུག གང་ཡིན་ཟེར་ན་དེ་སྔོན་བུ་མོ་གླེན་མ་ངས་གོ་སྐབས་བཟང་པོ་དེ་དམ་འཛིན་ཡག་པོ་བྱེད་ཐུབ་མ་སོང་། དེང་སང་ཆ་བཞག་པ་ཡིན་ན་ཏོག་དབྱིབས་ནད་རིམས་དེའི་རྐྱེན་གྱིས་རྒན་ལགས་རྣམས་པས་སློབ་མ་ང་ཚོར་དྲ་རྒྱ་བརྒྱུད་སློབ་ཁྲིད་བྱ་དགོས་ཡོད་སྟབས། ཁོང་རྣམས་ཀྱིས་སློབ་མ་ང་ཚོར་སློབ་ཁྲིད་བྱ་རྒྱུའི་ཆེད་དུ་དྲ་རྒྱ་བརྒྱུད་ནས་སླབོ་སྦྱོང་སྤྲོད་ཐབས་བྱེད་ཀྱི་ཡོད་། ཁོང་རྣམས་པའི་བྱས་རྗེས་རྣམས་གུས་མོ་ང་གཅིག་པོ་མ་ཡིན་པར་སློབ་གྲྭའི་སློབ་ཕྲུག་ཕལ་མོ་ཆེའི་སེམས་ནང་རྡོ་ལ་རི་མོ་བཀོད་པ་ལྟར་དྲན་ངེས་རེད་། ང་ཚོས་ནམ་ཡང་ཁྱེད་རྣམས་པའི་རི་ལས་ལྗིད་པའི་བྱས་རྗེས་རྣམས་བརྗེད་མི་སྲིད་། བཀའ་དྲིན་ཆེ། ང་ཡི་སློབ་དཔོན་ལགས།

འཛམ་གླིང་ཁོར་ཡུག་གི་ཉིན་མོ།

འཛམ་གླིང་ཁོར་ཡུག་གི་ཉིན་མོ།

བསྟན་འཛིན་ཚེ་དཔལ། སཾ་བྷོ་ཊ་གུ་རུ་པུ་ར་སློབ་གྲྭ འཛིན་གྲྭ་དགུ་པ། ཕྱི་ཟླ་ ༦ པའི་ཚེས་ ༥ ཉིན་འཛམ་གླིང་ས་ཕྱོགས་གང་སར་ཁོར་ཡུག་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། སྲུང་བརྩི་འདི་ཐོག་མར་ཕྱི་ལོ་ ༡༧༩༣ ལོའི་ནང་དུ་འགོ་འཛུགས་བྱས་ནས་ད་བར་མུ་མཐུད་སྲུང་བརྩི་ཞུ་བཞིན་ཡོད་པས། རྒྱལ་སྤྱིའི་ནང་གི་མཁས་པ་དང་ཁོར་ཡུག་ལ་དགའ་མཁན་ཚོས་ཉིན་མོ་འདི་གལ་ཆེན་ཞིག་ཏུ་བརྩིས་ནས་སྙན་ངག་འབྲི་བ་དང་། ལྕང་མ་འདེབས་འཛུགས་བྱེད་པ་སོགས་བྱེད་ཀྱི་ཡོད། ཉིན་མོ་འདི་སྲུང་བརྩི་ཞུ་དོན་གཙོ་བོ་ནི་འཛམ་གླིང་མི་མང་ཚོས་ཁོར་ཡུག་ལ་དོ་སྣང་དང་། དམིགས་བསལ་ཁོར་ཡུག་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་སྐོར་ལ་ཤེས་རྟོགས་ཡོང་བའི་ཆེད་ལམ་དང་ལུགས་སྲོལ་ཞིག་སྤེལ་ནས་བསྡད་ཡོད། ཁོར་ཡུག་ནི་ང་ཚོའི་གཡས་གཡོན་དུ་ཡོད་པའི་སྲོག་ཆགས་དང་རྩི་ཤིང་དེ་བཞིན་རླུང་སོགས་ལ་གོ་ཐུབ་ཀྱི་ཡོད། དེའི་ནང་འཚོ་བ་བསྐྱལ་ནས་སྡོད་མཁན་རྣམས་ལ་ཁོར་ཡུག་ཡག་པོ་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། མི་དང་སེམས་ཅན། རྩེ་ཤིང་སོགས་གནས་ཐུབ་པར་ཁོར་ཡུག་གཙང་མ་ཞིག་དགོས་གལ་ཆེ་བ་ཡིན། ས་དང་། ཆུ། རླུང་སོགས་ཡག་པོ་མེད་ན་སྲོག་ཆགས་རྣམས་གནས་མ་ཐུབ། ད་ལྟའི་དུས་སྐབས་འདིར་ང་ཚོའི་ཁྱིམ་ནང་བཞིན་གྱི་འཛམ་གླིང་འདི་མུ་མཐུད་དེ་སྦགས་བཙོག་དང་ཉེན་ཚབས་ཆེ་རུ་བཟོས་པ་ཡིན་ན། ཁོར་ཡུག་ཙམ་མ་ཟད་དེའི་ནང་དུ་འཚོ་བ་བསྐྱལ་ནས་སྡོད་མཁན་གྱི་སྲོག་ཆགས་དང་རྩི་ཤིང་། དེ་བཞིན་རང་བྱུང་གི་ཁམས་ལ་གནོད་སྐྱོན་ཤུགས་ཆེན་པོ་བྱུང་ན། ང་ཚོའི་འཛམ་གླིང་འདི་གཏོར་བཤིག་ཏུ་འགྲོ་ཡི་རེད། དེ་དུས་ང་ཚོས་བཟས་པའི་ཁ་ལག་དང་ཁ་རླངས་ཆ་ཚང་ཁོར་ཡུག་སྦགས་བཙོག་དེས་རྐྱེན་པས་ང་ཚོར་ནད་རིགས་འདྲ་མིན་དང་། གཟུགས་པོར་ཟུངས་ཤུགས་མེད་པ་གྱུར་ཏེ། ནད་ན་ཚ་མང་པོ་བྱུང་ནས་ཚེ་རིང་པོ་མ་བསྡད་པར་ཤི་འགྲོ་ཡི་རེད། དེ་འདྲ་སོང་ཙང་། ང་ཚོས་ག་དུས་ཡིན་ནའང་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱས་ནས་གཙང་མ་བཟོ་བ་དང་། ཉམས་པ་རྣམས་བསྐྱར་དུ་གསོ་བ་དང་། ཤིང་སྣ་འདེབས་འཛུགས་སོགས་བྱེད་དགོས་རེད། དེ་འདྲ་སོང་ཙང་། དུས་ནས་དུས་སུ་ཁོར་ཡུག་གཙང་མ་བཟོ་རྒྱུ་ནི་གལ་ཆེན་པོ་ཞེ་དྲག་རེད། དེང་སང་འཛམ་གླིང་ཁོར་ཡུག་གི་ཉིན་མོ་འདི་གལ་ཆེན་པོ་བརྩིས་ནས་ས་ཕྱོགས་གང་ས་ནས་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། འཛམ་གླིང་གང་ས་ནས་ཁོར་ཡུག་ཉིན་མོ་འདིར་ཤིང་སྣ་འདེབས་བཛུགས་དང་ཁོར་ཡུག་གཙང་མ་བཟོ་བའི་ལས་གཞི་སྣ་ཚོགས་སྤེལ་བ་དང་། མི་རྒན་པ་དང་ཆུང་བ་ཚང་མ་ལ་ཁོར་ཡུག་གི་སྐོར་གོ་རྟོགས་སྤེལ་ནས་ཁོར་ཡུག་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་སྐོར་ལ་འགྲེལ་བཤད་བྱེད་པ་དང་བྱེད་སྒོ་ཡང་གང་མང་མང་སྤེལ་ཏེ། མི་སོ་སོའི་གོམས་གཤིས་ནང་དུ་ཁོར་ཡུག་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་སྐོར་ལ་སློབ་སྦྱོང་སྤྲོད་བཞིན་ཡོད། ང་རང་ཚོའི་བོད་ལྟ་བུ་ལ་ཡང་ཆ་མཚོན་ན། སྔོན་མ་བོད་དེ་རང་བཙན་ཡིན་པའི་སྐབས་སུ་བོད་ཀྱི་ཁོར་ཡུག་འདི་ཧ་ཅང་གི་མཛེས་པོ་དང་ཕྱོགས་ཚང་མ་གངས་རིས་བསྐོར་ནས་ཡོད་པ། དེའི་ནང་དུ་ཡོད་པའི་སྤང་རི་དང་། ནགས་རི། མེ་ཏོག་རྣམས་སྨན་གྱི་རིགས་ཤ་སྟག་ཡིན་པ་མ་ཟད། ནམ་དུས་བཞི་ཡིན་ཡང་སོ་སོའི་ཁོར་ཡུག་གི་རང་བཞིན་འགྱུར་བ་ལ་བརྟེན་ནས་ནམ་དུས་བཞི་རུ་འགྱུར་བ་ང་ཚོས་མངོན་གསལ་དོད་པོས་མཐོང་ཐུབ་ཀྱི་རེད། ཡིན་ནའང་ད་ལྟ་བར་དུ་རྒྱ་ནག་དམར་པོས་བོད་ནང་བཟོ་གྲྭ་འདྲ་མིན་སྣ་ཚོགས་འཛུགས་པ་དང་། གཙང་ཆུའི་ནང་དུག་རྫས་འདྲ་མིན་སྣ་ཚོགས་གཡུགས་པའི་རྐྱེན་གྱིས་ཁོར་ཡུག་ལ་གནོད་ཆེ་ཚབས་ཆེན་ཐེབས་ཏེ། བོད་ཀྱི་མཐའ་སྐོར་གྱི་གངས་རི་རྣམས་བཞུར་བ་དང་། བོད་ཀྱི་གནམ་གཤིས་ལ་འགྱུར་བ་ཕྱིན་ནས་ཚ་བ་ཆེ་རུ་འགྲོ་བཞིན་ཡོད། བོད་ཀྱི་ཁོར་ཡུག་ལ་འགྱུར་བ་ཤུགས་ཆེ་ཕྱིན་པ་ཡིན་ན། འཛམ་གླིང་གི་ཁོར་ཡུག་ཚང་མ་ལ་འགྱུར་བ་འགྲོ་ཡི་ཡོད་པ་ངེས་པ་རེད། རྒྱུ་མཚན་ནི་བོད་ཀྱི་རྒྱུག་ཆུ་རྣམས་རྫོགས་པ་ཡིན་ན་འཛམ་གླིང་གང་སར་དཀའ་ངལ་ཆེན་པོ་ཡོང་གི་རེད། གངས་རི་རྣམས་བཞུར་བ་ཡིན་ན་བོད་ཙམ་མ་ཟད་འཛམ་གླིང་ཚང་མར་ཚ་བ་ཆེ་རུ་འགྲོ་བ་གསལ་པོ་རེད། མཐའ་མ་དེར་ང་ཚོ་ཚང་མས་ཁོར་ཡུག་གི་ཉིན་མོ་འདིར་རྩི་ཤིང་འདེབས་འཛུགས་བྱེད་པ་ལས་གང་བྱུང་གིས་རྩི་ཤིང་གཅོད་འབྲེག་རྩ་བ་ནས་མ་བྱེད་རོགས་གནང་། ལྷག་པར་དུ་ཁོར་ཡུག་ལ་སྦགས་བཙོག་བཟོ་རྒྱུ་སོགས་མི་བྱེད་པར་གཙང་མ་བྱས་ནས་ཉར་རོགས། […]