དཔར་སྐྲུན་གསལ་བཤད། ༄༅། །གཏན་ཉིན་སློབ་གྲྭའི་ནང་བོད་ཡིག་འབྲི་ཀློག་དག་གསུམ་གྱི་གཞི་རྩའི་ནུས་རྩལ་གོང་མཐོར་གཏོང་རྒྱུ་དེ་གཙོ་གནད་ཅིག་ཏུ་ངོས་འཛིན་གྱིས་ཉེ་བའི་ལོ་ཤས་ནང་འདི་ག་ལས་ཁུངས་ནས་རང་རེའི་ཕྱི་ནང་རྩོམ་པ་པོ་མང་པོ་ཞིག་གིས་མཛད་པའི་འབྲེལ་ཡོད་བརྩམས་ཆོས་དུ་མ་ཞིག་གཏན་ཉིན་སློབ་གྲྭ་ཡོངས་ལ་རིན་མེད་དཔར་འགྲེམས་ཞུས་ཡོད། ད་ལམ་སིམ་ལ་གཏན་སློབ་ཀྱི་ཆོས་དགེ་ཆོས་མཛད་ཕུན་ཚོགས་དབང་འདུས་ལགས་ཀྱི་ཕྱག་དེབ་འདི་རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཟུར་ལྟའི་ཆེད་དཔར་འགྲེམས་བྱ་རྒྱུ་དང་ཆབས་ཅིག་དེབ་འདིའི་རྩོམ་པ་པོའི་ལྷག་བསམ་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༡༣ ཉིན། མཚམས་སྦྱོར། ༄༅། །བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་འདི་ཉིད་ཀྱི་འགྲེལ་བ་གཙུག་ལག་འཇུག་སྒོ་ཞེས་པ་ཞིག་རང་རེའི་སློབ་གྲྭའི་ཆོས་དགེ་ཕུན་ཚོགས་དབང་འདུས་མཆོག་ནས་ལོ་མང་རིང་ལས་ཞོར་དུ་བསྐྱར་ཞིབ་ཡང་ཞིབ་བྱས་ཏེ་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་རང་གི་རིག་གཞུང་ལ་སྨན་ཕྱིར། ལྷག་པར་དུ་དེང་དུས་ཀྱི་གཞོན་སྐྱེས་སྤྱི་དང་སློབ་གྲྭ་བའི་དགོས་མཁོར་དམིགས་ཏེ་རྩོམ་འབྲི་གནང་བའི་དག་ཡིག་འགྲེལ་བ་འདི་ཉིད་གོ་བདེ་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང༌། འགྲེལ་སྟངས་ཀྱང་དེང་དུས་དང་མཐུན་པས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱས་ན། སློབ་ཕྲུག་མི་ཉུང་བ་ཞིག་ལ་ཕན་ཐོགས་ངེས་ཅན་ཡོང་བར་སྙམ་སྟེ། རང་གཞུང་ཤེས་རིག་ལས་ཁུངས་ལ་རེ་སྐུལ་ཞུས་པར་བསྐྱར་བཅོས་ཕྲན་བུ་དང་སྦྲགས་དཔར་འགྲེམས་དགོངས་བཞེས་ལེགས་ཐོབ་ཀྱིས་ད་ལམ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་ཐུབ་པ་བྱུང་སོང་བར་འདི་ནས་རྩོམ་པ་པོ་ཁོང་གིས་བྱས་རྗེས་ལ་བསྔགས་བརྗོད་དང་ཡི་རང་ཞུ་རྒྱུ་ཡིན། སིམ་ལ་གཏན་འཇགས་སློབ་གྲྭའི་སློབ་སྤྱི་ཚེ་དབང་ནོར་བུ་ནས། ཕྱི་ལོ ༢༠༠༧ ཟླ་བ་༡ ཚེས་༥ ཉིན། སྔོན་གླེང༌། <<དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་སྙིང་འགྲེལ་བྷོ་ཊའི་གཙུག་ལག་འཇུག་པའི་སྒོ་>> ཞེས་བྱ་བ་འདི་ཉིད་དགུ་བཅུ་གོ་བདུན་ལོར་མོན་གྷོ་གཞིས་གྲོང་གསུམ་པར་པད་མའི་ཚལ་སློབ་གྲྭར་གྲྭ་ཚང་གིས་མངགས་གཏོང་བཞིན་ཟླ་གཅིག་དང་ཕྱེད་ཀའི་རིང་སྤྱིར་བཏང་ནང་ཆོས་ཀྱི་ཤེས་བྱ་ངོ་སྤྲོད་དང༌། དག་ཡིག་འདི་སློབ་ཁྲིད་བྱེད་སྐབས་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་ཟུར་མཆན་བཀོད། ཕྱི་ལོ་༡༩༩༧ ཟླ་བ་༥ ཚེས་༡༥ ཉིན་ལས་མཇུག་གྲུབ། ༢༠༠༣ ལོར་དུས་འཁོར་བཀའ་དབང་ཐེངས་༢༨ པ་མཇུག་གྲུབ་རྗེས་ཟུར་མཆན་འདི་བསྐྱར་ཞིབ་ཀྱིས་སྣོན་འཕྲིའི་ནོར་བཅོས་ཐེངས་འགར་བགྱིས་པས། དཔར་རྩ་འདི་ཅུང་རྒྱས་ཙམ་སོང་གྲོགས་པོ་མི་ཉུང་བ་ཞིག་གིས་དེར་གཟིགས་རྗེས་མཆན་འགྲེལ་འདི་རང་སོར་བསྐྱུར་མི་འཇོག་པར་དེབ་གཟུགས་སུ་བཟོ་བསྐྲུན་བྱ་ཐུབ་ན། རང་རིགས་གཞོན་སྐྱེས་དང༌། ཕྱི་མི་བོད་ཡིག་ལ་གསར་དུ་དོ་སྣང་བྱེད་མཁན་རྣམས་ལ་རམ་འདེགས་མི་དམན་པ་ཞིག་ཐེབས་ངེས་ཞེས་སྐུལ་ལྕག་ལྷུག་སྩོལ་རྒྱུན་མར་གནང་བ་དང༌། ༢༠༠༦ ལོར་སིམ་ལ་གཏན་སློབ་ཀྱི་ཆོས་དགེར་འདེམས་ཐོན་བྱུང་རྗེས་ལས་ཞོར་དུ་འདི་གར་སློབ་གྲྭའི་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་དག་ཡིག་སྐྱ་རེངས་གསར་པ་ཟུར་ཁྲིད་བྱེད་སྐབས་མིང་ཚིག་ཁ་ཤས་ཤིག་ཟུར་འདོན་བྱས་ཏེ་དེབ་འདིའི་མཇུག་ཏུ་དགོད་རྒྱུའི་འཆར་འགོད་བྱས་པ་དང༌། དག་ཡིག་འདི་གློག་ཀླད་དུ་བཅུག་སྟེ་བསྐྱར་ཞིབ་ཐེངས་གསུམ་པ་བྱས། རང་རེ་སློབ་གྲྭའི་སློབ་སྤྱི་ཚེ་དབང་ནོར་བུ་མཆོག་གིས་ཀྱང་དེར་གཟིགས་རྗེས་ཐུགས་དགོངས་ཡངས་མོས་གང་ཅིའི་ཐད་རོགས་རམ་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་བརྟེན་ཀློག་པ་པོ་ཁྱེད་རྣམ་པའི་སྤྱན་ལམ་དུ་གཟིགས་འབུལ་ཞུ་ཐུབ་པར་དགའ་གུས་ཡི་རང་གི་གནས་སུ་གྱུར། དག་ཡིག་འདི་ནི་ས་པཎ་གྱི་གསུང་ཐོར་བུའི་གྲས་སུ་གཏོགས་པ་ལས་གསུང་འབུམ་ཁྲོད་དུ་མེད། འོན་ཀྱང་འགའ་ཞིག་གིས་གསུང་འབུམ་དུ་མེད་ཚེ་ས་པཎ་གྱི་གསུང་མ་ཡིན་པར་བརྩིས་མོད་ཀྱི་དེ་ནི་མ་ངེས་ཏེ། ས་པཎ་གྱི་གསུང་མིན་པ་གསུང་འབུམ་དུ་བཀོད་པ་དང༌། ཁོང་གི་གསུང་དྲི་མ་མེད་པ་དུ་མ་ཞིག་གསུང་འབུམ་ཁྲོད་དུ་མེད་པ་དེ་འདྲ་མང་དུ་མཆིས།(ས་པཎ་གྱི་གསུང་རྩོམ་ཡོངས་རྫོགས་པོ་ཏི་ཉིས་བརྒྱ་ལས་བརྒལ་བ་ཡོད་ཅེས་ས་སྐྱ་མཐོ་སློབ་ཀྱི་མཁན་པོ་རྒྱ་མཚོ་ལགས་ནས་གསུངས་བྱུང༌།) རྩ་བ་མི་མཐུན་པ་གཉིས་དང༌། དག་ཡིག་གཞན་དག་ནས་ཞིབ་བསྡུར་བྱས་ཤིང་ཁོ་བོའི་རིག་པས་ཀྱང་དཔོག་ཅི་ནུས་ཀྱིས་ཡིག་ནོར་བྱུང་བའི་མིང་ཚིག་རྣམས་ཀྱི་འོག་ཏུ་ཐིག་(_ )རེ་འཐེན་ཞིང་གང་བཅོས་པ་རྣམས་གུག་རྟགས་སུ་བཀོད་པ་ལས་མཐའ་གཅིག་ཏུ་ཡིག་ནོར་རེད་ཅེས་ཁ་ཚོན་གཅོད་མ་སྤོབས་པར་མཆན་འགྲེལ་སྐབས་གསལ་བཤད་ཞུས་ཡོད། དེབ་འདིའི་ཀླད་དུ་བཀོད་པའི་རྩ་བ་ནི་ཁོ་བོས་བཅོས་པ་ལྟར་ཡིན། ལར་ཡིག་ནོར་འདི་དག་འབྱུང་རྐྱེན་ནི་ཕྱིས་སུ་པར་བཤུས་བྱེད་སྐབས་ཤིང་པར་རྙིང་པ་རུ་ཡིག་འབྲུ་མི་གསལ་བའི་དབང་གིས་བྱུང་བ་ཞིག་ཡིན་སྙམ། དག་ཡིག་འདིའི་རིག་པའི་འགྲོ་སྟངས་ནི། “རྒྱལ་བའི་སྐུ་ནི་ས༵་སྐུ་ལ། །རྐུན་མ་དག་ནི་ར༵་རྐུན་ཡིན། །” ཞེས་སྒྲ་འདྲ་ཡང་མགོ་ཅན་ལ་ཁྱད་པར་ཡོད་པ་དང༌། ཡང་”དྲུང་དུ་མཇལ་བ་མ༵་མཇལ་ལ། […]
བོད་ཀྱི་བརྡ་དག་བློ་གསལ་ཉེར་མཁོ།
[toc] ཆེད་བརྗོད། ༄༅། །གཏན་ཉིན་སློབ་གྲྭའི་བོད་ཡིག་ཤེས་ཚད་ཉམས་ཆག་ཕྱིན་པའི་རྒྱུ་རྐྱེན་ནམ་མངོན་ཚུལ་གཙོ་བོ་ཞིག་ནི། རྩོམ་འབྲིའི་ནུས་པ་ཞན་པ་དེ་ཡིན་ལ། བརྡ་དག་ནི་རྩོམ་འབྲིའི་བྱ་བར་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན་པས། འདི་ག་ཤེས་རིག་ལས་ཁུངས་ནས་སློབ་མའི་འབྲི་ཀློག་དོན་གསུམ་གྱི་གཞི་རྩའི་ནུས་རྩལ་གོང་མཐོར་གཏོང་རྒྱུ་དེ་སྐད་ཡིག་སློབ་སྦྱོང་གི་གཙོ་གནད་ཅིག་ཏུ་བཟུང་སྟེ་ཤུགས་སྣོན་རྒྱག་མུས་ཐོག ལྷག་བསམ་དང་མཁྱེན་ཡོན་ལྡན་པའི་མཁས་པ་དང་རྩོམ་པ་པོ་མང་དག་ཅིག་གིས་རང་རང་གི་ལེགས་སྐྱེས་ཕུལ་ཏེ་རམ་འདེགས་དང་རྒྱབ་སྐྱོར་གནང་དང་གནང་མུས་ལ་འདི་ནས་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་ཡིན། སྐུ་ཞབས་འབྲས་གཙང་བསྟན་འཛིན་ཐབས་མཁས་ལགས་ཀྱིས་བརྩམས་པའི་བོད་ཀྱི་བརྡ་དག་བློ་གསལ་ཉེར་མཁོ་ཞེས་པའི་ཕྱག་དེབ་འདིའི་ནང༌། གཞི་རིམ་སློབ་གྲྭའི་སློབ་མར་ཉེར་མཁོའི་དག་ཡིག་སྒྲ་ཉེ་ཞིང་དོན་མི་འདྲ་བ་དུ་མ་ཞིག་བཀོད་ཡོད་པ་དང༌། དེབ་འདིའི་མཇུག་ཏུ་སློབ་མ་ཚོར་ཉེ་བར་མཁོ་བའི་རིག་གནས་བཅུའི་ངོ་སྤྲོད་དང༌། དགུ་མཐའ་དང་གྲངས་གནས། བཀྲ་ཤིས་རྟགས་བརྒྱད་ཀྱི་འགྲེལ་བཤད་སོགས་རྒྱུན་ཤེས་ཀྱིས་ཟུར་བརྒྱན་འདུག་པ་དེང་སྐབས་ཀྱི་སློབ་མ་ཚོར་ཕན་ཐོགས་ཡོང་རེ་འདུག་པས། འདི་ག་ལས་ཁུངས་ནས་དཔར་སྐྲུན་བགྱིས་ཏེ་གཏན་ཉིན་སློབ་གྲྭ་ཁག་ཏུ་རིན་མེད་འགྲེམས་སྤེལ་བྱས་པ་ཡིན། མཐའ་དོན། དོ་བདག་རྩོམ་པོའི་ལྷག་བསམ་དང་མཛད་རྗེས་ལ་བསྔགས་བརྗོད་དང་བཅས་དཔར་སྐྲུན་གསལ་བཤད་དུ། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཚན་པས། ཕྱི་ལོ་༢༠༠༦ ཟླ་༩ ཚེས་༦ ཉིན། བཀའ་སློབ། བོད་ཡིག་བོད་པས་མ་སྦྱང་ན་སུས་སྦྱང། བོད་ཡིག་བོད་པས་བདག་པོ་མ་བརྒྱབ་ན་སུས་རྒྱག དེར་བརྟེན་ང་ཚོས་བོད་ཡིག་གཙོ་བོར་གྱུར་པའི་ཤེས་ཡོན་ལ་དང་འདོད་དང་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད། བཀའ་སློབ་འདི་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༨༥ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་སུ་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་བསྩལ་པའི་བཀའ་སློབ་ལས་ཟུར་འདོན་ཞུས། ང་ཚོ་བོད་ལ་ཡི་གེ་དར་ནས་ལོ་ངོ་ ༡༣༠༠ ལྷག་གི་ལོ་རྒྱུས་ཡོད་ལ། ང་ཚོའི་སྐད་ཡིག་འདི་ཆོས་ལུགས་དང་ཚན་རིག་གང་ཡིན་ཀྱང་རུང་སྟེ་སྒྲ་སྙན་སྨན་རྩིས་སོགས་རིག་གནས་བཅུ་པོ་དེ་བཞིན་བོད་ཡིག་འདི་ཉིད་ལ་བརྟེན་ནས་ཁུངས་འཁྱོལ་བ་རེད། སྐད་ཡིག་གཞན་གྱི་སྟེང་ནས་ལག་ལེན་བྱས་པ་ཞིག་རྩ་བ་ནས་ཡོད་པ་མ་རེད། ང་ཚོས་བོད་ལ་བོད་ཡིག་བེད་སྤྱོད་གཏོང་དགོས་པ་དང༌། བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་པ། བོད་མི་རིགས་འདིའི་རིག་གཞུང་ཡོད་ཚད་ཆོས་ལུགས་དང་འབྲེལ་བ་ཤུགས་ཆེན་ཡོད། བཀའ་སློབ་འདི་ནི་ྋཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས། ཕྱི་ལོ་ ༡༩༨༨ ཕྱི་ཟླ་གཉིས་པའི་ནང་གནང་བ་ཞིག་རེད། གླེང་བརྗོད། སྔོན་བྱོན་མཁས་པ་རྣམས་ཀྱིས་ལྗགས་རྩོམ་གནང་བའི་དག་ཡིག་རྒྱས་བསྡུས་མང་པོ་ཞིག་ཡོད་ཀྱང༌། བདག་གིས་མཐོང་ཐོས་བྱུང་བ་ནི་དག་སྡེབ་གྲངས་བཞི་བཅུ་ཞེ་གཉིས་ཙམ་དང༌། དེའི་ནང་ནས་དངོས་སུ་མཇལ་མྱོང་བ་ནི། ༡) སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། ༢) སློབ་ཆུང་དག་ཡིག […]
བྱ་ཚིག་ཉམས་ཞིབ།
ཆེད་བརྗོད། ༄༅། །འདས་པའི་ལོ་ངོ་བཅུ་ཕྲག་ཙམ་ནས་བཟུང༌། བོད་མི་བཙན་བྱོལ་བའི་གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་རིམ་གྱིས་ཉམས་ཞན་དུ་སོང་ཡོད་པ་ནི་འབྲེལ་ཡོད་དུ་མས་ཁ་གཅིག་གྲགས་ལྟ་བུར་གླེང་བརྗོད་བྱེད་བཞིན་ཡོད། གནས་སྟངས་དེར་གདོང་བྱེད་ཐབས་ཇི་དགེའི་ཐད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་དུ་མས་བགྲོ་གླེང་དང་འབོད་བསྐུལ། གྲོས་ཆོད་དང་སྒྲིག་གཞི་རབ་དང་རིམ་པ་བརྒྱུད་ལས་རིམ་དུ་མ་ཞིག་སྤེལ་དང་སྤེལ་མུས་ཡིན་ནའང༌། གཞན་དབང་སྟབས་བསྟུན་གྱི་གནས་སྟངས་འོག་རྩ་བའི་གནས་སྟངས་ལ་འགྱུར་བ་གཏོང་བར་ཡུལ་དུས་ཁོར་ཡུག་སོགས་རང་ཅག་གིས་འཕོ་འགྱུར་གཏོང་མི་ནུས་པའི་འགལ་རྐྱེན་ཁག་ཕུད། དགེ་རྒན་དང༌། སློབ་དེབ། སློབ་འཁྲིད་སོགས་རང་ལག་ཏུ་ཡོད་པའི་ཆ་རྐྱེན་ཁག་དུས་བསྟུན་ཡར་རྒྱས་སྤུས་དག་ཏུ་གཏོང་རྒྱུའི་ཐད་འདི་ག་ལས་ཁུངས་ནས་ནུས་ཤུགས་ཡོད་དགུ་འདོན་མུས་ཡིན། སློབ་གྲྭའི་སློབ་སྦྱོང་གི་དམིགས་ཡུལ་འགྲུབ་པ་ལ་གཙོ་བོ་སློབ་ཕྲུག་དང་འབྲེལ་ཡོད་དགེ་ལས་དང་ཁྱིམ་ཚང་ཕ་མ་བཅས་ནས་རང་གཞུང་གི་སྲིད་བྱུས་སྤྱི་དང་མཛད་ཕྱོགས་ལ་གཞོགས་འདེགས་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྟབས། འདི་ག་ལས་ཁུངས་ནས་རང་རེའི་མ་འོངས་སོན་རྩའི་ཐོག་ཐུགས་ཞེན་ཆེ་བའི་ཤེས་ཡོན་ཅན་སྤྱི་དང༌། ཁྱད་པར་ལོ་མང་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་པའི་དགེ་རྒན་ཟུར་པ་ཁག་གི་རིན་ཐང་ཆེ་བའི་ཉམས་མྱོང་དང་དགོངས་ཚུལ་བསྡུ་རུབ་ཀྱིས། ཕྱིས་འབྱུང་ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་དུ་སྦྱར་དང་སྦྱོར་མུས་ཡིན། ཐེངས་འདིར་བོད་དགེ་ཟུར་པ་ཨ་ཙརྱ་ངག་དབང་བློ་བཟང་ལགས་ཀྱིས་བརྩམས་པའི་སྨྱབྱ་ཚིག་ཉམས་ཞིབ་ཡཅེས་པའི་དེབ་ཆུང་འདི་དཔར་འགྲེམས་བྱས་ཡོད། ཕྱག་དེབ་འདི་གཞི་རིམ་བར་མ་དང་གོང་མའི་སློབ་ཕྲུག་ལ་འཚམས་པའི་བྱ་ཚིག་ཁོ་ན་བཀོད་པའི་དག་ཡིག་ཅིག་ཡིན་འདུག་ལ། དག་ཡིག་འགོད་སྟངས་ཀྱང་རྒྱུན་སྲོལ་གྱི་དག་ཡིག་ལྟར་བྱ་ཚིག་མི་འདྲ་བའི་ཁྱད་པར་དང་གོ་དོན་འགྲེལ་བརྗོད་མེད་པར་ཚིག་གྲོགས་ཙམ་གྱིས་འཐུས་པར་མ་གནང་བར། བྱ་ཚིག་སོ་སོའི་གོ་དོན་སྤྱི་དང༌། དེ་དག་ལག་ལེན་ཁྲོད་བཀོལ་སྤྱོད་བྱེད་སྟངས་ཀྱི་ཞིབ་ཕྲའི་ཁྱད་པར་བཅས་འགོད་ཐབས་གནང་འདུག་པས། དེང་སྐབས་རང་རེའི་གཏན་ཉིན་སློབ་གྲྭ་ཁག་ཏུ་སྨོས་ཅི། སྤྱི་ཚོགས་ཧྲིལ་པོའི་ཁྲོད་སྐད་ཡིག་གཞན་གྱི་ཤན་ཞུགས་འོག རང་སྐད་ཐ་སྙད་ཀྱིས་མ་འདང་བར་སྐད་ཡིག་ཁྲོད་བྱ་ཚིག་བེད་ལོག་གཏོང་བ་ཆུ་ངན་ལམ་ཤོར་གྱི་དཔེ་རུ་འགྲོ་མུས་ཀྱི་གནས་སྟངས་འདི་ལྟ་བུའི་འོག བྱ་ཚིག་སྐོར་ཆེད་གཉེར་ཉམས་ཞིབ་གནང་བ་འདིར་དམིགས་བསལ་གྱི་དགེ་མཚན་ཡོད་པ་གོར་མ་ཆག་པས། འདི་ག་ལས་ཁུངས་ནས་དོ་བདག་རྩོམ་པ་པོའི་ལྷག་བསམ་དང་མཛད་རྗེས་ལ་བསྔགས་བརྗོད་དང་སྦྲགས། རང་རེའི་གཏན་ཉིན་སློབ་གྲྭ་ཚང་མས་དཔེ་དེབ་འདིའི་དགེ་བེད་སྤྱོད་ཐུབ་པ་ཞིག་ཅི་ནས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས། བོད་རྒྱལ་ལོ་༢༡༣༣ ཕྱི་ལོ་༢༠༠༦ ཟླ་༧ ཚེས་༥ ཉིན། གླེང་བརྗོད། རྣམ་དག་གཙུག་ལག་བརྡ་ཡི་རྣམ་བཤད་ལས། །རྣམ་མང་ལས་ཚིག་རྣམ་པར་དབྱེ་བ་རྣམས། ། རྣམ་པར་འཐོར་བ་བསྡུས་པའི་རྣམ་འབྱེད་འདིས། །རྣམ་པར་མ་འདྲེས་རྣམ་དཔྱོད་ཅན་ལ་བཤད། ། ཅེས་པའི་སྐབས་སུ་གླེང་བར་བྱ་བ་ནི། བྱ་བྱེད་ཀྱི་ཚིག་གི་རྣམ་གཞག་ཡིན་ལ། དེ་ཡང་སྤྱིར་ལས་ཚིག་ལ་བྱ་ཚིག་བརྗོད་པ་དང༌། ཞིབ་ཆ་ཕྱེ་ན་བྱ་ཚིག་དང་བྱེད་ཚིག་གཉིས་བསྡོམས་པ་ལ་ལས་ཚིག་བརྗོད་ཆོག དུས་གསུམ་དབྱེ་རུང་བའི་ཚིག་ལ་ལས་ཚིག་གཞག་དགོས། དེ་ལས་བྱེད་འབྲེལ་ལས་ཚིག་དང༌། བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་དད་པ་དང༌། ཐ་མི་དད་པ་གཉིས་སུ་བྱུང་ཞིང༌། ཞིབ་ཕྲའི་དབྱེ་བ་ལའང་འདོད་ཚུལ་མི་མཐུན་པ་སྣ་ཚོགས་མཐོང་བ་དང༌། རང་ཅག་གངས་ཅན་པའི་སྐད་ཀྱི་ནང་ཡིག་གཟུགས་འགྱུར་བ་ལ་བརྟེན་ནས། དུས་ཚོད་གང་བསྟན་པ་གོ་དགོས་པས། དོན་གཅིག་གི་ཐོག་ཏུ་དུས་ཀྱི་དབང་གིས་ཡིག་གཟུགས་མི་འདྲ་བ་བྱུང་ཞིང༌། སྐབས་གང་ལ་དུས་གསུམ་གྱི་ཚིག་གང་སྦྱར་དགོས་པའི་ཞིབ་ཆའི་དོན་རྟོགས་དཀའ་བ་ཡོད་པ་དང༌། དུས་གསུམ་གྱི་ཚིག་གཅིག་གི་དོན་ཤེས་ཀྱང༌། གཟུགས་འགྱུར་བའི་སྐབས་མ་ཤེས་པ་དུ་མ་ཡོང་གི་ཡོད་པ་མ་ཟད། བྱ་ཚིག་འབྲི་སྟངས་ཀྱང་ཐ་གཅིག་ཏུ་གཏན་ཁེལ་མེད་པའི་དཀའ་ངལ་ཡོད་བཞིན་པ། བྱ་ཚིག་གི་ཤན་ཞུགས་པའི་མིང་ཚིག་འབྲི་སྟངས་ལ་དུས་གསུམ་སྐུལ་ཚིག་གང་རུང་མ་ངེས་པ་ཡོད་པ། […]
འཛིན་རིམ་བཅུ་པའི་བོད་ཡིག་སློབ་དེབ་ལས་...
འཕྲུལ་དེབ་འདི་ནས་ཕབ་ལེན་བྱོས། གློག་རྡུལ་དེབ་འདི་ནས་ཕབ་ལེན་བྱོས།