བསོད་ནམས་ལྷ་མོ།་ འཛིན་གྲྭ་བཅུ་གཉིས། དྷོ་ལན་ཇི་སམ་བྷོ་ཊ་ཉིན་སློབ། འཇིག་རྟེན་འདིའི་ནང་མི་རིགས་འདྲ་མིན་ལས་གྲུབ་པའི་རྒྱལ་ཁབ་མི་འདྲ་བ་མང་པོ་ཡོད་པ་ལས། བོད་ནི་དེའི་ཁོངས་སུ་རྟོགས་པའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཞིག་ཡིན། རྒྱལ་ཁབ་ཚང་མ་ལ་སོ་སོའི་སྐད་དང་རིག་གཞུང་གི་ཁྱད་ཆོས་དམིགས་བསལ་རེ་ཡོད།རྒྱལ་ཁབ་དང་མི་རིགས་གནས་མ་གནས་ནི་རྒྱལ་ཁབ་དེའི་ནང་གནས་སྡོད་བྱེད་མཁན་གྱི་མ་འོངས་ན་གཞོན་ཚོའི་ནུས་པ་མཉམ་སྤུངས་དང་ཤེས་ཡོན། སྐད་ཡིག་རིག་གཞུང་འཛིན་སྐྱོང་ཐུབ་མ་ཐུབ་ལ་རག་ལས་ཡོད། བོད་པའི་མི་རིགས་གནས་མི་གནས་ཀྱང་མི་རིགས་དེའི་གཞོན་སྐྱེས་ཚོས་མ་འོངས་མདུན་ལམ་གྱི་ཁ་ཕྱོགས་གང་འདྲ་ཞིག་ཡིན་པ་དང་དེའི་བརྒྱུད་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ནུས་པ་ཐོན་པའི་གྲུབ་འབྲས་ཕུལ་ཐུབ་མིན་ལ་རག་ལས་ཡོད་པས། བོད་རིགས་གཞོན་སྐྱེས་ཚོས་མ་འོངས་པའི་དམིགས་ཡུལ་འཛིན་སྟངས་ཡང་ན་མདུན་ལམ་བཟང་པོ་ཞིག་དགོས་པ་ངས་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཡང་བོད་ཕྲུག་ཅིག་ཡིན་པས་ངའི་དམིགས་ཡུལ་ནི་བོད་ཕྲུག་ན་གཞོན་ཚོ་ལ་སོ་སོ་སློབ་སྦྱོང་ཐོན་རྗེས་མི་ཚེའི་ནང་མ་འོངས་མདུན་ལམ་གང་འདྲ་ཞིག་འཛིན་དགོས་མིན་དང་། དེ་དང་འབྲེལ་བའི་མི་ཚེའི་ནང་ལས་རིགས་གང་གི་ནང་ཞུགས་ན་ལེགས་མིན་སྐོར་ལམ་སྟོན་བྱེད་མཁན་གྱི་མཁས་ལས་པ་ཞིག་ཆགས་འདོད་ཡོད། ང་ཚོ་བོད་ཕྲུག་མང་པོ་ཞིག་གི་རང་གི་མ་འོངས་པའི་མདུན་ལམ་གང་འདྲ་ཞིག་འཛིན་དགོས་མིན་སྐོར་ལ་ངས་ལམ་སྟོན་ཡག་པོ་ཞིག་བྱེད་ཐུབ་པའི་ཡིད་ཆས་ཡོད། བོད་ཕྲུག་མང་པོའི་མི་ཚེ་མདུན་ལམ་ཡག་པོ་ཞིག་བཟོ་ཐུབ་ན་ངོ་མ་ངའི་མི་ཚེའི་དམིགས་ཡུལ་འགྲུབ་པར་ངོས་འཛིན་བྱེད་ཀྱི་ཡིན། བོད་པས་བོད་པར་རོགས་པ་བྱེད་ཐུབ་ན་ཡག་པོ་ཡོད། སྐབས་རེ་བོད་ཕྲུག་མང་པོ་ཞིག་རང་གི་མ་འོངས་དམིགས་ཡུལ་དང་མདུན་ལམ་གང་འདྲ་ཞིག་གི་འོག་ནས་འཚོ་བ་སྐྱེལ་དགོས་མིན་ཐེ་ཚོམ་ངང་སྡོད་ཀྱི་ཡོད། དེ་འདྲའི་སློབ་ཕྲུག་ལ་ལམ་སྟོན་བྱུང་ན་ངོ་མ་དགེ་བ་ཆེན་པོ་ཡོད། ང་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཡིན་དུས་ངའི་མ་འོངས་མདུན་ལམ་ནི་ངའི་ལག་ཏུ་ཡོད་པས་སོ་སོའི་དམིགས་ཡུལ་བཞིན་སློབ་སྦྱོང་གི་སྡེ་ཚན་འདེམས་དགོས། སློབ་ཚན་འདེམས་སྟངས་ཡག་པོ་དང་རན་པོ་མ་བྱུང་ན་མ་འོངས་དམིགས་ཡུལ་བཞིན་ལས་ཀ་བྱེད་རྒྱུ་ཁག་པོ་ཡོང་གི་རེད། དེང་སང་སྤྱི་ཚོགས་ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཀྱི་ལས་ཀ་ལ་རིགས་མི་འདྲ་བ་མང་བས་སོ་སོས་གང་འདོད་པ་ལྟར་བྱེད་རྒྱུ་ཡོད་ཀྱང་སློབ་སྦྱོང་དང་ཤེས་ཚད། དེ་བཞིན་ལག་འཁྱེར་ཏག་ཏག་ཅིག་མེད་ན་ལས་ཀ་བྱེད་ནུས་ཀྱང་བྱེད་རྒྱུའི་གོ་སྐབས་ཐོབ་རྒྱུ་ཁག་པོ་ཡོད། ང་ཚོ་བཙན་བྱོལ་ནང་སླེབས་པའི་རྗེས་བོད་ཕྲུག་མང་པོ་ཞིག་སློབ་གྲྭ་ཆེ་ཆུང་མི་འདྲ་བ་མང་པོ་ནས་སློབ་ཐོན་ཐུབ་པ་བྱུང་ཡོད་ཀྱང་། དེ་ཚོའི་ནང་ནས་མདུན་ལམ་མཁས་ལས་པའི་ལས་ཀ་བྱེད་མཁན་གྱི་སློབ་མ་ལག་པའི་གྲངས་ཀ་ཙམ་ཞིག་ལས་མེད་སྟབས། ངས་མདུན་ལམ་མཁས་ལས་པའི་ལས་ཀ་ལ་བཞུགས་ཏེ་ང་འདྲ་བའི་སློབ་མ་མང་པོའི་མི་ཚེའི་ཁ་ཕྱོགས་འཛིན་སྟངས་ཐོག་སྤྱི་ཚོགས་དང་དུས་ཀྱི་དགོས་མཁོ་ལ་དམིགས་པའི་མ་འོངས་མདུན་ལམ་བཟང་པོ་འདེམས་ཐུབ་པའི་ལམ་སྟོན་བྱེད་རྒྱུ་ཡིན། དམིགས་ཡུལ་འདེམས་སྟངས་ནོར་བའི་རྐྱེན་གྱིས་སློབ་མ་འགའ་ཤས་རང་ཉིད་ཀྱི་བསམ་པ་བཞིན་ལས་ཀ་བྱེད་མ་ཐུབ་པར་མི་ཚེའི་ནང་སེམས་ཤུགས་ཆགས་ཏེ་ལམ་ལོག་པ་ལ་ཕྱིན་པ་ཡང་མང་པོ་མཐོང་མྱོང་ཡོད། རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་ཞུས་མ་ཐུབ་པ་ཡོང་སྲིད་ཀྱང་གལ་ཏེ་བོད་ཕྲུག་མང་པོས་རང་ཉིད་ཀྱི་མི་ཚེ་ཆུ་ཟོས་དང་འཕྲོ་བརླགས་ཕྱིན་སོང་ན་ངོ་མ་ཕངས་པོ་རེད། བོད་ཕྲུག་གཞོན་སྐྱེས་ང་ཚོ་ནི་རྒྱལ་ཁབ་ཀྱི་མ་འོངས་པའི་རེ་བ་དང་གཞི་རྩ་ཡིན་པ་ཚང་མས་ཤེས་གསལ་རེད། ང་ཚོ་རྒྱ་གར་ནང་བཙན་བྱོལ་ལ་གནས་ཡོད་པ་དེ་སེམས་སྐྱོ་དགོས་པ་ཞིག་མ་རེད། ཡིན་ནའང་། ཕྱི་ཡི་ལུང་པ་རུ་བཙན་བྱོལ་ལ་བསྡད་ནས་སློབ་སྦྱོང་ཡག་པོ་མི་བྱེད་པ་དང་དུས་ཚོད་ཆུད་ཟོས་སུ་བཏང་ནས་མི་ཚེ་མདུན་ལམ་མེད་པའི་ན་གཞོན་བེད་མེད་ནུས་མེད་ཞིག་ཆགས་སོང་ན་ངོ་མ་སེམས་པ་སྐྱོ་དགོས་པའི་གནས་ཚུལ་རེད། རྒྱལ་ཁབ་མིའི་ལག་ཏུ་ཤོར་བ་དེ་འདས་པའི་གནས་ཚུལ་ཞིག་རེད། ཡིན་ནའང་། ང་ཚོ་བོད་ཕྲུག་ཚོས་མ་འོངས་མདུན་ལམ་སོ་སོའི་ལག་ཏུ་ཡོད་བཞིན་དུ་དོ་སྣང་དང་འབད་བརྩོན་མ་བྱས་པར་མི་ཚེ་འཕྲོ་བརླག་སོང་ན་མ་འོངས་རྒྱལ་ཁབ་དང་མི་རིགས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོང་མིན་བཤད་ཚོད་ཐུབ་རྒྱུ་ཁག་པོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཕྲུག་ང་ཚོས་སོ་སོའི་མ་འོངས་མདུན་ལམ་དང་དམིགས་ཡུལ་མ་ནོར་བ་ཞིག་འདེམས་དགོས་པ་ཤིན་ཏུ་གལ་ཆེའོ།།
ངའི་མ་འོངས་པའི་དམིགས་ཡུལ།
ངའི་མ་འོངས་པའི་དམིགས་ཡུལ།
ལྷ་མོ་སྒྲོལ་མ། འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་སཾ་བྷོ་ཊ། གུས་མོ་རང་ཉིད་ནི་ལང་ཚོ་དར་ལ་བབ་པའི་སློབ་ཕྲུག་ཅིག་ཡིན། མི་ཚང་མར་མ་འོངས་པའི་དམིགས་ཡུལ་ཡོད་ལ། བདག་ལ་ཡང་མི་ཚེའི་ནང་དམིགས་ཡུལ་ཞིག་ཡོད། དཔེར་ན། ༸གོང་ས་མཆོག་གིས་རྟག་པར་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས། སུ་གཅིག་ལ་ཡང་གནོད་འཚེ་མེད་པར་ཕན་ཚུན་བྱམས་པ་དང་སྙིང་རྗེ་ལྡན་པའི་ངང་ནས་མི་ཚེ་སྐྱེལ་ཐུབ་ན། དེ་ནི་དོན་དམ་པའི་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱིད་པོ་ཞིག་ཡིན་པ་གསུངས་པ་བཞིན། ༸གོང་ས་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ནས་རྟག་ཏུ་བྱམས་བརྩེ་དང་བསམ་པ་བཟང་པོའི་ངང་བདེ་སྐྱིད་ལྡན་པའི་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཨང་བསམ་པ་གཞིར་བཞག་ཐོག འཛིན་གྲྭ་ལྔ་པའི་སྐབས་སུ་གུས་མོ་རང་ཉིད་ལ་དགེ་རྒན་ཞིག་བྱེད་རྒྱུའི་དམིགས་ཡུལ་ཡོད་པ་དེ་བཞིན། ད་ལྟ་འཛིན་གྲྭ་བཅུ་གཉིས་ཀྱི་སྐབས་སུ་ཡང་དམིགས་ཡུལ་སྔར་བཞིན་བཅངས་ནས་འགྲོ་བཞིན་ཡོད། འཛམ་གླིང་ནང་གི་མི་ཚང་མར་དམིགས་ཡུལ་རེ་ཡོད། དཔེར་ན་དགེ་རྒན་དང་། སྨན་ཞབས། སྨན་པ་སོགས་ཡིན། གུས་མོ་ངས་ནི་དགེ་རྒན་ཚད་ལྡན་ཞིག་ཡོང་བའི་ཆེད་དུ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་ཡོད། ཕ་མའི་བཀའ་དྲིན་གསབ་པའི་ཆེད་དང་ཕ་མ་གཉིས་ལ་སྤོབས་པ་ཡོང་བའི་ཆེད་དུ་སློབ་སྦྱོང་ལ་དོ་སྣང་དང་འབད་བརྩོན་བྱེད་ཀྱི་ཡོད། སྤྱི་ཚོགས་ནང་དགེ་རྒན་ལ་གནས་བབས་དེ་ཙམ་མེད་པ་ངས་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ལས་གནས་ཚང་མ་གཅིག་པ་རེད། ང་ལས་གནས་འདི་ལ་དགའ་པོ་ཞེ་དྲག་ཡོད། ལས་གནས་འདི་ངོ་མ་གནས་ཚད་མཐོན་པོ་ཞིག་རེད། གང་ཡིན་ཟེར་ན་དགེ་རྒན་གྱིས་མི་དམངས་ལ་ཤེས་རིག་གི་འོད་སྣང་ཁྱབ་སྤེལ་བྱེད་ཀྱིན་ཡོད་ལ། དེ་ལ་བརྟེན་ནས་མི་དམངས་ཚོ་རྨོངས་གཉིད་ལས་དཀྲོགས་པར་བྱེད་ཅིང་། མི་ཚོའི་རིན་ཐང་སྐྲུན་གྱི་ཡོད། འདི་ནི་ངའི་བསམ་ཚུལ་དང་ཡིད་ཆེས་ཡིན། ངས་བསམ་ན་ཤེས་ཡོན་ཅན་ཉམ་ཐག་པ་ཞིག་ཡིན་ནའང་། ཁོང་ནི་ཤེས་ཡོན་མེད་པའི་འབྱོར་ལྡན་ཅན་དེ་ཚོ་ལས་ལྷག་པ་ཡོད། དེ་ནི་ང་དགེ་རྒན་བྱེད་འདོད་པའི་རྒྱུ་མཚན་ཞིག་ཀྱང་ཡིན། ང་རང་དགེ་རྒན་ཞིག་ཆགས་སོང་ན། ངས་སློབ་ཕྲུག་རྣམས་ལ་བྱམས་དང་བརྩེ་བའི་སྒོ་ནས་རང་ཉིད་ཀྱིས་གང་ཤེས་པ་མཐའ་དག་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པའི་སྒོ་ནས་སློབ་ཁྲིད་བྱེད་ངེས་ཡིན་ལ། རིག་སྟོབས་ཞན་པའི་སློབ་ཕྲུག་ཚོ་ལ་དམིགས་བསལ་དོ་སྣང་བྱས་ནས་སློབ་ཁྲིད་བྱེད་རྒྱུ་ཡིན། ངས་ད་ལྟ་ནས་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཐད་བསམ་གཞིག་བྱེད་ཀྱི་ཡོད་ཅིང་། སློབ་ཁྲིད་ཐབས་ལམ་སོ་སོའི་ཕན་ནུས་ཀྱི་སྐོར་ལའང་བསམ་བློ་གཏོང་གི་ཡོད། ངའི་རེ་བ་ནི་ང་རང་མ་འོངས་པར་ང་རང་དགེ་རྒན་ཚད་ལྡན་ཞིག་ཏུ་གྱུར་ན་ཅི་མ་རུང་བསམ་པ་དེ་ཉིད་ཡིན།
ངའི་མ་འོངས་པའི་དམིགས་ཡུལ།
ཀུན་དགའ་བདེ་ཆེན། འཛིན་རིམ་བཅུ་གཉིས། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། སྤྱིར་བཏང་ནས་སློབ་གྲྭའི་ནང་སྐུ་ངོ་དང་མི་སྣ་གྲགས་ཅན་སུ་འདྲ་ཞིག་ཕེབས་ཀྱང་སློབ་ཕྲུག་རྣམས་ལ་“ཁྱེད་རང་གི་དམིགས་ཡུལ་གང་ཡིན།”ཞེས་དང་། ཡང་ན། “མ་འོངས་པར་ནར་སོན་དུས་ཁྱེད་རང་ག་རེ་བྱ་རྒྱུ་ཡིན་ནམ།”ཞེས་བཀའ་འདྲི་གནང་གི་ཡོད། རང་ཉིད་ལོ་ན་ཆུང་དུས་སུ་བསམ་བློ་ཞེ་དྲག་མ་བཏང་ནས་སེམས་ནང་གང་ཤར་བ་དེ་མར་བརྗོད་ཀྱི་ཡོད། འོན་ཀྱང་ད་ཆ་ལོ་བཅུ་བདུན་ཟིན་ཚར་དུས་དྲི་བ་དེ་དག་ལ་བསམ་བློ་རྒྱ་ཆེན་པོ་ཞིག་གཏོང་དགོས་ཀྱི་འདུག་པས་ཚོར་བ་ཤུགས་ཆེན་པོ་ཞིག་རང་བཞིན་གྱིས་སྐྱེ་ཡི་འདུག། བདག་གི་པྰ་ལགས་ལ་ཆ་བཞག་ན་ཁོང་ལོ་བཅུ་དྲུག་ཐོག་དམག་མིར་ཞུགས་པ་རེད། ལོ་ན་སུམ་ཅུ་སོ་བཞིའི་རིང་རྒྱ་གར་གཞུང་ལ་ཞབས་ཕྱི་ཞུས་ཤིང་། ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་ནང་གི་མངའ་སྡེ་ཀར་གྷིལ་ལ་དམག་ཤོར་དུས་ཁོང་དང་ཁོང་གི་དམག་གྲོགས་འགའ་ཤས་དམག་ནང་འཛུལ་ཞུགས་བྱས་ཏེ་ས་ཆ་དེ་དག་པ་ཀི་སི་ཏན་ནས་ཚུར་ལེན་ཐུབ་པ་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༣ ཟླ་ ༡༢ ཚེས་ ༢༡ ཉིན་ཁོང་ལ་སྐབས་དེའི་རྒྱ་གར་སྲིད་བློན་ཨ་ཌལ་བྷི་ཧ་རི་ཝཇ་པ་ཡི་ཕྱགས་ནས་༼Asadharan Suraksha Seva Praman Patra Gallantry Award ༽ ཡང་ན་༼ASSPP༽ ཟེརབའི་་གཟེངས་རྟགས་རིན་ཐང་བྲལ་བ་འདི་ཐོབ་པ་རེད། ཁོང་ནི་བདག་གི་མིག་དཔེ་བལྟ་སའི་སྐྱེ་བོ་ཞིག་ཡིན། ཁོང་གིས་ནམ་རྒྱུན་བདག་ལ་སློབ་སྦྱོང་ཡག་པོ་བྱོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ལ་ཞབས་ཕྱི་ཞུ་དགོས་ཞེས་བཀའ་སློབ་ཡང་ཡང་གནང་གི་ཡོད། ང་ཚོའི་སློབ་གྲྭའི་ཉིན་ལྔ་བཅུའི་གུང་སེང་ཕྱི་ཟླ་ལྔ་པའི་ཚེས་ ༡ ནས་བཏང་སོང་། ཟླ་བ་གཉིས་ཙམ་གོང་ནས་ང་རང་ཟབ་ཁྲིད་ལ་འགྲོ་རྒྱུའི་བསམ་བློ་བཏང་པ་ཡིན། ངས་བསམ་ཚུལ་དེ་ཕ་མ་ལ་ཤོད་སྐབས་དགག་བྱ་རྩ་བ་ནས་མེད་པར་སློབ་སྦྱོང་གི་ཆེད་དུ་མཐུན་རྐྱེན་ག་རེ་སྦྱར་དགོས་ཀྱི་ཡོད་ཀྱང་སྦྱར་གྱི་ཡིན་ཞེས་གསུངས་གནང་བྱུང། ངའི་འཛིན་གྲོགས་འགའ་ཤས་ཕ་མས་བཏང་མི་འདུག། ཕ་མ་གཉིས་ཀྱིས་ཚད་ལས་བརྒལ་བའི་རྒྱབ་སྐྱོར་འདི་ཚོ་བདག་སྨན་པ་ཞིག་བྱ་རྒྱུའི་དམིགས་ཡུལ་འདི་བསྒྲུབ་པར་སྟབས་བདེ་རུ་གཏོང་བ་དང་དཀའ་ངལ་ཕྱེད་ཀ་ཙམ་བསལ་བ་ལྟ་བུར་གྱུར། ཕྱི་ཚེས་ ༧ ཉིན་ནང་ནས་ཐོན་པ་དང་ཉིན་དེ་ག་རང་དར་ཝར་ལ་འབྱོར། ཚེས་ ༨ ནས་ཟབ་ཁྲིད་ཀྱི་འཛིན་གྲྭ་འགོ་ཚུགས། ཉིན་ལྟར་ཞོགས་པ་ཆུ་ཚོད་བདུན་པ་ནས་ཕྱི་དྲོ་ཆུ་ཚོད་བདུན་པ་བར་དུ་འཚོགས་ཀྱི་འདུག། ཆུང་དུས་ནས་བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས་ད་ལན་རྒྱ་གར་སྤྱི་ཚོགས་ཁྲོད་སྡོད་དུས་དཀའ་ངལ་ཅུང་ཟད་འཕྲད་ཀྱི་འདུག དཔེར་ན་ང་ཚོའི་སྡོད་ཁང་གཅིག་བུའི་ནང་མི་རིགས་དབྱེ་འབྱེད་བྱས་ནས་ང་ཚོར་འཕྱ་སྨོད་བྱས་བྱུང། འོན་ཀྱང་གུས་མོས་དེ་ཚོ་ཚང་མ་བཟང་ཕྱོགས་ནས་བསམ་བློ་བཏང་སྟེ། རང་ཉིད་ལ་ཉམས་མྱོང་གསར་པ་ཐོབ་པ་རེད་སྙམ་གྱི་ཡོད། ཐེངས་གཅིག་བོད་པའི་སྤྱི་ཚོགས་དྲན་ཏེ་མིག་ཆུ་རང་དབང་མེད་པར་ཤོར་བྱུང། འོན་ཀྱང་རང་ཉིད་ས་གནས་འདི་ལ་སློབ་སྦྱོང་བྱེད་དུ་སླེབས་པ་དྲན་ནས་རང་ཉིད་ཀྱིས་རང་ཉིད་ལ་སེམས་གསོ་བྱས་པ་ཡིན། དུས་རབས་ཉེར་གཅིག་པའི་ནང་མི་ཡི་མི་ཚེར་དཔལ་འབྱོར་དང་ཕྱིའི་དངོས་པོའི་ཐོག་ནས་ཡར་རྒྱས་ཤུགས་ཆེན་འགྲོ་གི་ཡོད། འོན་ཀྱང་ལུང་པ་འགའ་ཤས་ནང་ད་དུང་ཡང་མིའི་རིགས་ལ་གཞི་རྩའི་དགོས་མཁོ་སྟེ་ཉིན་རེའི་བཟའ་ཆ་ཡང་འདང་ངེས་རག་གི་མེད་པ་དང་། ས་ཁུལ་ཁ་ཤས་ནང་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ་མ་འདང་པའི་རྐྱེན་གྱིས་ན་ཚ་འདྲ་མིན་ཡོང་གི་ཡོད། […]
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་ཀུན་བཟང་། འཛིན་གྲྭ་བཅུ་གཉིས། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། ཡངས་ཤིང་རྒྱ་ཆེ་བའི་གོ་ལའི་ཁྱིམ་གཞི་ཆེན་པོ་འདིའི་ནང་འཚོ་གནས་བྱེད་པའི་སྐྱེ་བོ་མཆོག་དམན་ཀུན་ལ་རང་རང་གི་འབྱུང་འགྱུར་གྱི་བྱ་གཞག་ལ་བརྟེན་ནས་བསྒྲུབ་དགོས་པའི་གཏད་སོ་རེ་ཡོད་ཅིང་། དེ་འགྲུབ་པའི་སླད་འབད་བརྩོན་དང་བློས་གཏོང་ཡང་ཕངས་མེད་བྱེད་བཞིན་ཡོད། མི་ཚེ་ཞེས་པ་ནི་ས་གཞི་དང་མཚུངས་པར་གཞི་རྟེན་ཙམ་ཡིན་ལ། དམིགས་ཡུལ་ནི་ས་གཞི་ཆེན་པོ་དེ་ལ་ལྟོས་ཡོད་པའི་མཛེས་སྡུག་རྣམ་པར་བཀྲ་ཞིང་། དཀར་དམར་མཚོན་མདངས་ཀྱིས་བཞད་པའི་མཛེས་སྡུག་གི་མེ་ཏོག་དང་འདྲ། མི་ཞིག་ལ་དམིགས་ཡུལ་མེད་ན། ཁོ་པ་ནི་རྒྱ་མཚོའི་འཕྱུར་རླབས་ཀྱི་ཁྲོད་རང་ཉིད་ཀྱི་འགྲོ་ཡུལ་ལམ་ཕྱོགས་མི་ཤེས་པར་ལུས་པའི་གྲུ་གཟིངས་དང་ཕྱོགས་ཀུན་ནས་མཚུངས་པ་ཡིན། དམིགས་ཡུལ་ནི་མི་ཚེའི་ནང་ཆེད་གལ་འགངས་ཆེ་ཤོས་ཤིག་ཡིན་ཞིང་། འབྱུང་འགྱུར་གྱི་འཚོ་བའི་ནང་རང་ཉིད་ཀྱིས་བྱ་བཞག་གང་ཞིག་བསྒྲུབ་དགོས་སྙམ་པའི་ཐོག་ལ་འབད་བརྩོན་ཧུར་ཐག་བྱེད་དགོས་པ་དེ་ཡིན། བདག་ནི་མཆོག་གསུམ་གྱི་ཞལ་གཟིགས་དྲོན་མོས་དྲིན་ཆེན་ཕ་མའི་བྱམས་བརྩེ་དང་། འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་༸གོང་ས་ཡིད་བཞིན་ནོར་བུ་ཆེན་པོ་མཆོག་གི་ཐུགས་རྗེ། བོད་གཞུང་གི་བཀའ་དྲིན་འོག་འཚར་ལོངས་བྱུང་ཞིང་། སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ་པའི་མ་འོངས་བོད་ཀྱི་སོན་རྩ་ཆུང་ཆུང་ཞིག་ཡིན། ང་ལ་ཡིད་ཆེས་བཅོལ་བའི་སྐྱེ་བོ་དག་གི་འཆར་སྣང་དང་། རང་ཉིད་ཀྱི་རྨི་ལམ་དུ་ཡང་ཡང་འཁོར་བ་ནི་མོ་ནད་གསོ་རིག་མཁས་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། ཆུང་ཆུང་སྐབས་སུ་ང་རང་ཕྲུ་གུ་མ་འབྱར་ལ་ཤིན་ཏུ་དགའ་པོ་ཡོད། སྐབས་ལ་ལར་ཁོ་ཚོ་རང་ཉིད་ཀྱི་པང་དུ་བཟུང་དུས་བདག་ལ་བདེ་སྐྱིད་ཀྱི་ཚོར་བ་ཤུགས་ཆེན་ཐོབ་མྱོང་། སྐབས་དེ་དུས་ང་རང་ཤེས་ཡོན་གནས་ཚད་ཧ་ཅང་དམན་པས་གནད་དོན་གཞན་ཅི་ཡང་མི་ཤེས། འོན་ཀྱང་ད་ལྟ་ང་རང་ནར་སོན་ཞིང་དུས་རབས་ཉེར་གཅིག་པའི་འཕྲུལ་ཆས་ཀྱི་སྐོར་ལ་གོ་རྟོགས་གང་ཙམ་བྱུང་རྗེས། ཕྲུ་གུའི་འབྱུང་རིམ་གྱི་རྒྱུད་རིམ་ཤེས་དུས་དེ་བས་དགའ་པོ་བྱུང་བ་མ་ཟད། དེའི་ཐོག་བུད་མེད་ཀྱི་འཕྲོད་བསྟེན་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་རྟོགས་སོང་། དེར་བརྟེན་ང་རང་མོ་ནད་གསོ་བཅོས་མཁན་ཞིག་ཆགས་ནས་བོད་མི་གང་མང་དང་། ཆེ་ས་ནས་འཛམ་གླིང་མི་རིགས་གང་མང་ལ་ཕན་ཐོགས་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་བདེན་པའི་སྨྱུ་གུ་བཟུང་ནས་བོད་ལ་རང་དབང་ལེན་ཐབས་བྱེད་ཀྱི་ཡོད། གུས་མོས་ཀྱང་རང་ཉིད་ཀྱི་དམིགས་ཡུལ་དེ་ལ་བརྟེན་ནས་བོད་ཀྱི་རྩ་དོན་རྩོད་པར་འབད་བརྩོན་བྱ་རྒྱུ་ཡིན། བོད་ལ་རང་དབང་ཐོབ་ན་གུས་མོས་རང་ཡུལ་གངས་ཅན་ལྗོངས་སུ་ཡོད་པའི་བོད་ཀྱི་ཨ་མ་དང་མ་འོངས་པའི་ཨ་མ་རྣམས་ཀྱི་ནད་རིགས་བཅོས་པར་ཕན་ཐོགས་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་བདག་གི་དམིགས་ཡུལ་ངོ་མ་དེ་ཡིན། མདོར་ན་མི་ཞིག་གིས་རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་པར་འབད་བརྩོན་དང་། བློས་གཏོང་གང་མང་བྱ་དགོས་ཤིང་། སེམས་ཤུགས་ཆུ་བོའི་རྒྱུན་བཞིན་བརྟན་པ་ཞིག་དགོས། དེ་ལྟར་མིན་ན་དམིགས་ཡུལ་ཟེར་བ་ནི། ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ། ཟེར་བ་ལྟར་རེད། དེར་བརྟེན་གུས་མོས་ཀྱང་རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་ཆེད་འབད་བརྩོན་དང་། བློས་གཏོང་ཇི་དགོས་བྱ་རྒྱུ་ཡིན་ཞིང་། སེམས་ཤུགས་ནམ་ཡང་མ་ཆགས་པ་བྱ་རྒྱུ་ཡིན་ནོ།།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་ཆོས་དབྱངས། འཛིན་རིམ་བཅུ་གཉིས། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་མི་དེར་དམིགས་ཡུལ་ངེས་ཅན་ཞིག་དང་། བརྟན་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ། དམིགས་ཡུལ་ཞིག་བསྒྲུབ་པར་དཀའ་ངལ་དང་། བར་ཆད་མང་པོ་ཡོང་ངེས་ཡིན། འོན་ཀྱང་དཀའ་ངལ་རེ་རེ་ལ་གདོང་ལེན་བྱ་རྒྱུ་ནི་མི་ཚེའི་ཉམས་མྱོང་རེད། དམིགས་ཡུལ་དེ་སྒྲུབ་པའི་སྐབས་རང་ཉིད་ཀྱི་མི་ཚེའི་དགོས་པ་རྒྱུ་མཚན་གཙོ་བོ་དེ་ཤེས་ཐུབ་པ་དང་། གཞན་ལ་ཡང་མིག་དཔེ་སྟོན་མཁན་ཞིག་ཆགས་ཐུབ། ད་དུང་སོ་སོའི་བཟའ་ཟླ་བུ་ཕྲུག་དང་། ཕ་མ་སྤུན་མཆེད་སོགས་ལ་བདེ་སྐྱིད་སྦྱིན་ཐུབ། སྤྱིར་བཏང་མི་ཞིག་ལ་དམིགས་ཡུལ་མེད་ན་མི་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་ལམ་ཀ་གང་འདྲ་ཞིག་ལ་འགྲོ་རྒྱུ་ཡིན་པ་སུས་ཀྱང་ཤེས་ཐུབ་ཀྱི་མ་རེད། དེར་བརྟེན་རང་ཉིད་ཀྱི་མི་ཚེ་འོད་སྟོང་ལྡན་པ་ཞིག་ཆགས་འདོད་ན་དམིགས་ཡུལ་བཟུང་རྒྱུ་ཧ་ཅང་གལ་ཆེ། མི་ཚང་མ་ལ་སོ་སོའི་དམིགས་ཡུལ་མི་འདྲ་བ་རེ་ཡོད། བདག་གི་དམིགས་ཡུལ་ནི་སྨན་ཞབས་པ་ཞིག་བྱ་རྒྱུ་དེ་ཡིན། སྔོན་མ་བདག་གིས་དམིགས་ཡུལ་གཞན་ཞིག་བཟུང་ཡོད། འོན་ཀྱང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཨང་ཐོབ་མཐོང་རྗེས་དམིགས་ཡུལ་ལ་འགྱུར་བ་གཏོང་དགོས་བྱུང་། སྐབས་དེར་བདག་གིས་དམིགས་ཡུལ་ཞེས་པ་དེ་རང་གིས་འདོད་པ་ཡོད་པ་ཙམ་མིན་པར། སྤྱི་ཚོགས་ཀྱི་དགོས་མཁོ་དང་། རང་ཉིད་ཀྱི་དགའ་ཕྱོགས། དབྱིངས་ཡོད་མེད་། ལྷག་པར་དུ་རང་ལ་ནུས་པ་ཡོད་མེད་ལ་བལྟས་ནས་བཟུང་དགོས་ཀྱི་ཡོད་པ་དེ་རྟོགས་སོང་། སྨན་ཞབས་ཀྱི་ལས་ཀ་ནི་རང་ཉིད་ཀྱི་འཚོ་བ་སྐྱེལ་བྱེད་ཙམ་མིན་པར་སྤྱི་ཚོགས་སྤྱི་དང་། ནད་པ་ཉམ་ཐག་ཚོར་ཞབས་ཕྱི་དང་། རོགས་རམ། ཕན་ཐོགས་བྱ་ཐུབ་པའི་ལས་རིགས་བཟང་པོ་ཞིག་རེད། རྒྱུན་དུ་སྨན་ཞབས་པ་ཚོས་ནད་པའི་གནས་སྟངས་གང་འདྲ་ཞིག་ཡིན་ཡང་རྣམ་འགྱུར་ངན་པ་རྩ་བ་ནས་མེད་པར། ཕན་སེམས་ཐོག་ནས་ལྟ་སྐྱོང་གནང་གི་ཡོད། ང་རང་གིས་ད་ལྟ་བར་མཐོང་བའི་སྨན་ཞབས་པ་ཕལ་ཆེ་བ་གཤིས་སྤྱོད་བཟང་པོ་དང་། སེམས་ཁུར་དང་བསམ་ཤེས་ཆེན་པོ་རྐྱང་འདུག ཁོང་ཚོས་ནད་པ་ལ་དཀའ་ངལ་བྱུང་དུས་རོགས་རམ་བྱེད་ཅིང་། ནད་པ་ཡོངས་སུ་དྲག་སྐྱེད་མ་བྱུང་བར་སྨན་བཅོས་རོགས་རམ་གང་ཐུབ་བྱེད་ཀྱི་རེད། དེར་བརྟེན་བདག་གིས་སྨན་ཞབས་པ་ཞིག་བྱ་རྒྱུའི་དམིགས་ཡུལ་བཟུང་བ་ཡིན། ད་ལྟའི་ཆར་བོད་མི་མང་པོས་བོད་ཕྲུག་སྨན་ཞབས་ཀྱི་ལམ་དུ་འགྲོ་མཁན་མང་དྲག་པ་དང་། སྨན་ཞབས་ཀྱི་ལམ་བུར་སྐྱོད་པ་ནི་བོད་མི་རིགས་ལ་ཕན་ཐོགས་མེད་པ་ལྟ་བུར་ཤོད་ཀྱི་འདུག།འོན་ཀྱང་ཁོ་ཚོའི་བསམ་ཡུལ་དེ་ནོར་བ་རེད་འདོད། བདག་གིས་བསམས་ན་ང་ཚོ་བོད་པའི་ནང་སྨན་ཞབས་ཀྱི་ལས་དོན་སྒྲུབ་མཁན་ཧ་ཅང་ཉུང་དྲག་འདུག རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་བསྟན་པའི་བྱིན་རླབས་དང་། ཡང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་པ་ཚོའི་རྒྱུད་ལ་བྱམས་བརྩེ་དང་། གཞན་ཕན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད། དེ་ལྟ་བུའི་ཁྱད་ཆོས་ཡོད་པའི་མི་རིགས་འདིས་ནད་མནར་གྱིས་གཙེས་པའི་འགྲོ་བ་མིའི་རིགས་ལ་ཕན་ཐོགས་བྱེད་མཁན་གྱི་ལས་རིགས་འདི་ལྟ་བུ་བསྒྲུབ་ཐུབ་ན་ཇི་འདྲའི་བཟང་པོ་ཡོང་རྒྱུ་རེད་ཨང་། དེ་བཞིན་འཛམ་གླིང་གི་སྨན་ཁང་ཕལ་ཆེ་བའི་ནང་བོད་པའི་སྨན་ཞབས་པ་རེ་ཡོད་ན་དེས་སྨན་ཞབས་པ་གཞན་དང་། ནད་པ་རྣམས་ལ་བཟང་སྤྱོད་ཀྱི་མིག་དཔེ་སྟོན་ཐུབ་ཅིང་། དེ་ལྟར་བྱུང་ན་སྤྱི་ཚོགས་ཡོངས་དང་། ཆེ་ས་ནས་གོ་ལའི་ཐོག་ལ་བཟང་སྤྱོད་དར་སྤེལ་གཏོང་བར་ཕན་ཐོགས་ཆེན་པོ་འབྱུང་ངེས། ང་རང་གིས་སྨན་པ་ཞིག་བྱ་རྒྱུའི་དམིགས་ཡུལ་དེ་བསྒྲུབ་ཐུབ་རྒྱུའི་དཀའ་ངལ་ཇི་འདྲ་འཕྲད་ཀྱང་། བློས་གཏོང་ག་ཚོད་དགོས་ཀྱང་སྨན་ཞབས་པ་བཟང་པོ་ཞིག་ཏུ་འགྱུར་ཐུབ་བྱ་རྒྱུ་ཡིན། དེ་བཞིན་ང་རང་སྨན་ཞབས་པ་ཞིག་ཆགས་རྗེས་རང་ཉིད་ཀྱི་ལྟོ་གོས་འཚོལ་རྒྱུ་ཙམ་མིན་པར། ནད་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབ་རྒྱུ་དང་། རང་ཉིད་ཀྱིས་སྤྱི་ཚོགས་དང་མིའི་རིགས་སྤྱི་ལ་བཟང་སྤྱོད་ཀྱི་ཐོག་ནས་ཕམ་ཐོགས་བསྒྲུབ་ཐུབ་པ་ཞིག་བྱ་རྒྱུ་ཡིན།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་ཀུན་གསལ། འཛིན་གྲྭ་བཅུ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ དེ་རིང་གི་ཚོགས་ཐེངས་གཉིས་པའི་བར་གསེང་སྐབས་ཕྱི་ལ་ཤིན་ཏུ་ཚ་དྲོད་ཆེ་བ་མ་ཟད། ཚང་མའི་ཆུ་དམ་ནང་དུ་ཆུ་ཐིགས་གཅིག་ཀྱང་མི་འདུག་པས། ང་དང་ངའི་གྲོགས་མོས་ཚང་མའི་ཆུ་དམ་འཁྱེར་ཏེ་ཕྱི་ལ་ཆུ་ལེན་དུ་ཡོང་བ་ཡིན། སྐབས་དེར་གློ་བུར་དུ་ངའི་གྲོགས་མོས་དགེ་ལས་བཞུགས་ཁང་གི་ཕྱི་ལ་ཡོད་པའི་སྦྱར་པང་ཐོག་གི་ཤོག་དཀར་སྟེང་བྲིས་པའི་གསལ་བསྒྲགས་ཤིག་ལ་མཛུབ་མོ་བཙུགས་སོང་བས། ངེད་གཉིས་ཀྱིས་ལམ་སང་དེའི་འགྲམ་དུ་ཕྱིན་ཏེ་གསལ་བསྒྲགས་དེ་བཀླགས་པ་ན། དེ་ནི་ཤེས་རིག་ལས་ཁུངས་ཀྱི་རྩོམ་འབྲི་རྒྱུའི་གསལ་བསྒྲགས་དེ་ཡིན་པ་ཤེས་བྱུང་། སྐབས་དེར་གུས་མོའི་སེམས་ནང་དུ་ང་རང་བོད་པའི་སློབ་ཕྲུག་ཅིག་ཡིན་པ་དང་། དམིགས་བསལ་གྱི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་པའི་རྩོམ་ཞིག་མ་བྲིས་ན་འགྲིག་གི་མ་རེད་ཅེས་པའི་ཚོར་བ་ཤུགས་ཆེན་ཞིག་སེམས་པའི་ནང་གློ་བུར་དུ་སྐྱེས་བྱུང་། མཚན་མོའི་རང་སྦྱོང་གི་དུས་སྐབས་རྩོམ་གྱི་བརྗོད་གཞི་དེའི་ཐོག་བསམ་བློ་ཞིབ་མོ་ཞིག་བཏང་ནས་དཀར་ཞིང་གཙང་བའི་ཤོག་བུ་དཀར་པོའི་ཐོག་ངའི་མ་འོངས་པའི་དམིགས་ཡུལ་གྱི་སྐོར་ལ་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། ངའི་མ་འོངས་པའི་དམིགས་ཡུལ་ནི་ནད་པའི་སྲོག་སྐྱོབ་མཁན་གྱི་ཨེམ་ཆི་བཟང་པོ་ཞིག་ཆགས་རྒྱུ་དེ་ཡིན་ལ། ངའི་དམིགས་ཡུལ་ནི་ང་རང་གཉིད་སད་དུས་དང་གཉིད་ཁུག་དུས་སེམས་ནང་དུ་ཡང་ཡང་དྲན་བཞིན་པའི་དམིགས་ཡུལ་དེ་ཡིན། ངས་དམིགས་ཡུལ་འདི་བཟུང་དགོས་པའི་རྒྱུ་མཚན་ནི། ང་ཆུང་དུས་ནས་མཚོན་མདོག་དཀར་པོའི་རིགས་ལ་ཞེ་དྲག་དགའ་པོ་ཡོད་པས། ཨེམ་ཆི་ཚོས་སྟོད་ལ་རས་གོས་དཀར་པོ་གྱོན་པ་མཐོང་དུས་གཟི་བརྗིད་ཚ་པོ་ཞེ་དྲག་མཐོང་གི་ཡོད་པ་མ་ཟད། གཅིག་ཤོས་ནི་ང་རང་ཉིད་ཀྱི་འདོད་ཕྱོགས་དང་ནུས་པ་ལ་དཔག་ནས་ངས་དམིགས་ཡུལ་འདི་བདམས་པ་ཡིན། གང་ཡིན་ཟེར་ན་ཁ་སང་དེ་རིང་འཛམ་གླིང་འདིའི་ནང་དུ་ནད་པ་གྲངས་ལས་འདས་པ་ཡོད་པ་དང་། ན་ཚ་གསར་པ་རྒྱུན་ཆད་མེད་པར་འཕར་གྱིི་ཡོད་པས། ཨེམ་ཆི་གང་མང་ཡོད་རྒྱུ་དེ་ངས་གལ་ཆེན་པོ་རེད་བསམ་གྱི་འདུག གལ་སྲིད་ངས་སློབ་སྦྱོང་ལེགས་པོ་སྦྱངས་ནས་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་ཐུབ་པ་ཡིན་ན། མི་ཚང་མས་ང་ལ་གུས་ཞབས་བྱེད་པ་དང་འཛམ་གླིང་སྟེང་དུ་སྐད་གྲགས་འགྲོ་བར་དུས་ཚོད་མང་པོ་འགོར་དགོས་མ་རེད། ང་སྐད་གྲགས་མགྱོགས་པོ་ཆགས་པ་ཡིན་ན་དངུལ་དང་དབང་ཐང་གཉིས་ལ་སེམས་ཁྲལ་བྱེད་མི་དགོས་པས། ངས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད་རྣམས་ཀྱི་དྲིན་ལན་འཇལ་ཆེད་ཁོང་ཚོར་རང་ཉིད་ཀྱི་འགྲོ་འདོད་སའི་ས་ཆ་དེར་སྤྲོ་འཆམ་ལ་འཁྲིད་པ་དང་འཛམ་གླིང་གི་ས་ཆ་གང་ས་རུ་ཁང་པ་རྫིག་པོ་ཉོས་ཏེ་ཁོང་ཚོ་སྐྱིད་པོ་བྱས་ནས་བཞག་ཡ་ཡིན། བྱས་ཙང་ངས་རང་གི་དམིགས་ཡུལ་འདི་འགྲུབ་ཆེད་ང་ཞོགས་སྔ་ལངས་དང་དགོས་ཕྱི་ཉལ་གྱིས་སློབ་སྦྱོང་བྱེད་ཀྱིན་ཡོད་པར་མ་ཟད། དགེ་རྒན་གྱིས་འཛིན་གྲྭའི་ནང་གང་བསླབ་པ་དེར་བློ་རྩེ་གཅིག་སྒྲིམ་གྱི་དོ་སྣང་སྤྲད་པ་དང་དུས་ཁོམ་བྱུང་དུས་དོན་མེད་སྐད་ཆ་མ་བཤད་པར་ངས་རང་གི་མིང་ཚིག་ཕྱུག་པོ་ཆགས་ཆེད་སྒྲུང་དེབ་སྣ་ཚོགས་ཀློག་གི་ཡོད། གལ་སྲིད་ང་ནར་སོན་རྗེས་ཨེམ་ཆི་ཞིག་ཆགས་པ་ཡིན་ན། མི་དབུལ་པོ་དེ་ཚོར་ངས་རིན་མེད་དུ་སྨན་བཅོས་བྱེད་པ་དང་མི་ལོ་ན་རྒན་པ་དེ་ཚོར་དངུལ་ཕྱེད་ཆག་བཏང་སྟེ་སྨན་བཅོས་བྱ་བར་འདོད་པ་ཡོད། དམིགས་བསལ་གྱི་བོད་མི་ཚོར་རིན་མེད་དུ་སྨན་བཅོས་བྱ་རྩིས་ཡོད། ལྷག་པར་དུ་བོད་པའི་རིག་གཞུང་འདི་འཛམ་གླིང་ཡོངས་ལ་འཕེལ་རྒྱས་གཏོང་བར་དཀའ་ལས་རྒྱག་རྒྱུ་ཡིན། མཐའ་དོན་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་དམིགས་ཡུལ་ཞིག་བཟུང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དམུགས་ཡུལ་བཟུང་བ་ནང་བཞིན་སོ་སོའི་དམིགས་ཡུལ་བསྒྲུབ་ཆེད་དཀའ་ལས་དང་སྡུག་རུས་རྒྱག་རྒྱུ་དེ་དེ་བས་གལ་ཆེ་བ་རེད། མདོར་དོན་བཤད་ན། ངས་དེ་རིང་གི་རྩོམ་ཡིག་འདི་བརྒྱུད་ནས་ང་དང་ང་འདྲ་བའིི་སློབ་ཕྲུག་རྣམས་ལ་ཕན་ཐོགས་པའི་རེ་བ་དང་ངའི་དམིགས་ཡུལ་དེ་འགྲུབ་པར་སྨོན་ལམ་འདེབས་ཀྱི་ཡོད།
