ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་དེ་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༢ ནས་ ༤ བར་བཞུགས་སྒར་དྷ་སའི་ཁུལ་གྱི་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ལྷན་ཚོགས་བསྐྱངས་ཤིང། ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆིབས་ཞལ་བསྒྱུར་ཏེ་བླང་དོར་བཀའ་སློབ་ལམ་སྟོན་མཛད་པ་གཤམ་གསལ།

[sections]
[section][/section] [section title=”ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་ཐོག་སྩལ་བའི་བཀའ་སློབ།”]

(ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༢ ཉིན།)

བོད་ཆགས་འཇིག་གི་མཚམས་སུ་སླེབས་ཡོད་དུས་རང་རེས་སྤྱིར་བཏང་གི་མི་རིགས་དང་གནས་སྟངས་ཆ་མཚུངས་པར་སྡོད་ཐབས་གཏན་ནས་མེད།

ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །
གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

    དེ་རིང་འདིར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་སྐོང་ཚོགས་བྱས་པའི་ཐོག་ཁྱེད་རང་ཚོ་འབྲེལ་ཡོད་མི་སྣ་མང་པོ་ཞིག་ཆེད་དུ་གཉེར་ནས་འདུ་འཛོམས་བྱས་ཏེ་ཉིན་ཤས་རིང་ཤེས་ཡོན་སློབ་གསོའི་ལས་དོན་སྐོར་གོ་བསྡུར་ལྷུག་པོ་བྱ་རྒྱུ་རེད། གོང་དུ་ཚོགས་གཙོ་དང༌། བཀའ་ཤག ཆོས་ཤེས་བཀའ་བློན་བཅས་ཀྱི་གསུང་བཤད་ནང་བཟང་ཕྱོགས་ཀྱི་འགྲིགས་འགྲིགས་འཐུས་འཐུས་ཤ་སྟག་བརྗོད་པ་མ་ཡིན་པར། ད་ཕན་སློབ་གསོའི་ལས་དོན་ནང་ལྷགས་པའི་སྐྱོན་གནད་ཐད་གོ་བསྡུར་ལྷུག་པོ་བྱེད་རྒྱུའི་རྣམ་པ་གསལ་པོ་འདུག་པར་ཧ་ཅང་དགའ་པོ་བྱུང༌།
ད་ལྟ་འདིར་འདུ་འཛོམས་བྱུང་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཁྱེད་རང་ཚོའི་ཉིན་རེའི་འཚོ་བའི་ལས་ཀའི་ནང་ཐད་ཀར་བོད་ཕྲུག་སྟོང་ཕྲག་མང་པོའི་ཤེས་ཡོན་སློབ་སྦྱོང་གི་ལས་དོན་ཐད་ཞབས་འདེགས་སྒྲུབ་མཁན་ཆགས་ཡོད། སྤྱིར་མི་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་འདི་ཆོས་ཀྱི་སྦྱིན་པ་ཡིན་ཞིང༌། སྦྱིན་པ་དེ་ནི་སྦྱིན་པའི་ནང་གི་རླབས་ཆེ་ཤོས་ཡིན་པ་དང༌། གཉིས་ནས་ཤེས་ཡོན་སློབ་གསོའི་ལས་དོན་ནི་གཞན་ཕན་གྱི་བྱ་བ་བཟང་པོ་ཞིག་དང༌། ལྷག་པར་ཤེས་ཡོན་སློབ་གསོ་ནི་ད་ལྟ་ཆགས་འཇིག་གི་མཚམས་སུ་སླེབས་པའི་བོད་མི་རིགས་ཀྱི་རང་དབང་སླར་གསོ་ཡོང་བའི་ལས་དོན་གྱི་རྨང་གཞི་གཙོ་བོ་ཡིན། བོད་ཕྲུག་སྟོང་ཕྲག་ཁྲི་ཕྲག་མང་པོའི་མི་ཚེ་གཅིག་གི་མདུན་ལམ་བཟང་པོ་ཡོང་བའི་དོན་དུ་ཁྱེད་རང་ཚོས་བྱ་བ་རླབས་ཆེན་ཞིག་སྒྲུབ་ཀྱིན་ཡོད། དེར་བརྟེན་ཁྱེད་རང་ཚོ་ཕྱོགས་མཐའ་ནས་འབྱོར་བའི་དགེ་རྒན་གཙོ་བོར་གྱུར་བའི་འབྲེལ་ཡོད་མི་སྣ་ཚོས་ད་བར་བསྒྲུབས་དང་སྒྲུབ་བཞིན་པའི་ལས་དོན་ནི་དངོས་གནས་བསྔགས་པར་འོས་པ་ཞིག་དང༌། རྗེས་སུ་ཡི་རང་བྱེད་འོས་པ་ཞིག་ཡིན། ཁྱེད་རང་ཚོས་ད་ལྟ་བར་ཧུར་བསྐྱེད་བྱས་པར་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན་ལ། བོད་མི་རིགས་ཀྱི་དོན་དུ་ཞབས་འདེགས་རླབས་པོ་ཆེ་ཞིག་བསྒྲུབས་ཡོད།
རང་རེ་འདས་པའི་ལོ་༤༣ ལྷག་ཙམ་རིང་སྤྱིར་ན་བོད་མི་བཙན་བྱོལ་བ་མང་ཆེ་བ་ཡིག་རྨོངས་ཀྱི་དཀའ་ངལ་མེད་པར་གྱུར་ཟིན་ཡོད། འགོ་སྟོད་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་བུ་ཕྲུག་ཚོའི་ཤེས་ཡོན་དང༌། ང་ཚོ་འདི་ཕྱོགས་བཙན་བྱོལ་དུ་ཡོད་པའི་བུ་ཕྲུག་ཚོའི་ཤེས་ཡོན་གནས་སྟངས་གཉིས་བསྡུར་ན་ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་ཚད་ཧ་ཅང་གིས་བཟང་བ་ཡོད། དེ་ནི་རང་རེའི་གྲུབ་འབྲས་ཤིག་ཡིན། ཡིན་ནའང་རང་རེ་བོད་ཆགས་འཇིག་གི་མཚམས་སུ་སླེབས་ཡོད་ལ། ཆགས་འཇིག་གི་མཚམས་སུ་སླེབས་པའི་མི་རིགས་འདི་ཡང་ཟུར་གསལ་གྱི་མི་རིགས་རང་ག་བ་ཞིག་མིན། གོང་དུ་བཀའ་བློན་གྱིས་གསུངས་པ་ལྟར། འདས་པའི་ལོ་སྟོང་ཕྲག་བརྒལ་རིང་བོད་ལ་སོ་སོའི་རིག་གཞུང་བཟང་པོ་ཞིག་ཡོད་པ་དང༌། ཁ་ཤས་ཀྱིས་བོད་ལ་མིའི་སྤྱི་ཚོགས་གོང་འཕེལ་བྱུང་ནས་ལོ་སྟོང་ཕྲག་བཞི་བཅུ་སོང་བ་དང༌། ཁ་ཤས་ཀྱིས་ལོ་སྟོང་ཕྲག་ཉི་ཤུ་སོང་བ་བརྗོད་ཀྱི་ཡོད། གང་ལྟར་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན།
ལྷག་པར་བོད་དུ་ནང་པ་སངས་རྒྱས་པའི་ཆོས་དར་བ་ནས་བཟུང་བོད་མི་རིགས་ཀྱིས་རང་གི་རྣམ་དཔྱོད་ཀྱི་ནུས་པ་ཆ་ཚང་ཕལ་ཆེར་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་ཐོག་བཏང་ཡོད། བོད་ལ་རིག་གནས་ཆེ་བ་ལྔ་དང༌། ཆུང་བ་ལྔ་ཡོད་ཅེས་བརྗོད་ཅིང། རིག་གནས་དེ་དག་ཚང་མའི་ནང་བོད་མི་རིགས་ཀྱིས་གསར་གཏོད་ཡར་རྒྱས་ཀྱི་བྱས་རྗེས་བཞག་ཡོད། དེ་ཡང་གཙོ་བོ་ནང་དོན་རིག་པའི་ལྟ་གྲུབ་ཡར་རྒྱས་གོང་འཕེལ་ཡོང་ཐབས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། དེ་ལ་བརྟེན་ནས་བོད་ཀྱི་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་དུས་ལྟ་བ་དང༌། རིག་པའི་རྣམ་གཞག་རྒྱ་ཆེ་ཞིང་ཞིབ་ཚགས་པོ་ཡོད་པ་ཞིག་ལ་དེང་སྐབས་འཛམ་གླིང་ཐོག་ཕལ་ཆེར་གྱིས་གཅིག་གྱུར་གྱི་ངོས་འཛིན་བྱེད་ཀྱི་ཡོད།
བོད་མི་རིགས་འདི་ཉིད་འདས་པའི་ལོ་རྒྱུས་ནང་ཡར་རྒྱས་གོང་འཕེལ་གྱིས་རང་འཚོ་ཟིན་ཏེ་གནས་པར་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དར་རྒྱས་གོང་འཕེལ་ཡོང་བའི་ཐད་ཚད་མཐོའི་བྱས་རྗེས་བཞག་ཡོད་པ་ཧ་ཅང་གསལ་པོ་ཡིན། སངས་རྒྱས་ཀྱི་ཆོས་ཀྱིས་སྐྱེ་འགྲོ་ཐམས་ཅད་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གང་ཞིག་ཡོང་གི་ཡོད་ཅེས་ན། སངས་རྒྱས་ཆོས་ཀྱིས་ལྟ་བའི་རྣམ་གཞག་མང་པོ་ཞིག་བཤད་པའི་སྒྲུབ་དོན་གཙོ་བོ་ནི་མིའི་སེམས་རྒྱུད་དུལ་པོ་དགོས་པའི་བསླབ་བྱ་རྒྱག་གི་ཡོད། བོད་མི་རིགས་འདི་ཉིད་མི་ཐོག་མང་པོའི་རིང་ཆོས་ཀྱི་བསླབ་བྱ་བཟང་པོར་བརྟེན་ནས་རང་ཉིད་བདེ་སྐྱིད་ལྡན་པའི་ངང་འཚོ་བར་མ་ཟད། གོམས་གཤིས་བཟང་པོ་འདི་བོད་མི་རིགས་ཀྱི་གཤིས་རྒྱུད་ལ་འཇགས་ཐུབ་པ་བྱུང་ཡོད་པ་ཧ་ཅང་གསལ་པོ་ཡིན།
སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་ནང་རང་རྒྱུད་དུལ་པོ་དགོས་པའི་གདམས་ངག་གི་བསླབ་བྱ་བཟང་པོ་ཡོད་སྟབས། དེང་སྐབས་འཛམ་གླིང་ནང་འཚེ་བའི་ལས་ལ་ཡིད་བསུན་ནས་ཡོད་དུས་ཆོས་དད་ཀྱི་གནས་ཚུལ་ཙམ་མ་ཡིན་པར་རང་བཞིན་མིའི་བསམ་བློའི་ནང་ཞི་བ་དང༌། བདེ་བ། འཚེ་བ་མེད་པ་ཞེས་པ་འདི་ལ་དགའ་པོ་བྱེད་པའི་གནས་བབ་འདིའི་འོག་ནས་བོད་མིའི་གོམས་གཤིས་སམ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཕྱོགས་ཡོངས་ནས་དོ་སྣང་གསར་པ་ཞིག་འཕེལ་རྒྱས་འགྲོ་བཞིན་ཡོད།
ལྷག་པར་འཛམ་གླིང་ཐོག་འཚོ་ཞིང་གནས་པའི་ཆོས་ལུགས་མང་པོ་ཞིག་ཡོད་པའི་ནང་ནས་ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་བརྡར་ཤ་བཅད་ནས་བགྲོ་གླེང་དང༌། དཔྱད་བསྡུར་བྱེད་ཐུབ་པའི་ཆོས་ལུགས་ནི་ཕལ་ཆེར་ནང་ཆོས་ཁོ་ན་ཡིན། དཔལ་ནཱ་ལེནྡྲའི་མཁས་པའི་གཞུང་གི་ལྟ་གྲུབ་ལ་སྦྱངས་པ་ཡོད་མཁན་ཞིག་ཡིན་ན་དེང་དུས་ཚན་རིག་གི་ལམ་ནས་ཕྱིའི་དངོས་པོའི་གནས་ལུགས་ལ་འགྲེལ་བཤད་བརྒྱབ་བསྡད་མཁན་མང་པོ་དང་ཕན་ཚུན་གོ་བསྡུར་བྱེད་ཐུབ་པ་ཡོང་གི་ཡོད།
འདས་པའི་ལོ་སྟོང་ཕྲག་བརྒལ་བའི་རིང་བོད་མི་རིགས་འདི་ཉིད་འཚོ་གནས་ཀྱིས་བོད་པ་ཁེ་གཙང་དུ་གནས་ཏེ་བསྡད་པ་དང༌། ད་ཆ་རང་ཅག་བཙན་བྱོལ་བ་ཆགས་ཏེ་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་བའི་གོ་སྐབས་ཡོང་སྐབས་བོད་ཀྱི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང༌། དེ་དང་འབྲེལ་བའི་བསམ་པ་བཟང་པོ་དང༌། གོམས་སྲོལ་བཟང་པོ་ཡོད་པ་རྣམས་ལ་འཛམ་གླིང་གི་ཕྱོགས་གང་ས་ནས་དོ་སྣང་གིས་དེས་ཁོང་ཚོར་ཡང་ཁེ་ཕན་ཡོང་རྒྱུ་ཡིན་པ་ངོས་འཛིན་གྱི་རྣམ་འགྱུར་སྟོན་མཁན་ཧ་ཅང་མང་པོ་ཡོད་པ་གསལ་པོ་ཡིན། དེ་འདྲའི་མི་རིགས་ཤིག་ད་ཆ་ཆགས་འཇིག་གི་མཚམས་སུ་སླེབས་པ་ལྟར་འཛམ་གླིང་འདིའི་སྟེང་རྩ་བརླག་ཏུ་སོང་ན་འདི་ནི་འཛམ་གླིང་སྤྱིའི་གྱོང་གུན་ཡིན་ཞེས་ཕལ་ཆེར་བརྗོད་ཆོག་པ་ཡིན། དེར་བརྟེན་ང་ཚོས་མི་རིགས་ཤིག་གི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་པ་འདི་ཐད་ཀར་བོད་མི་ས་ཡ་དྲུག་གི་ཁེ་ཕན་དང༌། བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཉམས་ལེན་བྱེད་མཁན་མི་རིགས་མི་འདྲ་བའི་དད་ལྡན་མི་མང་ས་ཡ་བཅུ་གསུམ་ནས་བཅུ་བཞི་བར་ཞིག་ཡོད་པ་དེ་དག་གི་ཁེ་ཕན་དང་འབྲེལ་བ་ཡང་ཡོད་པ་ཡིན།
གཞན་ཡང་ནང་པ་ཡིན་མིན་ལ་མ་ལྟོས་པར་འཛམ་གླིང་ཐོག་བསམ་པ་རྣམ་དག་གིས་སེམས་ཀྱི་ཞི་བདེ་དོན་གཉེར་བྱེད་མཁན་མང་པོ་ཞིག་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་གདམས་པའི་བསླབ་བྱས་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ངེས་ཅན་ཞིག་ཡོད། དེ་དང་འབྲེལ་བའི་ཆོས་རྣམས་ཀྱི་གནས་ལུགས་ལ་ཞིབ་འཇུག་བྱེད་པའི་རིམ་པ་མང་པོ་ཞིག་ཡོད་པའི་ནང་ཚན་རིག་གི་སྡེ་ཚན་མང་པོ་ཞིག་ལ་བོད་ཀྱི་སངས་རྒྱས་ཀྱི་ཆོས་ཀྱིས་ཞབས་འདེགས་བསྒྲུབ་ཐུབ་པ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་བོད་ཀྱི་ནང་དོན་རིག་པས་འཛམ་གླིང་སྤྱིར་གང་འཚམ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་འདི་རྩ་བརླག་ཕྱིན་ན་ཧ་ཅང་ཕངས་པོ་ཡིན།

འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱེད་པར་ང་ཚོར་ཤེས་བྱ་ཡོན་ཏན་དགོས།

    ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ནས་བཤད་ན་རྒྱ་མི་རིགས་ནང་དེ་སྔ་རང་གི་མི་རིགས་དང༌། ཆབ་སྲིད་ཀྱི་ལྟ་གྲུབ་ནོར་འཁྲུལ་ཅན་ཞིག་བཟུང་ནས་ཆོས་ཀྱི་གནས་ལུགས་ཇི་བཞིན་མ་རྟོགས་པའི་གནས་ཚུལ་འོག་ཆོས་ནི་མི་མང་ལ་བཤུ་གཞོག་གཏོང་མཁན་གྱི་ལྟ་ཚུལ་ངོས་འཛིན་བྱེད་མཁན་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་དེའི་ནང་ནས་དེང་སྐབས་བོད་ཀྱི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད། ལྷག་པར་ཤེས་ཡོན་ཅན་ཚོའི་ནང་ནས་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་འདི་ཧ་ཅང་གཏིང་ཟབ་པོ་དང༌། བསམ་བློ་གཏོང་རྒྱུ་ཡོད་པ་བཅས་ཀྱི་མཐོང་ཚུལ་གསར་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན་ང་ཚོ་བོད་མི་བཙན་བྱོལ་བས་བོད་སྤྱིའི་དོན་དུ་འཐབ་རྩོད་བྱེད་པའི་ལས་འགན་འདི་ཆུང་ཆུང་ཞིག་གཏན་ནས་མིན་པ་ཧ་ཅང་གསལ་པོ་ཡིན།
འཛམ་གླིང་ཐོག་མི་རིགས་ཀྱི་རང་དབང་རྩོད་ལེན་གྱི་འཐབ་རྩོད་བྱེད་མཁན་མང་པོ་ཡོད། མང་པོ་ཞིག་རང་སོ་སོའི་མི་རིགས་ཁོ་ནའི་རང་དབང་རྩོད་ལེན་བྱེད་པ་དེ་ཙམ་ཡིན། རང་རེའི་རང་དབང་འཐབ་རྩོད་ཀྱི་གནས་ཚུལ་འདི་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་མི་རིགས་རང་ཉིད་གཅིག་པུའི་རང་དབང་གི་དོན་མིན་པར་འགྲོ་བ་མི་སྤྱི་ལ་གང་འཚམ་ཕན་གནོད་ཀྱི་འབྲེལ་བ་ཡོད་པའི་འཐབ་རྩོད་ཅིག་ཡིན། དེ་འདྲའི་འཐབ་རྩོད་འདི་ཕྱོགས་གཅིག་ནས་གཞན་ཕན་གྱི་ལྷག་བསམ་བཟང་པོར་བརྟེན་ནས་བྱེད་པ་དང༌། གཉིས་ནས་ངོ་ལྐོག་རྒྱབ་མདུན་མེད་པར་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན། ང་ཚོའི་འཐབ་རྩོད་ཀྱི་རྩ་བའི་སྤོབས་པ་སླེབས་ས་ནི་གཞི་རྩའི་གནས་ཚུལ་དྲང་བདེན་གྱིས་རྨང་གཞི་བྱེད་པ་དང༌། འཚེ་བ་སྤངས་པའི་ལྟ་གྲུབ་ལ་གཞི་བཅོལ་བ་བཅས་ཀྱི་འཐབ་རྩོད་ཅིག་ཡིན་པས་ཡིན།
རྩ་བའི་གནས་ཚུལ་དྲང་བདེན་མིན་ན་རྫུན་ཤོད་པ་དང༌། ངོ་ལྐོག་རྒྱབ་མདུན་དང། གཡོ་སྒྱུའི་ལས་མི་བྱ་ཐབས་མེད་ཡིན། གཡོ་རྫུན་གྱི་ལས་ཀ་ཁུངས་མ་འཁྱོལ་བའི་སྐབས་སུ་གདུག་རྩུབ་ཀྱི་བྱ་ཐབས་སྤྱོད་རྒྱུ་ལས་གཞན་ཐབས་ཤེས་མེད། དྲང་བདེན་བྱས་ན་གདུག་རྩུབ་བྱེད་དགོས་དོན་མེད། རྒྱུ་མཚན་བཤད་རྒྱུ་དང༌། མི་དང་མི་གདོང་གཏུགས་ནས་སྐད་ཆ་བཤད་རྒྱུ་ཡོད་པ་ཡིན་སྟབས་ང་ཚོས་ཀྱང་འཚེ་བ་མེད་པའི་ལམ་གྱི་ཐོག་མདུན་བསྐྱོད་བྱེད་བཞིན་ཡོད་པ་ནི་ཡང་དག་པ་དང༌། རྒྱུ་མཚན་ལྡན་པ་ཡིན།
འཚེ་བ་མེད་པའི་ལམ་ཐོག་བསྐྱོད་པ་ཡང་ང་ཚོ་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ཁེ་ཕན་དོན་དག་གཅིག་པུ་མ་ཡིན་པར་འཛམ་གླིང་ཐོག་འཕྲད་པའི་མིའི་རིགས་ཀྱི་དཀའ་རྙོག་ཁག་སེལ་རྒྱུར་འོས་ཤིང་འཚམས་པའི་ཐབས་ལམ་བཟང་ཤོས་ནི་འཚེ་བ་མེད་པའི་ལམ་ལ་བརྟེན་དགོས་པ་དང༌། གཞན་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཐུབ་པའི་ང་ཚོས་རེ་བ་རྒྱག་གི་ཡོད། འཛམ་གླིང་གི་ཕྱོགས་གང་ས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་ཡོང་བའི་གནད་དོན་གཅིག་ནི་རང་རེས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་མཐའ་འཁྱོངས་བྱེད་བཞིན་ཡོད་སྟབས་མི་ཚོས་དགའ་མོས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཁོང་ཚོས་བརྗོད་ཀྱི་ཡོད། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འཐབ་རྩོད་བྱེད་པར་ངེས་པར་དུ་ང་ཚོར་ཤེས་བྱ་ཡོན་ཏན་དགོས་པ་དང༌། ཡོན་ཏན་མེད་ན་རང་རེས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ཇི་ལྟར་བྱས་ཏེ་རང་དབང་རྩོད་ལེན་བྱེད་ཐུབ་བམ། དེར་བརྟེན་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གལ་ཆེན་པོ་ཡིན།

བྱམས་པ་དང་སྙིང་རྗེ་ནི་སྤྱི་ཚོགས་དང་ལུས་སེམས་བདེ་སྐྱིད་ལྡན་པར་དགོ་མཁོ་ཡོད།

    ངོས་ཀྱི་བསམ་པར་ཤེས་ཡོན་ལ་སྡེ་ཚན་གཉིས་ཕྱེ་ཆོག་ཅིང༌། དེ་ཡང་དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་གཅིག་དང། རང་ཅག་བོད་ལ་གནའ་རབས་ནས་ཡོད་པའི་གཙོ་བོ་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་བཅས་ཡིན།
སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་ཞེས་བརྗོད་སྐབས་མཐའ་གཅིག་ཏུ་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་ཡོད་པའི་མི་དེ་སངས་རྒྱས་ཆོས་ལུགས་པ་ཡིན་དགོས་པའི་ངེས་པ་མེད། སངས་རྒྱས་ཆོས་ལ་དད་པ་མེད་ཀྱང་སངས་རྒྱས་ཀྱི་ལྟ་གྲུབ་སྦྱང་འདོད་ཡོད་མཁན་ཡོང་ཆོག ལྟ་གྲུབ་ལ་སྦྱངས་པའི་རྗེས་སུ་རང་གི་མི་ཚེའི་ནང་ལྟ་བ་དང་བསམ་བློའི་འཁྱེར་སོ་མི་འདྲ་བ་ཞིག་ཏན་ཏན་ཡོང་རྒྱུ་ཡིན།
དཔེར་ན། ཆོས་དད་མེད་མཁན་གྱི་མིའི་ནང་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང༌། དེའི་ནང་ནས་གཙོ་བོ་རྟེན་འབྱུང་གི་ལྟ་བར་བརྟེན་ནས་དཔལ་འབྱོར་གྱི་ལམ་སྲོལ་དང༌། རྒྱལ་སྤྱིའི་འབྲེལ་བའི་ལས་དོན། ཆབ་སྲིད་ལྟ་གྲུབ་ཀྱི་ལམ་ལུགས། དེ་བཞིན་ཚན་རིག་སོགས་གང་ལྟར་སྡེ་ཚན་གང་དང་གང་གི་ནང་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་སྐབས་མཐར་ཐུག་གི་ཐུག་ས་ནི་རྟེན་འབྲེལ་ལྟོས་གྲུབ་འདི་ཡིན་པ་དང༌། རྒྱུ་རྐྱེན་མང་པོ་ཚོགས་པར་བརྟེན་ནས་ཡོང་གི་ཡོད་པའི་རྟེན་འབྱུང་གི་ལྟ་བ་ཡིན་པར་བསྟན་ཡོད།
རྟེན་འབྱུང་གི་ལྟ་བ་ཞེས་པ་འདིས་གཞི་དངོས་པོའི་དངོས་ཡོད་གནས་ཚུལ་གྱི་གནས་ལུགས་གཏན་ལ་ཕབ་ཀྱི་ཡོད། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ལྟར་ཤེས་པའི་སྒོ་ནས་དེ་ལྟར་ལྟ་བ་དེ་རྟེན་འབྱུང་གི་ལྟ་བ་ཡིན། ང་རང་ཚོའི་དཀའ་རྙོག་མང་པོ་ཞིག་དངོས་ཡོད་གནས་ཚུལ་ལ་རྒྱུ་དང་རྐྱེན་མང་པོ་ཞིག་ཚོགས་པར་བརྟེན་ནས་ལྟོས་གྲུབ་ཆགས་ཡོད་ཀྱང༌། བློའི་འཆར་སྣང་ལ་རྒྱུ་དང་རྐྱེན་གཅིག་གིས་བྱས་པ་ལྟ་བུ་མཐོང་གི་ཡོད་སྟབས་གཞི་རྩའི་ནོར་འཁྲུལ་དེའི་དབང་གིས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་འཆར་སྣང་འོག་ནས་སྣང་ཚུལ་ཅི་འདྲ་ཡོད་པ་དེ་ལྟར་ཡིན་པར་ཐག་བཅད་དེ་དཀའ་ངལ་སེལ་ཐབས་བྱེད་པའི་སྐབས་སུ་དངོས་ཡོད་གནས་ཚུལ་དང་མི་མཐུན་པར་རང་བཞིན་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད། དེར་བརྟེན་རྟེན་འབྱུང་ལྟོས་གྲུབ་ཀྱི་ལྟ་གྲུབ་ཅེས་པ་འདི་ཤེས་རྟོགས་བྱ་རྒྱུ་ནི་ཆོས་པ་ཡིན་མིན་གྱི་རྣམ་དབྱེ་མེད་ལ། གལ་སྲིད་ཆོས་པ་ཡིན་ན་ཡང་མཐའ་གཅིག་ཏུ་ནང་པ་ཡིན་དགོས་དོན་མེད།
ད་ལྟ་འདིར་སྦ་ཡིར་ཞྭ་མོ་དཀར་པོ་གྱོན་པ་གཉིས་འདུག ཁྱེད་རང་གཉིས་ལ་དམིགས་བསལ་དགའ་བསུ་ཡོད། རང་རེ་བོད་སྤྱི་པའི་དོན་དུ་ལས་ཀ་བྱེད་པའི་སྐབས་ང་ཚོ་བོད་ཀྱི་ཁ་ཆེ་དང༌། གཡུ་དྲུང་བོན། ནང་པ་སོགས་ཆོས་ལུགས་མི་འདྲ་བའི་རྗེས་འཇུག་སུ་དང་སུ་ཡིན་པ་དང༌། ཆོས་དད་མེད་མཁན་ཞིག་ཡིན་ནའང་རེད། རང་ཅག་ཚང་མར་བོད་སྤྱི་པའི་རྩ་དོན་གྱི་འགན་འཁྲི་ཆེན་པོ་ཡོད་པ་ཡིན།
དཔེར་ན། བོད་མི་ཁ་ཆེའི་གྲོགས་པོ་ཚོར་མཚོན་ན་བོད་སྤྱི་པའི་དོན་དུ་དེ་སྔ་བོད་ལ་དུས་འགྱུར་འགོ་ཚུགས་མ་ཚུགས་སྐབས་བོད་ཀྱི་རླུང་འཕྲིན་གྱི་ལས་ཀ་བྱེད་མཁན་ནང་ཁ་ཆེའི་ཕྲུ་གུ་ཁ་ཤས་ཡོད། ཕལ་ཆེར་ཆབ་མདོར་འཛིན་བཟུང་བྱས་པའི་ནང་ཁ་ཆེ་བ་ཕྲུ་གུ་ཁ་ཤས་ཡོད། གང་ལྟར་ལོ་རབས་ལྔ་བཅུ་པའི་ནང་དུས་འགྱུར་མི་བཟད་པ་བྱུང་བའི་སྐབས་ལྷ་སའི་ཁ་ཆེའི་ནང་ནས་བོད་སྤྱི་པའི་དོན་དུ་ཞབས་འདེགས་སྒྲུབ་མཁན་མང་པོ་ཞིག་བྱུང་ཡོད། ད་ལྟ་ཡིན་ཡང་ཁ་ཆེའི་བུ་ཕྲུག་ཚོས་བོད་སྤྱི་པའི་དོན་དུ་ཁུར་ལེན་གྱི་ཡོད་ལ། ད་དུང་ཁུར་མཉམ་ལེན་བྱས་ཏེ་ཚོགས་འདུ་འདི་འདྲའི་ནང་མཉམ་དུ་ཚོགས་ཞུགས་བྱས་ཏེ་སྤྱི་པའི་དོན་དུ་སེམས་ཁུར་བླངས་པར་ཧ་ཅང་དགའ་པོ་བྱུང༌།
ཁ་ཆེའི་གྲོགས་པོ་ཚོར་མཚོན་ན། རྟེན་འབྱུང་གི་ལྟ་བའི་སྐོར་སློབ་སྦྱོང་བྱས་པར་སྐྱོན་གང་ཡང་མེད། ཤེས་སོང་ངམ། སོ་སོ་སྒེར་གྱི་དད་པ་ཨ་ལ་ལ་བྱེད་ཆོག་པར་མ་ཟད། དེ་ཡང་ཧ་ཅང་འགྲིགས་པ་ཡིན། དེ་དང་མཉམ་དུ་ནང་པའི་གཞུང་ནས་བཤད་པའི་རྟེན་འབྱུང་གི་ལྟ་བ་ཞེས་དངོས་པོའི་གནས་ལུགས་གཏན་ལ་འབེབས་པའི་རིགས་པའི་རྣམ་གཞག་འདིས་འཛམ་གླིང་གི་གཞི་དངོས་པོའི་གནས་སྟངས་ལ་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་པར་བརྟེན་དེར་དོ་སྣང་བྱེད་ཐུབ་པ་བྱུང་ན་ཚང་མར་ཕན་ཐོགས་ཡོད་པ་ལས་གནོད་པ་གང་ཡང་མེད། ངོས་ནས་གོང་དུ་བརྗོད་པ་ལྟར་བོད་ཀྱི་གནའ་རབས་ནས་དར་བའི་ལྟ་གྲུབ་འདི་ལ་དངོས་གནས་མིའི་བསམ་བློ་རྒྱ་ཆེ་རུ་དང༌། གུ་ཡངས་སུ་གཏོང་ཐུབ་པའི་ནུས་པ་ཆེན་པོ་ཡོད་པ་ཡིན།
ངོས་ནས་རྣམ་ཀུན་བརྗོད་ཀྱི་ཡོད་ལ། ཁྱེད་རང་ཚོས་ཀྱང་གོ་མྱོང་བ་ལྟར་བྱམས་པ་དང་སྙིང་རྗེ་ཞེས་པ་འདི་ནི་ཧ་ཅང་གལ་ཆེན་པོ་ཡིན། ངོས་ནས་འདི་སངས་རྒྱས་ཆོས་ཀྱི་སྙིང་པོ་ཡིན་པའི་རྒྱུ་མཚན་བྱས་ཏེ་བརྗོད་ཀྱི་མེད། བྱམས་པ་དང་སྙིང་རྗེ་ནི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཡོང་བ་ལ་དགོས་མཁོ་ཡོད་པ་དང༌། རང་རང་སེམས་པ་སྐྱིད་པོ་ཡོང་བ་ལའང་དགོས་མཁོ་ཡོད། ཐ་ན་ལུས་པོ་བདེ་ཐང་ཡོང་བ་ལ་ཡང་དགོས་མཁོ་ཡོད་ཅེས་བརྗོད་ཀྱི་ཡོད།
བྱམས་བརྩེ་དགོས་པའི་རྒྱུ་མཚན་གལ་ཆེ་ཞིག་ནི་རང་ཅག་གི་བདེ་སྡུག་ཅི་འདྲ་ཞིག་ཡིན་ཡང་དེ་དག་རྟེན་འབྱུང་གི་རང་བཞིན་ཡིན། ལུས་ཀྱི་བདེ་སྡུག་དང༌། སེམས་ཀྱི་བདེ་སྡུག སྤྱི་ཚོགས་ཀྱི་བདེ་སྡུག་བཅས་ཚང་མ་རྟེན་འབྱུང་གི་རང་བཞིན་ལས་མ་འདས། དོན་ལ་གང་ལ་བརྟེན་ས་དེར་བརྩི་བཀུར་བྱེད་དགོས་པ་འདི་ནི་བྱམས་བརྩེའི་གོ་དོན་ངོ་མ་ཆགས་ཡོད།
ཡང་བྱམས་བརྩེ་ཞེས་པ་འདི་ཆོས་དད་ཡོད་མེད་ལ་མ་ལྟོས་པར་རང་ཉིད་ཀྱི་འཚོ་གནས་ལའང་དགོས་མཁོ་ཡོད་པ་དང༌། སྤྱི་ཚོགས་ལའང་ཕན་ཐོགས་དང་དགོས་མཁོ་ཡོད་པ་ཞིག་ཡིན་སྟབས་གལ་ཆེན་པོ་ཡིན་ཞེས་ངོས་ནས་རྒྱུན་དུ་བརྗོད་ཀྱི་ཡོད། ཆོས་ཁས་ལེན་མིན་དང༌། ཆོས་ལུགས་གང་ཞིག་ལ་དད་པ་བྱེད་མིན་ལ་མ་ལྟོས་པར་གང་ལྟར་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་དགོས་པ་ཚང་མའི་འགན་ཡིན་པར་བརྟེན་ཚང་མས་དོ་ཁུར་བྱེད་དགོས་པ་ཡིན། བྱམས་བརྩེ་དགོས་མཁོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ནན་བརྗོད་བྱེད་ཀྱི་ཡོད་ལ། ང་རང་སྒེར་གྱིས་དེ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད།
མི་བཟང་པོ་ཞིག་དང༌། ཡ་རབས་གཞུང་དྲང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཡ་རབས་གཞུང་དྲང་གི་དགོས་པ་དགེ་མཚན་དང་རྒྱུ་མཚན་མཐོང་བའི་སྒོ་ནས་དང་བས་བླངས་ཏེ་རང་གི་གཤིས་རྒྱུད་ལ་འཇགས་ཐུབ་པ་བྱེད་དགོས་པ་ལས། ཕྱིའི་ཁྲིམས་ཀྱིས་གནོན་སྡོམ་བྱས་ཏེ་ཡ་རབས་བྱེད་དགོས་ཞེས་གཅུན་ཀྱང་ཡ་རབས་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན། དེའི་རྒྱུ་མཚན་དང༌། རང་ལ་ཁེ་ཕན་ཡོད་པ་མཐོང་ནས་བཟང་པོ་བྱེད་དགོས་པ་ཤེས་ན་ངོ་ལྐོག་མི་བྱེད་པར་མ་ཟད། ཕྱིའི་སྒྲིག་ཁྲིམས་ཀྱིས་གཅུན་མི་དགོས་པར་རང་གིས་དང་དུ་བླངས་ཏེ་ངས་མི་གཞན་ལ་རྫུན་བཤད་ན་མི་འགྲིགས་ལ། མགོ་སྐོར་དང་ཐུབ་ཚོད་བཏང་ནའང་མི་འགྲིགས་སྙམ་པའི་བསམ་བློ་ཞིག་རང་བཞིན་དུ་ཡོང་རྒྱུ་ཡིན། རང་ངོས་ནས་ཡ་རབས་ཀྱི་དགོས་པ་རྒྱུ་མཚན་མཐོང་བའི་ཡིད་ཆེས་དང་ངེས་ཤེས་བརྟན་པོ་ཞིག་མེད་ན། ཕྱི་ནས་སྒྲིག་ཁྲིམས་ཀྱིས་གནོན་སྡོམ་བྱས་ཀྱང་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན།

གཙུག་ལག་སློབ་གྲྭ་ཆེ་ཁག་ནས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱས་ཏེ་སྡེ་ཚན་གང་རུང་གི་འགན་ཆ་ཚང་འཁྱེར་ཐུབ་མཁན་དགོས།

    རང་རེ་བོད་ཀྱི་རང་དབང་རྩོད་ལེན་གྱི་ལས་འགུལ་འཚེ་བ་མེད་པའི་ལམ་བུའི་ཐོག་སྐྱོད་ཀྱི་ཡོད། འཚེ་བ་མེད་པའི་ལམ་ལ་བསྐྱོད་རྒྱུ་འདི་ཤེས་བྱ་ཡོན་ཏན་གྱི་སྟོབས་ཤུགས་ལ་བརྟེན་དགོས་ཤིང༌། དེ་ལ་དེང་དུས་ཀྱི་ཤེས་ཡོན་དང༌། ནང་དོན་རིག་པ་དང་འབྲེལ་བའི་གནའ་རབས་ཀྱི་ཤེས་ཡོན་བཅས་ཁག་གཉིས་ཡོད་པ་དེ་གཉིས་ཟུང་འབྲེལ་གྱིས་དོ་མཉམ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རང་རེས་ཐོག་མ་ནས་རྩ་བའི་དམིགས་ཡུལ་དེ་འདྲ་ཞིག་བཟུང་སྟེ་ལོ་རབས་དྲུག་ཅུ་པ་ནས་བོད་མིའི་ཟུར་གསལ་སློབ་གྲྭ་འཛུགས་རྒྱུར་འབད་བརྩོན་བྱས་ཡོད། དེ་ལྟར་ཐབས་ཤེས་འབད་བརྩོན་བྱེད་དགོས་པ་ནི་གོང་གསལ་རྒྱུ་མཚན་གྱིས་ཡིན།
དེང་དུས་ཀྱི་ཤེས་ཡོན་ཞེས་པ་འདི་ཡང་གོང་དུ་གསུང་བཤད་ཁག་ནང་ཡོད་པ་བཞིན་ལག་འཁྱེར་ཡོད་པ་དང༌། ཡིག་རྒྱུགས་འཕྲོད་ཙམ་གྱིས་མི་འགྲིགས། ཕྱོགས་གཅིག་ནས་སོ་སོས་གང་སྦྱངས་པ་དེ་སོ་སོ་རང་ཉིད་ཀྱིས་ངོ་མ་ལག་ལེན་བསྟར་ཐུབ་པ་ཞིག་དགོས་པ་དང༌། དེ་ལྟར་ཡོང་བ་ལ་རིམ་པས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་མི་སློབ་ཕྲུག་གི་ནང་གཙུག་ལག་སློབ་གྲྭ་ཆེ་ཁག་ནས་ཐོན་པ་བརྒྱ་ཕྲག་མང་པོ་ཡོད། འོན་ཀྱང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱས་ཏེ་སྡེ་ཚན་གང་ཡང་རུང་བའི་འགན་ཆ་ཚང་འཁྱེར་ཐུབ་པའི་སློབ་སྦྱོང་ཡོད་མཁན་ད་ལྟ་ཧ་ཅང་ཉུང་ཉུང་ཡིན། དེའི་ཐོག་ཤུགས་རྒྱག་ཐུབ་ན་སྙམ་གྱི་འདུག
སྤྱིར་བཏང་གཙུག་ལག་སློབ་གྲྭ་ཆེན་པོ་ཐོན་པ་བརྒྱ་ཕྲག་དང་སྟོང་ཕྲག་ཡོད་ནའང་དེ་ཙམ་གྱི་ནུས་པ་ཐོན་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་པ་བརྒྱ་ཕྲག་ལས་མ་བྱུང་ཡང་དེས་ནུས་པ་གང་འཚམ་ཐོན་ཐུབ་པ་ཡོང་རྒྱུ་རེད་སྙམ། དེང་དུས་ཤེས་ཡོན་གྱི་སློབ་ཚན་རྣམ་གྲངས་མང་པོ་ཡོད་པའི་ནང་ནས་འགའ་ཤས་ཐད་རང་སྐྱ་འཕེར་བ་བྱེད་དགོས། དཔེར་ན་དཔལ་འབྱོར་དང༌། འཕྲོད་བསྟེན། སྤྱི་ཚོགས་སྐོར། བོད་རང་དབང་གི་དྲང་བདེན་འཐབ་རྩོད་དང་འབྲེལ་བའི་སྐོར་སོགས་སློབ་ཚན་གང་དང་གང་ཡིན་ཡང་དེའི་ཐད་སོ་སོ་རང་སྐྱ་འཕེར་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོའི་ངོས་ནས་ཀྱང་གལ་ཆེའི་ལས་དོན་དེ་འདྲའི་ཐོག་མཐུན་རྐྱེན་སྒྲུབ་ཕྱོགས་ཐད་བསམ་གཞིགས་བྱེད་དགོས།
དེང་སྐབས་རང་རེ་བོད་མིའི་ངོས་ནས་འཆར་གཞི་ཡག་པོ་ཞིག་བཏིང༌། ལག་ལེན་འཁེལ་ཐུབ་པའི་བང་ཡག་པོ་ཞིག་བསྒྲིག་ཐུབ་ན། རོགས་རམ་བྱེད་མཁན་གང་འཚམ་ཡོང་རྒྱུའི་རེ་བ་སྔར་ལས་ཧ་ཅང་བཟང་དུ་ཕྱིན་ཡོད། གཙོ་བོ་ང་རང་ཚོ་རང་ཉིད་ནས་བསམ་བློ་བཏང་སྟེ་བང་ཡག་པོ་བསྒྲིག་ཐུབ་དང་མི་ཐུབ། ལག་ལེན་འཁེལ་ཐུབ་དང་མི་ཐུབ་གནད་འགག་འདི་ལ་ཐུག་པ་ལས་དཔལ་འབྱོར་འདུ་འགོད་ཐོག་ང་ཚོར་མཐུན་རྐྱེན་བཟང་པོ་ཡོད་པ་གང་འཚམ་ཚོད་ཐིག་གི་འདུག

བོད་ཀྱི་རིག་གཞུང་འཛམ་གླིང་སྤྱིའི་ཚད་མཐོའི་ཤེས་ཡོན་གྱི་གདན་གྲལ་དུ་ཚུད་ཐུབ་པ་ནང་དོན་རིག་པ་ཡིན།

    གོང་དུ་བརྗོད་པ་བཞིན་གནའ་རབས་ཀྱི་ཤེས་ཡོན་ནི་ང་ཚོ་བོད་ལ་རིག་གནས་ཆེ་ཆུང་ཞེས་རྣམ་གྲངས་མང་པོ་ཡོད་པ་དེ་དག་ལས་གཙོ་བོ་ནང་དོན་རིག་པ་ཡིན། ང་ལ་མཚོན་ན་ནང་དོན་རིག་པ་ལས་གཞན་ཤེས་ཀྱི་མེད། ནང་དོན་རིག་པ་ཡང་ཡག་པོ་ཞིག་ཤེས་ཀྱི་མེད། ལྟོས་ས་ལྟོས་འཇོག་གིས་ཕྲན་བུ་ཤེས་པ་ནི་ནང་དོན་རིག་པ་ཡིན། གཅིག་བྱས་ན་ངོས་ཀྱི་བསམ་བློ་ཕྱོགས་སུ་ལྷུང་བ་ཡིན་སྲིད། ང་རང་གི་ཉམས་མྱོང་ནས་བཤད་ན། རང་ཉིད་ལ་དཀའ་ངལ་ཅི་ཙམ་འཕྲད་ཀྱང་སེམས་པ་མ་སྐྱིད་པ་དང༌། ཞུམ་པའི་བློ་མི་སྐྱེ་བ་དེ་ནི་གཙོ་བོ་སངས་རྒྱས་ཆོས་ཀྱི་བསླབ་བྱ་ལ་བརྟེན་ནས་བྱུང་བ་ཡིན། ད་ཕན་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང༌།
སྤྱི་ཚོགས་ནང་དུ་ཆ་བཞག་ནའང་ཆོས་ཀྱི་གནས་ལུགས་ཕྲན་བུ་ཤེས་རྟོགས་དང༌། བསམ་བློའི་ནང་ལ་་ཡོད་མཁན་ཞིག་ཡིན་ན་མི་དེར་དཀའ་ངལ་ཅི་ཙམ་འཕྲད་ཀྱང་དཀའ་ངལ་ལ་གདོང་ལེན་བྱེད་པའི་བློ་སྟོབས་གཞན་ལས་ཆེ་བ་ཡོད། བོད་དུ་རྒྱ་མིའི་བཙོན་ཁང་ནང་མི་བརྒྱ་ཕྲག་སྟོང་ཕྲག་མང་པོ་བཅུག་ཡོད་པ་དེ་ཚོའི་ནང་ཆོས་ཉམས་ལེན་གྱི་བསམ་བློ་ཡོད་མཁན་ཚོ་བསམ་བློ་བརྟན་པོར་གནས་ཀྱི་ཡོད། དེའི་འབྲས་བུར་སེམས་ལ་སྡུག་བསྔལ་དེ་ཙམ་ཡོང་གི་མེད་པ་ཧ་ཅང་གསལ་པོ་ཡིན། མི་སྒེར་སོ་སོ་ཞི་ཞིང་དུལ་བ་ཞིག་ཡོད་ན་ཁྱིམ་ཚང་གི་ཁོར་ཡུག་ཀྱང་ཞི་ཞིང་དུལ་བ་ཡོང་བ་དང༌། དེ་འདྲའི་ཁྱིམ་ཚང་གཅིག་གཉིས་སོགས་མང་པོ་འདུས་ཏེ་གནས་པ་ལ་སྤྱི་ཚོགས་ཞེས་བརྗོད་པ་ཡིན། ཁྱིམ་ཚང་དེ་དག་གི་མི་རེ་ངོ་རེའི་བསམ་བློའི་ནང་ཞི་བདེ་བག་ཕེབས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན། དེ་འདྲའི་ཁྱིམ་ཚང་མང་པོ་བསགས་པའི་སྡེ་ཚོགས་སམ་སྤྱི་ཚོགས་ཞི་བདེ་ཡོང་རྒྱུ་ཡིན། དེར་བརྟེན་མི་སྒེར་དང་སྤྱི་ཚོགས་གང་ལ་གཞིགས་ཀྱང་སངས་རྒྱས་ཀྱི་ཆོས་ནང་དོན་རིག་པའི་ལྟ་གྲུབ་ཀྱིས་བསྟན་པའི་གདམས་པ་བཟང་པོ་འདི་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན།
ཡང་ང་ཚོ་བོད་མི་རིགས་ཀྱི་ཆེ་མཐོང་ནས་བཤད་ན་གསོ་བ་རིག་པའི་གཞུང་ལུགས་ཀྱི་ལག་ལེན་འདི་མདུན་ལམ་ཡོད་པ་ལྟ་བུ་ཞིག་ཡིན་པ་དང། གཙོ་བོ་བོད་ལ་དར་བའི་རིག་པའི་གཞུང་ལུགས་ཀྱི་རྣམ་གྲངས་མང་པོ་ཡོད་པའི་ནང་ནང་དོན་རིག་པ་འདི་འཛམ་གླིང་སྤྱི་ལ་སྨན་པའི་ལེགས་སྐྱེས་འབུལ་རྒྱུ་དང༌། བོད་མི་རིགས་རང་ཉིད་ལ་ཆེ་མཐོང་སླེབས་རྒྱུ་བཅས་གང་ཐད་བོད་ཀྱི་རིག་གཞུང་གི་གཙོ་གནད་ཡིན། དེ་བཞིན་བོད་ཀྱི་རིག་གཞུང་འཛམ་གླིང་སྤྱིའི་ཚད་མཐོའི་ཤེས་ཡོན་གྱི་གདན་གྲལ་དུ་ཚུད་ཐུབ་པའང་ནང་དོན་རིག་པ་འདི་ཡིན། དེས་ན་ནང་དོན་རིག་པའི་གཞུང་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ང་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་འདི་གལ་ཆེན་པོ་བརྩིས་ཏེ་འབད་བརྩོན་བྱེད་དགོས། བོད་མིའི་ཆབ་སྲིད་ཀྱི་རང་དབང་ཐོབ་ཐང་རྩོད་རྒྱུ་འདི་གལ་ཆེན་པོར་བརྩི་དགོས་ཀྱང་དེ་གཅིག་པུས་རྒྱུ་མཚན་ཆ་ཚང་འདང་ཡོད་ཅེས་བརྗོད་རྒྱུ་ཁག་པོ་ཡིན། རང་རེས་རང་དབང་འཐབ་རྩོད་བྱེད་པའི་སྐབས་རྒྱུ་མཚན་འགྲེལ་བཤད་མང་པོ་བརྒྱག་རྒྱུ་ཡོད་དགོས། བོད་ཀྱི་སྐད་ཡིག་ཐད་ནས་མི་གཞན་ལ་དོ་སྣང་སླེབས་ཐུབ་པ་བྱེད་དགོས།

ང་ཚོས་གནའ་དེང་གི་ཤེས་ཡོན་ལ་སློབ་སྦྱོང་ཡག་པོ་བྱས་ནས་འདབ་གཤོག་གཉིས་ལྡན་བྱེད་རྒྱུ་ཧ་ཅང་གལ་ཆེ།

    བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་སླེབས་པའི་རྒྱུ་རྐྱེན་གཙོ་བོ་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་རྣམ་གཞག་གཏན་ལ་འབེབས་པའི་སྐབས་སུ་བོད་ཀྱི་སྐད་ཡིག་ནི་དེང་སྐབས་འཛམ་གླིང་ཐོག་སྐད་ཡིག་བརྒྱ་ཕྲག་སྟོང་ཕྲག་ཡོད་པའི་ནང་སངས་རྒྱས་ཀྱི་ཆོས་སྤྱི་དང༌། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་མཁན་བོད་ཀྱི་སྐད་ཡིག་གཅིག་པུ་ཡིན། དེང་སྐབས་བོད་ཀྱི་ཆོས་ལ་དད་པ་ཡོད་པའི་ཕྱི་རྒྱལ་བ་ཞིག་ཡིན་ཕྱིན་བོད་སྐད་སློབ་སྦྱོང་བྱེད་ཀྱི་ཡོད། དེའི་ཁོངས་རྒྱ་མི་ཡང་ཡོད། ཕྱིའི་མིས་བོད་སྐད་ཁུངས་འཁྱོལ་ལ་མ་འཁྱོལ་དུ་ཨུ་ཚུགས་ཀྱིས་སློབ་སྦྱོང་བྱས་ཏེ་བོད་ཀྱི་ཡི་གེ་བལྟ་ཀློག་ཐུབ་པ་བྱེད་པའི་རྒྱུ་མཚན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། ཆབ་སྲིད་ལ་དོ་སྣང་གིས་བྱས་པ་ཡིན་ཀྱང༌། གཙོ་བོ་ནི་ནང་དོན་རིག་པའི་གཞུང་ལུགས་སློབ་སྦྱོང་ཡག་པོ་བྱེད་ཐུབ་པའི་ཆེད་དུ་རེད།
དེ་སྔ་ལོ་རབས་བཞི་བཅུ་པ་དང༌། ལྔ་བཅུ་པ། དྲུག་ཅུ་པ་བཅས་སོགས་ཀྱི་དུས་སྐབས་དང་མི་འདྲ་བར་དེང་སྐབས་འཛམ་གླིང་ཐོག་རྒྱ་མི་རིགས་ཐེ་བའི་ཕྱི་རྒྱལ་བ་མང་པོ་བོད་ཀྱི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་ལ་དོ་སྣང་གསར་པ་སླེབས་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་མཁན་མང་པོ་ཡོད་པ་ཧ་ཅང་གསལ་པོ་ཡིན། དེ་ལྟར་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་ཐོག་རང་བཞིན་དོ་སྣང་དང་ཆེ་མཐོང་སླེབས་ཀྱི་ཡོད།
དཔེར་ན། ཡ་མཚན་པ་ཞིག་ལ། ངོས་ཀྱི་ངོ་ཤེས་སོག་པོ་དེ་འདྲ་ཐུག་སྐབས་སོག་པོའི་སྐད་ནང་སངས་རྒྱས་ཀྱི་ཆོས་དར་སྤེལ་བྱུང་ནས་ལོ་འདི་ཙམ་ཕྱིན་ཡོད་ཀྱང་སོག་སྐད་ནང་རྟགས་གསལ་གཏོང་ཐུབ་ཀྱི་མེད་ཅེས་བརྗོད་མཁན་བྱུང༌། ཨིན་ཇིའི་སྐད་ལ་མཚོན་ན་ནུབ་ཕྱོགས་སུ་ནང་པའི་ཆོས་ཚོགས་ཡོད་པ་དེ་ཚོས་ཨིན་ཇིའི་སྐད་ཀྱི་ཐོག་ནས་སངས་རྒྱས་ཀྱི་ཆོས་སྦྱང་རྒྱུའི་འབད་བརྩོན་བྱེད་སྐབས་མུ་གསུམ་དང་མུ་བཞི་བརྩི་ཐུབ་ཙམ་ལས་རྟགས་གསལ་གྱི་ཁྱབ་བརྡའི་འགྲོ་སྟངས་གཏན་ནས་བཟོ་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཀྱི་འདུག དེ་བཞིན་རྒྱ་སྐད་ནང་ལའང་དེ་ལྟར་རེད། དེ་ནི་ཧ་ཅང་གི་ཡ་མཚན་ཡིན།
ང་ཚོ་བོད་ཀྱི་སྐད་འདི་ལུང་ཁུག་གི་སྐད་ཡིན་སྲིད་ཀྱང་ལེགས་སྦྱར་སྐད་དང་མཉམ་དུ་འགྲོ་ཐུབ་པར་མ་ཟད། ཐལ་དང་ཕྱིར་གྱི་རིགས་པའི་འགྲོ་སྟངས་དེ་ཡིས་ནང་དོན་རིག་པའི་གཞུང་ལུགས་ཀྱི་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་མཐའ་དག་ནོར་འཁྲུལ་ཏིལ་འབྲུ་ཙམ་མེད་པར་ཚིག་བརྡར་ཤ་བཅད་ནས་བཤད་ཐུབ་པ་ཡོང་གི་ཡོད་པས་བསམ་བློ་ཡག་པོ་ཞིག་བཏང་ན་ང་ཚོའི་སྐད་ཡིག་འདི་ཧ་ཅང་ཕྱུག་པོ་དང་གཟི་བརྗིད་ཅན་ཞིག་ཡིན་པ་དྲན་གྱི་འདུག
སྤྱིར་བཏང་ཤེས་བྱའི་རྣམ་གྲངས་ཀྱི་སྡེ་ཚན་ནང་འགྲོ་འདུག་སྤྱོད་གསུམ་དང༌། རྒྱལ་སྤྱིའི་ཁྲིམས་ལུགས་སྐོར། རྒྱལ་སྤྱིའི་གསར་འགྱུར་སོགས་ཀྱི་བོད་སྐད་མིང་ཚིག་ད་ལྟ་མི་འདང་བའི་གནས་ཚུལ་ཡོད། ང་ཚོས་བོད་སྐད་འདི་དེང་དུས་དང་མཐུན་པར་ཡར་རྒྱས་གཏོང་ཐུབ་མེད། འོན་ཀྱང་ཡར་རྒྱས་བཏང་ན་རྒྱུ་ཆ་ཧ་ཅང་ཡག་པོ་ཡོད་པ་ཡིན། སངས་རྒྱས་ཆོས་ཀྱི་ལྟ་གྲུབ་མིང་ཚིག་བོད་སྐད་ནང་འདང་ངེས་ཡོད་པ་འདི་མི་རབས་མང་པོས་འབད་བརྩོན་བྱས་ཏེ་ཡར་རྒྱས་བཏང་བ་ཞིག་རེད། ཀ་མད་སུམ་ཅུའི་ཡི་གེ་འདི་ལ་བརྗོད་བྱ་གང་ཞིག་ཡིན་ཡང་ནང་དོན་ཆ་ཚང་བསྟན་ཐུབ་པའི་ནུས་པ་ཡོད་པ་ལྟར། ང་ཚོས་དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་གསར་པ་ཁག་གི་ནང་བེད་སྤྱོད་ཡག་པོ་གཏོང་ཐུབ་ན། དེང་དུས་རིག་གསར་གྱི་མིང་ཚིག་དང་མཉམ་དུ་འགྲོ་ཐུབ་པ་ཡོང་རྒྱུ་ཡིན། ད་ཕན་ང་ཚོ་བོད་ཀྱི་སྐད་ཡིག་གི་རྣམ་དཔྱོད་ཆ་ཚང་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་ཐོག་བཏོན་ཡོད། སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན། བོད་སྐད་ལ་རང་ཤུགས་སུ་དོ་སྣང་སླེབས་ཀྱི་ཡོད། དེ་འདྲའི་རྒྱུ་མཚན་གལ་ཆེན་པོ་དེ་ཚོ་མ་མཐོང་ན་ཕྲུ་གུ་ཚོའི་བསམ་བློའི་ནང་བོད་ཡིག་བསླབ་རྒྱུ་འདི་ཕལ་ཆེར་ཁྲལ་ལྟ་བུར་མངོན་རྒྱུའི་ཉེན་ཁ་ཡོད།
ངོས་ཀྱི་བསམ་པར། ང་ཚོས་ཕྱོགས་གཅིག་ནས་དེང་དུས་ཤེས་ཡོན་ཐད་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང༌། ཕྱོགས་གཉིས་ནས་བོད་ཀྱི་གནའ་རབས་ཤེས་ཡོན་གྱི་རྩ་བར་གྱུར་པའི་སངས་རྒྱས་ཆོས་འདི་སློབ་སྦྱོང་ཡག་པོ་བྱས་ནས་འདབ་གཤོག་གཉིས་ལྡན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་ཀྱི་ཆོས་ཀྱང་ཁ་ཏོན་བྱེད་པ་དང༌། གཟུངས་སྔགས་བགྲང་ཙམ་ལྟ་བུ་མིན་པར་སངས་རྒྱས་ཆོས་ཀྱི་ནང་དོན་གཙོ་བོ་རྟེན་འབྱུང་གི་ལྟ་གྲུབ་ཐོག་ནས་དངོས་པོའི་གནས་ལུགས་ལ་འགྲེལ་བཤད་རྒྱག་ཐུབ་པ་དང༌། དེའི་མཐའ་བསྡོམས་སུ་སེམས་རྒྱུད་བཟང་པོ་བྱེད་དགོས་པ་བསྟན་ཡོད། འདི་གཉིས་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

ཡིག་ཆ་འདྲ་ཆགས་པོ་དང་བང་འགྲིག་པོ་ཞིག་གཏན་འབེབས་བྱས་པ་དེ་ཡིག་ཐོག་ཏུ་ལུས་ན་ཕན་ཐོགས་མེད།

    ཁྱེད་རང་ཚོས་ཉིན་ཤས་རིང་གྲོས་སྡུར་བྱས་ཏེ་ད་ལྟ་བར་དུ་རང་རེའི་ཤེས་ཡོན་སློབ་གསོའི་ལས་དོན་ནང་ལྷགས་པའི་གནད་དོན་གྱི་རྒྱུ་རྐྱེན་འཚོལ་ཞིབ་ཀྱིས་སྐྱོན་ཆ་ངོ་ཤེས་པ་དང༌། སྐྱོན་ཆ་སེལ་ཐབས་ལ་སྒོ་ཀུན་ནས་གོ་བསྡུར་གྱིས་ཐབས་ལམ་ཡག་པོ་འཚོལ་དགོས། དེ་དག་ལག་ལེན་ཐོག་འཁེལ་མིན་ནི་མི་སོ་སོའི་ལྷག་བསམ་དང་སྙིང་སྟོབས་ལ་རག་ལས་ཡོད། ཡིག་ཆའི་ཐོག་འདྲ་ཆགས་པོ་དང་བང་འགྲིག་པོ་ཞིག་གཏན་འབེབས་བྱས་པ་དེ་དག་ཡིག་ཐོག་ཏུ་ལུས་ནས་ལག་ལེན་མ་བསྟར་ན་ཕན་ཐོགས་མ་བྱུང་བ་ཡིན། ཚང་མ་ལྷག་བསམ་མ་དག་པ་མེད་པས་གཙོ་ཆེ་བ་བོད་རང་དབང་གི་འཐབ་རྩོད་བྱེད་རྒྱུ་དང༌། དེའི་ནང་ཚན་ནས་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་ལས་འགན་འདི་ཧ་ཅང་གལ་ཆེན་པོ་ཡིན། འདི་སྤྱི་སྒེར་འཕྲལ་ཕུགས་གང་གི་ཆ་ལའང་གནད་འགག་ཆེན་པོ་ཡིན་པ་རང་རང་སོ་སོའི་བློ་ལ་ངེས་ཤེས་རྙེད་པ་ཞིག་བྱུང་ན་ཉིན་རེའི་ལས་དོན་ནང་དཀའ་ངལ་འཕྲད་ཀྱང༌། ཁྲལ་མངོན་སླ་བཅོས་མི་བྱེད་པ་ཞིག་ཏན་ཏན་ཡོང་རྒྱུ་ཡིན།
བོད་མི་ཞིག་ཡིན་ཕྱིན་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཚང་མར་ཡོད་པ་རེད། གོང་དུ་བརྗོད་པ་བཞིན་བོད་ཀྱི་དོན་དག་འདི་བོད་མི་གཅིག་པུའི་ཁེ་ཕན་མ་ཡིན་པར་རྒྱ་ཆེན་པོའི་གནས་ཚུལ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དེ་དག་སེམས་ལ་བཅངས་ནས་ད་ཕན་ཧུར་ཐག་བྱས་ཡོད་ལ། ད་དུང་ཡང་ཧུར་ཐག་བྱེད་དགོས། ད་རེས་ཚོགས་ཆེན་ཐེངས་བཞི་པ་བསྡུ་སྐོང་བྱས་པ་ཧ་ཅང་ཡག་པོ་བྱུང་འདུག རྗེས་སུ་ཡི་རང་ཡོད། འདས་པའི་ལོ་ཡུན་རིང་ཚང་མར་ལས་བྲེལ་གསར་པ་རེ་འཕྲད་དེ་མ་ལྕོགས་པའམ། གང་ལྟར་ལྷོད་ཡངས་ཤོར་ཡོད། ད་ཆ་དངོས་སུ་ཚོགས་ཆེན་ཚོགས་ཐུབ་པ་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས་ཞེས་བཀའ་སྩལ།། །།

[/section] [/sections]

༄༅། །བོད་རྒྱལ་ལོ་ ༢༡༢༩ ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༢ ནས་ ༤ བར་བཞུགས་སྒར་དྷ་རམ་ས་ལར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་བསྐྱངས་སྐབས། ཕྱི་ཚེས་ ༢ སྔ་དྲོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ྋཞབས་འཁོད་བཀའ་དྲིན་ཆེ་ཐོག་ཚོགས་བཅར་བ་ཡོངས་ལ་ཟབ་གསལ་བཀའ་སློབ་སྤྱི་ཕེབས་བྱུང་བ་དང༌། དེ་བཞིན་དཔལ་ལྡན་བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་ལམ་སྟོན་གསུང་བཤད་གནང་བ་བཅས་གཞི་རྩར་བཟུང་སྟེ། ཚོགས་ཆེན་གྱི་གྲོས་གཞི་དོན་ཚན་བཞིའི་ཐོག་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་ལྷུག་པོ་ཞུས་པའི་མཐའ་བསྡོམས་སྤྱི་མོས་དགོངས་འཆར་དང་གྲོས་ཆོད་བྱུང་བ་གཤམ་གསལ།

གྲོས་གཞི་དོན་ཚན་དང་པོ།

    སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཉམས་ཆག་ཕྱིན་ཡོད་པ་དེའི་རྒྱུ་རྐྱེན་གང་ཡིན་དང༌། སླད་ཡར་རྒྱས་གཏོང་ཕྱོགས་སྐོར།

ཤེས་ཡོན་གནས་ཚད་ཉམས་ཆག་སོང་བའི་རྒྱུ་རྐྱེན།

  1.  ཤེས་ཡོན་ཐོག་སྲིད་བྱུས་དང་ལམ་སྟོན་འཆར་གཞི་ཡང་དག་མེད་པ།
  2.  ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་གྱི་དགེ་རྒན་དང་ལས་བྱེད་ཉུང་བ།
  3. ཕྲུ་གུའི་ཕ་མ་རྣམས་ནས་སོ་སོའི་འཚོ་ཐབས་དང་དཔལ་འབྱོར་གསོག་སྒྲུབ་གཙོ་བཟུང་གིས་ཕྲུ་གུའི་སློབ་སྦྱོང་ཐོག་འགན་ཁུར་འཐུས་ཚང་མ་བྱུང་བ།
  4.  ཤེས་ཡོན་ཐོག་རྟོག་ཞིབ་དང་ཉམས་ཞིབ་ཚགས་ཚུད་མེད་པ།
  5.  ཤེས་ཡོན་གྱི་ལམ་སྲོལ་ཐོག་ནུབ་ཕྱོགས་པར་མིག་དཔེ་བལྟས་དྲགས་པའི་སྐྱོན།
  6. ཕྱིའི་མཐུན་རྐྱེན་གོང་འཕེལ་གཏོང་ཐབས་དང་ཡན་ལག་གི་བྱེད་སྒོར་ཤུགས་སྣོན་བྱས་དྲགས་པའི་སྐྱོན།
  7.  ཤེས་ཡོན་ལས་དཔལ་འབྱོར་གལ་ཆེར་འཛིན་པའི་ལྟ་བ་དར་འཕེལ་ཆེ་བ།
  8. སློབ་གྲྭར་སྤྱི་ཚོགས་དང་ཕ་མའི་ངོས་ནས་གཞོགས་འདེགས་ཆུང་དྲགས་པའི་སྐྱོན།
  9. ཕ་མ་ཚོས་ཕྲུ་གུར་དངུལ་དངོས་ཀྱི་མཐུན་རྐྱེན་སྦྱར་ཆེ་བའི་སྐྱོན།
  10. སློབ་ཕྲུག་རྣམས་སློབ་གྲྭ་ཐོན་རྗེས་མ་འོངས་མདུན་ལམ་སྣ་འཛོམས་མེད་པ།
  11. སྤྱི་ཚོགས་ནང་ཕྱི་རྒྱལ་དུ་འགྲོ་བའི་ཤུགས་རྐྱེན་ཆེ་ཐེབས་ཀྱི་སྐྱོན།
  12. སློབ་གྲྭའི་རྒྱུགས་སྤྲོད་ཡིག་ཚད་ཁག་གཅིག་གྱུར་དང༌། དྲང་བདེན། ཚགས་ཚུད་མ་བྱུང་བ།
  13. སློབ་གྲྭའི་ཤེས་ཡོན་ལམ་སྲོལ་དང་འཛིན་སྐྱོང་ཐོག་གཞན་དབང་སྟབས་བསྟུན་དགོས་པ།
  14. སློབ་གྲྭ་གནས་ཡུལ་ཁོར་ཡུག་ནང་ཤེས་ཡོན་ཅན་ཉུང་སྐྱོན།
  15. སྤྱི་ཚོགས་ནང་དགེ་རྒན་དང་ཤེས་ཡོན་ཅན་ལ་བརྩི་མཐོང་ཞན་པ།
  16. དགེ་རྒན་གྱི་ངོས་ནས་སློབ་ཕྲུག་བྱེ་བྲག་པར་དགོས་ངེས་དོ་སྣང་མ་ཐུབ་པའི་སྐྱོན།
  17. སློབ་གྲྭ་ཁག་ཅིག་ཏུ་དགེ་རྒན་རྣམས་ལ་ལོ་རེའི་རྒྱུགས་འཕྲོད་བརྒྱ་ཆ་གཏན་འབེབས་ཡོད་པའི་རྒྱུ་རྐྱེན་བཅས།

སླད་ཡར་རྒྱས་གཏོང་ཕྱོགས།

  1. རང་གཞུང་བཀའ་ཤག་ནས་ཤེས་ཡོན་སྲིད་བྱུས་གསར་བཟོའི་སྒྲོམ་གཞི་ངོ་སྤྲོད་གནང་དོན་ལ་གཞོགས་འདེགས་རྒྱབ་སྐྱོར་དང༌། སྲིད་བྱུས་ཀྱི་འཆར་ཟིན་བཟོ་འགོད་དང་གཏན་འབེབས་གང་མྱུར་གནང་ཕྱོགས་དགོས་རྒྱུ།
  2. དགེ་རྒན་འདེམས་ཕྱོགས་ཐད་སྒྲིག་འཛུགས་གཅིག་གི་འོག་ནས་འདེམས་སྒྲུག་ཚད་ལྡན་ཡོང་ཐབས་ལ་འབད་བརྩོན་དགོས་རྒྱུ།
  3. འཛིན་རིམ་བཅུ་གཉིས་ཐོན་རྗེས་བརྒྱ་ཆ་མཐོ་སོན་སློབ་མ་གང་མང་མཐོ་སློབ་ཏུ་བསྐྱོད་རྒྱུར་ས་མིག་དང་སློབ་ཡོན་གང་མང་དང༌། དེ་བཞིན་རིགས་གཅིག་རྐང་འཛིན་གྱི་ས་མིག་དང་སློབ་ཡོན་གང་མང་གསར་གཏོད་གནང་ཐབས་གནང་རྒྱུ།
  4.  ཤེས་ཡོན་ཡར་རྒྱས་འབྱུང་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་འབྲུ་དོན་ཡོངས་རྫོགས་ངེས་པར་ལག་བསྟར་འཁེལ་ཐབས་གནང་རྒྱུ།
  5. བོད་མིའི་སློབ་གྲྭའི་སྡེ་ཁག་ཚང་མར་ཁྱབ་པའི་ཤེས་ཡོན་ཞིབ་འཇུག་སྡེ་ཚན་ནམ་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་སློབ་གྲྭ་ཡོངས་ལ་དུས་བསྟུན་རྟོག་ཞིབ་གནང་རྒྱུ་དང༌། ལེགས་སྤེལ་ཉེས་འགོག་གི་སྙན་ཐོ་དྲང་བདེན་ཕུལ་ཏེ། ལེགས་ཉེས་དབྱེ་འབྱེད་ཀྱིས་བྱ་དགའ་ཆད་གཅོད་གནང་རྒྱུ།
  6. སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་ཡོང་ཆེད་ལས་ཞོར་སློབ་གྲྭ་མང་ཙམ་ཚུགས་ཐབས་གནང་རྒྱུ།
  7. ད་ཡོད་ལག་ཤེས་སློབ་ཁང་ཁག་གི་སློབ་ཚན་ལ་བསྐྱར་ཞིབ་དང་གསར་གཏོད་གནང་ཐབས་དགོས་རྒྱུ།
  8.  ཤེས་ཡོན་དང་འབྲེལ་ཡོད་མི་སྣ་ཚང་མ་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་ཤ་སྟག་བསྐོ་འཛུགས་ཡོང་ཐབས་གནང་རྒྱུ།
  9.  ཤེས་ཡོན་དང་འབྲེལ་ཡོད་སློབ་སྤྱི་དང༌། དགེ་ཆེ། དགེ་རྒན། ས་གནས་འགོ་འཛིན། ཕ་མ་བཅས་པ་ཤེས་ཡོན་ཐོག་འགན་ཁུར་མཉམ་བསྐྱེད་ཡོང་ཐབས་གནང་རྒྱུ།
  10.  ཤེས་རིག་ལས་ཁུངས་ནས་འཛིན་རིམ་ལྔ་པ་མན་ལ་བོད་སྐད་ཐོག་ཨང་རྩིས་སྦྱོང་དེབ་བཟོ་སྒྲིག་གནང་རྒྱུ།
  11. སྤྱི་ཚོགས་ནང་ཤེས་ཡོན་གྱི་རིན་ཐང་དང་གལ་གནད་རྟོགས་ཐབས་སུ་ས་གནས་འགོ་འཛིན་གྱི་འགན་ཁུར་འོག་ས་གནས་ཁག་ལ་ཟབ་སྦྱོང་དང་སློབ་གསོ་གནང་དགོས་པ་དང༌། དེའི་ཆེད་འབྲེལ་ཡོད་སློབ་གྲྭ་སོ་སོས་མཐུན་སྐྱོར་གནང་རྒྱུ།
  12. ཕ་མས་ཕྲུ་གུའི་ཤེས་ཡོན་གྱི་གལ་གནད་དང་རིན་ཐང་རྟོགས་སླད་ཕ་མ་སོ་སོ་ནས་སློབ་ཡོན་ཕྲན་བུ་སྤར་ཆ་དགོས་རྒྱུ།
  13. འབྲེལ་ཡོད་འཛིན་སྐྱོང་ནས་མ་འོངས་པར་འཕྲལ་སེལ་དགེ་རྒན་བསྐོ་གཞག་མི་དགོས་པར་འོས་ཆོས་ཚང་བའི་དགེ་རྒན་བསྐོ་ཐབས་གཙོ་འདོན་བྱ་རྒྱུ་དང༌། སློབ་དགེ་སོ་སོའི་གསང་སྙན་ནང་ལྷག་བསམ་ཞན་རིགས་ལ་སྒྲིག་གཞི་ཕྱག་བསྟར་གནང་རྒྱུ།
  14. སློབ་ཐོན་གཞོན་སྐྱེས་རྣམས་རིགས་གཅིག་རྐང་འཛིན་དང་ལས་རིགས་སློབ་གྲྭར་འཛུལ་ཞུགས་ཐུབ་པར་རང་གཞུང་ཤེས་རིག་ལས་ཁུངས་ནས་མདུན་ལམ་སློབ་སྟོན་པ་ཆེད་བསྐོས་ཀྱིས་ལམ་སྟོན་རོགས་མགོན་གནང་རྒྱུ།
  15.  ཤེས་རིག་ལས་ཁུངས་ནས་ཕྲུ་གུར་ལག་དངུལ་སྤྲོད་ཕྱོགས་གཏན་འབེབས་དང་ལག་བསྟར་བཀོད་ཁྱབ་གནང་རྒྱུ།
  16. རང་གཞུང་ནས་བོད་མིའི་སློབ་གྲྭའི་སྡེ་ཁག་གི་འགན་འཛིན་རྣམ་པའི་ལྷན་ཚོགས་ཤིག་ལོ་གཉིས་རེའི་ནང་ཐེངས་རེ་ཚོགས་སྐོང་ཐུབ་པ་གནང་རྒྱུ།
  17. སློབ་གྲྭའི་ནང་རྒྱུགས་སྤྲོད་ཀྱི་དྲིས་ལན་ཕྱོགས་བསྡེབས་ཐྲསྤྱདྲརྟྟ ཏྣྣྡབེད་སྤྱོད་གཏོང་ཐལ་མེད་པར་འགོག་སྡོམ་གནང་རྒྱུ།
  18.  ཤེས་རིག་ལས་ཁུངས་ནས་མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་རྣམས་ལ་གུང་གསེང་དང་སྟབས་བསྟུན་བོད་སྐད་བགྲོ་གླེང་དང༌། ཡ་རབས་བཟང་སྤྱོད་སོགས་ཀྱི་སྐོར་ལ་མཁས་པའི་གསུང་བཤད་གོ་སྒྲིག་གནང་རྒྱུ།
  19.  ཤེས་རིག་ལས་ཁུངས་ནས་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དུས་བསྟུན་ཡར་རྒྱས་ཡོང་ཆེད་ཟབ་སྦྱོང་གང་མང་གོ་སྒྲིག་མུ་མཐུད་གནང་རྒྱུ།
  20. རྒྱ་གར་དང་བོད་མིའི་སྤྱི་ཚོགས་ནང་མདུན་ལམ་ཇི་ཡོད་མདུན་ལམ་སློབ་སྟོན་པས། སློབ་ཕྲུག་ཙམ་དུ་མ་ཟད་སློབ་སྤྱི་དང༌། དགེ་རྒན་རྣམས་ལའང་ངོ་སྤྲོད་གནང་རྒྱུ།

གྲོས་གཞི་དོན་ཚན་གཉིས་པ།

སློབ་གྲྭ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཤེས་ཚད་ཉམས་ཆག་ཕྱིན་ཡོད་པ་དེའི་རྒྱུ་རྐྱེན་གང་ཡིན་དང༌། སླད་ཤེས་ཚད་ཡར་རྒྱས་གཏོང་ཐབས་ཇི་དགེའི་སྐོར།

བོད་ཀྱི་སྐད་ཡིག་དང༌། རིག་གནས་ཉམས་ཆག་སོང་བའི་རྒྱུ་རྐྱེན།

  1.  བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཁོར་ཡུག་ལེགས་པོ་ཞིག་མེད་པ།
  2. བོད་ཡིག་ཐོག་ཡོངས་ཁྱབ་ངོས་འཛིན་ལྡན་པའི་མཐོ་སློབ་ཉུང་སྐྱོན།
  3. བོད་ཀྱི་སྐད་ཡིག་རིག་གནས་ལ་སྤྱོད་སྒོ་དང་མདུན་ལམ་སྣ་འཛོམས་མེད་པ།
  4. བོད་ཡིག་སློབ་ཚན་ཞེས་པའི་ནང་སྐད་ཡིག་དང༌། སྙན་སུམ། རྒྱལ་རབས། ནང་ཆོས་སོགས་རིགས་ཚན་མང་ཞིང་སློབ་ཁྲིད་ཚོགས་ཐེངས་ཉུང་བའི་སྐྱོན།
  5. སྤྱི་ཚོགས་ནང་བོད་ཡིག་ལས་དབྱིན་ཡིག་གལ་ཆེར་འཛིན་པའི་ལྟ་ཚུལ་དར་འཕེལ་སོང་བ།
  6. ཁྱིམ་ཚང་ངམ་བོད་མིའི་སྤྱི་ཚོགས་ནང་སྐད་རིགས་འདྲེས་ལྷད་སྤྱོད་ཁྱབ་ཆེ་སྐྱོན།
  7. བོད་ཡིག་སློབ་དེབ་ཁག་ཅིག་ཕྲུ་གུའི་གནས་ཚད་ལ་འཚམས་པོ་མེད་པའི་སྐྱོན།
  8. བོད་ཡིག་སྦྱོང་དེབ་དང་ཟུར་བལྟའི་དཔྱད་གཞིའི་དཔེ་དེབ་ཉུང་བ།
  9. འཛིན་གྲྭ་དྲུག་པ་ཡན་གྱི་ཚན་རིག་སོགས་ཀྱི་སློབ་ཚན་དབྱིན་ཡིག་ཐོག་ཡོད་པ།
  10. བོད་ཡིག་དགེ་རྒན་ནང་གནས་ཚད་དང་འོས་སྦྱོང་གཉིས་ལྡན་དཀོན་པ།

སླད་ཡར་རྒྱས་གཏོང་ཕྱོགས།

  1. སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་དར་སྤེལ་ཡོང་ཆེད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་སྒྲིག་འཛུགས་ནང་ཁུལ་གནས་འབྲེལ་དང་ཡིག་ཆ་ཡོངས་རྫོགས་བོད་ཡིག་ཐོག་བེད་སྤྱོད་གནང་རྒྱུ།
  2.  ཤེས་ཡོན་གྱི་སྲིད་བྱུས་གསར་པ་མ་བྱུང་བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་ཡིག་རྒྱུགས་དྲང་བདེན་ཡོང་ཐབས་སུ་འབྲེལ་ཡོད་སློབ་གྲྭའི་འཛིན་སྐྱོང་སོ་སོས་དམིགས་བསལ་ཐུགས་སྣང་དགོས་རྒྱུ་དང༌། དེ་མིན་འཛིན་རིམ་ལྔ་པ་ནས་དགུ་པ་བར་དང༌། བཅུ་གཅིག་པ་བཅས་པའི་ལོ་འཁོར་བོད་ཡིག་དྲི་ཤོག་ཤེས་རིག་ལས་ཁུངས་ཀྱི་འགན་ཁུར་འོག་གཅིག་གྱུར་བཟོ་ཐབས་དང་རྒྱུགས་སྤྲོད་ཚགས་ཚུད་ཚད་འཕེར་དྲང་བདེན་ཡོང་ཐབས་གནང་རྒྱུ།
  3. གཞུང་གི་ལས་བྱེད་པ་དང་སློབ་གྲྭའི་གནད་ཡོད་ལས་བྱེད་རྣམ་པ་བོད་ཀྱི་སྐད་ཡིག་རིག་གཞུང་གི་གོ་རྟོགས་དང་ལྡན་པ་འབྱུང་སླད། སོ་སོའི་རིག་གཞུང་ལ་ཐུགས་སྣང་གོ་རྟོགས་མིག་དཔེར་འོས་པ་གནང་ཐབས་དགོས་རྒྱུ།
  4. རང་གཞུང་ནས་བོད་ཀྱི་སྐད་ཡིག་རིག་གནས་སློབ་གཉེར་བྱ་ཡུལ་མཐོ་སློབ་ཚད་ལྡན་གསར་འཛུགས་སམ་ད་ཡོད་མཐོ་སློབ་ཁག་གི་སློབ་གཉེར་ལས་རིམ་ཐོག་མཐུན་སྐྱོར་ཤུགས་སྣོན་གང་ཐུབ་གནང་རྒྱུ།
  5. བོད་ཀྱི་སྐད་ཡིག་ལ་དམིགས་བསལ་ཆེ་མཐོང་ཡོད་པ་མཚོན་བྱེད་དང༌། བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ལས་དོན་ཁག་མཇུག་སྐྱོང་དོན་འཁྱོལ་ཐུབ་སླད་ཤེས་རིག་ལས་ཁུངས་ནང་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་སྡེ་ཚན་ཞིག་གསར་འཛུགས་འཆར་གཞི་ཡོད་དོན་ལྟར་འཕྲལ་དུ་གནང་ཐབས་གནང་རྒྱུ།
  6. འཛིན་རིམ་དགུ་པ་ཡན་གྱི་སློབ་དེབ་རྣམས་ལ་བསྐྱར་ཞིབ་དང༌། ཟུར་བཏོན་ཕྱོགས་བསྒྲིགས་ཀྱིས་པར་སྐྲུན་གནང་ཐབས་གནང་རྒྱུ།
  7. དགེ་རྒན་དང་བཅས་པས་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་ཕྲུག་རྣམས་གཙོ་བོ་འབྲི་ཀློག་དག་གསུམ་ཚད་སོན་ཡོང་ཆེད་ཤུགས་སྣོན་དགོས་རྒྱུ།
  8. བོད་ཡིག་ཡར་རྒྱས་ཡོང་ཐབས་སུ་འཛིན་རིམ་ ༡༠ དང་ ༡༢ པའི་ཡིག་རྒྱུགས་ཀྱི་དྲི་ཤོག་བཟོ་འདོན་དང༌། ལན་ཤོག་ལ་བཅོས་རྒྱག་བྱ་རྒྱུར་ཤེས་རིག་ལས་ཁུངས་ནས་བསྒྱུར་བཅོས་ཤིག་གཏོང་ཐབས་གནང་གལ་ཆེ་བས། དེ་དོན་ཕྱག་བསྟར་གནང་ཐབས་གནང་རྒྱུ།
  9. བོད་དགེ་ཚད་ལྡན་ཡོང་ཐབས་སུ་འོས་སྦྱོང་ཚད་ལྡན་ཤ་སྟག་གི་ཐོག་ལྷག་བསམ་སེམས་ཤུགས་ཚད་འཕེར་ཡོད་མེད་རྟོག་ཞིབ་ཀྱིས་བསྐོ་གཞག་དགོས་པ་དང༌། དེ་བཞིན་འོས་སྦྱོང་དང་ཟབ་སྦྱོང་གང་མང་མུ་མཐུད་གོ་སྒྲིག ྋགོང་ས་མཆོག་གིས་ཤེས་ཡོན་སྐོར་ལ་སྩལ་བའི་བཀའ་སློབ་ལམ་སྟོན་ཁག་སློབ་དགེ་ཚོས་ལྟ་ཀློག་ཉན་གསུམ་ཡང་ཡང་དགོས་རྒྱུ།
  10. ཤེས་རིག་ལས་ཁུངས་ནས་དམའ་རིམ་འཛིན་གྲྭ་སོ་སོར་བོད་ཡིག་སྦྱོང་དེབ་དང༌། ད་ཡོད་ཡིག་གཟུགས་འབྲི་དཔེ་རྣམས་ལ་བསྐྱར་བཅོས་ཀྱིས་འཛིན་གྲྭ་སོ་སོར་གཞིགས་པའི་ཡིག་གཟུགས་འབྲི་དཔེ་གསར་བཟོ་གནང་རྒྱུ།
  11. བོད་མིའི་སྤྱི་ཚོགས་ཡོངས་སུ་བོད་སྐད་གཙང་མ་བེད་སྤྱོད་གནང་རྒྱུའི་གོམས་གཤིས་ཡོང་ཐབས་དང་བོད་ཡིག་སློབ་སྦྱོང་དགོས་གལ་ཆེ་བའི་སློབ་སྟོན་དྲིལ་བསྒྲགས་ཤུགས་ཆེ་གནང་རྒྱུ།
  12. བོད་སྐད་ཐོག་བགྲོ་གླེང་དང༌། གཏམ་བརྗོད། གློག་བརྙན། རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་ལས་འགུལ་གང་མང་སྤེལ་རྒྱུ།
  13. སློབ་གྲྭ་ཁག་ནང་བོད་ཀྱི་བརྡ་སྤྲོད་རིག་གནས་ཐོག་མཁས་དབང་ཁག་གདན་ཞུས་ཀྱིས་བགྲོ་གླེང་ཚོགས་འདུ་ཡང་ཡང་སྐོང་ཚོགས་གནང་རྒྱུ།
  14. བོད་མིའི་སྤྱི་ཚོགས་ནང་ཐ་སྙད་གསར་པ་འབྲི་བརྗོད་གཅིག་གྱུར་ཡོང་ཆེད་ཤེས་རིག་ལས་ཁུངས་ནས་ཚན་རིག་དང༌། ཨང་རྩིས་སོགས་ཀྱི་ཐ་སྙད་བོད་སྐད་ཐོག་གཅིག་གྱུར་གཏན་འབེབས་གནང་རྒྱུ།
  15. བོད་ཡིག་སློབ་ཚན་ནང་རང་གི་མི་རིགས་དང༌། རྒྱལ་ཞེན་ཡོང་ཐུབ་པའི་སློབ་ཚན་བཀོད་སྒྲིག་གནང་དགོས་རྒྱུ།

གྲོས་གཞི་དོན་ཚན་གསུམ་པ།

སློབ་གྲྭ་ཁག་གི་ཡ་རབས་བཟང་སྤྱོད་ཡར་རྒྱས་སུ་གཏོང་ཐབས་ཇི་དགེའི་སྐོར།

  1. སློབ་གྲྭ་ཁག་ཏུ་ྋགོང་ས་མཆོག་གི་བཀའ་སློབ་ལྟ་ཀློག་ཉན་གསུམ་ཤུགས་ཆེར་སྤེལ་གནང་རྒྱུ།
  2. དགེ་རྒན་ལས་བྱེད་དང༌། ཕ་མ་ཚོས་ཕྲུ་གུ་ཚོ་ལ་བཟང་སྤྱོད་སློབ་སྟོན་དང་མིག་ལྟོས་བཟང་པོ་ཡོང་ཕྱིར་རྒྱུན་ཆད་མེད་པར་སློབ་གསོ་དང་མིག་ལྟོས་བཟང་པོ་ངེས་པར་སྟོན་དགོས་རྒྱུ།
  3. བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་ནང་ཆོས་ཤེས་ཕྱིར་སློབ་གྲྭ་ཁག་ཏུ་ལོ་ན་ཅུང་མཐོ་བའི་ཆོས་དགེ་གང་མང་བསྐོ་འཛུགས་ཐོག དེ་དག་གིས་ནང་ཆོས་ཙམ་མ་ཟད་རིགས་ལམ་སློབ་ཁྲིད་ཚད་ལྡན་གནང་དགོས་ཤིང༌། རྒྱུན་གཏན་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་བསླབ་བྱ་ཡང་ཡང་གནང་དགོས་རྒྱུ། ཆོས་དགེའི་ལས་དོན་ལ་བོད་རིགས་སློབ་དགེ་ཚོས་རྒྱབ་སྐྱོར་ཞུ་རྒྱུ།
  4. སློབ་གྲྭ་སོ་སོས་སྤྱི་ཚོགས་ནང་ཡོངས་གྲགས་བརྩི་བཀུར་ཆེ་བའི་བླ་སྤྲུལ་མཁན་པོ་དང༌། གྲགས་ཅན་མི་སྣ་གདན་ཞུས་ཀྱིས་ཡ་རབས་སྐོར་ལམ་སྟོན་དང་བགྲོ་གླེང་སྤེལ་རྒྱུ།
  5. སློབ་གྲྭ་སོ་སོས་ཀུན་སྤྱོད་སློབ་གསོའི་ཐོག་དུས་ཚོད་ཟུར་བཅད་ཀྱིས་སློབ་སྟོན་སྣ་ཚོགས་ཡང་ཡང་གནང་རྒྱུ།
  6. ཡ་རབས་བཟང་སྤྱོད་དང་ཞེ་སའི་སྐོར་ལ་སློབ་ཕྲུག་གིས་ལྟ་ཀློག་བྱ་རྒྱུའི་དེབ་རིགས་གང་མང་པར་སྐྲུན་ཞུ་རྒྱུ།
  7. གུང་གསེང་སྐབས་ཕྲུ་གུའི་ཤེས་སྤྱོད་ཉམས་རྒུད་མི་འགྲོ་བའི་ཆེད་ཕ་མ་ཚོས་དོ་ཁུར་དགོས་སྐོར་ས་གནས་འགོ་འཛིན་བརྒྱུད་ཤེས་རིག་ལས་ཁུངས་ནས་བཀོད་ཁྱབ་གནང་རྒྱུ།
  8. སློབ་གྲྭའི་ཉེ་འགྲམ་དུ་ཆང་རག་དང་ཐ་མག་སོགས་ཉོ་ཚོང་བཀག་འགོག་གནང་ཐབས་གནང་རྒྱུ།
  9. ཕ་མ་དང་སྤྱི་ཚོགས་ནང་ཕྲུ་གུའི་བཟང་སྤྱོད་ཐོག་དོ་ཁུར་མཉམ་རུབ་དགོས་པའི་སློབ་སྟོན་ཡང་ཡང་གནང་རྒྱུ།

གྲོས་གཞི་དོན་ཚན་བཞི་པ།

དགེ་རྒན་གྱི་ལས་འགན་དང་ཁྱད་ཆོས་ཀྱི་གནད་དོན་སྐོར།

  1. དགེ་རྒན་གྱིས་རང་ཉིད་ཀྱི་ལས་འགན་འཐུས་ཤོར་མེད་ཅིང་རྒྱབ་མདུན་ཕྱོགས་ཞེན་མེད་པ་ཞིག་གནང་དགོས།
  2. རང་ཉིད་ཀྱི་སློབ་ཚན་ཐོག་མཁྱེན་རྒྱ་ཡངས་ཤིང་མུ་མཐུད་ཡར་རྒྱས་གཏོང་དགོས་རྒྱུ།
  3. དགེ་རྒན་རྣམས་ཀྱིས་ཕྲུ་གུར་རྟག་ཏུ་ཤ་ཚ་དང་བྱམས་བརྩེས་ལྟ་སྐྱོང་གནང་ཐབས་དགོས་རྒྱུ།
  4. སློབ་སྟོན་གྱི་ཐབས་ཚུལ་ལ་མཁས་པའི་ཐོག་ཕྲུ་གུ་རྣམས་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་ལྡན་པ་བཟོ་དགོས།
  5. དགེ་རྒན་འགའ་ཞིག་གིས་རང་གི་ལས་འགན་ལས་གཞན་པའི་གཞོན་ལྷན་དང༌། བུད་མེད་ཚོགས་པའི་ལས་དོན་སོགས་གལ་ཆེ་བ་ལྟ་བུར་བརྩི་མུས་རྣམས་མཚམས་འཇོག་དགོས་རྒྱུ།
  6. དགེ་རྒན་གྱི་ལས་འགན་དང་ཁྱད་ཆོས་གསལ་བའི་ལག་དེབ་ཅིག་རང་གཞུང་ཤེས་རིག་ལས་ཁུངས་ནས་འགྲེམས་སྤེལ་གནང་རྒྱུ།

ཟུར་རྒྱན་གྲོས་ཆོད།
བོད་ཀྱི་རྩོད་མེད་ཀྱི་སྐྱེས་ཆེན་དམ་པ་ཚད་ལྡན་མང་པོས་བོད་ཀྱི་བསྟན་སྲིད་བདེ་ཐབས་སུ་དོལ་རྒྱལ་བསྟེན་གསོལ་མི་རུང་བའི་ཚུལ་ལུང་རིགས་དུ་མའི་སྒོ་ནས་ལེགས་པར་བསྒྲུབས་པ་རྣམས་མ་འོངས་བོད་མིའི་སོན་རྩ་གཞོན་སྐྱེས་སློབ་ཕྲུག་རྣམས་ཀྱིས་གོ་རྟོགས་ཐུབ་རྒྱུ་ཤིན་ཏུ་གལ་འགངས་ཆེ་ཞིང༌། སླད་ཁེ་ཉེན་གསལ་རྟོགས་ཀྱི་སྒོ་ནས་སློབ་གསོ་ངན་པའི་དབང་དུ་མ་ཤོར་བའི་ཆེད། བཙན་བྱོལ་བོད་མིའི་སློབ་གྲྭ་རྣམས་ཀྱི་འགོ་ལས་ཡོངས་དང༌། ལྷག་པར་ཆོས་དགེ་དང་བོད་རིགས་དགེ་རྒན་རྣམ་པས་འགན་ཁུར་ཆེར་སྐྱེད་ཀྱིས་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་བླང་དོར་བཀའ་སློབ་ཀྱི་དོན་གནད་རྣམས་ངོ་སྤྲོད་སློབ་ཁྲིད་ཟབ་ནན་བྱ་རྒྱུའི་སྤྱི་མོས་ཟུར་རྒྱན་གྲོས་ཆོད་དུ།

སྤྱི་སྨན་རེ་འདུན།

  1. རང་གཞུང་བཀའ་ཤག་ནས་གསལ་བཤད་ལམ་སྟོན་གནང་བ་ལྟར་འབྱུང་འགྱུར་བོད་འདི་འཚེ་མེད་ཞི་བའི་བསྟི་གནས་ཤིག་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་ར་བ་ཞིག་ཏུ་བསྒྱུར་རྒྱུའི་ཕུགས་དམིགས་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་གསར་བཟོ་གནང་རྒྱུའི་འཆར་གཞི་ཡོད་པར་ཚོགས་བཅར་བ་ཡོངས་ནས་རྒྱབ་སྐྱོར་ཞུ་རྒྱུ་དང་འབྲེལ་སྲིད་བྱུས་བཟོ་འགོད་ཀྱི་ལས་དོན་འཕྲལ་དུ་བརྩམས་གནང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
  2. ཤེས་རིག་ཚོགས་ཆེན་འདི་བཞིན་ལོ་ལྔ་མ་འགྱངས་པའི་ནང་ཐེངས་རེ་སྐོང་ཚོགས་བྱུང་ན་ཁེ་ཕན་ཆེ་བར་བརྟེན་དེ་བཞིན་གནང་ཐབས་ཡོང་བ་ཞུ་རྒྱུ་དང༌། འགྲོ་གྲོན་ཐད་དབུས་ས་གཉིས་ཐད་ནས་གཏོང་ཐབས་གནང་ལེགས།
  3. སྤྱི་ཚོགས་རིག་གནས་དང་ཚན་རིག་སོགས་ཀྱི་མིང་ཚིག་གསལ་བའི་ཟུར་དེབ་གང་མང་འདོན་སྤེལ་དགོས་གལ།
  4. རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྟངས་འཛིན་འོག་དབུས་བོད་སློབ་དང་ཕྱོགས་མཚུངས་བོད་ཁྱིམ་ཁག་ལའང་ཤེས་ཡོན་རྟོག་ཞིབ་གནང་གལ་ཆེ།
  5. རང་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་སློབ་གྲྭ་ཁག་དབར་འབྲེལ་ལམ་སྔར་ལྷག་དམ་ཟབ་དགོས་རྒྱུ།
  6. རིགས་གཅིག་རྐང་འཛིན་བྱེད་མཁན་སློབ་ཕྲུག་རིགས་ལ་དམིགས་བསལ་བལྟ་སྐྱོང་དང་ལམ་སྟོན་རོགས་མགོན་གནང་དགོས་པ་བཅས་ཀྱི་གྲོས་ཆོད་དུ། བོད་རྒྱལ་ལོ་ ༢༡༢༩ ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༤ ལ།། །།

ཚོགས་ཞུགས་པའི་སྐུ་ཚབ་ཀྱི་མཚན་རྟགས།

  1. དཔལ་ལྡན་ཆོས་ཤེས་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག
  2. ཚོགས་ཆུང་དང་པོའི་ཚོགས་གཙོ་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཨརྱ་པདྨ་དགྲ་འདུལ།
  3. ཚོགས་ཆུང་གཉིས་པའི་ཚོགས་གཙོ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས།
  4. ཚོགས་ཆུང་གསུམ་པའི་ཚོགས་གཙོ་སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག
  5. ཚོགས་ཆུང་བཞི་པའི་ཚོགས་གཙོ་བལ་ཡུལ་ཤེས་རིག་ལས་འཛིན་འཕྲིན་ལས་རྣམ་རྒྱལ།
  6. ཚོགས་ཆུང་ལྔ་པའི་ཚོགས་གཙོ་བྷེལ་ཀོབ་གཏན་སློབ་ཀྱི་སློབ་སྤྱི་ཐར་ལམ་སྒྲོལ་མ།
  7. ཚོགས་ཆུང་དྲུག་པའི་ཚོགས་གཙོ་ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བསྟན་འཛིན།
  8. ཚོགས་ཆུང་བདུན་པའི་ཚོགས་གཙོ་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ།
  9. ཚོགས་ཆུང་བརྒྱད་པའི་ཚོགས་གཙོ་གྷོ་པ་པུར་བོད་ཁྱིམ་གྱི་སློབ་སྤྱི་བསྟན་འཛིན་བཟང་པོ།
  10. ཚོགས་ཆུང་དགུ་པའི་ཚོགས་གཙོ་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་ཡར་འཕེལ་གྷ་ནི།
  11. ཚོགས་ཆུང་བཅུ་པའི་ཚོགས་གཙོ་མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི་བཀྲ་ཤིས་དོན་གྲུབ།