སྤྲོ་ཚིགས་ཆོས་གྲགས།

༄༅། །གངས་ཅན་མིག་གཅིག་ཐུ་མི་ཨ་ནུ་མཆོག་ནི། མི་རྗེ་སྲོང་བཙན་སྒམ་པོའི་གཙུག་ལག་སློབ་དཔོན་དང་མདུན་གྲོས་ལ་དབང་བའི་བློན་པོ་ཡིན་ཞིང༌། མི་རིགས་འདིའི་ཤེས་རིག་དང་སྲིད་དོན་ལོ་རྒྱུས་ཐོག་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ཡོད་པར་བརྟེན། སྔ་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་བོད་ཕྲུག་བྱས་རྗེས་ཅན་མཛངས་མི་བདུན་གྱི་རྩེ་མོར་བསྔགས་ནས་ཚད་མཐོའི་གདེང་འཇོག་གནང་ཡོད། འདིར་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་སློབ་སྦྱོང་ངམ་ཞིབ་འཇུག་གནང་མཁན་ཚོས་ཐུ་མི་ཨ་ནུའི་དངོས་དོན་མཛད་རྗེས་ཤེས་རྟོགས་ཀྱི་དཔྱད་གཞིའི་ཆ་རྐྱེན་དུ་དམིགས་ཏེ། འབྲེལ་ཡོད་ཚད་ལྡན་ཡིག་ཚང་ཁག་ལ་རྒྱབ་རྟེན་བཅོལ་ནས་འདི་ཉིད་ཀྱི་གཟི་བརྗིད་ལྡན་ཞིང་རྣམ་གྲངས་མང་བའི་ལེགས་མཛད་ལས། ད་ལྟའི་བོད་ཡིག་འདི་གསར་གཏོད་མཛད་པ་དང༌། ལུང་སྟོན་པའི་བསྟན་བཅོས་བརྩམས་པ། མི་རྗེ་སྲོང་བཙན་སོགས་ཀྱི་གཙུག་ལག་སློབ་དཔོན་གནང་བ། ཐུབ་བསྟན་བོད་བསྒྱུར་གྱི་ཐོག་མའི་རྐང་འགན་བཞེས་པ། རྒྱ་བལ་ནས་བཙུན་མོ་བསུ་བའི་རྒྱལ་འབྲེལ་བྱ་བར་ནུས་ཤུགས་བཏོན་པ་བཅས་ཀྱི་སྐོར་ཐུན་མོང་སྣང་ཚོད་རིང་ལུགས་ཀྱི་ལྟ་ཚུལ་སྤྱད་དེ་མཚམས་སྦྱོར་ཆེ་ལོང་ཙམ་བྱ་བར་འཇུག་ན།

དང་པོ། སྔོན་ཐོན་རང་བཞིན་གྱི་ད་ལྟའི་བོད་ཡིག་འདི་གསར་གཏོད་མཛད་པ།

    སྤྱིར་མི་རིགས་གང་ཞིག་གི་ཡི་གེ་ནི་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་ཆའི་མཚོན་བྱེད་ཡིན་ལ། མི་རིགས་སོ་སོའི་རང་སྐད་ནི་མི་རིགས་དེ་དང་དེའི་འདུ་ཤེས་གསལ་མཚོན་གྱི་མེ་ལོང་ལྟ་བུ་ཡིན། ཡི་གེ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་པའི་ཐད། བོད་མཁས་སྒྲ་ཚད་པ་རྣམས་ཀྱི་གཞུང་དུ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་གསུངས་ཤིང༌། གཞི་རིམ་སྤྱི་ཚོགས་ཁྲོད་ཡི་གེ་ཞེས་པ་སྒྲ་གདངས་མཚོན་བྱེད་བརྡ་རྟགས་ཀྱི་རི་མོ་ཙམ་ལ་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་བཞིན་པར་བརྟེན་འགལ་ཟླ་ལྟར་གྱུར་སྣང་ཡང༌། སྐབས་འདི་དང་རྒྱུན་ལྡན་གླེང་མུས་ཀྱི་ཡི་གེ་ནི་མཚོན་བྱ་སྒྲའི་ཡི་གེ་དང་མཚོན་བྱེད་རི་མོའི་ཡི་གེ་གཉིས་གཅིག་གྱུར་གྱི་ཕུང་པོར་གོ་ན་དངོས་པོའི་གནས་ཚུལ་དང་མཐུན་འབྲེལ་ཆེ་བར་མཐོང༌། མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་བསྡོངས་ནས་བྱུང་བའི་ཡིག་རིགས་མཐའ་དག་རིགས་དབྱེ་བྱས་ན་རང་བྱུང་ཡི་གེ་དང་རྩོལ་བྱུང་ཡི་གེ་གཟུགས་མཚོན་ཡི་གེ་དང་སྒྲ་སྦྱོར་ཡི་གེ་གཉིས་ཕན་ཚུན་ལ་ལྟོས་ནས་མིང་དེ་ལྟར་བཏགསགཉིས་སུ་འདུ་ཞིང༌། བོད་ཡིག་ནི་རྩོལ་བྱུང་ཡི་གེའི་གྲས་སུ་གཏོགས་པ་ཡིན། མི་རིགས་རང་མཚན་པ་ཞིག་གི་འཇོག་བྱེད་ལ་ཡི་གེ་ངེས་པར་དུ་ཡོད་དགོས་པས་མ་ཁྱབ་ཀྱང༌། མི་རིགས་རང་གི་སྐད་བརྡའི་ཆོས་ཉིད་དང་མཐུན་པའི་ཡིག་སྲོལ་ཡོད་པའི་མི་རིགས་དེ་ནི་སྲིད་འབྱོར་རིག་གསུམ་དང་དམག་དོན་སོགས་སྤྱི་ཚོགས་ཀྱི་རྣམ་པ་སྒོ་གང་ཐད་རང་ཡིག་མེད་པའི་མི་རིགས་གཞན་དག་ལ་ལྟོས་ཏེ་སྔོན་ཐོན་དང་ཡར་རྒྱས་གོང་འཕེལ་གྱི་རང་བཞིན་ལྡན་པ་ནི་མི་རིགས་མང་པོའི་འདས་པའི་བྱུང་བ་དང་ད་ཡོད་གནས་ཚུལ་གྱིས་བདེན་དཔང་བྱས་ཡོད།
བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་སུ་རང་སྐད་དང་མཐུན་པའི་ཡིག་སྲོལ་ནམ་ཞིག་ལ་བྱུང་བའི་ཐད། བཤད་ཚུལ་མི་མཐུན་པ་གཉིས་བྱུང་བ་ནི། གཡུང་དྲུང་བོན་གྱི་རིང་ལུགས་པས་སྲོག་ཤིང་བྱས་པའི་མཁས་པ་ཕྱོགས་ཁག་གཅིག་གིས་“བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ཀྱིས་མཛད་དེ་”༡ཞེས། དུས་རབས་བདུན་པའི་ཡར་སྔོན་ནས་བོད་ལ་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པའི་ཡིག་སྲོལ་ཡོད་པར་འདོད་པ་དང༌། དམ་པ་ཆོས་ཀྱི་རིང་ལུགས་འཛིན་པའི་མཁས་པ་ཕལ་ཆེར་ཐེ་པའི་ཕྱོགས་ཁག་གཅིག་གིས་“དེ་ནས་བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་སློབ་ཏུ་བཏང་”༢ཟེར་བས་མཚོན་མི་རྗེ་སྲོང་བཙན་སྒམ་པོའི་ཡར་སྔོན་བོད་རང་ལ་ཡི་གེ་མེད་ཅིང༌། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་༣འདི་ཉིད་དུས་རབས་བདུན་པའི་ནང་སྲོང་བཙན་གྱི་བློན་པོ་ཐུ་མི་ཨ་ནུས་གསར་བསྐྲུན་བྱས་པ་ཡིན་ཞེས་འདོད།
འདིར་ཆོས་ལུགས་གྲུབ་མཐའི་ཕྱོགས་འཛིན་འཐེན་འཁྱེར་གྱི་སྨྲ་ལྕེ་ལ་ལྡེ་མིག་མེད་པའི་སྒོ་ལྕགས་བརྒྱབ་ནས་ཞིབ་འཇུག་དྲང་འབྲེལ་ཞིག་བྱས་ན། དུས་རབས་བདུན་པའི་ཡར་སྔོན་བོད་ཡུལ་ལ་ཡིག་སྲོལ་ཞིག་ཡོད་པ་དང་སྲོང་བཙན་སྒམ་པོའི་རིང་བོད་ཡིག་གསར་བཟོ་བྱས་ཞེས་པ་འདི་གཉིས་གཞི་རྩའི་ཐོག་མི་འགལ་བས་ཚོར་ཤུགས་རྣོན་པོས་རྩོད་གླེང་བྱེད་དགོས་དོན་མ་མཆིས་སྙམ། དཔལ་མཛངས་སྙིང་སྟོབས་ཀྱི་བདག་ཉིད་མི་རྗེ་སྲོང་བཙན་སྒམ་པོས་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་མ་བཟུང་པའི་ཡར་སྔོན་སྤུ་རྒྱལ་སྲིད་རབས་སོ་གཅིག་ཙམ་གྱི་རིང་བོད་ཀྱི་ཡུལ་གྲུར་ཞང་ཞུང་ནས་ཚུར་ལེན་བྱས་པའི་གཡུང་དྲུང་བོན་གྱི་རིང་ལུགས་རྒྱ་ཁྱབ་ཏུ་དར་ཡོད་པར་མ་ཟད། ཤཱཀྱའི་རིང་ལུགས་མ་དར་གོང་ཆབ་སྲིད་སྒྲུང་ལྡེའུ་བོན་གྱིས་བསྐྱངས་ཚུལ་འབྱུང་བས་ན། ཡུལ་སྡེའི་ཆབ་སྲིད་སྐྱོང་བྱེད་ཙམ་དུ་འཕེལ་རྒྱས་འགྲོ་བར་བོན་གྱི་རིང་ལུགས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མ་མཐའི་ཆ་རྐྱེན་ལ་ཡི་གེ་ཞིག་མེད་ཐབས་ག་ལ་ཡོད། འོ་ན་དེ་དུས་ཀྱི་ཡི་གེ་དེ་གང་ཡིན་སུ་ཞིག་གིས་སྲོལ་གཏོད་བྱས་པ་ཡིན་ཞེ་ན། གནའ་བོའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་ཡིག་ཚད་ལྡན་དུ་བརྩི་བ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པའི་ནང༌། “བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་བཙན་པོ་(སྲོང་བཙན་སྒམ་པོ)འདིའི་ཚེ་བྱུང་ནས་”༤ ཞེས་དང༌། རྒྱའི་ཐང་ཡིག་ནང་“རྒྱལ་ཁབ་དེ་ལ་ཡི་གེ་མེད་ཅིང༌། ཤིང་ལེབ་སྟེང་རི་མོ་བཀོད་པ་དང༌། ཐག་པར་མདུད་པ་བརྒྱབ་སྟེ་ཕན་ཚུན་བརྡ་ཕྲིན་སྐྱེལ་གྱི་འདུག་”༥ཅེས་སྐབས་དེར་བོད་རང་སྐད་ཀྱི་ཁྱད་ཆོས་མཚོན་པའི་ཡི་གེ་མེད་ཚུལ་གསལ་པོར་འབྱུང་བས་དེ་དུས་བོད་ལ་དར་པའི་ཡི་གེ་ནི་བོད་དང་སྐད་ཡིག་ཐ་དད་པའི་ཞང་ཞུང་རྒྱལ་ཁབ་ཀྱི་(ཞང་བོད་གཅིག་གྱུར་མ་བྱས་སྔོན)ཡི་གེ་ཡིན་པར་ངེས་ཤིང༌། དེ་ནི་གཡུང་དྲུང་བོན་ལུགས་ཀྱི་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པར་རྩོད་པ་མེད་མོད། དུས་ཕྱིས་སོག་པོ་ཚོས་བོད་དར་ཤཱཀྱའི་རིང་ལུགས་སློབ་སྦྱོང་དང་ཉམས་ལེན་བྱེད་ཆེད་བོད་ཡིག་བསླབས་པ་བཞིན་སྐབས་དེར་ཡང་གཡུང་དྲུང་བོན་གྱི་རིང་ལུགས་ཉམས་ལེན་ནམ་སྒྲོག་སྦྱང་བྱེད་ཆེད་བོད་ཀྱི་སྤྱི་ཚོགས་ནང་ཞང་ཡིག་དར་བ་ཙམ་མ་གཏོགས་ཡི་གེ་དེས་བོད་ཀྱི་སྲིད་ཀྱི་བྱེད་སྒོ་གང་སར་ཞབས་འདེགས་སྒྲུབ་ཐུབ་པ་དང་འཐུས་ཚང་ཡོངས་ཁྱབ་ཅན་ཞིག་ཡིན་ན། གལ་ཆེའི་གནས་ཚུལ་བྱུང་རིགས་ཤིང་ལེབ་སྟེང་རི་མོར་འགོད་པ་དང༌། ཐག་རིང་ལ་བརྡ་ཕྲིན་སྐྱེལ་སྐབས་བརྗེད་ཐོར་ཐག་པར་མདུད་པ་རྒྱག་དགོས་དོན་ཅི་ཡང་མེད་དོ། །
དེས་ན་དུས་རབས་བདུན་པའི་ནང་མི་རྗེ་སྲོང་བཙན་སྒམ་པོས་བོད་ཆེན་པོ་གཅིག་གྱུར་གྱི་རྒྱལ་ཁབ་འཛུགས་པའི་རླབས་ཆེན་བྱ་གཞག་ཁྲོད། ཡུལ་སྡེའི་བདེ་དོན་བསྒྲུབ་པའི་ཆབ་སྲིད་འཛིན་སྐྱོང་དང་ཁྲིམས་ལུགས་གཏན་འབེབས་བྱེད་པ། དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་གོང་འཕེལ་གཏོང་བ། རིག་གནས་གསར་སྐྲུན་དང་ཆོས་ལུགས་གསར་པ་བོད་གངས་ཅན་གྱི་ལྗོངས་སུ་བསྒྱུར་སྤེལ་སོགས་ཀྱི་དགོས་མཁོ་བསྐང་མ་ཐུབ་པར་བརྟེན།  “ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པ། །བོད་ལ་རང་གི་ཡི་གེ་དགོས་པར་གཟིགས།”༦ །ཞེས་པ་ལྟར་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གཏོང་པའི་དགོས་མཁོའི་དབང་གིས་སྔོན་ཐོན་རང་བཞིན་གྱི་ད་ལྟའི་བོད་ཡིག་འདི་ཉིད་ཐུ་མི་ཨ་ནུར་གསར་གཏོད་མཛད་དུ་བཅུག་པ་གོར་མ་ཆག །
གཉལ་ཐུ་མི་སྣང་གྲགས་ཀྱི་བུ་ཐུ་མི་ཨ་ནུར་ཕྱི་ཡིག་སྦྱོང་བ་དང་ཆོས་ལུགས་གསར་པ་བཙལ་འཚོལ་གྱི་འགན་དཀྲིས་ཏེ། སྟག་ལོ་དེ་ཁྲོང་སོགས་རོགས་ཟླ་དང་ལྷན་སྐབས་དེའི་རྒྱ་གར་གྱི་རྒྱལ་པོ་དཔལ་སྦྱིན་བྱེད་བི་ན་ལྷ་ཆེན་བྱ་བར་འདི་པ་ཐུ་བྷོད་བཙན་པོའི་བཀས་མངགས་ཡིན་པའི་དཔང་རྟགས་ངོས་སྦྱོར་ལྟ་བུར་འཚམ་སྐྱེས་ཀྱི་བསྐུར་མ་དང་ངག་ཕྲིན་བཅས་གནང་ནས་རྒྱ་གར་དུ་བརྫངས། ཐུ་མི་རྒྱ་གར་དུ་བརྟོལ་རྗེས་ལྷོ་ཕྱོགས་བཻདྷརྦའི་བྲམ་ཟེ་མཁས་ཆེན་ལི་བྱིན་ཀ་ར་བསྟེན་ནས་རྒྱ་གར་ནང་དར་བའི་ཡིག་རིགས་གཙོ་གལ་ཆེ་བ་རྣམས་ལ་དཔྱིས་ཕྱིན་པར་སྦྱངས་ཤིང༌། རྒྱ་གར་རྒྱལ་པོས་ཆེད་དུ་བསྐོ་འཇོག་བྱས་པའི་པཎྜི་ཏ་ལྷ་རིག་པའི་སེངྒེ་བྱ་བའི་མདུན་ནས་ཀཱ་ཙན་དབྱངས་གསུམ་སོགས་སྒྲའི་བསྟན་བཅོས་དང༌། དགེ་བཅུའི་མདོ་སོགས་ཤཱཀྱའི་རིང་ལུགས་མཁས་པར་བསླབས་ཏེ་སྒྲ་རིག་པའི་བསྟན་བཅོས་མང་པོ་དང་ཤཱཀྱའི་རིང་ལུགས་ཀྱི་ཆོས་དཔེ་འབོར་ཆེན་བསྣམས་ནས་ཕྱིར་བོད་དུ་ཕེབས་ཐོག །སྐྱིད་ཤོད་ལྷ་སའི་སྐུ་མཁར་མ་རུ་བྱ་བ་དེར་བཙན་པོ་དང་ལྷན་དུ་ལོ་གསུམ་མམ་བཞིའི་རིང་སྲིད་དོན་སོགས་ཀྱི་བྱ་བ་གཞན་རེ་ཞིག་བསྐྱུངས་ཏེ། བོད་མིའི་སྔོན་ཐོན་རང་བཞིན་གྱི་རྩོལ་བྱུང་ཡི་གེ་འདི་ཉིད་གསར་དུ་ལེགས་བཟོ་གནང་བ་རེད། བོད་ཡིག་ཚུལ་ཇི་ལྟར་གཏན་འབེབས་བྱས་ཚུལ་ནི། སྔོན་དེང་གི་བོད་མི་སྒྲ་རིག་དང་ལོ་རྒྱུས་མཁས་ཅན་ཚོར་གསུང་སྟངས་སྣ་ཚོགས་ཤིག་བྱུང་ཡང་གཅིག་མཐུན་གྱི་ཁྱད་ཆོས་ལ་བོད་ཡིག་འདི་རྒྱ་གར་སོགས་མི་རིགས་ཐ་དད་པ་ཞིག་གི་ཡི་གེར་དཔེ་ལེན་བྱས་ཏེ་བཟོས་ཡོད་པ་དེ་རེད། བོད་ཡིག་དང་རྒྱ་གར་གྱི་ཡི་གེ་སོགས་རྩོལ་བྱུང་ཡི་གེ་དག་ནི་“ཡི་གེའི་ཕྱི་མོ་སྐད་ཀྱི་གདངས་ལ་མཁོ་བ་རྣམས་ཟུར་དུ་བསྡུས་ནས་ཡི་གེ་བྱས་པ་”༧ཞིག་ཡིན་སྟབས་བོད་ཀྱི་རྩོལ་བྱུང་ཡི་གེ་འདི་ཡང་དང་པོར་ཐུ་མིས་གསར་གཏོད་གནང་སྐབས་དུས་དེའི་བོད་མི་བྱིངས་ཀྱི་ཕལ་སྐད་ཀྱི་སྒྲ་གདངས་དང་སྡེབ་སྦྱོར་ཆགས་ཚུལ་ལ་ཉམས་ཞིབ་དང་འབྲེལ་དེ་ཉིད་རྨང་གཞིར་བཟུང་ཡོད་པར་ངེས་ཏེ། རང་རེས་དེང་སང་རྟོག་བཟོའི་ཤོད་སྒྲུང་ལྟ་བུ་ལས་དོན་དངོས་ཀྱི་རིན་ཐང་ཅི་ཡང་མེད་པར་སྙམ་བཞིན་པའི་ཐུ་མི་ཨ་ནུའི་ཅ་སོགས་དྲུག་རྙེད་རྐྱེན་ལམ་འགྲོ་བར་སྐད་ཆ་དྲིས་པའི་བྱུང་བ་དེས། ཐུ་མིས་བོད་ཡིག་གསར་གཏོད་གནང་སྐབས་བོད་མིའི་ཕལ་སྐད་ལ་ཉམས་ཞིབ་གནང་བའི་ཟུར་གཅིག་བསྟན་ཡོད་ལ། ཡོངས་གྲགས་ལེགས་སྦྱར་གྱི་ཡི་གེར་དཔེ་བླངས་ཏེ་བོད་ཡིག་སྲོལ་གཏོད་གནང་ཚུལ་བཤད་སྐབས་བོད་སྐད་དང་མཐུན་མིན་ཚད་གཞིར་བཟུང་ནས་འདོར་ལེན་བྱས་ཚུལ་གསལ་བ་དེས་ན་ཡུལ་གྲུ་གཞན་གྱི་ཡི་གེར་དཔེ་བླངས་ཞེས་པ་དེ་ཡང་བོད་སྐད་ཀྱི་གཞི་རྩའི་སྒྲ་གདངས་གཏན་ལ་འབེབས་པར་ཡུལ་གཞན་གྱི་ཡི་གེའི་ནང་བོད་སྐད་ཀྱི་སྒྲ་གདངས་དང་གཅིག་མཐུན་ཅན་ཡོད་པས་དཔྱད་གཞིར་བཟུང་བ་ཙམ་ལ་གོ་དགོས་ཀྱི་བོད་ཡིག་དེ་ལས་བཏོན་པའམ་བྱུང་བ་ལྟ་བུར་བསམ་མི་རུང༌། ཡུལ་གཞན་གང་གི་ཡི་གེ་ལ་དཔེ་བླངས་པའམ་དཔྱད་གཞིར་བཟུང་བའི་སྐོར་ལ་རྒྱ་གར་དང༌། ཁ་ཆེ། ཞང་ཞུང་བཅས་དང༌། རྒྱ་གར་ནང་ལོགས་ལའང་ལན་ཝར་དང་ན་ག་ར། གུཔྟ་སོགས་ལ་དཔེ་བླངས་ཞེས་བཤད་ཚུལ་མང་བར་བརྟེན་མཐའ་གཅིག་ཏུ་གང་ལ་དཔེ་བྱས་པ་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང༌། འབྲེལ་ཡོད་ཡིག་ཚང་ཁག་ཏུ་ཐུ་མི་ཨ་ནུས་རྒྱ་གར་ནས་“རྣམ་མང་དུ་མའི་ཡི་གེ་ཁོང་དུ་ཆུད་”༨པ་སྟེ་“ཡིག་རིགས། དྲུག་ཅུ་རྩ་བཞི་”ལ་སྦྱངས་ཞེས་འབྱུང་བས་ན་དེ་འདྲ་ཞིག་འུད་བརྗོད་དུ་སྣང་ཡང་སྐབས་དེར་རྒྱ་གར་དུ་གྲགས་ཆེ་བ་ན་ག་རའི་ཡི་གེ་དང༌། གུཔྟའི་ཡི་གེ། ཁ་ཆེའི་ཡི་གེ་སོགས་ལ་བསླབ་སྦྱངས་གནང་ཡོད་ངེས་པས་ཁོང་གིས་བོད་རང་གི་ཕལ་སྐད་རྨང་གཞིར་བཟུང་ནས་བོད་ཡིག་གི་སྲོལ་འབྱེད་སྐབས་དེ་དག་དཔྱད་གཞིར་བཟུང་ཡོད་པ་ནི་གོང་སྨོས་ལྟར་བོད་ཀྱི་རྩོལ་བྱུང་ཡི་གེའི་གྲུབ་སྟངས་ཀྱིས་ཐག་བཅད་ཡོད། དེ་ལྟར་བོད་སྐད་ཀྱི་རྩ་བའི་སྒྲ་གདངས་ལ་ཉམས་ཞིབ་ཕྱོགས་བསྡོམས་གྲུབ་རྗེས་དེ་མཚོན་པའི་བརྡ་རྟགས་རི་མོ་ནི་ཐུ་མི་ཨ་ནུ་རང་གི་རྣམ་དཔྱོད་ཀྱིས་གསར་བཟོའམ་གཞན་གྱི་ཡིག་གཟུགས་ལ་དཔེ་བལྟས་ཏེ་བཅོས་པ་གང་ཡིན་ཡང་རུང་མོད། གཙོ་བོ་མཛེས་ཆ་ཆེ་ཞིང་འབྲི་སྟབས་བདེ་བ་ཞིག་དགོས་པར་བརྟེན་དགེ་འདུན་ཆོས་འཕེལ་གྱི་གསེར་ཐང་ནང་ད་ལྟའི་བོད་ཡིག་འདི་གུཔྟའི་ཡི་གེར་དཔེ་བླངས་ཚུལ་འདྲ་རིས་བཅས་བཀོད་འདུག་པ་དེར་བལྟས་ན་བོད་ཡིག་གི་གཟུགས་ནི་གུཔྟའི་ཡི་གེའི་གཟུགས་ལ་དཔེ་མཛད་ནས་ལེགས་བཅོས་གནང་བ་ཞིག་མིན་ནམ་སྙམ།
དེ་ལྟར་ཐུ་མི་ཨ་ནུས་གསར་གཏོད་མཛད་པའི་ད་ལྟའི་བོད་ཀྱི་རྩོལ་བྱུང་ཡི་གེ་འདིར་ཐུན་མོང་མ་ཡིན་པའི་དགེ་མཚན་རང་བཞིན་གང་ཡོད་ཅེ་ན། གཟུར་གནས་མཁས་པའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། གཅིག་ནས་སྒྲ་སྦྱོར་ཡི་གེ་ཡིན་པས་ཤེས་སླ་བ། གཉིས་ནས་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་བརྡ་སྤྲོད་རིག་པ་ཆ་ཚང་ཞིག་ཡོད་པ། གསུམ་ནས་བོད་ཀྱི་འདུས་སྡོད་ས་གནས་སྤྱིའི་ཕལ་སྐད་གཞིར་བཟུང་ནས་བཟོ་གནང་མཛད་སྟབས་ཁྱབ་ཆེ་བ། བཞི་ནས་དུས་སྐབས་དང་མཐུན་པའི་མིང་དང་ཚིག་གསར་པ་ཁ་སྣོན་ཇི་འདྲ་བྱེད་དགོས་ཀྱང་ཡི་གེ་གསར་བཟོ་མི་དགོས་པས་འཇུག་པ་བདེ་བ། ལྔ་ནས་གནའ་རབས་དང་དེང་རབས་ཀྱི་ཡིག་གཟུགས་གཉིས་བར་གསར་རྙིང་གི་ཁྱད་པར་མེད་པས་ཀློག་དཀའ་མེད་པ། དྲུག་ནས་ཡིག་པར་འཕྲུལ་འཁོར་དང་ལ་ཏིང་ཡི་གེའི་ཐོག་བེད་སྤྱོད་གཏོང་བདེ་པོ་ཡོད། བདུན་ནས་མི་རིགས་གཞན་གྱི་སྐད་བརྡ་སྒྲ་སྦྱོར་བྱེད་སྐབས་བོད་ཡིག་རང་གི་ཐོག་ནས་བྱེད་ཐུབ་པ། ཞེས་མཐའ་བསྡོམས་མཛད་པ་ལྟར་རོ།།

གཉིས། བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པའི་བརྡ་སྤྲོད་གཞུང་ལུགས་བརྩམས་པ།

    དེ་ལྟར་ཐུ་མི་ཨ་ནུ་མཆོག་གིས་ཅུང་སྔོན་ཐོན་རང་བཞིན་གྱི་བོད་ཀྱི་རྩོལ་བྱུང་ཡི་གེ་འདི་ཉིད་གསར་གཏོད་གནང་བ་དང་ཆབས་ཅིག ལེགས་སྦྱར་བརྡ་སྤྲོད་ལ་མིག་དཔེ་བལྟས་ནས་བོད་རང་སྐད་ཀྱི་ཐུན་མིན་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་ལུང་སྟོན་པའམ་བརྡ་སྤྲོད་ཀྱི་བསྟན་བཅོས་བརྩམས་གནང་བ་རེད། དེའི་ཚུལ་ཡང་ཤེས་བྱ་ཀུན་ཁྱབ་ཏུ་“བོད་དུ་ཐོན་མིས་འཕགས་ཡུལ་མཁས་པ་ལས། །སྒྲ་རིག་བསླབ་ལ་དཔེ་བྱས་ཡི་གེའི་གཟུགས། །བོད་ལ་ཉེར་མཁོའི་འཕྲི་བསྣན་བཅས་པ་དང༌། །སུམ་རྟགས་ལ་སོགས་བརྡ་དག་གཞུང་བརྒྱད་མཛད། །”༩ཅེས་པ་ལྟར་ཐུ་མིས་བོད་ཡིག་གསར་བཟོ་མཛད་རྗེས་གནའ་བོའི་རྒྱ་གར་ཡུལ་ན་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་(ཨིནྡྲབྱཱ་ཀ་ར་ཎ། བི་ཤ་ལ་བྱཱ་ཀ་ར་ཎ། ཤ་ཀཽ་ཊ་ཡ་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། ས་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་ཏ་ཉྫུ་ལི་བྱཱ་ཀ་ར་ཎ། མ་ནུ་ཛནྡྲེ་བྱཱ་ཀ་ར་ཎ། ས་ར་སྭ་སྟི་བྱཱ་ཀ་ར་ཎ་བཅས་སོ།།)ཡོད་པ་དང་ཚུལ་མཚུངས་པར་བྱས་ཏེ་བོད་ལའང་སྒྲ་རིག་པ་དང་ཡི་གེའི་རིག་པ་གཏན་ལ་འབེབས་པའི་བསྟན་བཅོས་བརྒྱད་མཛད་ནའང༌། དེང་སང་རང་རེའི་དབང་པོའི་སྤྱོད་ཡུལ་དུ་སུམ་རྟགས་གཉིས་མ་གཏོགས་མེད་པ་ནི་དེའི་རྗེས་ཀྱི་དུས་རབས་དགུ་པའི་ནང་སྤུ་རྒྱལ་འུ་དུམ་བརྟན་གྱི་སྲིད་རིང་བོད་ཀྱི་རིག་གཞུང་ལ་རྩ་གཏོར་རང་བཞིན་གྱི་གོད་ཆག་འབྱུང་སྐབས་ཉམས་བརླག་ཏུ་ཕྱིན་པ་ཡིན་ཚུལ་ཡོངས་གྲགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང༌། ཆོས་འབྱུང༌། བརྡ་སྤྲོད་འགྲེལ་པ་རྣམས་སུ་འབྱུང་ཞིང༌། དེ་ཚོའི་ནང་ད་ལྟའི་སུམ་རྟགས་འདི་གཉིས་ཐུ་མི་ཨ་ནུས་བརྩམས་པའི་གཞུང་བརྒྱད་ཀྱི་ཡ་གྱལ་གཞུང་གཉིས་ཡིན་ནམ། ཡང་ན་ཡ་གྱལ་གྱི་ཡང་ལེའུ་རེ་རེ་ཡིན་པའི་ཐད་བཞེད་ལུགས་མ་འདྲ་བ་ཕྲན་བུ་སྣང་བ་ལས་གཞི་རྩའི་ཆ་ནས་སུམ་རྟགས་ཀྱི་གཞུང་ལུགས་འདི་དག་ཐུ་མིས་བརྩམས་པ་ཡིན་མིན་ཐད་དོགས་པ་དང་གླེང་རྩོད་ཅི་ཡང་བྱུང་མྱོང་མེད། འོན་ཀྱང་ཉེ་ལམ་རང་ཅག་གི་ཤེས་རིག་ལོ་རྒྱུས་ཀྱི་དཔྱོད་གླེང་ར་བའི་ནང་བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་བའམ་ཕྱི་མོར་གྱུར་པ་སུམ་རྟགས་ཀྱི་གཞུང་འདི་དག་ཐུ་མི་ཨ་ནུས་བརྩམས་པ་མ་ཡིན་སྙམ་པའི་རེ་དོགས་འཆང་མཁན་བྱུང་ཡོད་པས་ན། འདིར་དེ་དག་གི་བཤད་ཚུལ་ལ་རྐང་ཚུགས་པའི་གཏན་ཚིགས་ཀྱི་རྒྱབ་ལྗོངས་ཇི་འདྲ་ཞིག་མཆིས་མིན་མཐའ་དཔྱད་ཉུང་ངུ་དང་བཅས་བོད་ཀྱི་སུམ་རྟགས་ཀྱི་གཞུང་ཐུ་མི་ཨ་ནུས་བརྩམས་ངེས་པའི་རང་ལུགས་གསལ་འདོན་བྱེད་རྒྱུ་ཡིན།
སྤྱིར་ལོ་རྒྱུས་དང་རིག་གཞུང་གི་གནད་དོན་གང་ཞིག་ཡིན་རུང་བདེན་པའི་རྨང་གཞི་དང་ལྡན་པ་ཞིག་ཡིན་ཕྱིན་ཅི་ཙམ་དཔྱད་བསྡུར་བྱས་ན་བདེན་པའི་རང་བཞིན་དེ་ཙམ་གསལ་ཟབ་ཏུ་འགྲོ་བ་ཆོས་ཉིད་ཡིན། ང་ཚོ་བོད་མི་རིགས་དང་དེའི་རིག་གཞུང་གི་རྒྱུན་འཛིན་པ་ཚོས་ཀྱང་སྔོན་རབས་ཡབ་མེས་མཁས་པ་དག་གིས་དཀའ་སྤྱད་འབད་འབུངས་ཀྱིས་ནང་འདྲེན་དང་གསར་གཏོད་མཛད་པའི་རིག་གནས་རྣམས་དང་གཞན་ཡང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དོན་རྐྱེན་རིགས་ལ་དོགས་སློང་བྱེད་ཕོད་པ་དང༌། ལྟ་ཚུལ་འདོན་ཐུབ་པ། བསམ་ཚུལ་བརྗེ་རེས་བྱེད་པ་བཅས་ནི་དགོས་ངེས་ཀྱི་རྣམ་པ་བཟང་པོ་ཞིག་རེད། ཡིན་ནའང་བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། །ཞེས་པ་ལྟར་གནད་དོན་བཞག་ནས་གང་ཟག་ལ་སྡིགས་མཛུབ་སྟོན་པ་དང༌། བདེན་དོན་ཤེས་བཞིན་ཁྱད་གསོད་ཀྱིས་གཡུགས་ཏེ་ཞེན་ཁོག་ཙམ་ལ་ཨུ་ཚུགས་ཀྱིས་འཇུ་བ། མི་རིགས་དང་རིག་གཞུང་གི་ཆགས་འཇིག་ལས་དབང་ལ་མནོ་བསམ་མེད་པར་རང་གཅིག་པུ་མཁས་འདོད་དང་ངན་གྲགས་བསྒྲུབ་འདོད་ཀྱི་དབང་དུ་སོང་པའི་“གྲགས་སྐམ་ལ་རེ་བས་བཤད་པའི་ཚིག་སྐམ་”དག་ནི་གུ་བཤངས་རྒྱ་ཡན་དུ་མ་ཤོར་པར་དགག་རྒྱག་མཐའ་ནན་བྱེད་དགོས་པའི་གལ་ཆེའི་རང་བཞིན་ནི་ལུང་རིགས་གང་གིས་བསྒྲུབ་མི་དགོས་པར་སྙིང་ཡོད་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན། འདིར་སྐབས་བབ་དངོས་དོན་བོད་ཀྱི་ལུང་སྟོན་པའི་རྩ་བའི་བསྟན་བཅོས་སུམ་རྟགས་གཉིས་ཕྱི་ལོའི་དུས་རབས་བདུན་པའི་ནང་ཐུ་མི་ཨ་ནུས་བོད་ཀྱི་རྩོལ་བྱུང་ཡི་གེའི་སྲོལ་མཛད་པ་དང་དུས་མཉམ་དུ་བརྩམས་པ་ཞིག་མ་ཡིན་པར་དེའི་མི་ཐོག་རྗེས་མ་གང་ཞིག་ཏུ་ངོས་འཛིན་མ་ཐུབ་པའི་མཁས་པ་ག་གེ་མོས་བྱས་ཟེར་མཁན་ཚོའི་འདོད་ལུགས་རྣམས་ཧྲིལ་གྱིས་དྲིལ་ན་རྒྱུ་མཚན་ལྟར་སྣང་གཙོ་བོ་གཉིས་ལ་བརྟེན་ཡོད་པ་སྟེ།
གཅིག བརྡ་སྤྲོད་རིག་པ་ནི་ཡིག་སྲོལ་ཕྱེས་རྗེས་དེ་བཀོལ་སྤྱོད་ཀྱི་ལག་ལེན་ལས་ཐོབ་པའི་སྐད་བརྡའི་ངེས་སྲོལ་རྣམས་ཕྱོགས་བསྡོམས་བྱས་ནས་གྲུབ་དགོས་པས་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཆབས་ཅིག་བྱུང་ཟེར་བ་བརྡ་སྤྲོད་གཞུང་ལུགས་གྲུབ་སྟངས་ཀྱི་ཆོས་ཉིད་དང་མི་མཐུན་ཟེར། གནད་དོན་དེའི་ཐད་འབྲེལ་ཡོད་དཔྱོད་ལྡན་ནས་“བརྗོད་ཚུལ་དེ་ནི་འདྲ་གཟུགས་ཡི་གེའི་བྱུང་བ་དང་འཕེལ་རིམ་གྱི་ཆོས་ཉིད་དམ་ཚད་གཞི་དེ་སྒྲ་སྦྱོར་ཡི་གེའི་སྟེང་ལ་ཨུ་ཚུགས་ཀྱིས་སྤྱད་པའི་ལྟར་སྣང་གི་རིག་པ་ཞིག་ཡིན”༡༠ཚུལ་གསུངས་པ་ལྟར་བོད་རང་གི་བརྡ་སྤྲོད་གཞུང་ལུགས་གྲུབ་སྟངས་ལ་ལྷག་བསམ་རྣམ་དག་གིས་དཔྱད་གཞིག་བྱས་པའི་སྡོམ་ཚིག་དོན་དངོས་དང་མཐུན་པ་ཞིག་ཡིན་པར་མ་མཐོང༌། སྤྱིར་བརྡ་སྤྲོད་རིག་པ་ནི། རྟགས་འཇུག་རྩ་བར། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌། །ཞེས་པ་ལྟར། མི་རིགས་སོ་སོའི་ཡུལ་མི་རང་བཞིན་པའི་སྐད་བརྡའི་ཁྲོད་རང་ཆས་སུ་ཡོད་པའི་རྣམ་དབྱེ་ཚིག་ཕྲད་སོགས་ཀྱི་ངེས་སྲོལ་རྣམས་རིགས་པས་དཔྱད་དེ་ཕྱོགས་བསྡོམས་གནང་བ་ཞིག་ཡིན་པས་ན་བོད་ཡིག་དང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཐོག་མར་བྱེད་སྐབས་ཀྱི་གཞི་འཛིན་སའམ་ཐོན་ཁུངས་ནི་བོད་མི་བྱིངས་ཀྱི་ཕལ་སྐད་ཡིན་པ་སྨོས་མ་དགོས་པས། འདིར་དུས་དེའི་བོད་སྐད་གནས་རིམ་ཚད་ལྡན་ཞིག་ཏུ་སླེབས་ཡོད་མེད་དང་ཐུ་མི་ཨ་ནུར་གཞུང་ལུགས་མཛད་པའི་འཇོན་ནུས་ཡོད་མེད་ལ་རྟོག་ཞིབ་ཕྲན་བུ་བྱས་ན་ཆོས་ཉིད་དང་མཐུན་མིན་ཤེས་རྟོགས་ཐུབ་རྒྱུར་ཐག་མི་རིང་སྙམ།
དེ་ཡང་བོད་ཀྱི་ལོ་རྒྱུས་དབུ་ཚུགས་ནས་མི་ལོ་ཆེས་རིང་པོ་བརྒལ་ཏེ་སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྲིད་སྐྱོང་བའི་དུས་སྐབས་སུ་སླེབས་ཙ་ན་ད་དུང་ཡང་བོད་སྐད་དེ་ཚད་ལོངས་པའི་སྐད་ཅིག་ཏུ་གྱུར་མེད་ཟེར་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་སོགས་ལ་འདྲིས་ཆ་ཡོད་པ་སུ་ཞིག་གི་རྣ་བར་འཇུག་སྟེ། བོད་ཆོས་ཀྱི་ཐོག་མ་༡༡མ་ཎི་བཀའ་འབུམ་དང་ཤཱཀྱའི་རིང་ལུགས་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་མ་བཀའ་ཆེམས་ཀ་ཁོལ་མ་སོགས་དུས་དེར་བརྩམས་པར་གསུངས་ཏེ། “དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཡི་གེ་དང་སྒྲ་སོགས་རིག་པའི་གནས་དང་ཆོས་ལ་བརྩོན་པ་ཆེར་བསྐྱེད་ནས་ཡུན་མི་ཐུང་བའི་རིང་ལ་སྦྱངས་པ་ཆེར་མཛད་པས་མཁས་པ་ཆེན་པོར་གྱུར་ཏེ་བསྟན་བཅོས་མང་པོ་མཛད། དཔེར་ན། བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་པོ་རྣམས་དང༌། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཆོ་གའི་བམ་པོ་བརྒྱད། མདོ་སྐོར་ལེའུ་སུམ་ཅུ་རྩ་དྲུག སྒྲུབ་སྐོར་ཆེ་ཕྲན་གཉིས། ཆེན་མོ་ལ་དྲུག་སྐོར་དང་གསུམ་སྐོར་གཉིས། དེ་གཉིས་ཀྱི་བཤད་ཆོས། སྤྱིའི་ཁོག་དབུབ། སྒོས་ཀྱི་བཤད་འགྲེལ། ཊིཀ་དང་བསྡུས་དོན་རྣམས་དང༌། སྒྲུབ་ཕྲན་ལ། རྒྱས་འབྲིང་བསྡུས་གསུམ་སོགས་དང་གཞན་ཡང་ཆོས་སྲིད་ལུགས་གཉིས་ཀྱི་བསྟན་བཅོས་མང་པོ་མཛད་དེ་”༡༢ཞེས་པ་ལྟར་དང༌། འོག་ཏུ་རིམ་པར་བརྗོད་རྒྱུའི་ཐུ་མི་དང་ཁོང་གི་མཆན་བུ་ཚོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་རྒྱ་གར་སྐད་ནས་རང་སྐད་དུ་བསྒྱུར་ཡོད་པས་ན་ཆོས་གཞུང་དང་ལོ་རྒྱུས་དེབ་ཐེར་རྩོམ་བྱེད་དང་གཞན་སྐད་ལས་རིག་གནས་སྡུད་ལེན་བྱེད་ནུས་པ་འདིས་དུས་དེའི་སྐད་ཡིག་གི་གནས་ཚད་གང་འདྲ་ཞིག་ཡིན་མིན་གསལ་པོར་བསྟན་ཡོད།
ཐུ་མི་ཨ་ནུར་གཞུང་ལུགས་གསར་རྩོམ་གྱི་ཆ་རྐྱེན་ཡར་ལྡན་དུ་ཚང་བ་ནི། སྔོན་གྱི་ཡིག་ཚང་རྣམས་སུ་འདི་པ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་ཞིང༌། ཆུང་དུས་ནས་བློ་རྣོ་ལ་ཡིད་གཞུངས་པ་ཞིག་ཡིན་ཚུལ་གསུངས་པ་འདིས་ཐུན་མོང་སྣང་ཚོད་རིང་ལུགས་ཀྱི་ལྟ་ཚུལ་ལྟར་ན་ཡང་རང་བཞིན་གྱིས་གྲུབ་པའི་སྤོབས་པའམ་བློ་གྲོས་ཅན་ཞིག་ཡིན་པར་གསལ་ལ། རྒྱ་གར་དུ་སློབ་གཉེར་གནང་བར་ཕེབས་སྐབས་སྒྲ་ཚད་ལ་དཔྱིས་ཕྱིན་པར་སྦྱངས་ཚུལ་ཡང་འབྱུང་བས་རྒྱ་གར་བ་དང་བོད་ཀྱི་སྐད་བརྡའི་ངེས་སྲོལ་ཐ་དད་ཡིན་ཡང་“སྤྱིར་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ཡོངས་རྫོགས་ཀྱི་སྐད་ཡིག་གི་སྒྲིག་ལམ་བཟོ་སྟངས་ཏེ་གཅིག་པ་ཆགས་ཡོད་”༡༣ཅེས་པ་བཞིན་གཞི་རྩའི་བརྡ་སྤྲོད་ཀྱི་རིགས་ལམ་ལ་གཅིག་གྱུར་གྱི་ཆ་མང་དུ་མཆིས་སྟབས་རྒྱས་འགེབ་བརྟག་ཐབས་ཡོད་པ་ཡང་དཔོག་ནུས། ལྷག་པར་དུ་བོད་ཀྱི་རྩོལ་བྱུང་ཡི་གེ་འདིའི་རྣམ་གཞག་ཕྱེ་སྐབས་བོད་ཀྱི་སྐད་བརྡའི་ངེས་སྲོལ་ལ་བརྟག་ཞིབ་གཟབ་ནན་ཞིག་མ་བྱས་མཐུ་མེད་ཡིན་པ་དེས་ན་ཐུ་མི་ཨ་ནུས་བརྡ་སྤྲོད་ཀྱི་གཞུང་རྩོམ་ཐུབ་ལ་བརྩམས་ཡོད་པ་ཁ་ཚོན་གཅོད་ཐུབ་པས་“ཆོས་ཉིད་དང་མི་མཐུན་”ཚུལ་གུད་དུ་མེད་སྙམ།
གཉིས། སུམ་རྟགས་རྩ་བའི་ཚིག་སྦྱོར་ཕྱིས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་དང་མི་འདྲ་ཞིང་དེ་དག་ཏུ་སུམ་རྟགས་གཞུང་གི་སྦྱོར་ལུགས་དང་མི་མཐུན་པ་མང་བས་སུམ་རྟགས་ཀྱི་རྩ་གཞུང་འདི་དག་ཐུ་མི་ཨ་ནུས་བརྩམས་ཟེར་ན་ཡིད་ཆེས་འཕེར་པའི་དཔང་རྟགས་དང་འགལ་ཟེར། ད་ལྟའི་སུམ་རྟགས་རྩ་བའི་ཚིག་སྦྱོར་འདི་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཞན་གྱི་ཚིག་སྦྱོར་དང་བསྡུར་ན་ཧེ་བག་ངེས་ཅན་ཡོད་པ་མངོན་གསལ་ཡང་དེ་ནི་བོད་ཀྱི་སྐད་ཡིག་ལོ་རྒྱུས་སྟེང་གི་སྐད་གསར་བཅད་རིམ་པ་གསུམ་སོགས་ཀྱི་རིང་ཞུས་ཆེན་པ་གཞན་གྱིས་སྙུག་རྩེས་རེག་པའི་སྟབས་ཀྱིས་རེད། རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་ཆ་སོགས་སུ་སུམ་རྟགས་ཀྱི་སྦྱོར་ལུགས་དང་མི་མཐུན་པ་རེ་ཟུང་མཆིས་པ་བདེན་ཡང་དེ་ནི་རྒྱུན་ལྡན་ཞིག་སྟེ། སུམ་རྟགས་ཀྱི་བཤད་རྒྱུན་བྱུང་ཞིང་ལག་ལེན་ལ་མཛུབ་ཁྲིད་བྱས་ནས་མི་ལོ་གཅིག་སྟོང་ལྷག་ཕྱིན་པའི་དེང་གི་ཆར་ཡང་བོད་ཀྱི་མཁས་བླུན་བར་མས་སྦྱར་པའི་རྩོམ་ཡིག་སོགས་ཀྱི་ནང་སུམ་རྟགས་གཞུང་གི་སྦྱོར་ལུགས་དང་འགལ་བ་རྩིས་ཀྱིས་མི་ལང་བ་དེས་བོད་ལ་བརྡ་སྤྲོད་གཞུང་ལུགས་མེད་པ་མཚོན་མི་ཐུབ་པ་བཞིན་ནོ། །ཏུང་ཧོང་ཡིག་རྙིང་སོགས་ཀྱི་ནང་ཐོབ་ཐང་གི་འཇུག་ཚུལ་དང་ཡི་གེའི་སྦྱོར་སྟངས་ཆེས་ཉུང་ངུ་ཙམ་བརྡ་སྤྲོད་ལུགས་དང་མི་མཐུན་པ་ཡོད་ཀྱང་རྩ་བའི་རང་བཞིན་གྱི་ཆ་ནས་སུམ་རྟགས་ཀྱི་དགོངས་པ་དང་མཐུན་པ་གཟུར་གནས་སུས་བལྟས་ཀྱང་མཐོང་ཐུབ་པས་འདིར་ཚིག་དུམ་དྲངས་ནས་བདེན་དཔང་བྱེད་དགོས་དོན་མ་མཆིས། ཁྲི་སྲོང་སོགས་ཀྱི་སྐབས་སྲིད་དོན་བྱ་བའི་ནང་ཤེས་ཡོན་ཅན་དུ་གྱུར་པའི་ཆོས་བྱེད་སེར་མོ་བར་དབང་ཐོབ་ངེས་ཅན་ཡོད་མོད། རྩ་བའི་ཐོག་ཆབ་སྲིད་ནི་གསང་རྒྱའི་རང་བཞིན་ཅན་ལ་བརྟེན། རྒྱལ་བློན་གྱི་གྲོས་ཆོད་སོགས་དངོས་སུ་ཡིག་བསྟར་བྱེད་མཁན་སྲིད་ཞབས་པ་དག་ཡིན་པས་ཁོ་ཚོའི་བྲིས་ཡིག་ནང་ནོར་འཁྲུལ་བྱུང་བར་ཧ་ལས་རྒྱུ་ཅི་ཡང་མེད།
དེ་ལྟར་སུམ་རྟགས་རྩ་གཞུང་ཐུ་མི་ཨ་ནུས་བརྩམས་མིན་དོགས་གླེང་བྱེད་མཁན་ཚོའི་འདོད་ཚུལ་ལ་དྲང་ཞིབ་ཀྱིས་དཔྱད་མཐར་རང་ལུགས་ཐུ་མི་ཨ་ནུས་མཛད་ངེས་པའི་སྒྲུབ་བྱེད་འདྲེན་པར་བྱ་སྟེ། ༡༽ སྔོན་བྱོན་མཁས་པ་གསེར་རིའི་ཕྲེང་བས་སུམ་རྟགས་བྱེད་པོ་ཐུ་མི་ཨ་ནུ་ཡིན་པར་གཅིག་མཐུན་གསུངས་པའི་ཡིག་ཚང་གི་བདེན་པ་དང༌། ༢༽ རྣམ་གླིང་པ་དང་ཀརྨ་སི་ཏུའི་འགྲེལ་པའི་སུམ་ཅུ་བའི་རྩ་ཚིག་གི་མཛད་བྱང་དུ་བྱཱཀརནའི་རྩ་བ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ་ཞེས་འབྱུང་བ། ༣༽ ཏུན་ཧོང་ཡིག་རྙིང་སོགས་ཀྱི་ཐོབ་ཐང་གི་འཇུག་ཚུལ་དང་ཡི་གེའི་སྦྱོར་སྟངས་རེ་ཤས་ཙམ་མ་གཏོགས་སུམ་རྟགས་ཀྱི་དགོངས་པ་དང་མཐུན་པ། ༤༽ ཐུ་མི་ཨ་ནུ་དང་ཁོང་གི་མཆན་བུ་དག་གིས་མདོ་རྒྱུད་ཉེར་གཅིག་སོགས་ཟབ་ཅིང་རྒྱ་ཆེ་བའི་ཤཱཀྱའི་རིང་ལུགས་བསྒྱུར་སྐབས་རྩ་འཛིན་གྱི་ལུང་སྟོན་པའི་གཞུང་ཞིག་མེད་དུ་མི་རུང་བ། ༥༽ བོད་ཡིག་དང་མཉམ་དུ་ཕྲད་རྣམ་དབྱེའི་སྦྱོར་ལུགས་སོགས་སྟོན་པའི་སུམ་རྟགས་མ་མཛད་ན་བོད་ཡིག་འདི་ལུང་ཚན་གྱི་སྐད་ཤུགས་ཀྱིས་འཁྱེར་ནས་ཆོས་སྲིད་གཙུག་ལག་གཉིས་དང་ས་ཁུལ་ཀུན་གྱི་གཅིག་མཐུན་དུ་བེད་སྤྱོད་བཀོལ་རུང་དུ་མི་འགྱུར་པ་བཅས་ཀྱི་ལྡོག་མེད་རྒྱུ་མཚན་ཁག་ལ་བརྟེན་ནས་བོད་ཀྱི་ལུང་སྟོན་པའི་བསྟན་བཅོས་སུམ་རྟགས་འདི་དག་ཐུ་མི་ཨ་ནུས་བརྩམས་ངེས་པའི་རང་ལུགས་ཐག་གཅོད་བྱས་པ་ཡིན། སྐབས་དེའི་བོད་ཀྱི་ཕལ་སྐད་ཀྱི་ངེས་སྲོལ་གཞིར་བཟུང་ཅུང་མ་ཚང་བའི་སུམ་རྟགས་ཀྱི་རྣམ་གཞག་གསར་དུ་ཕྱེས་པ་དེས་བོད་ཀྱི་བརྡ་སྐད་གཅིག་གྱུར་ཡོང་བར་ཐོག་མའི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་དོ།།

གསུམ་པ། གཙུག་ལག་སློབ་དཔོན་གནང་ནས་སྐད་ཡིག་རིག་གནས་སྤེལ་བ།

     བོད་སྤུ་རྒྱལ་བཙན་པོའི་བློན་རྒྱུད་ཐུ་མི་ཨ་ནུ་མཆོག་གིས་ཆོས་སྲིད་ཀྱི་རྗེ་བོ་སྲོང་བཙན་སྒམ་པོའི་བཀའ་མཆིད་སྤྱི་བོར་ཁུར་ཏེ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནང་སྐད་ཡིག་རིག་གནས་དང་ཆོས་ལུགས་གྲུབ་མཐའ་སོགས་“ཕྱི་ནང་གི་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་ལ་སྦྱངས་པ་ཕུལ་ཕྱིན་མཛད་དེ་”༡༤ཤེས་པའི་རྐང་གྲངས་ཙམ་མིན་པར་བྱང་ཚད་མཐོན་པོར་སོན་རྗེས། སློབ་དཔོན་ལི་བྱིན་ཀ་ར་སོགས་ལ་གྱེས་ཕྱག་དང་བཅས།  “བདག་ཅག་བློན་པོ་ཐོན་མི་ལ། །མ་ལུས་གནང་བ་ཐུགས་ལ་བཏགས། །རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། །མཁས་གྲུབ་ཁྱེད་དང་མཇལ་བ་ཡིན། །ཡོན་ཏན་གཞི་མ་ཡི་གེ་ཡིན། །མ་ལུས་ཁོང་དུ་ཆུད་པ་ཡིན། །བོད་ཡུལ་དབུས་སུ་འགྲོ་བ་ཡིན། །རྒྱལ་པོས་དགའ་སྟོན་མཛད་པ་ཡིན། །རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན། །རྒྱལ་པོས་དབུ་མཛད་བློན་འབངས་ལ། །སྒྲ་ཚད་ཡི་གེ་སྤེལ་བ་ཡིན། །ཀུན་ལ་རྒྱས་པར་བྱེད་པ་ཡིན། །”༡༥ཞེས་གསུངས་ཏེ་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་འཕྲལ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་“སྒྲ་དང་ཡི་གེ་རིག་པའི་གནས་རྣམས་ལ། །བོད་འབངས་གཟུང་ཕྱིར་སྤྲུལ་པའི་རྒྱལ་པོ་ཉིད། །ལོ་བཞིར་བསླབ་སྦྱངས་ནན་ཏན་མཛད་དོ་སྐད། །བློན་འབངས་ཀུན་ཀྱང་ཡི་གེ་འབྲི་ཀློག་དར། །ཐམས་ཅད་བློ་གྲོས་པདྨ་རབ་ཏུ་རྒྱས་”༡༦ཞེས་འབྱུང་བ་ལྟར་མི་རྗེ་སྲོང་བཙན་སྒམ་པོའི་གཙུག་ལག་སློབ་དཔོན་དང༌། ཡིག་ཀློག་གི་གྲྭ་བཙུགས་ནས་བློན་འབངས་གཞན་ལའང་སྐད་ཡིག་རིག་གནས་ཀྱི་སློབ་གསོའི་བྱ་གཞག་རྒྱ་ཆེར་སྤེལ་ཚུལ་ནི།
སྲོང་བཙན་སྒམ་པོ་སྐུ་སྒེར་གྱི་ཐད་བསྐོས་སློབ་དཔོན་གནང་བ། ཐུ་མི་ཨ་ནུ་རང་ཡུལ་དུ་བརྟོལ་རྗེས་རང་བསླབས་གཞན་སྦྱིན་བྱ་ཡུལ་གྱི་ཐོག་མ་ནི་རང་ཉིད་ཕྱི་རྒྱལ་དུ་རིག་གནས་སློབ་པ་དང་ཆོས་ལུགས་འཚོལ་སྒྲུབ་ཏུ་བསྐོ་གཏོང་བྱེད་པོ་མི་རྗེ་སྲོང་བཙན་སྒམ་པོ་ཡིན་ལ། དེའི་ཚུལ་ཡང་བཀའ་ཆེམས་ཀ་ཁོལ་མ་རུ། “དེ་ནས་རྒྱལ་པོས་ཡི་གེ་བསླབས་ནས་ལོ་བཞིར་ཕྱིར་མ་བྱོན། །”༡༧ཞེས་དང༌། དེབ་སྔོན་ནང་“རྒྱལ་པོས་ཀྱང་ཡུན་རིང་དུ་ཡི་གེ་སློབ་ཚུལ་བསྟན་”༡༨ཞེས་དང༌། བུ་སྟོན་ཆོས་འབྱུང་དུ་“རྒྱལ་པོས་ལོ་བཞི་རུ་མཚམས་བཅད་དེ་བསླབས་སོ། །”༡༩ཞེས་དང༌། དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལས། “རྒྱལ་བློན་གཉིས་ཕོ་བྲང་མ་རུར་ལོ་གསུམ་མཚམས་བཅད་དེ་ཡི་གེ་དང་སྒྲ་རྣམས་སློབ་པའི་ཚུལ་མཛད་པས་མཁས་པའི་དཔྱིད་དུ་གྱུར་”༢༠ཞེས་དང༌། རྒྱ་བོད་ཡིག་ཚང་བྱ་བའི་ནང་“རྒྱལ་པོས་ཀྱང་ལོ་བཞིར་མཚམས་བཅད། ཡི་གེ་དང་ཆོས་བསླབས་སོ། །”༢༡ཞེས་གསལ་བ་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཕལ་ཆེར་དུ་འབྱུང་བ་བཞིན། དཔའ་མཛངས་སྙིང་སྟོབས་ཀྱི་བདག་ཉིད་སྲོང་བཙན་སྒམ་པོས་ཐུ་མི་ཨ་ནུའི་ངེས་དོན་རང་བཞིན་གྱི་མཁྱེན་རྩལ་དང་ཡོན་ཏན་གཟིགས་ཏེ་རང་ཉིད་ཀྱི་གཙུག་ལག་སློབ་དཔོན་དུ་བསྐོ་འཇོག་གནང་ཞིང༌། “ལྷ་སའི་སྐུ་མཁར་མ་རུར་ལོ་གསུམ་(བཞི་ཟེར་མཁན་ཡང་ཡོད།)གྱི་བར་སྐུ་མཚམས་བཅད་དེ་རྒྱལ་པོ་ལ་ཡིག་རིགས་དང་རིག་གནས་བཅུའི་མིང་ཚིག་རྗོད་གསུམ་མ་ལུས་གདམས་པས་མཁས་པའི་གོ་འཕང་ལ་མངའ་དབང་བསྒྱུར་”༢༢ཞེས་གསལ་བ་ལྟར། ལོ་གསུམ་མམ་བཞིའི་རིང་ཆབ་སྲིད་དང་དམག་དོན་གྱི་བྱ་གཞག་གལ་གནད་ཆེ་རིགས་ཡར་ཞུ་བྱེད་དགོས་པ་མ་གཏོགས་གཞན་མགར་སྟོང་བཙན་སོགས་བློན་པོ་ཚོས་རང་ཐག་རང་གཅོད་བྱེད་ཆོག་པའི་འགན་བསྐུར་ནས་ལྷ་སའི་སྐུ་མཁར་མ་རུ་བྱ་བའི་ནང་ཐུ་མི་ཨ་ནུ་ཚུལ་བཞིན་དུ་བསྟེན་ཏེ་ལེགས་སྦྱར་གྱི་སྐད་ཡིག་རིག་པ་དང༌། སྒྲ་རིག་པ། ཚད་མ་རིག་པ། སྙན་ཚིག་རིག་པ་སོགས་ལ་སྦྱངས་བརྩོན་གནང་ཞིང༌། ལྷག་པར་དུ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ཤཱཀྱའི་རིང་ལུགས་ཀྱི་ཆོས་གཞུང་ཁག་གཅིག་ལ་ཐོས་བསམ་སྒོམ་གསུམ་གྱིས་དངོས་སྦྱོང་གཟབ་ནན་བྱས་ཤིང༌། སྲོང་བཙན་གྱིས་ཐུ་མི་ཨ་ནུ་དེ་ཉིད་ཐུན་མོང་རིག་གནས་ཙམ་མ་ཟད་ཤཱཀྱའི་རིང་ལུགས་ཀྱི་ཆོས་ཀྱི་སློབ་དཔོན་དུ་བསྟེན་རྗེས་“བསྟན་པ་རིན་པོ་ཆེའི་བཙས་སུ་དགོངས་ནས་བློན་པོ་ལ་བཀུར་བསྟི་རྒྱ་ཆེར་མཛད་”༢༣དོ། །ཚུལ་དེ་ནི་འཇིག་རྟེན་མི་ལུགས་སམ་སྐབས་དེའི་སྲིད་འཛིན་སྒྲིག་གཞིའི་གོ་ཐོབ་ཀྱི་རིམ་པ་ལྟར་ན་འོས་ཤིང་རིགས་པ་མ་ཡིན་མོད། རང་ཉིད་ལ་མ་ནོར་ལམ་བཟང་སྟོན་པའི་བླ་མའམ་སློབ་དཔོན་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྩ་ཡིན་པས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་རང་གི་བླ་མར་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ལས་ཀྱང་བཀུར་གཟོས་དང་གོང་མཐོར་བརྩི་དགོས་པ་ཤཱཀྱའི་རིང་ལུགས་ཀྱི་རྩ་དོན་ཞིག་ཡིན། གནས་ལུགས་དེ་མ་རྟོགས་པའི་དབང་གིས་སྐབས་དེའི་བློན་པོ་འགའ་ཞིག་གིས་སྲོང་བཙན་ཀྱིས་ཐུ་མི་ཨ་ནུར་བཀུར་བསྟི་དང་སྲི་ཞུ་བློར་མི་ཤོང་བར་མཛད་པ་སེམས་ལ་མ་བབས་ནས། ཡུལ་སྡེ་སྐྱོང་པའི་རྒྱལ་པོས་རང་གི་མངའ་འོག་གི་འབངས་ལ་འདི་ལྟར་བཀུར་བ་འོས་འཚམས་མ་རེད་ཅེས་གླེང་རྙོག་ཆེད་བཟོས་བྱས་པར་ཐུ་མི་ཨ་ནུས་རྒྱལ་བློན་ལྷན་ཚོགས་སར་“ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པས་སླེབ་པའི་སྔ་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེ་འམ། །”༢༤ཞེས་རང་ཚུལ་སྲོང་པོར་བརྗོད་དེ་ཕྲག་དོག་གི་སྤྱོད་ཚུལ་མཐའ་དག་ནུས་ལྡན་གྱིས་ཕམ་པར་བཏང༌། སྲོང་བཙན་སྒམ་པོས་ཐུ་མི་བསྟེན་ནས་གཙུག་ལག་སློབ་གཉེར་གནང་རིང་སྲིད་དོན་གལ་ཆེའི་རིགས་མ་གཏོགས་ཐེ་བྱུས་མ་བྱས་པར་བྱ་བ་གཞན་རེ་ཞིག་བསྐྱུངས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ཧུར་ཐག་གནང་བ་ན་“དེའི་ཚེ་བོད་འབངས་ཀྱིས་རྒྱལ་པོ་ལ་གཤེ་བ་གསན་ནས་དགེ་བཅུའི་ཁྲིམས་བཅས་ཏེ་བོད་རྣམས་ཆོས་ལ་བཀོད་པས་མིང་སྲོང་བཙན་སྒམ་པོར་གྲགས་”༢༥པ་སྟེ། སྐབས་དེར་བློན་འབངས་ཁ་ཅིག་གིས་རྒྱལ་པོས་སྲིད་དོན་གཙིགས་སུ་མ་གཉེར་སྟབས་རྒྱལ་པོ་གླེན་པ་ཅི་ཡང་མི་ཤེས་མི་འཇོན་པ་ཞིག་ལ་མཐོང་ཚུལ་བྱུང་བས། སྲོང་བཙན་སྒམ་པོའི་སེམས་སུ་བློན་འབངས་ཁྲོད་རང་ཉིད་ལ་ལྟ་ཚུལ་ལེགས་པོ་མེད་ན་ཕྱིན་ཆད་སྲིད་སྐྱོང་བར་དཀའ་ངལ་དང་འགལ་རྐྱེན་ཕྲད་པར་དོགས་ཏེ། བོད་འབངས་ཀུན་བསྐོང་ནས་དགེ་བཅུའི་ཆོས་ཁྲིམས་གཏན་འབེབས་གནང་བས་ཐམས་ཅད་ལ་ཡིད་ཆེས་གཙང་མ་ཐོབ། སྔར་རྒྱལ་པོའི་མིང་ལ་ཁྲི་སྲོང་བཙན་ཞེས་འབོད་པ་ཡང་དུས་དེ་ནས་བཟུང་སྲོང་བཙན་སྒམ་པོ་ཞེས་ཆེ་བརྗོད་དང་འདྲེས་པའི་མཚན་དེ་ཐོགས་པར་གྱུར།
སྲོང་བཙན་སྒམ་པོ་དང་ཐུ་མི་ཨ་ནུ་གཉིས་ཀྱི་འབྲེལ་བ་ནི། དམ་པ་ཆོས་ཕྱོགས་ནས་བླ་སློབ་དང༌། འཇིག་རྟེན་སྲིད་ཕྱོགས་ནས་རྒྱལ་བློན་གྱི་འབྲེལ་བ་ཡིན་ཞིང༌། སྲོང་བཙན་གྱིས་ཐུ་མི་ཨ་ནུ་དགེ་རྒན་དུ་བསྟེན་པ་དེས། “གཞན་ཡང་རྒྱལ་པོས་ཆོས་ཀྱི་བདག་པོ་མཛད་ནས། སྤྱན་རས་གཟིགས་ཡི་གེ་དྲུག་མ་དང༌། འཕགས་པ་གཤིན་རྗེའི་གཤེད་དང༌། ཆོས་སྐྱོང་མགོན་པོ་དང༌། ལྷ་མོ་ལ་སོགས་པ་རྣམས་ཀྱི་ཆོས་སྣ་མང་དུ་གསུངས།”༢༦ཞེས་ཁོང་པར་ཡང་དག་པའི་ཆོས་ལུགས་བསམ་བློའི་གོ་རྟོགས་བསྐྱེད་པ་མ་ཟད། མ་ཎི་བཀའ་འབུམ་སོགས་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་གཞུང་གསར་རྩོམ་དང༌། གསང་སྔགས་རྒྱུད་སྡེའི་གདམས་པ་གཞན་ལ་ཕོག་པས་“བོད་བསླབ་པ་གསུམ་ལ་བཀོད། ལུང་རིགས་ཀྱི་ཆོས་མང་དུ་སྤེལ་”ཞེས་བོད་ལ་ཤཱཀྱའི་རིང་ལུགས་ཐོག་མར་དར་བ་དང༌། གོང་དུ་རོབ་ཙམ་གླེང་པ་ལྟར་“དཀར་པོའི་ལས་ལམ་བཅུའམ་དགེ་བཅུའི་ཆོས་ཁྲིམས་”ཆབ་སྲིད་ནང་བཅུག་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཟང་པོའི་དབུ་བརྙེས་པ་དང༌། སྐུ་ཚེའི་སྨད་ཀྱི་བོད་ཁམས་གཅིག་གྱུར་མཛད་པ་སོགས་འཇིག་རྟེན་སྲིད་ལུགས་ཀྱི་རླབས་ཆེན་བྱ་གཞག་ཁག་བསྒྲུབ་པའི་འཇོན་ཐང་དང་བློ་གྲོས་ཀྱི་བྱང་ཚད་ཀྱང་ཐུ་མི་ཨ་ནུས་ཐུན་མོང་དང་ཐུན་མིན་གྱི་ཤེས་རིག་སློབ་གསོས་སྐྱེད་སྲིང་བྱས་པ་དང་ཁ་བྲལ་ཐབས་མེད།
གངས་ལྗོངས་རིག་པའི་གླིང་དུ་ཡིག་ཀློག་གི་གྲྭ་ཐོག་མར་བཙུགས་པ། དེ་ཡང་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལས་“རྒྱལ་བློན་གཉིས་ཕོ་བྲང་མ་རུར་ལོ་གསུམ་མཚམས་བཅད་དེ་ཡི་གེ་དང་སྒྲ་རྣམས་སློབ་པའི་ཚུལ་མཛད་པས་མཁས་པའི་དཔྱིད་དུ་གྱུར་ཀྱང་དེའི་ནང་དུ་བོད་སྐད་ལ་ཉེ་བར་མཁོ་བའི་སྒྲ་དང་ཡིག་རིགས་མི་འདུག་པར་དགོངས་ནས་བློན་པོར་གསུངས་པས། ཐོན་མིས་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པའི་ཐུགས་རྗེའི་ཆར་གྱིས་ཡིད་ཀྱི་ཞིང་ས་བརླན་པ་ལས། བོད་ཀྱི་ཡི་གེའི་གཟུགས་སྡེབ་ཀྱི་རྣམ་འགྱུར་གྱི་མྱུ་གུ་ཤར་པའི་འབྲས་བུ་མངོན་དུ་གྱུར་”༢༧ཞེས་པ་ལྟར། ཐུ་མི་ཨ་ནུས་སྲོང་བཙན་ལ་ལེགས་སྦྱར་གྱི་སྐད་ཡིག་དང་དེ་སྟེང་གི་ཆོས་རིག་བསླབ་མཐར་རྒྱལ་བློན་གཉིས་ཀྱིས་རང་ལ་ཡིག་སྲོལ་དགོས་གལ་ཆེ་སྐོར་བཀའ་བགྲོས་མཛད་ནས་ཐག་གཅོད་གཏན་འཁེལ་བྱས་པ་བཞིན། ཐུ་མི་ཨ་ནུས་བོད་རང་སྐད་ཀྱི་ཁྱད་ཆོས་མཚོན་པའི་ཡི་གེ་དང་བརྡ་སྤྲོད་གཞུང་ལུགས་ཀྱི་སྲོལ་གསར་ཕྱེས་པའི་རྗེས་སུ། “ཀ་ཁའི་བསྟན་བཅོས་ཞེས་བྱ་བ་དང༌། སུམ་ཅུ་པ་དང་རྟགས་འཇུག་མཛད་དེ་སྒྲའི་སྡེབ་སྦྱོར་རྣམས་ལེགས་པར་མཛད་ནས་ཡིག་ཀློག་གི་གྲྭ་བཙུགས་”༢༨ཞེས་པ་ལྟར། མི་རྗེ་སྲོང་བཙན་སྒམ་པོས་བཀའ་མངགས་དང་འབྲེལ་ཐུ་མི་ཨ་ནུས་གཙོ་སྐྱོང་འཁུར་འགན་བཞེས་དེ་ཡིག་ཀློག་གི་གྲྭའམ་སློབ་གྲྭ་བཙུགས་ཤིང༌། སྐད་ཡིག་རིག་གནས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་ནས་“འབངས་རྣམས་ལའང་ཡི་གེ་དང༌། མི་ཆོས་བཅུ་དྲུག་ལ་སོགས་པའི་ཆོས་ལུགས་ལེགས་པར་བསླབ་སྟེ།”༢༩“ཡོན་ཏན་ཀུན་གྱི་གཞི་མ་བྲིས་ཀློག་གིས། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ཏེ།།”༣༠ ཞེས་པ་ལྟར་མཛད་པ་ཡིན་ནོ། །འདིའི་ཡིག་ཀློག་གི་གྲྭ་ཞེས་པ་ནི་རྩ་འཛུགས་ཡོད་པའི་རིག་གནས་སློབ་སྦྱོང་གི་བསྟི་གནས་ལ་སློབ་གྲྭ་ཞེས་འབོད་པའི་དེང་གི་བརྡ་ཆད་དང་གོ་དོན་ནམ་འཇུག་ཡུལ་གཅིག་སྟེ། སངས་རྒྱས་ཤཱཀྱ་མུ་ནེ་སྐུ་གཞོན་ནུའི་སྐབས་བྱིས་པ་བློ་རིག་བཟང་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆའི་ཡིག་ཀློག་གི་གྲྭར་ཞུགས་ཏེ་བསླབ་སྦྱངས་གནང་སྐབས། འདི་ཉིད་ཀྱི་མཁྱེན་དཔྱོད་ལ་སློབ་དཔོན་ཀྱང་ངོ་མཚར་ཏེ། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབ་གྱུར་ཀྱང༌། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང༌། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ནི་བྱང་གྱུར་ཀྱང༌། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་ཚུལ་བུ་སྟོན་ཆོས་འབྱུང་སོགས་སུ་གསལ་བ་དེའི་ཚིག་ནང་ཡིག་ཀློག་གི་གྲྭ་དང་སློབ་གྲྭ་གཉིས་ཐ་མི་དད་དུ་གསུངས་ཡོད་པས་སོ། །ཡིག་ཚང་གི་བདེན་པ་དེས་ན་བོད་ཀྱི་སློབ་གསོ་རིག་པའི་ལོ་རྒྱུས་ཁུངས་འདེད་བྱས་ཚེ་སྲོང་བཙན་ཡར་སྔོན་བོན་གྱི་དུས་རབས་ཁག་ཏུ་བོད་ལ་སློབ་གྲྭ་ཡོད་མེད་དཔྱད་གཞི་ཚད་ལྡན་མ་རྙེད་ཀྱང༌། ཤཱཀྱའི་རིང་ལུགས་བོད་དུ་དར་རྗེས་ཀྱི་སློབ་གྲྭ་ཐོག་མ་སྐབས་འདིར་ཚུགས་པ་ཤིན་ཏུ་གསལ་ཡང༌། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང༌། སྐུ་ཞབས་དོན་གྲུབ་རྒྱལ་གཉིས་ཀྱིས་བོད་ཀྱི་སློབ་གསོ་རིག་པའི་སྐོར་ལ་ཞིབ་འཇུག་བྱས་པའི་ཆེད་རྩོམ་ནང་སྲོང་བཙན་རིང་ཡི་གེ་འཆད་ཉན་གྱི་ལུགས་སྲོལ་ཙམ་བྱུང་བ་མ་གཏོགས་ད་དུང་སློབ་གྲྭ་ཚུགས་མེད་པ་དང༌། བོད་ཀྱི་སློབ་གྲྭའི་ཐོག་མ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་ཚུལ་གསུངས་པ་དག་གཞི་འཛིན་སའི་ཁུངས་ལུང་མེད་པར་འོལ་ཚོད་དུ་བཤད་པ་ཞིག་མ་ཡིན་ཀྱང་བོད་ཀྱི་སློབ་གྲྭའི་ཐོག་མ་ཁྲི་སྲོང་རིང་ཚུགས་ཟེར་ན་གོང་བཀོད་ཀློང་ཆེན་ཆོས་འབྱུང་གི་ལུང་ཁུངས་དང་འགལ་བ་མ་ཟད། ཐུ་མི་ཨ་ནུས་བོད་ཡིག་བཟོས་ཤིང་བརྡ་སྤྲོད་བརྩམས་རྗེས་དེ་སྤྱི་ཚོགས་ཁྲོད་བཀོལ་སྤྱོད་ཅན་དང་ཡོངས་ཁྱབ་ཅན་དུ་ཁྱབ་གདལ་བྱེད་པ་དང༌། བོད་ཕྲུག་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དྷརྨ་ཀོཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་གསོ་སྐྱོང་བྱ་བར་ཡང་“རིག་གནས་སློབ་གསོ་དང༌། ཀུན་སྤྱོད་སློབ་གསོ་སོགས་སློབ་གསོའི་རིགས་རྣམས་སྒྲིག་འཛུགས་ཡོད་པའི་སྒོ་ནས་མ་བྱས་ན་སློབ་གསོ་བྱ་ཡུལ་གྱི་མི་རྣམས་བསམ་བློ་གཅིག་གྱུར་དང༌། བྱ་སྤྱོད་གཅིག་གྱུར། རེ་འདུན་དང་ཕུགས་བསམ་གཅིག་གྱུར་བཅས་ཡོང་མི་ཐུབ་པས་སྒྲིག་འཛུགས་བྱེད་པ་ནི་དོན་སྙིང་ཆེན་པོ་ཡོད་པའི་བྱ་བ་ཞིག་རེད།”༣༡ཅེས་པ་ལྟར་རྒྱལ་ཁབ་བམ་མི་རིགས་ཤིག་གི་སྐད་ཡིག་རིག་གནས་དར་རྒྱས་གཏོང་བར་ཐུན་མོང་གི་སྒྲིག་འཛུགས་ཤིག་ངེས་པར་དུ་གལ་ཆེ་བ་སོགས་སྲོང་བཙན་རིང་སློབ་གྲྭའི་སྒྲིག་འཛུགས་ཡོད་དགོས་པའི་ཤེས་བྱེད་ཀྱང་མང་པོ་ཡོད།
བོད་ཀྱི་ཐོག་མའི་ཡིག་ཀློག་གི་གྲྭ་དེ་ལ་སློབ་གྲྭ་ཞིག་གི་དགོས་ངེས་ཀྱི་ཁྱད་ཆོས་ཚང་ཡོད་དེ། དགེ་རྒན་ནི་ཐུ་མི་ཨ་ནུ་གཙོ་བོ་དང་རྒྱ་གར་སོགས་ནས་གདན་དྲངས་པའི་པཎྜི་ཏ་རྣམས་ཀྱིས་ཀྱང་ཆོས་སློབ་སྤེལ་བྱས་ཡོད་ངེས་དང༌། སློབ་མ་ནི་སྲོང་བཙན་དང་གཞན་བོད་འབངས་ཁྲོད་ནས་ལྷ་ལུང་རྡོ་རྗེ་དཔལ་སོགས་སློབ་གྲྭའི་སློབ་མ་ཡོད་པ་དང༌། སློབ་ཁང་ནི་ཐོག་མར་སྐུ་མཁར་མ་རུ་དང་རྗེས་སུ་འཕྲུལ་སྣང་གཙུག་ལག་ཁང་སོགས་བྱས་པ་དང༌། ཁྲིད་གཞི་ནི་རྒྱ་གར་གྱི་སྐད་ཡིག་རིག་གནས་དང་ཤཱཀྱའི་རིང་ལུགས། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པ་སོགས་ཡིན་ཞིང༌། འཛིན་གྲྭ་ནི་ཆོས་ལུགས་ཀྱི་འཛིན་གྲྭ་གཅིག་དང༌། ཡིག་བསྒྱུར་གྱི་འཛིན་གྲྭ་གཅིག །བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཀྱི་འཛིན་གྲྭ་གཅིག་བཅས་གསུམ་ཡོད་པ་དཔོག་ཐུབ་ལ་དེ་དག་ལའང་རིམ་པ་མི་འདྲ་བ་ཡོད་པར་ངེས། རྒྱུགས་སྤྲོད་དང་སློབ་ཐོན་མཚན་གནས་ནི་“ཆོས་སྡེ་ལས་ཉམས་སུ་ལེན་པའི་གང་ཟག་ལ་མིང་མཁན་པོ་དང་ཇོ་བོར་སྣང༌།”༣༢ཞེས་གསལ་པ་ལྟར་སློབ་སྦྱོང་གི་རྒྱུགས་སྤྲོད་གྲུབ་འབྲས་གཟེངས་ཐོན་དག་ལ། “མཁན་པོ་”དང་“ཇོ་བོ་”ཞེས་པའི་མཚན་གནས་འབུལ་བཞིན་ཡོད་པ་རེད། གཞུང་བཙུགས་སློབ་གྲྭ་དེའི་སློབ་གསོའི་འགྲོ་གྲོན་སྲིད་གཞུང་ནས་གཏོང་དགོས་པ་སྨོས་མེད་ཐོག་སློབ་མ་སྒེར་སོ་སོའི་འཚོ་བའི་མཐུན་རྐྱེན་ནི་དམིགས་བསལ་ཅན་ཕུད་རང་རང་གིས་འགན་ལེན་བྱེད་ཀྱི་མེད་དམ་སྙམ་པ་བཅས་སོ། །
དེས་ན་སྲོང་བཙན་ཡར་སྔོན་བོད་ལ་རང་གི་རིག་གནས་དང་ལྷག་པར་ཞང་ཞུང་ནས་བླངས་པའི་ཤེས་རིག་གང་འཚམ་དར་ཡོད་སྲིད་ཀྱང་སྤྱིའི་ཆ་ནས་བོད་མིའི་བསམ་བློའི་གནས་ཚད་ཤིན་ཏུ་དམའ་ཞིང༌། སྲོང་བཙན་ནས་མགོ་བཙུགས་ཏེ་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་གྱི་རྩེ་མོར་བསྙེགས་པའང་ཐུ་མིའི་མཛད་རྗེས་སྤྱི་དང་སློབ་གསོའི་བྱ་གཞག་རྒྱ་ཆེར་སྤེལ་བ་དེ་ལ་ལྟོས་འབྲེལ་ཆེ་བས་ན། སྔ་རབས་མཁས་པ་ཚོས་“བོད་ཡུལ་མུན་པའི་གླིང་དུ་རིག་པའི་སྒྲོན་མེ་སྦར་”ཞེས་བསྔགས་པའང་སྙན་ཚིག་གི་འུད་བརྗོད་ཙམ་མིན་པར་དོན་དངོས་དང་ཤིན་ཏུ་ཉེ་བ་མཐོང།

བཞི་པ། ཤཱཀྱའི་རིང་ལུགས་བོད་བསྒྱུར་གྱི་ཐོག་མའི་རྐང་འགན་བཞེས་པ།

    ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྣམས་འཛམ་གླིང་ཤེས་རིག་བང་མཛོད་ཁྲོད་ཀྱི་རིན་ཐང་བྲལ་པའི་ཁྱད་ནོར་རྩ་ཆེན་ཞིག་ཡིན་ལ། དེས་རྩམ་ཟན་བོད་མི་རིགས་འདིའི་ལ་རྒྱའི་སྤོབས་པ་དང༌། དཀའ་སྤྱད་སྙིང་སྟོབས། བློ་གྲོས་དང་འཇོན་ནུས་བཅས་གསལ་པོར་མཚོན་ཐུབ། སྤུས་འབོར་གཉིས་ལྡན་གྱི་ཕུལ་བྱུང་རིག་གནས་དེ་དག་ཐོག་མ་ནས་ཡོད་པའམ་གནམ་ནས་རང་བྱུང་དུ་ལྷུང་བ་དང་ས་ནས་རྒྱུ་མེད་དུ་སྐྱེས་པ་གང་ཡང་མིན་པར་རང་ཅག་མི་རིགས་འདིའི་རླབས་ཆེན་ཡབ་མེས་དམ་པ་ཚོས་དཀའ་སྤྱད་འབད་འཐབ་གྲངས་མེད་བརྒྱུད་གསར་གཏོད་དང་སྡུད་ལེན་བྱས་ཏེ་མི་རབས་ཕྱི་མར་ལེགས་སྐྱེས་སུ་བཞག་པའི་ནོར་རྟེན་ཤ་སྟག་ཡིན།
བོད་ཀྱི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལས་བོད་ནི་ལྟོས་འཇོག་གིས་ཤེས་རིག་གཞན་རྟེན་ཅན་གྱི་མི་རིགས་ཤིག་ཡིན་པའི་སྡོམ་ཚིག་རྙེད་ཐུབ་པ་སྟེ། དུས་རབས་བདུན་པའི་ནང་ཞང་བོད་མི་རིགས་གཉིས་གཅིག་འདྲེས་སུ་མ་གྱུར་སྔོན་བོད་མི་ཚོས་ཞང་ཞུང་ཡི་གེ་སྤྱད་ཅིང་ཞང་ཞུང་གི་ཤེས་རིག་གིས་རིག་གནས་བསམ་བློའི་དགོས་མཁོ་བསྐངས་པ་དང༌། ཞང་བོད་གཅིག་ཏུ་གྱུར་རྗེས་རྒྱ་གར་གྱི་གནའ་བོའི་ཤེས་རིག་སྣ་མང་ནང་འདྲེན་ཐོག་རང་ཉིད་ཅན་དུ་བསྒྱུར་ནས་དེ་ཉིད་རིག་གནས་འཚོ་བའི་ལོངས་སྤྱོད་གཙོ་བོར་གཙིགས་འཛིན་བྱས་པ་རེད། རང་ཉིད་འཕེལ་རྒྱས་ཆེད་གཞན་གྱི་དགེ་མཚན་དང་བཟང་པོའི་ལེགས་ཆ་སྡུད་ལེན་བྱེད་པ་ནི་མི་རིགས་ཤིག་ལ་མཚོན་ན་བསམ་བློའི་ཆུ་ཚད་ངེས་ཅན་ཞིག་ལ་སོན་པའི་མཚོན་རྟགས་ཤིག་ཡིན། བོད་ཀྱིས་རང་གི་སྐད་ཡིག་སྟེང་དུ་མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱེད་པའི་ཡིག་སྒྱུར་གྱི་སྲོལ་དུས་རབས་བདུན་པའི་ནང་ཐོག་མར་ཚུགས་པ་ནི་ཁུངས་དང་ཤེས་བྱེད་མངཔོ་འདྲེན་མི་དགོས་པར་གཞན་གྱི་ཤེས་རིག་དང་དུ་ལེན་པའི་མ་མཐའི་ཆ་རྐྱེན་ལ་རང་སྐད་དང་མཐུན་པའི་ཡི་གེ་ཞིག་དགོས་སྟབས། ཏུན་ཧོང་ཡིག་རྙིང་དང༌། རྒྱའི་ཐང་དེབ། ལྡེའུ་ཆོས་འབྱུང་སོགས་དཔྱད་ཡིག་ཚད་གཟུང་འཕེར་བ་དག་ཏུ་དེའི་གོང་བོད་རང་ལ་ཡི་གེ་མེད་ཚུལ་བཤད་པའི་ཡིག་ཚང་གི་བདེན་པ་དང༌། གཉན་པོ་གསང་བའི་ཆོས་གཞུང་སྲོང་བཙན་བར་བསྒྱུར་མ་ཐུབ་པར་ལུས་པའི་གནས་ལུགས་ཀྱི་བདེན་པ་སོགས་ཀྱིས་བོད་ལ་དེའི་གོང་ཡི་གེ་མེད་པ་ཐག་བཅད་ཡོད་པས་བོད་ཡིག་སྟེང་གཞན་གྱི་རིག་གནས་བསྒྱུར་ཞེས་པ་དེ་བས་ཀྱང་སྤྲོས་བྲལ་རེད། བྱའོ་ན་ཚེ་མི་གཤེན་གྱི་མི་རྒྱལ་གྱི་བོན་བསྒྱུར་བྱཟེར་བ་སོགས་སྲོང་བཙན་ཡར་སྔོན་བོན་བསྒྱུར་ཚུལ་གསལ་བ་དེ་ཅི་ཞེ་ན་སྤྱིར་གཡུང་དྲུང་བོན་གྱི་འབྱུང་གནས་ནི་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཡིན་པ་དང༌། སྲོང་བཙན་སྔོན་བོད་མི་ཚོས་བོན་ཉམས་སུ་ལེན་ཆཻད་ཞང་ཡིག་སྤྱོད་ཀྱི་ཡོད་ནའང་ཞང་ཡིག་སྟེང་ནས་ཞང་ཡིག་ཐོག་ཡིག་བསྒྱུར་བྱས་ཟེར་སྲོལ་མེད་པས་དེ་ནི་བྱངག་བསྒྱུར་“ས་པ་ཙམ་ལ་གོ་ན་བདེན་འབྲེལ་ཆེ་བར་མཐོང༌།
ཕྱི་ལོའི་དུས་རབས་བདུན་པའི་ནང་མི་རྗེ་སྲོང་བཙན་སྒམ་པོ་དང་བཀའི་འཕྲུལ་བློན་རྣམས་ཀྱིས་བོད་ཆེན་པོའི་ཡུལ་ཁམས་ཐམས་ཅད་གཅིག་ཏུ་བསྒྲིལ་ཏེ་སྲིད་དབང་བཙུགས་རྗེས་དེ་སྲ་བརྟན་ཡོང་བའི་འགན་ལེན་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་སྲོལ་གཏན་འབེབས། དམག་དོན་སྟོབས་ཤུགས་སྒྲིག་འཛུགས་མཛད་ཅིང༌། བོད་རང་སྐད་ཀྱི་ཆོས་ཉིད་དང་མཐུན་པའི་ཡིག་སྲོལ་གསར་སྐྲུན་གནང་རྗེས་མི་རིགས་གཞན་གྱི་རིག་གནས་ལག་རྩལ་སོགས་སྡུད་ལེན་བྱེད་མགོ་བརྩམས། དེ་ཡང་སྐབས་དེར་ཨེ་ཤ་ཡའི་ཁྱོན་ལ་སྲིད་འབྱོར་རིག་གསུམ་དར་རྒྱས་ཆེ་བའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཕྱི་གཏེར་ནང་འདྲེན་བྱས་ཚུལ་ནི། ”ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའྀ་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །“༣༣ཞེས་པ་ལྟར་རོ། །སྐབས་དོན་རྒྱ་གར་ནས་ཤཱཀྱའི་རིང་ལུགས་ཚུར་ལེན་བྱས་ཚུལ་ནི། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་དགའ་ལས་”རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ། །གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། །རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར་དང༌། ཁ་ཆེ་ཏ་ནུ་དང༌། བལ་པོ་ཤཱི་ལ་མཉྫུ་དང༌། རྒྱ་ནག་ཧ་ཤང་མ་ཧཱ་དེ་ཝ་ཆེ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང་དེའི་མཆན་བུ་དྷ་རྨ་ཀོ་ཥ་དང༌། ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་བར་གྲགས། གཙོ་བོར་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་”༣༤ཅེས་གསལ་པ་ལྟར་རྒྱ་བལ་སོགས་ནས་པཎྜི་ཏ་མཁས་ཆེན་དུ་མ་བོད་དུ་གདན་དྲངས་ཤིང་“དེ་རྣམས་ལས་རྒྱ་གར་གྱི་སློབ་དཔོན་ཀུ་ས་རའི་ཡོན་བདག་བལ་བཟའ་ཁྲི་བཙུན་གྱིས་བྱས། ལོ་ཙཱ་བ་ཐོན་མིས་བྱས། བྲམ་ཟེ་ཤང་ཀ་རའི་ཡོན་བདག་རྒྱལ་པོས་བྱས། ལོ་ཙཱ་བ་དྷརྨ་ཀོ་ཤས་བྱས། རྒྱ་ནག་གི་མཁན་པོའི་ཡོན་བདག་རྒྱ་བཟའ་ཀོང་ཇོས་བྱས། ལོ་ཙཱ་བ་ཡང་ཀོང་ཇོ་ཉིད་དང་ལྷ་ལུང་རྡོ་རྗེ་དཔལ་གྱིས་བྱས། བལ་པོ་དང་ཁ་ཆེའི་ཡོན་བདག་བལ་བཟའ་ཁྲི་བཙུན་གྱིས་བྱས། ལོ་ཙཱ་བ་ཡང་ཁྲི་བཙུན་ཉིད་དང་ཐོན་མིས་བྱས་”༣༥ཤིང༌། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་སུ་འཚོ་སྡོད་བྱེད་པའི་མི་རྣམས་ཀྱི་བསམ་བློའི་ལྟ་བ་ཡང་དག་པའི་ལམ་དུ་བཀྲི་བ་དང༌། གཅིག་གྱུར་གྱི་ཀུན་སྤྱོད་བཟང་པོ་འཇགས་པའི་ཆ་རྐྱེན་དུ། “རྒྱལ་པོའི་བཀའ་བཞིན། སློབ་དཔོན་ཀུ་ས་རས་མངོན་པའི་སྡེ་དང༌། ཕ་རོལ་ཏུ་ཕྱིན་པའི་སྐོར་བསྒྱུར། བལ་པོའི་སློབ་དཔོན་སོགས་ཀྱིས་མདོ་སྡེའི་སྡེ་དང༌། ཕལ་ཆེན་དང༌། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་བསྒྱུར། བྲམ་ཟེ་ཤང་ཀ་རས་འདུལ་བའི་སྡེ་དང་ཀྲི་ཡའི་མདོ་རྒྱུད་རྣམས་བསྒྱུར། རྒྱ་ནག་གི་མཁན་པོས་སྨན་དང་དཔྱད་ལ་སོགས་པ་བསྒྱུར་”གནང་པ་རེད།༣༦ཐུ་མི་ཨ་ནུ་སོགས་ཀྱིས་བསྒྱུར་པའི་མདོ་རྒྱུད་ཉེར་གཅིག་ཅེས་པ་ནི། ༡༽ ཟ་མ་ཏོག་བཀོད་པ། ༢༽ ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༣༽ པདྨ་སྙིང་པོའི་མདོ། ༤༽ ཞལ་བཅུ་གཅིག་པའི་མདོ། ༥༽ བཅུ་གཅིག་ཞལ་གྱི་གཟུངས། ༦༽ དོན་ཡོད་ཞགས་པ། ༧༽ དོན་ཞགས་ཕྱི་མ། ༨༽ པདྨ་མཆོག ༩༽ དབང་བསྒྱུར་འཁོར་ལོ། ༡༠༽ ཆོ་ག་སྔགས་ཀྱི་རྒྱུད། ༡༡༽ ཡིད་བཞིན་ནོར་བུའི་གཟུངས། ༡༢༽ སྙིང་རྗེ་ཆེན་པོ་མི་གཤོལ་པ། ༡༣༽ འོད་ཟེར་རྣམ་བཀོད། ༡༤༽ པདྨ་ཅོད་པན་གྱི་རྒྱུད། ༡༥༽ ཡི་གེ་དྲུག་པའི་མདོ། ༡༦༽ དམ་ཆོས་པད་དཀར། ༡༧༽ པུཎྚ་རི་ཀའི་མདོ། ༡༨༽ ཆུ་ཀླུང་སྣ་ཚོགས་པའི་མདོ། ༡༩༽ སྣང་བ་རོལ་བའི་མདོ། ༢༠༽ མཚན་བརྒྱད་རྩ་བརྒྱད་པ། ༢༡༽ མཚན་རབ་ཡོངས་སུ་བསྟན་པའི་མདོ་བཅས་ཡིན་ཞིང༌། འདི་དག་ལས་འོད་ཟེར་རྣམ་བཀོད་དང༌། ཆུ་ཀླུང་སྣ་ཚོགས༌། སྣང་བ་རོལ་པ། མཚན་རབ་ཡོངས་བསྟན་པ་རྣམས་དེང་སང་བཀའ་འགྱུར་གྲས་སུ་མི་སྣང་པ་མ་གཏོགས་གཞན་རྣམས་ཕྱིས་སུ་འགྱུར་བཅོས་བྱས་པའི་ཁྱད་པར་ཙམ་ལས་ཚང་མ་ཡོད་ཅེས་ཆོས་འབྱུང་མཁས་དགའ་སོགས་སུ་བཤད།
གཞན་ཡང་སྤུ་རྒྱལ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་པཎྜི་ཏ་བློ་སེམས་མཚོ་དང་ལོ་ཙཱ་བ་ལི་ཐི་སེ་གཉིས་ཀྱིས་བོད་དུ་ཤཱཀྱའི་རིང་ལུགས་སྤེལ་རྒྱུའི་དམིགས་ཡུལ་བཟུང་ནས་འཁྱེར་འོངས་པའི་གཉན་པོ་གསང་བར་གྲགས་པའི་ཆོས་ལུགས་ཀྱི་རྟེན་རྫས་ལས་ཙིནྡ་མ་ཎིའི་གཟུངས་དང༌། ཟ་མ་ཏོག པང་ཀོང༌། མདོ་སྡེ་ལས་རྣམ་འབྱེད་རྣམས་ཀྱང་ཐུ་མིས་བསྒྱུར་པར་མཛད། དེས་ན།  “སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ཆོས་དུ་མ་བསྒྱུར་པ་ནི་ལྗོངས་འདིར་ཆོས་བསྒྱུར་པའི་ཐོག་མ་ཡིན་ནོ། །”༣༧ཞེས་འབྱུང་བ་ལྟར། སྲོང་བཙན་རིང་ཐུ་མི་ཨ་ནུས་རྐང་འགན་བཞེས་ཏེ་བསྒྱུར་པ་འདི་དག་ནི་བོད་ཀྱི་ལོ་རྒྱུས་ཐོག་ཤཱཀྱའི་རིང་ལུགས་ཐོག་མར་བོད་དུ་བསྒྱུར་པ་ཡིན་ལ། “མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །བཀའ་དྲིན་བོད་ཀྱིས་ཇི་ལྟར་ཁྱེར། །”༣༨ཞེས་པ་ལྟར་འཇིག་རྟེན་མིག་གཅིག་ཐུ་མི་ཨ་ནུ་མཆོག་ནི་བོད་ཀྱི་ལོ་ཙཱ་བའི་དང་པོ་དེ་ཡིན་ནོ། །དེ་ལྟར་ཐུ་མི་ཨ་ནུས་རྐང་འགན་བཞེས་ཏེ་བོད་དུ་རྒྱལ་བ་ཤཱཀྱ་མུ་ནེའི་རིང་ལུགས་བསྒྱུར་ལེན་གྱི་མགོ་བརྩམས་པ་དེ་ནས་བཟུང་ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་བོད་མི་ཚོས་དར་རྒྱས་གོང་འཕེལ་རྒྱ་ཆེར་བཏང་སྟེ་ད་ལྟ་མདོ་སྔགས་ཀྱིས་བསྡུས་པའི་ཤཱཀྱའི་རིང་ལུགས་ཀྱི་གཞུང་མ་ལག་ཚང་བ་ཞིག་མཆིས་པ་འདི་འཛམ་གླིང་ཤར་ནུབ་གང་སར་དཔེ་མཚོན་གཉིས་པ་རྙེད་དུ་མེད་པའི་བོད་ཀྱི་རྩ་ཆེའི་གཅེས་ནོར་དུ་གྱུར་ཡོད།
དེས་ན། ཞང་ཞུང་ཐེ་བའི་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ད་ཕན་མི་ལོ་སུམ་སྟོང་དགུ་བརྒྱ་ལྷག་འདེད་རྒྱུ་ཡོད་ཚུལ་འབྲེལ་ཡོད་མཁས་དབང་ནས་ཞིབ་འཇུག་དང་འབྲེལ་བའི་སྡོམ་ཚིག་བཞག་པ་དོན་ལའང་གནས་ངེས་ཀྱང༌། དུས་རབས་བདུན་པའི་ཆར་ཐུ་མི་ཨ་ནུས་རྐང་འགན་བཞེས་ཏེ་ཤཱཀྱའི་རིང་ལུགས་སོགས་རྒྱ་གར་གྱི་རིག་གནས་ཁག་ནང་འདྲེན་བྱས་ཏེ་རང་ཉིད་ཅན་དུ་བསྒྱུར་པ་ནས་བཟུང་བོད་ཀྱི་སྔར་ཡོད་རིག་གནས་ལ་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་གསོན་ཉམས་ལྡན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རིག་གནས་བཟང་པོའི་མ་ལག་ཅིག་གྲུབ་པ་ནི་ཁས་མི་ལེན་ཐབས་མེད་པའི་དངོས་ཡོད་ཀྱི་བདེན་པ་ཉག་གཅིག་ཡིན། ཕྱི་གཏེར་ནང་འདྲེན་གྱི་དབུ་ཚུགས་པའི་ཐོག་མའི་དུས་རིམ་དེ་ནི་བོད་ཀྱི་སྐད་ཡིག་རིག་གནས་འཕེལ་རྒྱས་ཀྱི་རླབས་ཆེན་འགྱུར་མཚམས་ཤིག་དང༌། བོད་དེ་ལག་ལེན་ངོ་མའི་ཐོག་ཤེས་རིག་དང་ཡ་རབས་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འཕོ་བསྐྱོད་བྱེད་མགོ་ཚུགས་པ་ཡིན། དུས་ཡུན་དང་མི་འབོར་གྱི་ཆ་རྐྱེན་ལ་ལྟོས་ནས་བོད་དེ་འཛམ་གླིང་ནང་རིག་གཞུང་བརྩམས་ཆོས་གྱི་བསྡོམས་འབོར་མང་ཤོས་ཡིན་པའི་རྩོད་མེད་བདེན་དོན་དེ་ཡང་མཐར་གཏུགས་ན་ཆོས་རྒྱལ་ལོ་པཎ་དག་གི་བསྟན་པ་དང་མི་རིགས་ལ་དམིགས་པའི་ལྷག་བསམ་དང༌། དཀའ་སྤྱད་འབད་འཐབ་ཀྱི་སྙིང་རུས། སུས་ཀྱང་དོ་ཟླ་མེད་པའི་རྣམ་དཔྱོད་བཅས་ལ་བརྟེན་ནས་བྱུང་བ་ཡིན། ང་ཚོ་བོད་དང་བོད་ཀྱི་བླ་སྲོག་ལྟ་བུའི་རིག་གཞུང་གི་བདག་པོ་ཚོས་ཀྱང་ཐུ་མི་ཨ་ནུ་སོགས་ཡབ་མེས་དམ་པའི་བཀའ་དྲིན་རྗེས་དྲན་དང་འབྲེལ་ཁོང་ཚོའི་བླ་མེད་གཤིས་སྤྱོད་ལ་ཁ་མིག་ཡར་ལྟས་སློབ་སྦྱོང་བྱེད་རྒྱུ་དང༌། བོད་ཀྱི་རིག་གཞུང་གི་རིན་ཐང་ཤེས་ནས་བདག་སྤྲོད་རྒྱུན་འཛིན་བྱེད་དགོས་པའི་རྩ་དོན་ནི་ནམ་ཡང་གཡོལ་ཐབས་མེད་པ་ཞིག་གོ།

ལྔ། རྒྱ་བལ་ནས་བཙུན་མོ་བསུ་བའི་གལ་ཆེའི་རྒྱལ་འབྲེལ་བྱ་བར་སྟོབས་ཤུགས་ཕུལ་བ།

    སྔོན་དང་ད་ལྟའི་རྒྱལ་ཁབ་བམ་མི་རིགས་ཕན་ཚུན་དབར་གྱི་ལུགས་མཐུན་འབྲེལ་ལམ་དེས་ཕན་ཚུན་གྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་དང༌། སྲིད་འབྱོར་རིག་གསུམ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཟབ་མོ་གཏོང་བཞིན་ཡོད་པ་རེད། རང་དབང་ལྡན་པའི་རྒྱལ་འབྲེལ་བྱ་བ་དེས་རྒྱལ་ཁབ་གང་ཞིག་གི་ཆེས་མཐོའི་བདག་དབང་གི་ཆ་ཤས་གཙོ་བོ་ཞིག་ཀྱང་སྟོན་གྱི་ཡོད། གལ་ཏེ་རང་འགུལ་ལམ་གཞན་གྱི་ཚོད་མེད་སྟངས་འཛིན་འོག་ཕྱི་འབྲེལ་བཀག་སྡོམ་གྱིས་ཁེར་གཙང་ཟུར་སྡོད་ཀྱི་སྲིད་བྱུས་ལག་བསྟར་བྱས་ཕྱིན་རྒྱལ་ཁབ་བམ་མི་རིགས་དེའི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་ཚད་གཞི་འདྲ་མིན་གྱི་ཚོད་འཛིན་ནན་པོ་ཐེབས་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཆོས་ཉིད་རགས་པ་ཞིག་ཡིན། ཆོས་སྲིད་ལུགས་གཉིས་ལ་མཁྱེན་དཔྱོད་ཡངས་པའི་མི་རྗེ་སྲོང་བཙན་སྒམ་པོས་ཆོས་ཉིད་དེ་ཤེས་རྟོགས་ཐུབ་ནས་ཁོང་གིས་སྲིད་སྐྱོང་རིང་ཐུ་མི་ཨ་ནུ་སོགས་བཏང་སྟེ་ཕྱིའི་རྒྱལ་ཁབ་མང་པོ་དང་ལྷག་པར་དུ་བོད་ཆེན་པོའི་ཁྱིམ་མཚེས་བལ་ཡུལ་དང་རྒྱ་ནག་ཐང་རྒྱལ་རབས་ཀྱི་གཙོ་འཛིན་ཁག་བར་གཉེན་སྒྲིག་བྱ་ཐབས་བརྒྱུད་མཛའ་མཐུན་གྱི་རྒྱལ་འབྲེལ་བཙུགས་པ་རེད།
སྲོང་བཙན་སྒམ་པོས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་ནག་གི་སྲས་མོ་དག་ཁབ་ཏུ་བླངས་ནས་གཉེན་འབྲེལ་བཟུང་པའི་དགོས་དམིགས་ཐད། ཆོས་བྱེད་མི་སྣ་ཡིན་པའི་སྔོན་ཆད་བོད་ཀྱི་ལོ་རྒྱུས་སྨྲ་མཁན་ཚོས་“སྟོན་པའི་དགུང་ལོ་བརྒྱད་དང་བཅུ་གཉིས་པའི། །སྐུ་ཚད་གར་བཞུགས་ཐེག་ཆེན་དར་བའི་ཕྱིར། །དེ་དག་བོད་ཀྱི་ཡུལ་དུ་སྤྱན་འདྲེན་སླད། །རང་བྱུང་རྟེན་ལ་མཆོད་ཅིང་གསོལ་བཏབ་ཚེ། །ཐུགས་ཀ་ནས་ནི་འོད་ཟེར་རྣམ་གཉིས་བྱུང༌། །རྒྱ་ནག་དང་ནི་བལ་པོའི་ཡུལ་དུ་སོང༌། །སྤྲུལ་པའི་ལྷ་གཅིག་རྣམ་གཉིས་བཞུགས་པར་གཟིགས། །དེ་གཉིས་ཁབ་ཏུ་བཞེས་ན་སྐུ་གཟུགས་གཉིས། །དམ་ཆོས་དང་བཅས་སྤྱན་འདྲེན་ནུས་པར་དགོངས། །”༣༩ཞེས་པ་ལྟར་བོད་དུ་ཤཱཀྱའི་རིང་ལུགས་དར་བར་ཆོས་ལུགས་ཀྱི་རྟེན་རྫས་རྩ་ཆེན་ཇོ་ཤཱཀ་གཉིས་གདན་དྲངས་ཆེད་ཡིན་ཚུལ་བཤད་པ་དང༌། ཕྱི་ནང་གི་མི་སྣ་མང་པོས་དེང་སང་སྲིད་དོན་ཁོག་བཅུག་སོགས་དགོས་དབང་སྣ་ཚོགས་ཆེད་ཨེན་ཀེ་སིའི་ཚིག་དུམ་“དབང་བསྒྱུར་གྲལ་རིམ་བར་གྱི་གཉེན་འབྲེལ་ནི་ཆབ་སྲིད་ཀྱི་དགོས་པ་ཁོ་ན་ཡིན་”ཞེས་པའི་ལྟ་ཚུལ་དང་མཐུན་པར་སྲིད་དོན་དགོས་མཁོ་འབའ་ཞིག་ཏུ་བཤད་འཁྱེར་བྱེད་པའི་ལྟ་སྟངས་སྔ་ཕྱི་གཉིས་ལ་ལོ་རྒྱུས་གནས་ཚུལ་ངོ་མ་མཚོན་མི་ཐུབ་པའི་ཕྱོགས་ལྷུང་ངེས་ཅན་རེ་ཡོད། དེ་ཡང་གསལ་པོར་བཤད་ན། སྔ་མས་ཆོས་ལུགས་བསམ་བློའི་འདུ་ཤེས་གཙོར་འདོན་བྱས་པ་ལས་སྐབས་དེའི་གཅིག་གྱུར་ཆེན་པོ་བྱུང་མ་ཐག་པའི་བོད་ཀྱི་ཆབ་སྲིད་སྲ་བརྟན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱ་གཞག་ཁྲོད་ཀྱི་ཕྱི་འབྲེལ་གྱི་གལ་ཆེའི་རང་བཞིན་སྣང་མེད་དུ་བཞག་ཡོད་ལ། ཕྱི་མས་སྐབས་དེའི་སྤྱི་ཚོགས་ཁྱོན་ཡོངས་དང་ལྷག་པར་རྒྱལ་བློན་སོགས་མཐོ་རིམ་དབང་བསྒྱུར་མི་སྣའི་བསམ་བློའམ་འཇིག་རྟེན་ལྟ་བ་“ཆོས་མེད་རིང་ལུགས་པ་”ཞིག་དང་འདྲ་བར་ངོས་འཛིན་བྱས་པའི་ནོར་འཁྲུལ་བྱུང་ཡོད། དེས་ན་བཀུར་འོས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་རྗེས་བཙུན་མོ་འགའ་ཞིག་བླངས་ཡོད་པའི་ནང་ནས་བལ་བཟའ་ཁྲི་བཙུན་དང༌། རྒྱ་བཟའ་འུན་ཁྲེན་ཀོང་ཇོ་གཉིས་བཙུན་མོར་བླངས་པའི་དམིགས་ཡུལ་ནི། སྐབས་དེར་བོད་དང་ཐག་ཉེ་བའི་བལ་པོ་དང༌། ཐང་རྒྱལ་རབས་གཉིས་ས་འབྲེལ་ཡིན་པ་མ་ཟད། ཤེས་རིག་དང༌། སངས་རྒྱས་ཆོས་ལུགས། ཆབ་སྲིད། དཔལ་འབྱོར། དམག་དོན་བཅས་ཀྱི་ཐད་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་གྲས་ཡིན་པས་གོ་སྐབས་དེ་དང་བསྟུན་ནས་གཉེན་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་རང་ཉིད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། སངས་རྒྱས་ཆོས་ལུགས་བཅས་སྔར་ལས་ལྷག་པར་གོང་འཕེལ་གཏོང་བའི་ཆེད་དུ་རེད།”༤༠ཅེས་གསལ་སྟོན་གནང་བ་ནི་དུས་སྐབས་དེའི་ལོ་རྒྱུས་གནས་ཚུལ་ངོ་མར་སྡོམ་ཚིག་ཡང་དག་པར་བརྒྱབ་པ་ཞིག་རེད་སྙམ། གང་ཡིན་ཟེར་ན། མངའ་ཐང་ཕྱོགས་བཞིར་རྒྱ་བསྐྱེད་དེ་བོད་ཆེན་པོའི་རྒྱལ་ཁམས་གཅིག་གྱུར་གྱི་སྲིད་དབང་གསར་བཙུགས་བྱས་པ་དེ་ཉིད་བརྟན་བརླིང་དང་ས་མཚམས་བདེ་འཇགས་སུ་གནས་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གཉེན་འབྲེལ་འཛུགས་པ་ཆབ་སྲིད་ཀྱི་དོན་སྙིང་ཟབ་མོ་ཡོད་པ་ཞིག་ཡིན་པར་མ་ཟད། བོད་རྒྱལ་དམངས་ཀྱི་དཔལ་འབྱོར་རྨང་གཞི་མཐོར་འདེགས་གཏོང་བར་རྒྱལ་ཁབ་དེ་དག་གི་“རིན་པོ་ཆེའི་དཀོར་མཛོད་”དང༌། “མིག་སྐྱའི་ལོངས་སྤྱོད་ལ་རྣམ་པར་འཁུ་བའི་འབྱོར་པའི་བང་མཛོད་”ལས་ཐོན་པའི་དངོས་ནོར་དགོས་གལ་ཡོད་ལ། བོད་ཡུལ་འཛུགས་སྐྲུན་ཐད་དེ་དག་གི་རིག་གནས་ལག་རྩལ་དང་ཆེད་མཁས་མི་སྣ་ཉེར་མཁོ་ཆེ་བ་དང༌། ལྷག་པར་བོད་དུ་ཤཱཀྱའི་རིང་ལུགས་རྩ་བ་ཚུགས་ནས་ཡལ་འདབ་རྐྱོང་བར་དེ་དག་དང་དེ་དག་བརྒྱུད་ནས་རྒྱ་གར་སོགས་ཀྱི་ཆོས་ལུགས་ལྷ་སྐུ་དང༌། ཆོས་དཔེ། ཆོས་ལུགས་མི་སྣ་ཚད་ལྡན་བཅས་མེད་ཐབས་མེད་པ་ཞིག་ཡིན། ཚུལ་དེར་དགོངས་ནས་ྋརྒྱལ་དབང་ལྔ་པས“ལྷ་གཅིག་གཉིས་ཁབ་ཏུ་བཞེས་ན། རྒྱ་བལ་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་དངོས་པོ་ཐམས་ཅད་ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་ལྟར་འབྱུང་བར་དགོངས་”༤༡ཞེས་གསུངས་པ་རེད།
སྲོང་བཙན་རྒྱལ་བློན་གྱིས་བལ་པོ་དང་རྒྱ་ནག་གི་སྲས་མོ་གཉིས་ཁབ་ཏུ་བསུས་ཏེ་གཉེན་འབྲེལ་འཛུགས་རྒྱུར་གྲོས་བསྡུར་ཐག་གཅོད་བྱས་ཚུལ་ནི། བཀའ་ཆེམས་ཀ་ཁོལ་མ་ལས། “དེ་ནས་ནངས་པར་སྔ་བར་ཐོན་མི་སམ་བུ་ར་བྷོ་ཊ་མི་ཆུང་གིས་རྗེ་ལ་ཞེ་ས་འབུལ་དུ་འོངས་ཙ་ན། བློན་པོ་ཆེན་པོ་མགར་ཀྱང་རྗེ་ལ་ཕྱག་བྱེད་དུ་བྱུང་པ་ལ། བློན་པོ་ལ་ཆང་དྲོངས་གསུངས་ནས་ཐོན་མིས་ཆང་དྲངས་ནས་གསོལ་ཙ་ན། རྒྱལ་པོའི་ཞལ་ནས་མདང་ངའི་རྨི་ལམ་ན། བལ་པོའི་ཡུལ་ན་བུ་མོ་དཀར་མོ་མཚན་དང་དཔེ་བྱད་དུ་ལྡན་པ་སྙིང་དུ་སྡུག་པ་ཅིག་རྨིས། རྒྱ་ནག་གི་ཡུལ་ན་བུ་མོ་སྔོན་མོ་མཚན་དང་དཔེ་བྱད་དུ་ལྡན་པ་སྙིང་དུ་སྡུག་པ་ཞིག་རྨིས་གསུངས་པས། ཐོན་མིའི་བསམ་པ་ལ་ལྷའི་འོད་ཟེར་ལ་བརྟེན་ནས་རྒྱལ་པོས་ཤེས་སྙམ་ནས། བློན་པོ་མགར་སྟོང་བཙན་ཡུལ་བཟུང་དང་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་གཉིས་ན་རེ། རྒྱལ་པོ་ཆེན་པོ་མདང་གི་རྣལ་ལམ་བཟང་པོ་དེ་མི་སུ་ལ་ཡང་མ་གསུང་ཞིག ལྷ་གཅིག་དེ་གཉིས་ངེད་གཉིས་ཀྱིས་སྤྱན་འདྲོངས་པར་བྱ་ཡིས་ཟེར་”༤༢ཞེས་འབྱུང་བའི་ཁུངས་དང་མཐུན་པར་ཕྱིས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་དོན། དེ་ཡང་མི་རྗེ་སྲོང་བཙན་སྒམ་པོས་ཆབ་སྲིད་ཀྱི་འགན་བཞེས་རྗེས་ཁོ་པའི་ཕའི་སྐུ་ཚེའི་མཇུག་ལ་ངོ་ལོག་སིལ་འཐོར་དུ་གྱུར་པའི་རྒྱལ་ཕྲན་ཁག་སླར་ཡང་ཞི་དྲག་ཅི་རིགས་ཀྱིས་མངའ་འོག་ཏུ་བསྡུས་ཤིང༌། རྒྱལ་ས་ཡར་ལུང་ནས་སྐྱིད་ཤོད་(ལྷ་ས་)དུ་སྤོས་ཏེ་བོད་ཆེན་པོའི་རྒྱལ་ཁམས་གཅིག་གྱུར་བྱེད་པའི་རླབས་ཆེན་ལས་གཞི་མགོ་བརྩམས་པ་དང་ཆབས་ཅིག་བལ་ཡུལ་དང་ཐང་རྒྱལ་ཁབ་ལ་གཉེན་འབྲེལ་འཛུགས་པའི་དགོས་གལ་རང་བཞིན་ལ་གཏུགས་ནས་སྲོང་བཙན་སྒམ་པོས་ཐོག་མར་རང་གི་བློན་གཙོ་བོ་ཐུ་མི་ཨ་ནུ་དང་མགར་སྟོང་བཙན་ཟུང་ལ་གནད་དོན་དེའི་ཐད་གྲོས་མགོ་བཏོན་པར། བློན་གཉིས་ཀྱིས་རྒྱལ་པོའི་བཞེད་དགོངས་ལ་རྒྱབ་སྐྱོར་བཅས་སྲིད་དོན་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་དེ་ཕྱི་བསྒྲགས་བྱས་ན་ལས་དོན་ལ་འགལ་རྐྱེན་བཟོ་མཁན་འབྱུང་དོགས་རེ་ཞིག་གསང་རྒྱ་བྱེད་རྒྱུའི་བླང་བྱ་བཏོན་ཞིང༌། གལ་ཆེའི་ཕྱི་འབྲེལ་དེ་ཁོང་པ་གཉིས་ཀྱིས་གཙོ་འགན་ཁྱེར་ནས་བསྒྲུབ་རྒྱུའི་དམ་བཅའ་ཕུལ། དེ་ནས་གྲོང་ཁྱེར་བདུན་ནས་གཙོ་བོ་མི་བདུན་(རྒྱལ་རབས་གསལ་མེར་གཙོ་བོ་མི་དྲུག་ཅེས་འབྱུང་ཡང་འདིར་ཀ་ཁོལ་མ་དང་ཆོས་འབྱུང་མཁས་དགའི་ལུགས་བཞིན་བྱས། དེ་དག་ནི་མགར་སྟོང་བཙན་ཡུལ་བཟུང༌། ཐོན་མི་སཾ་བྷོ་ཊ། འབྲི་སེ་རུ་གུང་སྟོན། ཅོག་རོ་དཔལ་བཟང༌། ལྷ་ལུང་དཔལ་བཟང༌། ཁྱུང་པོ་དཔལ་བཟང༌། སྙགས་ཟུར་ཆེན་བཅས་ཡིན།)བྲག་ལྷའི་ནེའུ་ཐང་གི་ལྗོན་ཤིང་སྟར་གའི་སྡོང་པོ་རྩར་གྲོས་བསྡུར་ཚོགས་འདུ་བསྐོང་སྐབས། འཚོག་རྟེན་དུ་ཤ་ཆང་ཁྱེར་ཡོང་པ་ལས་ཤ་ཁོག་ཧྲིལ་པོ་གཅིག་གྲུབ་པས། “ཐོན་མི་ན་རེ་འདུན་མ་འདུན་རྐྱེན་གྱིས་བཅད་པ་བྱ་བ་ཤིན་ཏུ་བཀྲ་ཤིས་ཅི་བསམ་འགྲུབ་པས་འདུན་མ་རྒྱ་མ་ཆུང་ཞིག་ཅེས་ཟེར། མགར་གྱིས་རྒྱ་བལ་གྱི་རྒྱལ་པོའི་སྲས་མོ་མཆོག་གཉིས་ཡོད་པར་འདུག་པ་རྗེའི་བཙུན་མོར་བསུའམ་ཞེས་བགྲོས་པས་ལེགས་དེར་གྱིས་བྱུང་”༤༣བ་སྟེ་བལ་པོ་དང་ཐང་ལ་གཉེན་འབྲེལ་འཛིན་རྒྱུའི་སྐོར་བློན་ཆེན་དག་བགྲོས་པར་ལེགས་ཚུལ་གྲོས་ཁ་གཅིག་མཐུན་བྱུང་ཞིང་དེ་དོན་རྒྱལ་པོ་སྲོང་བཙན་ལ་ཡར་ཞུ་བྱས་པ་རེད།
ཐུ་མི་ཨ་ནུས་སྐུ་ཚབ་ཕོ་ཉ་གཙོ་བོ་གནང་སྟེ་བལ་བཟའ་ཁྲི་བཙུན་(མིང་དངོས་པུ་ལི་ཁུ་ཐི་ཟེར)བསུས་པ། བལ་བཟའ་བསུ་བའི་འབྲེལ་མཐུན་ཕོ་ཉ་གཙོ་བོ་སུ་ཡིན་ཐད་བཤད་ལུགས་མ་འདྲ་ཁག་གཅིག་ཡོད་དེ། དཔེར་ན། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བོད་ཀྱི་རྒྱལ་རབས་གསེར་ཕྲེང་ལས་“དེ་ནས་བལ་པོ་ནས་ཁྲོ་གཉེར་མའི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་བློན་པོ་ཐོན་མི་སཾ་བྷོ་ཊས་གདན་དྲངས་”༤༤ཞེས་དང༌། ཀིརྟི་རིན་པོ་ཆེས་བརྩམས་པའི་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་ཤེལ་མེ་ལོང་ལས། “བློན་པོ་ཐོན་མི་སམ་བྷོ་ཊས་སྣེ་དྲངས་པའི་བློན་པོ་བརྒྱས་གཙོས་བྱས་པའི་སྐུ་ཚབ་ཚོགས་པ་ཞིག་བལ་ཡུལ་དུ་བཏང་”༤༥ཞེས་པ་དག་གིས་ཐུ་མི་ཨ་ནུ་སྐུ་ཚབ་ཕོ་ཉ་གཙོ་བོར་བསྟན་ལ་མགར་རོགས་སུ་ཡོད་ཚུལ་མི་གསལ། ཡང་རྒྱལ་རབས་གསལ་བའི་མེ་ལོང་ནང་“དེ་ནས་བློན་པོ་མགར་གྱིས་རྗེ་ལ་ཕྱག་བྱས་ཏེ། རྫོང་དང་ཡོ་བྱད་རྣམས་ཁྱེར། ཁལ་རྣམས་དེད་ནས། བློན་པོ་རྟ་པ་བརྒྱ་ཐམ་པ་བལ་ཡུལ་དུ་ཆས་སོ།།”༤༦ཞེས་འབྱུང་བ་ལྟར་ཡིག་ཚང་ཁག་གཅིག་ཏུ་མགར་སྐུ་ཚབ་ཕོ་ཉའི་གཙོ་བོར་བསྟན་ལ་ཐུ་མི་ཨ་ནུ་རོགས་ཟླར་ཡོད་ཚུལ་མི་སྣང༌། གཞན་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་“ཐོག་མར་བལ་པོའི་ལྷ་གཅིག་སྤྱན་འདྲེན་ཕྱིར། །ཐོན་མི་མགར་སོགས་བློན་པོ་མཆོག་བརྒྱ་ལ། །”༤༧ཞེས་དང༌།  “བློན་པོ་རྣམས་ཀྱིས་ཕྱིན་ཏེ་མགར་གྱིས་ཇི་ལྟར་སྤྱན་དྲང་(རྒྱལ་པོ་ལ)ཞུས་པས་ཐོན་མིས་སྣ་དྲངས་པའི་བློན་པོ་རྟ་པ་བརྒྱ་སྟོན་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་ལྡན་པ་ལ་ཕོ་བྲང་དམར་པོ་རི་ལ་ཉི་མ་ཤར་བ་དང་སོང་”༤༨ཞེས་ཐུ་མི་ཕོ་ཉའི་གཙོ་བོ་དང་མགར་སྟོང་བཙན་རོགས་ཟླར་གསལ་ལ། དེ་དང་མཐུན་པར་ཀློང་ཆེན་ཆོས་འབྱུང་དུའང་“ཐོན་མི་སམ་བྷོ་ཊ་དང༌། བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་”༤༩ཞེས་འབྱུང༌། འདིར་བཤད་ལུགས་ཅུང་མི་མཐུན་པ་གསུམ་ལས་ཕྱི་མ་ཐུ་མི་ཨ་ནུ་སྐུ་ཚབ་ཕོ་ཉའི་གཙོ་བོ་དང་མགར་སྟོང་བཙན་ཕྱག་རོགས་ཡིན་ཚུལ་བཤད་པ་འདི་ལ་བདེན་ཁ་ཆེ་བའི་རྒྱུ་མཚན་ཡོད་དེ། ཐུ་མི་ཨ་ནུ་མཆོག་ཞི་བློན་ཡིན་ཞིང་བལ་པོའི་སྲས་མོ་ལེན་སྐབས་དཔུང་ངོམ་འཇིགས་བསྐུལ་བྱས་ཡོད་ཀྱང་གཙོ་བོ་ཞི་ཐབས་ལ་བརྟེན་པ་དང༌། བོད་རྒྱའི་ཡིག་ཚང་ཚད་ལྡན་ཕལ་ཆེར་ནང་བལ་བཟའ་བསུ་སྐབས་ཐུ་མི་ཨ་ནུ་ཡོད་པ་དང་ཕོ་ཉའི་གཙོ་བོ་ཡིན་ཚུལ་གསལ། ཐུ་མི་རྒྱ་གར་ལ་སློབ་སྦྱོང་བྱེད་དུ་འགྲོ་སྐབས་ལམ་ཁར་བལ་རྗེར་འབུལ་སྐྱེས་བཏེགས་ནས་ཕན་ཚུན་ངོ་ཤེས་གྲོགས་འབྲེལ་ཡོད་པ་དང༌། བལ་པོའི་སྐད་དང་ཡུལ་གོམས་གཤིས་ལུགས་ལམ་རྒྱུས་སོགས་ཐུ་མིས་གཞན་རྟེན་མ་དགོས་པར་ཤེས་པ་སོགས་ལ་དཔག་ན་ངེས་པ་རྙེད་ཐུབ་པ་ཞིག་ཡིན། འོན་ཀྱང་ཕྱི་རྒྱལ་གྱི་སྲས་མོ་གཉིས་ཁབ་ཏུ་ལེན་རྒྱུར་ཡི་དམ་ལྷའི་འོད་ཟེར་གྱིས་ལམ་སྟོན་མཛད་ཚུལ་དེ་སྲོང་བཙན་ནས་བློན་པོ་དག་ལ་རྨི་ལམ་སྐད་དུ་བརྗོད་པ། བལ་བཟའ་སློང་བར་བོད་བློན་བརྒྱ་བཏང་ཚུལ་ཟེར་བ་སོགས་ཕྱིས་སུ་བསྲེ་བསླད་བཅུག་པ་དང་འུད་བརྗོད་བྱས་པ་ཙམ་ལས་ཐུན་མོང་སྣང་ཚོད་དང་མཐུན་པའི་དུས་དེའི་ལོ་རྒྱུས་ངོ་མར་ངོས་འཛིན་བྱེད་མི་ཐུབ་པ་སྨོས་ཅི་དགོས།
དེ་ལྟར་ཐུ་མི་ཨ་ནུ་ཕོ་ཉའི་གཙོ་བོར་བསྐོ་འཇོག་གིས་བལ་རྒྱལ་ལ་ཕྱག་རྟེན་དུ་གསེར་གྱི་དོང་ཙེ་སྟོང༌། ཞུ་རྟེན་གསེར་ཕྱེ་བྲེ་གང༌། རིན་ལ་གསེར་ཁྲབ་རིན་པོ་ཆེས་ཕྲ་ཚོམ་བརྒྱན་པ་ཞིག་དང༌། བལ་པོའི་ཡི་གེར་བྲིས་པའི་བཀའ་ཤོག་བོད་ཆེན་པོའི་རྒྱལ་ཁབ་གསར་ཚུགས་བརྟེན་ཆོས་ལུགས་རིག་གནས་དང༌། དཔལ་འབྱོར་འཚོ་བ། ཁྲིམས་ལུགས་བཅས་ད་དུང་ཡར་རྒྱས་འཐུས་ལེགས་གཏོང་དགོས་པ་ཡོད་པ་བདེན་ཡང་དེ་ལ་ཁ་གཡར་ཏེ་སྲས་མོ་བོད་ལ་མི་སྦྱིན་ན་ངས་གཏུམ་དྲག་དཔལ་རྩལ་ཆེ་བའི་བོད་ཀྱི་འབུམ་དམག་བལ་ཡུལ་དུ་འདྲེན་རྒྱུ་ཡིན་ཟེར་བའི་ནང་དོན་ཅན་བཅས་བསྐུར་ཏེ་བལ་ཡུལ་དུ་བརྫངས། ཐུ་མིས་གཙོས་གཉེན་སློང་ཕོ་ཉ་རྣམས་བལ་པོའི་རྒྱལ་སའི་གྲོང་ཁྱེར་ཡ་འབུ་ཡ་འགལ་བྱ་བར་སླེབས་ཏེ་བལ་རྒྱལ་འོད་ཟེར་གོ་ཆ་(ཨཾ་ཤུ་བརྨཱ)དང་མཇལ་ཕྲད་ཀྱིས་གནས་ཚུལ་སྙན་ཞུ་ཕུལ་བར་བལ་རྒྱལ་ནས་བཙན་པོའི་བཀའ་ཤོག་དང་བློན་པོའི་གཏམ་བརྗོད་ལ་ཉན་ཞིབ་བྱས་མཐར་མོས་མཐུན་གནང་ཐོག་རང་གི་བུ་མོར་བོད་བཙན་པོའི་བཙུན་མོར་ཡ་ཡོལ་མེད་པར་འགྲོ་རྒྱུ་ལས་ཀ་ཀོར་བྱས་ན་“སྤྲུལ་པའི་དམག་ཁྲི་ཕྲག་ལྔ་འོང་སྟེ། ང་གསོད། ཁྱོད་ཕྲོགས་པས་འགྲོ་དགོས་གསུངས་”༥༠ནས་སངས་རྒྱས་ཤཱཀྱ་མུ་ནེའི་སྐུ་བརྙན་དང༌། བྱམས་པ་ཆོས་འཁོར། ཙན་དན་གྱི་སྒྲོལ་མ་བཅས་སྐུ་རྩ་ཆེན་གསུམ་དང༌། སྟག་ཤ་དེ་ཝ་དང་རཏྣ་དེ་ཝ། བཻཌཱུརྱའི་ལྷུང་བཟེད་སོགས་རིན་པོ་ཆེ་དང༌། བཟོ་རིག་ལག་རྩལ་གྱི་ཁྱད་མཁས་མི་སྣ་བཅས་སྲས་མོའི་སྐལ་རྫོངས་སུ་བསྐུར། ཐུ་མི་ཨ་ནུ་སོགས་འབྲེལ་མཐུན་སྐུ་ཚབ་ཕོ་ཉ་ཚོས་བལ་བཟའ་བོད་དུ་བསུ་ལེན་གྱིས་བཙན་པོའི་བཙུན་མོར་མངའ་གསོལ་པ་རེད།
སྤྱིར་བལ་བོད་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་འདིའི་གོང་ཕན་ཚུན་དབར་འབྲེལ་བ་ཡོད་པའི་ཡིག་ཚང་ཁུངས་འཕེར་མ་རྙེད་པས་འདི་ནི་བལ་བོད་གཞུང་འབྲེལ་ཐོག་མ་ཡིན་པར་རྩོད་པ་མེད་སྙམ། འོ་ན་བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་བྱ་བའི་ནང་ཐུ་མི་ཨ་ནུ་རྒྱ་གར་ལ་སློབ་སྦྱོང་དུ་ཕེབས་ལམ་བལ་པོའི་རྒྱལ་པོ་ལ་ཐུག་ཚུལ་བཤད་ཅེས་ཐོན་མིའི་ཞལ་ལུང་དུ་གསལ་བ་ཅི་ཞེ་ན། དེ་ནི་སྒེར་གྱི་གྲོགས་འབྲེལ་ཙམ་ལས་སྲིད་གཞུང་བར་གྱི་འབྲེལ་བ་མཚོན་མི་ཐུབ། གང་ཡིན་ཟེར་ན་ཐུ་མི་ཨ་ནུར་བལ་རྗེར་མཇལ་ཕྲད་བྱེད་དགོས་པའི་བཙན་པོའི་བཀའ་མངགས་ཅི་ཡང་ཡོད་ཚུལ་མ་མཐོང༌། འོན་ཀྱང་བལ་བཟའ་བོད་བཙན་པོའི་བཙུན་མོར་བསུས་རྗེས་མི་རིང་བར་“་་་ ་་་ བཙན་མོ:  མུན་ཆང་ཀོང་ཀེ་ཅོ། མགར: སྟོང་རྩན་ཡུལ་ཟུང་གྱྀས་སྤྱན་དྲངསྟེ་བོད་ཡུལ་དུ་གཤེགསོ། བལ: པོ: ཡུསྣ: ཀུག་ཏྀ་བཀུམ། ན་རྀ་དེ་བ: རྒྱལ་ཕོར་བཆུག”༥༡ཅེས་འབྱུང་བ་ལྟར་བལ་ཡུལ་བོད་བཙན་པོའི་ཆབ་འོག་ཏུ་བཅུག་ནས་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་ཚེའི་མཇུག་བར་བོད་ཀྱི་དབང་བསྒྱུར་འོག་སྡོད་དགོས་བྱུང་བ་རེད།
ཐུ་མི་ཨ་ནུས་མགར་གྱི་ཕྱག་རོགས་གནང་སྟེ་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བསུས་པ། བལ་བཟའ་ཁྲི་བཙུན་བསུས་རྗེས་རིང་པོ་མ་སོང་བར། “སླར་ཡང་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཡི། །བཀའ་ལུང་ལྕི་ཞིང་གཉན་པའི་ཟིལ་དང་ནི། །བློན་པོ་རིག་པ་ཅན་གྱི་འཕྲུལ་ཐབས་ཀྱིས། །སྒྲོལ་མའི་སྤྲུལ་པ་ལྷ་གཅིག་ཀོང་ཇོ་ནི། །འཛམ་གླིང་རྟེན་མཆོག་ཤཱཀྱ་མུ་ནིར་བཅས། །རྒྱ་ནག་ཡུལ་ནས་སྤྱན་དྲངས་བོད་དུ་ཕེབས། །”༥༢ཞེས་པ་ལྟར་མགར་དང་ཐུ་མི་སོགས་ཀྱིས་རྒྱའི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་བཙན་པོའི་བཙུན་མོར་བླངས་པ་རེད། འདིའི་ཐད་རྒྱལ་རབས་གསལ་བའི་མེ་ལོང་ལས་“དེར་ལྷ་གཅིག་བཤུམ་པ་ལ། བློན་པོ་མགར་གྱིས་སྤྲོ་བ་བསྐྱེད་པའི་གླུ་བླངས་ཏེ། ཐོན་མི་སམ་བྷོ་ཊ་དང༌། འབྲི་སེ་རུ་གོང་སྟོན་གཉིས་གྱིས་རམ་བུ་བཏེག་ནས་”༥༣ཞེས་དང༌། ཡང་“ཐོན་མི་དང་ཉང་གཉིས་ཟུར་དུ་ཁྲིད་ནས། ང་རྒྱ་ནག་ཏུ་ཟླ་བ་ལྔ་ལས་མི་སྡོད་”༥༤ཅེས་དང༌། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་“ལྷ་གཅིག་མི་དགའ་བའི་རྣམ་འགྱུར་བྱེད་པར་མགར་གྱིས་སྤྲོ་བ་བསྐྱེད་པའི་རམ་ཐོན་མི་དང༌། འབྲི་བསེ་རུ་གུང་ཐུན་གཉིས་ཀྱིས་བཏེགས་ནས་”༥༥ཞེས་དང༌། མདོ་སྨད་ཆོས་འབྱུང་ལས་“རྒྱལ་ཡུམ་ལྷ་གཅིག་ཀོང་ཇོ་དང་ཐོན་མི་སཾ་བྷོ་ཊ། བློན་པོ་མགར་སོགས་ཀྱིས་རྒྱལ་བ་རང་ཉིད་དང་བྱིན་རླབས་མཚུངས་པའི་ཤཱཀྱ་མུ་ནེའི་སྣང་བརྙན་སྤྱན་དྲངས་ཏེ་ས་ཕྱོགས་ཕལ་ཆེར་ཞབས་ཀྱིས་བཅག”༥༦ཅེས་འབྱུང་བ་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་བློན་པོ་མགར་གྱིས་སྐུ་ཚབ་ཕོ་ཉའི་འགོ་གཙོ་དང་ཐུ་མིས་གཞོགས་འདེགས་གནང་སྟེ་རྒྱ་བཟའ་བསུས་ཚུལ་གསལ་ཡོད། ཐང་གི་སྲས་མོ་བོད་ཀྱིས་ཇི་ལྟར་བླངས་པ་ནི།  “ཐང་ཐའེ་ཛུང་ཞེས་པས་མེ་ཁྱི་ནས་རྒྱལ་ས་བཟུང༌། དེ་ནས་ལོ་དགུ་ལོན་པ་ཤིང་ཕོ་རྟ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་རེས་དང་གྲོགས་པོ་བྱས། བོད་ཀྱིས་རྒྱའི་བུ་མོ་བསླངས་པས་མ་བྱིན་པ་ལ། བོད་ཁྲོས་ནས་ལོ་ངོ་བརྒྱད་ཙམ་དུ་འཐབ་མོ་བྱས། དེར་དམག་ཕྱིར་ལོག་ནས་མགར་སྟོང་བཙན་ལ་གསེར་དང་རིན་པོ་ཆེའི་རིགས་མང་པོ་བསྐུར་ནས་བཏང་བས། ཐའེ་ཛུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་ལྕགས་མོ་གླང་ལ་བྱིན་”༥༧ཞེས་པ་ལྟར། སྲོང་བཙན་སྒམ་པོས་རྒྱ་ནག་ཐང་རྒྱལ་ཐོག་གཉིས་པ་ཐང་ཐེ་ཙུང་གི་དུས་སུ། ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པ་ཕྱི་ལོ་ ༦༣༤ ཤིང་རྟ་ལོར་བོད་ནས་ཐང་རྒྱལ་ཁབ་ཀྱི་གོང་མར་སྐྱེས་འབུལ་ཕོ་ཉ་བཏང་སྟེ་བོད་རྒྱའི་ལོ་རྒྱུས་སྟེང་གི་རྒྱལ་འབྲེལ་ཐོག་མར་བཙུགས། གོང་མ་ཐང་ཐེ་ཙུང་གིས་ཀྱང་བློན་ཧཕིན་ཏེ་ཞ་ཞེས་པ་བོད་བཙན་པོའི་སར་འཚམ་འདྲིའི་ཕོ་ཉར་བཏང༌། སྲོང་བཙན་གྱིས་གྲུ་གུ་དང་འ་ཞ་ལ་རྒྱའི་ཀོང་ཇོ་རེ་བྱིན་ཡོད་ཚུལ་ཐོས་ནས་ཕོ་ཉ་སྐྱེས་བཅས་སྲས་མོ་སློང་བར་བཏང་ཡང་ཐང་ཐེ་ཙུང་གིས་མ་བྱིན། ཕོ་ཉ་བས་གྲུ་གུས་ངན་བསྐུལ་བྱས་ཚུལ་ཞུས་པར་བརྟེན་སྲོང་བཙན་ཁྲོས་ནས་ཞང་ཞུང་གི་དཔུང་དང་བཅས་རྒྱའི་གཉེན་ཚན་གྲུ་གུར་དྲངས་ཏེ་གྲུ་གུ་བཅོམ། ནོར་ཕྱུགས་ཡོ་བྱད་ཀུན་འཕྲོགས། དེ་ནས་བོད་དམག་གིས་མི་ཉག་དང་སུམ་བྷ་རྒྱལ་ཁབ་གཉིས་ཀྱང་མངའ་འོག་ཏུ་བཅུག་ཐོག་སླར་ཡང་བོད་ཀྱི་དམག་ཁྲི་ཉི་ཤུས་རྒྱ་ནག་གི་ཞིང་ཆེན་སུང་ཀྲིག་བཅོམ། གོང་མའི་སར་ཞི་བའི་ཕོ་ཉ་སྐྱེས་བཅས་བཏང་སྟེ་སྲས་མོ་མ་ཕུལ་ན་དམག་འཐབ་བཙན་འཛུལ་མུ་མཐུད་བྱ་རྩིས་བརྗོད་པར། གོང་མས་མ་ཉན་པར་དམག་དཔོན་ཧན་ཝེ་བྱ་བ་དམག་ཉུང་ཤས་བཅས་གདོང་ལེན་དུ་བཏང་ཡང་བོད་ལག་ནས་ཕམ། དེ་ནས་སླར་ཡང་བོད་དམག་འགོག་ཏུ་ཉིའུ་ཅིན་ཏཱ་བྱ་བ་སྤྱི་ཁྱབ་དམག་སྤྱིར་བསྐོས་ཏེ་དམག་ཁྲི་ལྔ་བཅས་བཏང༌། ཉིའུ་ཅིན་ཏཱའི་མདུན་མཆོང་དམག་སུང་ཀྲིག་ནས་ཆས་ཏེ་བོད་དམག་ལ་མཚན་འགེབས་བྱས་པས་བོད་དམག་སྟོང་ཕྲག་ཙམ་བསད་རྨས་ཐེབས་པར་བརྟེན་སྲོང་བཙན་གྱིས་དམག་ཕྱིར་འཐེན་བྱས། བློན་པོ་མགར་དང་ཐུ་མི་སོགས་ལ་གསེར་སྲང་སྟོང་དང༌། དངོས་ནོར་འབོར་ཆེན་བསྐུར་ཏེ་ཡང་བསྐྱར་ཞི་བའི་སྒོ་ནས་སྲས་མོ་བསླངས་པ་གོང་མ་ཐང་ཐེ་ཙུང་གིས་གནང་སོན་བྱུང༌། དེ་ལྟར་བོད་དམག་ལས་རྒྱལ་ཁ་ཕྲན་བུ་ཙམ་ཐོབ་མ་ཐག་ནར་འགྱངས་མེད་པར་སྲས་མོ་བྱིན་པ་དེ་ནི་བོད་ཀྱི་དྲག་པོའི་འབུམ་དམག་གི་ཟིལ་གྱིས་སྲས་མོ་མ་ཕུལ་མཐུ་མེད་ཀྱང་རྒྱ་ནག་ཕམ་བཞིན་པའི་གནས་སྟངས་འོག་ཕུལ་ན་རྒྱལ་ཁབ་ཀྱི་ལ་རྒྱ་དང་མིང་མཐོང་ལ་གནོད་པས་རེད།
གཞན་ཡང་བོད་ཀྱི་ཡིག་ཚང་ཁག་ཏུ་མགར་དང་ཐུ་མི་སོགས་ཕོ་ཉ་དག་རྒྱའི་རྒྱལ་སར་སླེབས་འཕྲལ་སྲས་མོའི་ཆེད་རྒྱལ་ཁབ་གཞན་གྱི་གཉེན་སློང་ཕོ་ཉ་དང་རིག་འཕྲུལ་འགྲན་ཏེ་བོད་རྒྱལ་ཚུལ་ཡང་འཁོད་ཡོད། མདོར་ན། སྲོང་བཙན་རྒྱལ་བློན་གྱི་ཞི་དྲག་ཐབས་འཕྲུལ་སྣ་ཚོགས་ཀྱི་སྤྱོད་པས་“ཐང་ཐའི་ཙུང་གིས་སྲིད་དབང་བཟུང་བའི་དུས་སྐབས་དེར་ཐང་རྒྱལ་རབས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར་རིག་གནས་གང་ཅིའི་ཐད་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་གོ་གནས་བཟུང་ཡོད་”༥༨ནའང་གདུག་རྩུབ་ཆེན་པོའི་སྒོ་ནས་“རྒྱའི་ཡུལ་མང་པོ་བཅོམ། རྒན་པོ་རྣམས་བསད་”༥༩པའི་ཤ་འཁོན་ཅན་“དགྲ་སྙིང་ན་བ་བོད་”༦༠ལ་སྲས་མོ་མ་ཕུལ་མཐུ་མེད་བྱུང་བ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པ་ལས། གུ་དོག་མི་རིགས་རིང་ལུགས་ཀྱི་ཞེན་ཁོག་དང༌། སྲིད་དོན་དགོས་མཁོས་ལོ་རྒྱུས་འཁྱོག་བཟོ་བྱས་པ་ཞིག་མིན། སྲོང་བཙན་རྒྱལ་བློན་གྱིས་སྟོད་ལུང་མོང་བཟང་ཁྲི་ལྕམ་སོགས་རིགས་མཐུན་གྱི་བུ་མོ་གསུམ་“གཙུག་ལག་ཁང་བཞེངས་པ་དང་ལྷ་སྲས་བསྐྱེད་པའི་ཕྱིར་”༦༡བླངས་རྗེས། དགོས་དབང་དུ་མའི་ཆེད་ཞི་དྲག་ཐབས་མཁས་ཀྱིས་བལ་རྒྱའི་སྲས་མོ་གཉིས་བོད་དུ་བཙུན་མོར་བསུས་ཏེ་རྒྱལ་འབྲེལ་དམིགས་བསལ་ཅན་བཙུགས་པ་དེས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། ལག་རྩལ་སོགས་དཔྱིད་ཀྱི་དཔལ་ཡོན་ལྟར་གོང་དུ་འཕེལ་ཡོད་ལ། དེ་དག་ཀྱང་ཐུ་མི་ཨ་ནུ་མཆོག་གིས་སྟོབས་ཤུགས་ཕུལ་བ་དང་ཁ་འབྲལ་ཐབས་མེད་པས་ང་ཚོས་ཁོང་གི་འོས་བབ་ཀྱི་གོ་གནས་བརྩི་སྲུང་བྱེད་དགོས་སོ།། །།

ལུང་ཁུངས་ཟུར་མཆན།

  1. ནམ་མཁའི་ནོར་བུའི་ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང༌། སི་ཁྲོན་པར་མའི་ཤོག་ངོས་ ༩༡ ཐོག་གསལ།
  2. བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང༌། གངས་ལྗོངས་ཤེས་རིག་གི་ཉིང་བཅུད། ཤོག་ངོས་ ༡༨༢ ཐོག་གསལ།
  3. ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང༌། ཤོག་ངོས་ ༣ ཐོག་གསལ།
  4. ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པའི་ཤོག་ངོས་ ༦༠ ཐོག་གསལ།
  5. སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྒྱུར་པའི་རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱལ་རབས། དྷ་སའི་པར་མ། ཤོག་ངོས་ ༢ ཐོག་གསལ།
  6. དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང༌།  ཤོག་ངོས་ ༡༧༨ ཐོག་གསལ།
  7. དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ཤོག་ངོས་ ༢༤༩ ཐོག་གསལ།
  8. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༡༧༩ ཐོག་གསལ།
  9. ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། ཤོག་ངོས་ ༣༩ ཐོག་གསལ།
  10. བོད་ལྗོངས་ཞིབ་འཇུག ༡༩༩༠ ལོའི་དང་པོའི་ཤོག་ངོས་ ༥༦ ཐོག་གསལ།
  11. ཤེས་བྱ་ཀུན་ཁྱབ། ཤོག་ངོས་ ༤༣༣ ཐོག་གསུངས་པ་བཞིན་བཀོད་པ་ཡིན།
  12. དམུ་དགེ་བསམ་གཏན་གྱི་གསུམ་འབུམ། པོད་གསུམ་པའི་ཤོག་ངོས་ ༦༠ ཐོག་གསལ།
  13. ཝཱར་ཎཱ་ནས་བཏོན་པའི་ཟམ་གདོང་རིན་པོ་ཆེའི་གསུང་རྩོམ་དང་གསུང་བཤད་ཕྱོགས་བསྡུས་ཀྱི་ཤོག་ངོས་ ༦༤ ཐོག་གསལ།
  14. གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་གསེར་ཏོག་སུམ་རྟགས། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང༌།  ཤོག་ངོས་ ༣༤ ཐོག་གསལ།
  15. ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པར་གྲགས་པའི་རྒྱལ་རབས་གསལ་བའི་མེ་ལོང༌། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་ ༧༡ ཐོག་གསལ།
  16. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༡༨༡ ཐོག་གསལ།
  17. བཀའ་ཆེམས་ཀ་ཁོལ་མ། ཤོག་ངོས་ ༡༠༨ ཐོག་གསལ།
  18. དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་ ༦༥ ཐོག་གསལ།
  19. བུ་སྟོན་ཆོས་འབྱུང༌། ཤོག་ངོས་ ༡༨༢ ཐོག་གསལ།
  20. ྋགོང་ས་ལྔ་པ་ཆེན་པོའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  ཤོག་ངོས་ ༢༠ ཐོག་གསལ།
  21. སྟག་ཚང་དཔལ་འབྱོར་བཟང་པོའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུང་ཁང༌། ཤོག་ངོས་ ༡༤༣ ཐོག་གསལ།
  22. གསེར་ཏོག་སུམ་རྟགས། ཤོག་ངོས་ ༣༤ ཐོག་གསལ།
  23. དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཤོག་ངོས་ ༢༡ ཐོག་གསལ།
  24. རྒྱལ་རབས་གསལ་བའི་མེ་ལོང༌། ཤོག་ངོས་ ༧༣ ཐོག་གསལ།
  25. བུ་སྟོན་ཆོས་འབྱུང༌། ཤོག་ངོས་ ༡༨༢ ཐོག་གསལ།
  26. དེབ་ཐེར་སྔོན་པོ། སྟོད་ཆ། ཤོག་ངོས་ ༦༥ ཐོག་གསལ།
  27. དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཤོག་ངོས་ ༢༠ ཐོག་གསལ།
  28. ཀློང་ཆེན་ཆོས་འབྱུང༌། ཤོག་ངོས་ ༢༢༢ ཐོག་གསལ།
  29. དེབ་ཐེར་སྔོན་པོ། སྟོད་ཆ། ཤོག་ངོས་ ༦༥ ཐོག་གསལ།
  30. ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ།  ཤོག་ངོས་ ༡༨༣ ཐོག་གསལ།
  31. དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ། །་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ཤོག་ངོས་ ༢༥༥ ཐོག་གསལ།
  32. མཁས་པ་ལྡེའུ་ཡི་རྒྱ་བོད་ཆོས་འབྱུང་རྒྱས་པ། གངས་ཅན་རིག་མཛོད། གསུམ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌།  ཤོག་ངོས་ ༢༥༢ ཐོག་གསལ།  འདི་མ་དཔེར་ཞིབ་བསྡུར་བྱས་ཀྱང་མ་བརྙེད་པས་ཁུངས་གང་ཡིན་བསྐྱར་ཞིབ་བྱོས།
  33. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༡༨༤ ཐོག་གསལ།
  34. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༡༨༢ ཐོག་གསལ།
  35. དམུ་དགེ་བསམ་གཏན་གྱི་བོད་ཀྱི་རིག་གནས་དར་ཚུལ། བོད་གཞུང་ཤེས་དཔར། ཤོག་ངོས་ ༨ ཐོག་གསལ།
  36. བོད་ཀྱི་རིག་གནས་དར་ཚུལ་ཤོག་ངོས་ ༨ ཐོག་གསལ།
  37. དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཤོག་ངོས་ ༢༡ ཐོག་གསལ།
  38. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༡༨༡ ཐོག་གསལ།
  39. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༢༠༠ ཐོག་གསལ།
  40. དུང་དཀར་གསུང་རྩོམ་ཕྱོགས་བསྒྲིགས། ཤོག་ངོས་ ༣༦ ཐོག་གསལ།
  41. དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཤོག་ངོས་ ༢༥ ཐོག་གསལ།
  42. བཀའ་ཆེམས་ཀ་ཁོལ་མ། ཤོག་ངོས་ ༡༢༧ ཐོག་གསལ།
  43. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༢༠༡ ཐོག་གསལ།
  44. གངས་ཅན་རིག་མཛོད་དགུ་པ། ཤོག་ངོས་ ༡༧༧ ཐོག་གསལ།
  45. ཀིརྟི་རིན་པོ་ཆེའི་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ། ཀིརྟི་བྱེས་གྲྭ། ཤོག་ངོས་ ༥༦ ཐོག་གསལ།
  46. རྒྱལ་རབས་གསལ་བའི་མེ་ལོང༌། ཤོག་ངོས་ ༨༧ ཐོག་གསལ།
  47. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༢༠༠ ཐོག་གསལ།
  48. ཆོས་འབྱུང་མཁས་དགའ། སྟོད་ཆ།  ཤོག་ངོས་ ༢༠༢ ཐོག་གསལ།
  49. ཀློང་ཆེན་ཆོས་འབྱུང༌། ཤོག་ངོས་ ༢༢༣ ཐོག་གསལ།
  50. ཐོན་མིའི་ཞལ་ལུང༌། ཤོག་ངོས་ ༥ ཐོག་གསུངས་པ་ལྟར་བཀོད།
  51. ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། གངས་ཅན་རིག་མཛོད། བོད་ལྗོངས་བོད་ཡིག་དགེ་རྙིང་དཔེ་སྐྲུན་ཁང༌། ཤོག་ངོས་ ༡༢༣ ལ་གསལ།
  52. ཆོས་འབྱུང་མཁས་དགའ། སྟོད་ཆ།  ཤོག་ངོས་ ༢༠༦ ཐོག་གསལ།
  53. རྒྱལ་རབས་གསལ་མེ། ཤོག་ངོས་ ༡༠༨ ཐོག་གསལ།
  54. རྒྱལ་རབས་གསལ་མེ། ཤོག་ངོས་ ༡༡༦ ཐོག་གསལ།
  55. དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཤོག་ངོས་ ༣༣ ཐོག་གསལ།
  56. མདོ་སྨད་ཆོས་འབྱུང༌། ཤོག་ངོས་ ༧༤ ཐོག་གསལ།
  57. དེབ་ཐེར་སྔོན་པོ། སྟོད་ཆ། ཤོག་ངོས་ ༧༤ ཐོག་གསལ།
  58. དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་དེབ་དམར་གྱི་ཚིག་འགྲེལ་གནད་བསྡུས། དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་ ༢༦༩ ཐོག་གསལ།
  59. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༢༠༦ ཐོག་གསལ།
  60. ཆོས་འབྱུང་མཁས་དགའ། སྟོད་ཆ། ཤོག་ངོས་ ༢༡༡ ཐོག་གསལ།
  61. ཆོས་འབྱུང་མཁས་དགའ། སྟོད་ཆ།  ཤོག་ངོས་ ༢༡༧ ཐོག་གསལ།

སྤྲོ་ཚིགས་ཆོས་གྲགས། ད་ལྟ་བཞུགས་སྒར་དྷ་ས་ཀརྟི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་མུས་རེད།