རྡོ་རྗེ་དབང་ཕྱུག

གླེང་གཞི།

༄༅། །ང་ཚོས་རང་གི་རྒྱལ་ཁབ་སླར་གསོ་དང༌། ཤེས་རིག་འཕེལ་རྒྱས། ཡ་རབས་གོམས་སྤྱོད་མ་ཉམས་པ་བཅས་བྱེད་པའི་དམིགས་ཡུལ་ལྟེ་བ་ནི། ཆབ་སྲིད་ཀྱི་རང་དབང་ཐོབ་པའི་ཆ་རྐྱེན་ཅིག་གི་འོག་ནས་མ་གཏོགས། གཞན་ཆ་རྐྱེན་གང་འདྲ་ཞིག་གིས་ཀྱང་དམིགས་ཡུལ་འདི་གསུམ་འགན་ལེན་ཐུབ་ཐབས་མེད་པ་གསལ་པོ་ཡིན་པས་ན། ཕྱོགས་གཞན་ཞིག་ནས་དེ་ལྟའི་ཆ་རྐྱེན་འགྲུབ་པའི་ཆེད་ངེས་པར་དུ་ལག་བསྟར་ཞུ་དགོས་པའི་གནད་དོན་མང་པོ་ཞིག་ལག་བསྟར་བྱེད་དགོས་ཀྱི་ངོ་བོ་ཁོ་ནར་བཞག་ནས་དང༌། ཡང་ན། ལག་བསྟར་མགོ་འཛུགས་ཙམ་གྱི་མུར་ཅམ་འཇོག་བྱེད་ཐལ་གྱི་དབང་གིས་ཡིན་མིན་གང་ལྟར། ད་དུང་ཡང་གཞིས་བྱེས་གཉིས་མཉམ་འབྲེལ་གྱི་སྟོབས་ཤུགས་བསྐྲུན་ཐབས་དང་འབྲེལ་བའི་སློབ་གསོའི་ཁ་ཕྱོགས་ངེས་ཅན་ཞིག་མེད་པས་ཡིན་མིན་ལ་མ་ལྟོས་པར། འབད་སྒྲུབ་ཟིན་པའི་གྲུབ་འབྲས་དང༌། བསྒྲུབ་བྱར་ལྷག་བསྡད་ཀྱི་ཁུར་པོ་དེས་ད་དུང་ཡང་ང་ཚོར་རེ་བ་ཡང་དག་དང་འབྲེལ་བའི་འོད་སྣེ་ནས་འགྲེངས་རྒྱུར་དཀའ་ངལ་འཕར་མ་ཞིག་བཟོ་བཞིན་ཡོད།
ལྷག་དོན་ང་ཚོའི་རྩ་དོན་འཐབ་རྩོད་དང་ལས་གཞི་ཡོངས་རྫོགས་ཀྱི་སྟོབས་ཤུགས་གཙོ་བོ་ནི། གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་སྟོབས་ཁོ་ནར་བརྟེན་ནས་ཡོད་པའི་འགྲེལ་བརྗོད་རབ་དང་རིམ་པ་བྱེད་བཞིན་ཡོད་ནའང༌། ཡང་སྙིང་ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་ལ་བསམ་བློ་དང་ལག་ལེན་གཉིས་ཐད་ཀྱི་སློབ་གསོའི་ཁ་ཕྱོགས་སྟོན་པའི་ཚད་གཞི་དེ་རྩ་དོན་འཐབ་རྩོད་ཀྱི་མངོན་འདོད་སྒྲུབ་པའི་གཞོགས་འདེགས་སྟོབས་ཤུགས་གཙོ་བོ་ཡིན་པའི་ཁ་ཕྱོགས་ཅན་དུ་བསྒྱུར་ཤུགས་དེ་ཙམ་འདང་ངེས་ཐུབ་པ་མེད་པའི་ཁར། དགོས་མེད་དུ་ཆོལ་ཁ་ནང་ཁུལ་འཐེན་འཁྱེར་བྱེད་རིགས་དང༌། འཚེ་བ་ཆོས་སུ་སྒྲུབ་པ་དང་འདྲེ་བདུད་ལྷ་རུ་སྒྲུབ་པས་མཚོན་པའི་ནང་ཟིང་མང་པོ་ཞིག་བསླངས་འབྲེལ་ལྟ་བུས། བྱེས་ཀྱི་བྱེད་འཛོལ་ནོར་འཁྲུལ་ཅན་ཁག་ཅིག་བརྒྱུད་ལམ་འདྲ་མིན་བརྒྱུད། གཞིས་ལུས་རྒྱ་ཆེའི་མི་མང་ནང་འབྱམས་ཐབས་བྱེད་རིགས་ལ་དེ་ཙམ་དོ་སྣང་བྱེད་ཤུགས་འདང་ངེས་མེད་པ་སོགས་ནི། སློབ་གསོའི་ཁ་ཕྱོགས་དང་ལག་ལེན་གཉིས་འགལ་འཛོལ་གྱུར་པ་ལས་འབྱུང་བཞིན་ཡོད་པ་འདི་བཞིན་གཙོ་གནད་དུ་བཟུང་ཁུལ་གྱིས། རྒྱ་མིའི་དབང་བསྒྱུར་འོག་ཡོད་པའི་ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་ཆའི་ཆེ་ཤོས་དང་འབྲེལ་བའི་སྟོབས་ཤུགས་དང༌། གལ་ཆེའི་རང་བཞིན། མཉམ་འབྲེལ་བྱེད་སྟངས་ཀྱི་བསམ་ཚུལ་ཙམ་གཙོ་འདོན་གྱིས་རང་ལག་ཏུ་ཡོད་པའི་བཙན་བྱོལ་བའི་དཀྱིལ་འཁོར་ཆུང་ངུ་འདིའི་ནང་དུའང༌། བསམ་བློའི་གནས་ཚད་ཀྱིས་མ་འདང་བའི་ཉེར་ལེན་གྱིས་རང་གི་བསམ་སྤྱོད་ཀྱི་ཚབ་ཏུ་གཞན་གྱི་བསམ་སྤྱོད་དང་ལེན་བྱེད་རིགས་ཚུན་འབྱུང་བཞིན་པ་སོགས་ཤེས་ཡོན་སློབ་གསོའི་གོ་རྟོགས་དང་རང་ཚུགས་གཉོམ་དབང་གིས་བྱུང་བའི་ནོར་འཁྲུལ་དང་འབྲེལ་བསྒྱུར་བཅོས་དགོས་རིགས་མང་དག་ལ་གདོང་ལེན་ཞུ་ཕྱོགས་དང་བཅས་པའི་བཙན་བྱོལ་སློབ་གསོའི་ཁ་ཕྱོགས་གླེང་རྒྱུའི་ཚབ་ཏུ། བྱེས་འཁོད་པ་ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་སྟོབས་བླ་ན་མེད་པར་གོང་བཀུར་དང༌། མཉམ་འབྲེལ་གྱི་སྟོབས་ཤུགས་བསྐྲུན་ནས་རང་ཉིད་ཀྱི་ངོ་བོ་སྲུང་འཛིན་དར་སྤེལ་བྱེད་ཕྱོགས་དང་འབྲེལ་བའི་སློབ་གསོའི་བསམ་གཞིགས་ལས་འཕྲོས་པའི་ལྟ་ཚུལ་ཚིག་འགའ་ཞུ་འདོད་བྱུང༌།

གཅིག    གཞིས་ལུས་མི་མང་ནང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་༧གོང་ས་མཆོག་གི་དགོངས་གཞི་དུས་བསྟུན་གསལ་སྟོན་གྱི་སློབ་གསོའི་ཁ་ཕྱོགས་དེ་ཇི་འདྲ་ཞིག་དགོས་སམ།

    ང་ཚོས་ཆེས་ཉེ་ས་ནས་མཐོང་ཐུབ་པ་སྟེ། གཞིས་བཞུགས་རྒྱ་ཆེའི་མི་མང་ནས་བླ་ན་མེད་པའི་ཡིད་ཆེས་དང་གུས་བརྩི་ཞུ་ཡུལ་མཐོ་ཤོས་ནི། བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཆགས་ཀྱི་ཡོད་ཅིང༌། གོ་རིམ་དེའི་ནང་རང་འགན་རང་གིས་འཁྱེར་བའི་ཆབ་སྲིད་འདུ་ཤེས་ཀྱི་ཆ་ནས་དང༌། རང་འགན་གཞན་ལ་བློ་བཅོལ་གྱི་ཆོས་དད་འདུ་ཤེས་ཀྱི་ཆ་བཅས་ཕྱོགས་གཉིས་ཀྱི་ཡིད་ཆེས་བྱེད་ལམ་འདུས་ཡོད་ནའང༌། བོད་བསྟན་སྲིད་ཀྱི་གནས་བབ་སོར་གནས་ཡོང་རེའི་སེམས་ཤུགས་གཅིག་གྱུར་གྱི་ཆ་དེ་ནི། གཅིག་གྱུར་གྱི་མངོན་འདོད་གང་ཞིག་གི་གཞི་རྩས་བསླངས་པ་ཡིན་སྟབས། གཞི་རྩ་དེ་ནི་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་རྣམ་པས་གཙོས་པའི་བྱེས་འབྱོར་མི་དམངས་ནས་བོད་ནང་གི་མི་མང་ལ་དུས་སྐབས་དང་ལག་ལེན་གཉིས་ཐད་ནས་སློབ་གསོའི་ཁ་ཕྱོགས་སྟོན་པ་དང༌། མཉམ་འབྲེལ་སྟོབས་ཤུགས་བསྐྲུན་རྒྱུས་མཚོན་པའི་ལས་གཞི་ཡོངས་རྫོགས་ཀྱི་རྩ་སྒྲོམ་མམ་སྟོབས་ཤུགས་ཆེ་ཤོས་དེ་ཡིན།
ང་ཚོས་འདི་ལྟར་གསར་སྒྲུབ་དང་ཐབས་འཚོལ་སོགས་དང་འབྲེལ་བའི་ངལ་འཕྲད་ཅི་ཡང་གཤགས་མི་དགོས་པར། མེད་ན་མི་རུང་གི་ད་ཡོད་རྩ་སྒྲོམ་འདི་བརྒྱུད་བོད་མི་བཙན་བྱོལ་བ་གང་ན་སུ་བཞུགས་ཚང་མས་གཞིས་བཞུགས་བླ་དཔོན་མཐོ་གྲས་དང་གཞོན་རབས་ཤེས་ལྡན་མི་སྣ། གཞི་རིམ་དུ་གནས་པའི་མི་མང་དཀྱུས་མ་འདུས་པའི་དཀྱིལ་འཁོར་ཧྲིལ་པོར་མངོན་ལྐོག་བརྒྱུད་གསུམ་ནས་མཉམ་འབྲེལ་བྱེད་པའི་སློབ་གསོའི་ཁ་ཕྱོགས་དང་ལམ་བུ་བཙལ་ཏེ། གཞི་རིམ་དུ་གནས་པའི་མི་མང་དཀྱུས་མའི་རིགས་དེ་བཞིན་མཉམ་འབྲེལ་སྟོབས་ཤུགས་སྤེལ་ཡུལ་ལྟེ་བར་བཟུང་ཐུབ་ཚེ། ནུས་ལྡན་གྱི་སྒོ་ནས་སེམས་ཤུགས་སྤར་ཐུབ་པ་ནས་ལས་དོན་མང་པོ་ཞིག་ལ་ལམ་ལྷོངས་དང་གྲུབ་འབྲས་ངེས་ཅན་གྱི་སྟོབས་ཤུགས་བསྐྲུན་ཐུབ་པ་ཡིན།
ང་ཚོར་ད་ཕན་གྱི་དུས་ཡུན་ནང་མཉམ་འབྲེལ་གྱི་སྟོབས་ཤུགས་མེད་པར་གྱུར་པ་མིན་མོད། འོན་ཀྱང༌། སྟོབས་ཤུགས་དེ་བཞིན་སྟོབས་ཤུགས་སྤྱི་མཚུངས་ཀྱི་ཆ་ཤས་ངེས་ཅན་རེའི་ངོ་བོ་ལས་གཞི་རྒྱ་དེ་ཙམ་ཆེ་བསྐྱེད་ཐུབ་མེད་སྟབས། དགྲ་ཕྱོགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་འབྱུང་མུས་ཀྱི་དགོས་མེད་ནང་ཟིང་མང་པོ་ཞིག་ལ་གོ་སྐབས་རང་བཞིན་གྱི་ལག་པ་བརྐྱངས་ཐུབ་པ་འབྱུང་གི་ཡོད་པ་དང༌། ཕྱོགས་མཚུངས་སེམས་སྟོབས་དང་ལྷག་བསམ་གྱིས་མ་འདང་བ་མེད་བཞིན་དུ་དང༌། ཡང་ན། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་གནས་སྐབས་མང་པོ་ཞིག་ཏུ། ང་ཚོས་རང་གི་མངོན་འདོད་སྒྲུབ་རིམ་ནང་དགྲ་ཕྱོགས་ཀྱི་དམིགས་འདུན་ལ་རམ་འདེགས་སུ་འགྲོ་ཉེན་གྱི་ནོར་འཁྲུལ་ཆུང་ངུ་རེའང་བཟོས་མྱོང་ཡོད་པ་ཚང་མ་མཉམ་འབྲེལ་གྱི་གོང་བུ་བསྒྲིལ་སྟངས་དང་སློབ་གསོའི་རྩ་འཛིན་གྱི་ཁ་ཕྱོགས་མ་འགྲིག་པའི་ཆ་ནས་ཡོང་གི་ཡོད་པ་ལས་རྒྱུ་རྐྱེན་གཞན་ཞིག་ལ་ཁ་གཡོར་ས་ཅི་ཡང་མེད།
དེ་ཡང་འདས་པའི་དུས་ཡུན་ནང་གི་བྱས་ཉེས་དེ་དག་གི་རྗེས་འབྲེལ་གྱིས་ད་ལྟའང་ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཆེ་ཤོས་ཀྱིས་དགྲ་བོ་རྒྱ་དམར་གྱི་བརྙས་བཅོས་གཟེད་དགོས་བྱུང་ནས་ཡོད་པ་འདི་བཞིན། ཆེས་ཉེ་ས་ནས་བལྟས་ན་ཕྱི་ལོ་ ༡༩༡༢ ནས་ཕྱི་ལོ་ ༡༩༥༠ བར་གྱི་འགལ་འཛོལ་དང་ཡང་འབྲེལ་བ་ཡོད་པ་ཞིག་སྟེ། དུས་སྐབས་དེའི་ནང་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གདན་ས་ཆེ་ཁག་གི་ཁྱབ་འབྲེལ་གྱིས་བོད་ཁམས་ཡོངས་རྫོགས་རང་བཞིན་གཅིག་གྱུར་དུ་གནས་པས་མ་གཏོགས་ཆབ་སྲིད་གནས་བབ་དང་ཁྲིམས་ལུགས་གནས་བབ་ཀྱི་ཆ་ནས་རྒྱལ་སྤྱི་དང་རང་བཞིན་གྱིས་ངོས་ལེན་ཡོད་པའི་རང་བཙན་དག་སྐྱེལ་གྱི་གོ་སྐབས་མང་པོ་ཞིག་ཡོད་བཞིན་དུ་བརྩོན་སྒྲུབ་མ་ནུས་པའི་ཉེར་ལེན་གྱིས་བསླངས་པའི་འདས་དུས་ཀྱི་གྱོང་ཕམ་དང༌། ད་ལྟ་མྱོང་བཞིན་གྱི་གནས་སྟངས་ཉམས་མྱོང་དུ་ལེན་པའི་དྲན་བསྐུལ་དང་འབྲེལ། ད་ལྟའི་ལངས་ཕྱོགས་དང༌། འཐབ་རྩོད་ཀྱི་ཁ་ཕྱོགས་ཚུན་ལ་དུས་བསྟུན་འགྱུར་བ་དགོས་རིགས་དང་འབྲེལ་བའི་ཆ་ནས། ཆབ་སྲིད་དང་རིག་གཞུང་གི་ཤེས་བྱའི་གོ་རྟོགས་གོང་མཐོར་སྤེལ་ཏེ། མདོ་དོན་གཞིས་ལུས་བོད་མི་ཚོར་ཡང་དག་སློབ་གསོའི་ཁ་ཕྱོགས་ཀྱྀས་དྲངས་པའི་སེམས་ཤུགས་དང་རེ་བ་ཆེན་པོ་སྤར་ཐུབ་དགོས་རྒྱུ་ནི། ངེད་ཅག་བྱེས་འཁོད་རང་དབང་ལུང་པར་སྡོད་མཁན་མི་རེ་ངོ་རེར་འོས་དང་འགན་དུ་འཁྲི་བའི་ལས་དོན་དང༌། དེ་ཡང༌། ནམ་ཞག་རྒྱུན་གྱི་བསམ་འཁྱེར་དང་ཡ་མ་བྲལ་བར་ངོས་འཛིན་གསལ་པོ་དང་ལངས་ཕྱོགས་ཡང་དག་གིས་འགན་བབ་འཁྱེར་རྒྱུ་དེར་ཐུག་ཡོད།
ཕྱོགས་གཞན་ཞིག་ནས་བཤད་ན། བོད་ནང་གི་མི་ཚོའི་བསམ་ཚུལ། དཀའ་ངལ། གནས་སྟངས། འཇོན་ཐང་བཅས་ཤེས་པར་བྱས་ནས། དེ་ལ་རན་པའི་སློབ་གསོའི་ཁ་ཕྱོགས་དང་ལམ་སྟོན་ངེས་པར་དུ་དགོས་ཤིང༌། གང་ཞིག་དགོས་འདུན་དང་འཚམས་པའི་བཟང་ཕྱོགས་དང་འབྲེལ་ཚད་གཞི་ངེས་ཅན་གྱི་འགྱུར་བ་ཕྱིན་མཚམས་དེར། མ་འོངས་པའི་བོད་གཞུང་ནས་མང་ཚོགས་ཀྱི་འཚོ་གནས་ཙམ་མ་ཡིན་པར་ཆོས་རིག་སྲིད་དང་བཅས་པའི་འགན་བབ་ཇི་འདྲ་ཞིག་ལེན་ཐུབ་མིན་སྐོར་ངེས་པར་གསལ་སྟོན་དགོས་པ་སྨྲོས་མེད་ཐོག རྒྱ་ནག་གཞུང་གིས་སློབ་སྦྱོང་གོ་སྐབས་དང་ཕོགས་ཐོབ་ཚུན་སྦྱར་འབྲེལ། སྐབས་འབྲེལ་དང་དགོས་དབང་གིས་རྒྱ་ནག་གཞུང་གི་དགོས་འདུན་དང་མཐུན་པའི་ལས་ཀ་བྱེད་བཞིན་པའི་བོད་མི་ལས་བྱེད་དང༌། ལས་བཟོ་བ་དག་ལ་མ་འོངས་བདེན་མཐའ་གསལ་འབྲེལ་གྱི་ཐོབ་ཐང་གསལ་སྟོན་ཐུབ་དགོས་པའང་གནད་དོན་ཆུང་ཆུང་ཞིག་ཡེ་ནས་ཆགས་ཀྱི་མེད།
གང་གིས་ན། མང་པོ་ཞིག་གིས་སྐབས་དེར་སོ་སོར་ཐོབ་དབང་ཅི་ཡང་མེད་པའི་ངོས་འཛིན་ཞུ་བཞིན་ཡོད། དེས་ན། ང་ཚོས་བསམ་ཚུལ་དེ་རིགས་འཁྱེར་མུས་ཀྱི་བོད་མི་དག་ལ་ཁྱིམ་མཚེས་རྒྱ་གར་གཙོས་པའི་རྒྱལ་ཁབ་ཆེ་ཕྲ་མང་པོས་རང་བཙན་འཐབ་རྩོད་ཀྱི་སེམས་ཤུགས་མི་རབས་རིམ་བརྒྱུད་ཚུན་ལ་སྤེལ་བའི་སྤྱི་བབ་དང༌། འཛམ་གླིང་ནང་གི་རང་བཙན་འཐབ་རྩོད་ལས་འགུལ་སྣ་ཚོགས་ལ་རྒྱལ་ཁ་ཐོབ་ཟིན་པའི་མི་དམངས་ཚོའི་སེམས་ཤུགས་ཀྱིས་མཚོན་པའི་བྱེ་བྲག་གནས་བབ་དང་བཅས་གསལ་སྟོན་གནང་སྟེ། ཡང་སྙིང་གཞིས་བཞུགས་བོད་མིའི་ནང་ྋགོང་ས་མཆོག་བཞུགས་རྒྱུན་རིང་ལས། དེ་མིན་དགོས་འདུན་མངོན་འགྱུར་གྱི་རེ་བ་མེད་པར་ལྟ་རིགས་བཙན་བྱོལ་བོད་མིའི་མཐོ་རིམ་མི་སྣའི་ནང་དུའང་ལྟ་ཚུལ་འདི་ཡོད་པ་ཡིན། དེས་ན་བཙན་བྱོལ་ནང་ཡོད་པའི་ལྟ་ཚུལ་འདི་རིགས་གཙང་བཟོ་གཙོར་བཟུང་དགོས་པའང་སྐབས་དོན་སློབ་གསོའི་ཁ་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན།ཉམས་མྱོང་དང་ལག་ལེན་གཉིས་ཐད་ནས་ངོ་སྤྲོད་གཙང་བཟོ་ཐུབ་དགོས་པ་ཡིན། དེས་ད་ཡོད་སེམས་ཤུགས་གོང་མཐོར་སྤེལ་བར་འགན་ལེན་དང་མངོན་འདོད་ཆེད་སྟོབས་ཤུགས་དམིགས་བསལ་འབུལ་བར་གྲོགས་དན་ཐུབ་པའང་ཡིན་པར་འདོད།

གཉིས་པ།     བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་སྤྱི་བབ་གཞིས་ལུས་མི་མང་གིས་མིག་དཔེར་སྤྱོད་ཆོག་ཏུ་འགྱུར་ཐབས་བྱེད་པའི་སློབ་གསོའི་ཁ་ཕྱོགས་དེ་ཇི་འདྲ་ཞིག་དགོས་སམ།

    བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཆེ་ཆུང་དང༌། གཞིས་གྲོང་ཆེ་ཆུང༌། སློབ་གྲྭ་ཆེ་ཆུང་དང་གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་ཆེ་ཆུང་བཅས་ཀྱི་དབུ་ཁྲིད་ཀྱིས་གཙོས་པའི་ངེད་ཅག་མི་དམངས་རྣམ་པས། རང་དོན་རང་གཅེས་དང་སྒེར་དོར་སྤྱི་འབད་ཀྱི་དགོངས་པ་ཆེ་བཞེས་དང་བཅས་ཏེ། འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་མུས་བཙན་བྱོལ་བོད་མིའི་འཚོ་གནས་དང༌། ཆོས་རིག་ཆབ་སྲིད་གནས་བབ་དང་བཅས་པའི་ཚད་གཞི་གང་ཞིག་རྒྱལ་སྤྱིའི་ཚད་གཞི་ཅན་དུ་དང༌། རྒྱལ་སྤྱིའི་ཚད་གཞིའི་མདུན་གྲལ་དུ་སླེབས་པའི་བཙན་བྱོལ་བོད་མིའི་གནས་སྟངས་དེས། གཞིས་ལུས་བོད་མིས་གཙོས་པའི་བོད་མི་ཡོངས་རྫོགས་ཀྱི་རེ་འདུན་དང་དགོས་མཁོ་འགན་ལེན་ཐུབ་པའི་ཚེ་སྲོག་བསྐྲུན་རིམ་ཐད་ཀྱི་ད་ལྟའི་ངལ་འཕྲད་ཆུང་རིགས་ཏེ། བོད་དོན་ཛ་དྲག་ཡིན་པའི་ཚོར་སེམས་ཇེ་ཆུང་དང་ཡལ་ཉེན་འདི་རིགས་ལ་དམིགས་བསལ་དོ་སྣང་གཙོས་བཙན་བྱོལ་སྤྱི་ཚོགས་ནང་ཡོང་མུས་ཀྱི་ཆོལ་ཁའི་འཐེན་འཁྱེར་དང༌། གྲུབ་མཐའ་ནང་ཁུལ་གྱི་འགལ་ཟླ་ཆུང་རིགས། གཞན་ཡང་འདྲེ་བདུད་ལྷར་སྒྲུབ་ཀྱི་ནང་ཟིང་སོགས་ཀྱིས་མཚོན་པའི་བྱེས་ཁྲོད་ཀྱི་ནང་ཟིང་མང་པོ་ཞིག་གིས་གཞིས་བཞུགས་མི་མང་ལ་བསམ་ཡུལ་ལས་འདས་པའི་བློ་ཕམ་ཡོང་གི་ཡོད་པ་དེ་རིགས་གཏན་འགོག་དང་ཕམ་པར་བརྒྱབ་སྟེ། སླད་ཕྱིན་མི་འབྱུང་བའི་འགན་ལེན་རང་བཞིན་གྱི་སློབ་གསོ་སྤེལ་ཐུབ་དགོས་ཤིང༌། ངལ་འཕྲད་དེ་རིགས་སེལ་བར་བཙན་བྱོལ་བོད་མིའི་ནང་མི་རིགས་ཧྲིལ་པོའི་བདེ་སྡུག་གནས་སྟངས་ལ་སེམས་ཁུར་བྱེད་པའི་འདུ་ཤེས་ཚུད་པའི་ཆབ་སྲིད་བསམ་བློའི་གནས་བབ་དང་བོད་དོན་འཐབ་རྩོད་ཀྱི་སློབ་གསོའི་གོ་རྟོགས་གོང་སྤེལ་གྱི་ལས་རིམ་ནང༌། རྒྱ་ནག་གཞུང་གིས་འདས་པ་དང༌། ད་ལྟའི་དུས་ནའང་བོད་ནང་གཏོར་བཅོམ། དམར་གསོད། རྡུང་རྡེག་མནར་གཅོད་སོགས་སྤེལ་བཞིན་གྱི་བརྙས་བཅོས་རིགས་དང་འབྲེལ་བའི་གནད་དོན་ཚབས་ཆེའི་གྲས་དངོས་གནས་པ་མང་པོ་ཞིག་ཞི་བའི་བཅིངས་འགྲོལ་དང་སྐབས་བསྟུན་སློབ་གསོའི་ལས་འགུལ། རྒྱལ་ཁབ་བརྟན་ལྷིང་སོགས་ཀྱི་མིང་ཚིག་གིས་བཏུམས་ཏེ་ནག་བསུབ་གཏོང་ཐབས་བྱས་ཟིན་བྱེད་མུས་འདི་རིགས་དམར་པོའི་ལྟ་གྲུབ་རང་གི་སྟེང་ནས་གཞི་འཛིན་བྱེད་ཀྱི་ཡོད་པ་དེས་བོད་མི་རིགས་རིག་གཞུང་དང་བཅས་པར་གྱོང་ཕམ་ཅི་སྤྲད་སྐོར་བཙན་བྱོལ་བོད་པ་མི་རེ་ངོ་རེ་ནས་ཤེས་རྟོགས་ཐབས་བརྩོན་ངེས་ཅན་དུ་དགོས་ཤིང༌། བོད་ནང་གི་ད་ལྟའི་གནས་སྟངས་ལ་གདོང་ལེན་བྱེད་པའི་བརྒྱུད་རིམ་དངོས་ཀྱི་ནང་རང་རེས་ཀྱང་དྲང་བདེན། འཚེ་མེད་ཞི་བ། ཡང་དག་པའི་མང་གཙོ་བཅས་བོད་གཞུང་གི་གཞི་རིམ་ལྟ་གྲུབ་གསུམ་གཞིར་བཞག་གིས་གདོང་ལེན་དང༌། ནུས་སྟོབས་དེ་ཡང་བྱེས་ནས་གཞིས་སུ་མིག་དཔེ་དང་བཅས་སྤེལ་ཐུབ་ཚེ། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་དེས་གཞིས་བཞུགས་བོད་མི་དག་གིས་ཡིད་ཆེས་གུས་བརྩི་ཞུ་རིགས་ཆ་ཚང་རང་དོན་རང་སྒྲུབ་སྟེ། ཆབ་སྲིད་གོ་རྟོགས་དང་འབྲེལ་བའི་སེམས་ཤུགས་འཕར་མ་ཞིག་བརྒྱུད་བསྐུལ་དང་མཐོར་འདེགས་ཐུབ་རྒྱུ་ཡིན།
དེ་ནི་ང་ཚོར་ངེས་པར་དགོས་ཤིང་ང་ཚོས་དེ་ལ་བརྟེན་ནས་རང་ཉིད་འགྱེལ་ས་ནས་ཡར་ལངས་ཐབས་ཀྱི་རེ་བ་བྱས་ཆོག་པ་ཡིན་ལ། དེ་ལྟར་གཉེར་བས་ང་ཚོས་འཚེ་མེད་ཞི་བ་དང༌། དྲང་བདེན་འཐབ་རྩོད་གཞི་ལ་བཞག་པའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་ྋསྐྱབས་མགོན་རིན་པོ་ཆེའི་གཉིས་ཕན་དགོངས་བཞེད་དང་མཐུན་པའི་རྩ་དོན་འཐབ་རྩོད་དང་ཆིག་སྒྲིལ་ནུས་སྟོབས་གོང་སྤེལ་ཐུབ་པར་རེ་བ་ཆེན་པོ་ཡོད།

གསུམ་པ།    གཞིས་བྱེས་མཉམ་འབྲེལ་གྱི་སྟོབས་ཤུགས་སྔར་ལྷག་བསྐྲུན་རྒྱུའི་སློབ་གསོའི་ཁ་ཕྱོགས་དེ་ཇི་འདྲ་ཞིག་དགོས་སམ།

      བཙན་གནོན་དང་འཇིགས་སྐུལ་འོག་གནས་པའི་གཞིས་སྡོད་བོད་མིར་མཚོན་ན། འཚོ་གནས་ཐད་ཁོར་ཡུག་གི་བཀག་རྒྱ་དང༌། བསམ་བློའི་ཐད་ཆབ་སྲིད་ལྟ་གྲུབ་དམར་པོའི་ལྟ་གྲུབ།ཀྱི་བཀག་རྒྱ་ཚུན་ཡོད་སྟབས། གནས་སྟངས་དེའི་འོག་སྨིན་དང་མ་སྨིན་པའི་སེམས་པ་མང་པོ་ཞིག་འཚོ་གནས་དང་ཁོར་ཡུག་གི་བཀག་རྒྱ་ཚུན་གྱི་ཤུགས་རྐྱེན་འོག་ཉམས་དམས་སུ་འགྲོ་བཞིན་པའི་ཕྱོགས་དེ་ནི། ང་ཚོས་དུས་ནམ་ཡང་མི་ཉམས་གོང་སྤེལ་ཡོང་བར་འགན་ལེན་གྱི་སློབ་གསོའི་དམིགས་ཡུལ་དང་པོའམ་ལྟེ་བ་ཡིན་ནའང༌། གཞིས་སྡོད་བོད་མི་ཚོར་རྒྱུན་ལྡན་རང་བཞིན་གྱི་སྐབས་བསྟུན་གོ་སྐབས་དང་ལམ་སྟོན་སྣེ་ཁྲིད་མ་ཐོབ་པའི་དབང་གིས་ཀྱང་སྤྱི་སེམས་དང་ཡ་རབས་སྤྱོད་བཟང་ཉམས་དམས་འགྲོ་མུས་ཀྱི་དཀའ་ངལ་ཞིག་གིས་ཀྱང་གཅུན་བཞིན་ཡོད། རྒྱུ་མཚན་དེ་བས་ན། བོད་ཕྱི་ནང་དབར་གྱི་གཉེན་འཕྲད་ལམ་བུ་འདི་དང༌། གསར་དུ་སླེབས་བཞིན་གྱི་གཞོན་སྐྱེས་སློབ་གཉེར་བ་མང་ཆེ་བ་བཙན་བྱོལ་ནང་སློབ་སྦྱོང་བྱས་གྲུབ་བསྟུན་བོད་ནང་ལོག་གི་ཡོད་སྟབས་གལ་ཆེན་པོ་ཆགས་ཀྱི་ཡོད།དག་བརྒྱུད་ནས་ལས་ཀ་མང་པོ་ཞིག་བྱེད་ཐུབ་དགོས་རྒྱུ་ཡང༌། འདས་པའི་དུས་ཡུན་ནང་ཕྱོགས་དེ་དེ་ཙམ་གྱིས་བརྩོན་སྒྲུབ་མ་ནུས་པའི་མངོན་རྟགས་ཆེ་ཤོས་ནི། གཞིས་སྡོད་བོད་མི་དག་གི་རྣ་ལམ་དུ་རྒྱ་གར་ནང་ྋརྒྱལ་བ་རིན་པོ་ཆེ་ལས་གཞན་བལྟ་ས་མི་འདུག་ཅེས་པ་ཞིག་ཁྱབ་བཞིན་པ་དེ་ཡིན། དེས་ན་བཙན་བྱོལ་གཞུང་དམངས་སྤྱི་མཐུན་གྱིས་ལམ་བུ་འདིར་དོ་སྣང་དང་བཅས་ཏེ། བོད་ནས་བཙན་བྱོལ་སྤྱི་ཚོགས་ནང་སླེབས་རིགས་ལས་གཞིས་སྡོད་བོད་མིའི་གནས་སྟངས་ཤེས་རྟོགས་དང༌། བོད་ནང་ཕྱིར་ལོག་བྱེད་མཁན་གཉེན་འཕྲད་ཀྱིས་དང༌། སློབ་གཉེར་གྲུབ་ནས་རིགས་ལ་བཙན་བྱཽལ་བོད་མིའི་གནས་སྟངས་སྐོར་དུས་བསྟུན་གོ་བསྐོན་དང༌། གཞན་ཡང་རླུང་འཕྲིན་ཁག་གིས་གཙོས་པའི་གསར་འགྱུར་བརྒྱུད་ལམ་ནས་ཐད་ཀར་བོད་ནང་གི་བོད་མི་ཚོར་རྩ་དོན་འཐབ་ཕྱོགས་དང༌། རྒྱུན་གྱི་བསམ་བློའི་ཁ་ཕྱོགས། མ་འོངས་པའི་ཆེད་ད་ལྟའི་འོས་འགན་སོགས་སྐབས་འཕྲལ་སློབ་གསོའི་ཁ་ཕྱོགས་གསལ་སྟོན་དགོས་པ་སྨྲོས་མེད་ཁར། བཙན་བྱོལ་ནང་བཞུགས་བླ་སྤྲུལ་དགེ་བཤེས་རེ་ཟུང་གིས་དཔལ་འབྱོར་མཁོ་སྒྲུབ་ཀྱི་ཆེད་ལྟ་བུས་ཕྱི་རྒྱལ་ཁག་ནང་འགྲུལ་བཞུད་གཏན་སྡོད་གནང་མུས་རིགས་དང༌། དེ་བས་ཀྱང་བཙན་བྱོལ་བོད་མྀའི་དབུ་ཁྲིད་ཁག་ཅིག་ནས་རང་ཉིད་རྒྱལ་ཁབ་གཞན་གྱི་མི་སེར་བཟོ་ཐབས་དང་འབྲེལ་ཕྱི་རྒྱལ་ཡུལ་ལུང་ནང་གཏན་སྡོད་བྱེད་རིགས་ཀྱི་ད་ལྟའི་ཁ་ཕྱོགས་འདི་བཞིན། བོད་ནང་དང་བོད་ནང་གི་མི་མང་ལ་ཆོས་སྲིད་གཉིས་ཐད་ནས་ལམ་སྟོན་སྣེ་ཁྲིད་ཀྱི་ཁ་ཕྱོགས་ཅན་དུ་བསྒྱུར་རྒྱུའང་སྐབས་བབ་སློབ་གསོའི་ལས་འགན་དུ་བཟུང་ཐུབ་དགོས་པར་མངོན་ཞིང༌། དེ་ལྟར་གནང་ཐུབ་ཚེ་ང་ཚོས་ད་ཡོད་ཀྱི་གཞིས་བྱེས་སྟོབས་ཤུགས་འདི་བཞིན། དུས་ཡུན་ངེས་ཅན་ནང་ཚད་གཞི་ངེས་ཅན་དང༌། ངེས་ཅན་གྱི་ཚད་གཞི་དེ་བཞིན་རྒྱལ་སྤྱིའི་ཚད་གཞིའི་མདུན་གྲལ་དུ་སླེབས་ཐུབ་པའང་ཡིན།
ང་ཚོས་ད་ལྟ་དང་འབྲེལ་བའི་མ་འོངས་པའི་མདུན་ལྗོངས་ཀྱིས་ང་ཚོར་འདི་ལྟ་བུའི་སློབ་གསོའི་ཁ་ཕྱོགས་ཤིག་དགོས་པའི་དྲན་སྐུལ་གཏོང་བཞིན་ཡོད། འདི་ལྟར་ང་ཚོས་མི་རིགས་དང་རྒྱལ་ཁབ་ཀྱི་བདག་དབང་རང་ལག་ཏུ་ལེན་དགོས། ང་ཚོས་འདི་ལྟར་རང་ཉིད་ཀྱི་ངོ་བོ་མ་བརླག་པ་བྱེད་དགོས་ཐད་ཀྱི་སློབ་གསོའི་ཁ་ཕྱོགས་ཤིག་བཟུང་ནས་མདུན་དུ་བསྐྱོད་ཐུབ་དགོས། འདི་ལྟར་རྡོག་རྩ་གཅིག་སྒྲིལ་དང་གོམ་ཤུགས་གཅིག་གྱུར་གྱིས་མདུན་ནས་མདུན་དུ་བསྐྱོད་ཐུབ་ཚེ། གཞི་ནས་ང་ཚོས་ཤི་གསོན་འབུམ་ཕྲག་གི་རེ་འདུན་མངོན་འགྱུར་ཐུབ་པའང་ཡིན་པར་སྙམ་མོ། །བོད་རྒྱལ་ལོ། །

རྡོ་རྗེ་དབང་ཕྱུག་ལགས་ནི། ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ནོར་མཛོད་དང༌། ནོར་འོད། ནོར་ལྡེ་སོགས་སྐྱེས་འཕྲིན་དང་དུས་དེབ་ཁག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གནང་མུས་རེད།