ཉན་ཤུལ་མཁྱེན་རབ་འོད་གསལ།

    ༄༅། །འཛམ་གླིང་གི་མི་རིགས་གང་འདྲ་ཞིག་ཡིན་རུང་དབྱེ་བ་མེད་པར་ཐོག་མར་མི་རིགས་དེའི་སྐད་བྱུང་བ་དང༌། དེ་རྗེས་རིམ་བཞིན་ཡི་གེ་བྱུང་བ་ལྟར་རང་ཅག་བོད་མི་རིགས་ཀྱི་སྐད་ཡིག་གི་བྱུང་རིམ་ཡང་དེ་ལས་མ་འདས་པ་ཡིན། དེ་ལས་སྐད་ནི་མི་རིགས་བྱུང་བའི་རྗེས་སུ་རིམ་བཞིན་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་བྱུང་བ་ཞིག་ཡིན་ཞིང༌། ཡེ་གེ་ནི་མི་རིགས་སོ་སོའི་སྐད་ཀྱི་ཚབ་བྱེད་ཐུབ་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ལ། མི་རིགས་སོ་སོའི་ཡི་གེ་བྱུང་བའི་དུས་རིམ་ནི་གཅིག་པ་མིན་པར་ཁ་ཅིག་ལ་ལོ་རྒྱུས་རྒྱུན་རིང་བ་དང༌། ཁ་ཅིག་ལ་ལོ་རྒྱུས་ཐུང་བའི་ཁྱད་པར་ཡོད། འོན་ཀྱང་ཡི་གེ་བཟང་ངན་ནི་ལོ་རྒྱུས་རྒྱུན་རིང་ཐུང་ལ་བལྟས་ནས་རྒྱུན་རིང་བ་རྣམས་བཟང་བ་དང༌། ཐུང་བ་རྣམས་མི་བཟང་བར་བརྩི་བ་ཞིག་མིན་པར་ཡི་གེ་དེ་མི་རིགས་དེའི་ཕལ་སྐད་དང་མཐུན་ཆེ་བ་དང༌། སློབ་བདེ་བ་དང་ཁྱབ་རྒྱ་ཆེ་བ། མིང་ཚིག་གིས་འདང་ཚད་ཆེ་བ། ཚིག་སྦྱོར་གྱིས་དོན་ཏན་ཏིག་བསྟན་ཐུབ་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་ཚེ་ཡི་གེ་དེ་སྔོན་ཐོན་གྱི་ཡི་གེར་བརྩི་བ་རེད།
རང་ཅག་བོད་ཀྱི་ཡི་གེ་དེ་དུས་སྐབས་གང་འདྲ་ཞིག་ནས་བྱུང་བའི་སྐོར་ལ་འདོད་ཚུལ་གཉིས་ཡོད་པ་སྟེ། ད་ལྟ་རང་རེས་སྤྱོད་བཞིན་པའི་བོད་ཡིག་ནི་བོད་རྒྱལ་སྲོང་བཙན་གྱི་སྐབས་སུ་ཐོན་མིས་གསར་བཟོ་མཛད་པ་ཡིན་པར་ལོ་རྒྱུས་ཕལ་མོ་ཆེ་ཁ་མཐུན་པ་དང༌། རྒྱ་ནག་གི་ལོ་རྒྱུས་<<ཐང་ཡིག་གསར་མ་>>དང་<<ཐང་ཡིག་རྙིང་མ་>>གཉིས་ཀའི་ནང་དུ་སྲོང་བཙན་གོང་གི་བོད་ཀྱི་ལོ་རྒྱུས་གླེང་སྐབས། “སྲིད་སྐྱོང་བ་ལ་ཡི་གེ་ནི་མེད། ཐག་པ་ལ་མདུད་པ་དང༌། ཤིང་ལ་རྟགས་བཏབ་སྟེ་རྩིས་བྱེད་”ཅེས་དང༌། ཡང་སྲོང་བཙན་སྐབས། “སྲོང་བཙན་གྱིས་ཁྲང་སུན་ཝུའུ་ཅི་བྱ་བ་བརྒྱུད་དེ་གོང་མར་ཡི་གེ་ཕུལ་ཏེ།”  “གནམ་གྱི་སྲས་ཁྲིར་བཞུགས་མ་ཐག་ཡིན་པས། འོག་ཏུ་གློ་བ་རིང་བ་འདྲ་བྱུང་ན། ཁོ་བོས་དམག་དྲངས་ཏེ་གྲོགས་ཏན་བྱས་ཆོག་”ཅེས་སྲོང་བཙན་སྐབས་ཡི་གེ་ཡོད་པ་གསལ་པོར་འཁོད་འདུག དེ་བཞིན་དེབ་དཀར་དུའང་ཐོན་མི་རྒྱ་གར་དུ་འབྱོན་པའི་དུས་སྐབས་ཀྱི་རྒྱ་གར་གྱི་རྒྱལ་པོ་སུ་ཡིན་དང༌། གུབྟའི་ཡི་གེ་ལ་དཔེ་བླངས་ཏེ་བོད་ཡིག་བཟོས་ཚུལ་སོགས་རྒྱས་ཙམ་གསུངས་འདུག         འདོད་ཚུལ་གཉིས་པ་བོན་རྣམས་ཀྱིས་ནི་སྲོང་བཙན་ཀྱི་གོང་ནས་བོད་ཡིག་ཡོད་པའི་སྒྲུབ་བྱེད་དུ་མ་བཀོད་ནས་བཤད་འདུག སྲོང་བཙན་གོང་ནས་ཡོད་ནའང་འདྲ། སྲོང་བཙན་གྱི་དུས་སུ་བྱུང་བ་ཡིན་ནའང་འདྲ། གང་ལྟར་བོད་ཡིག་ནི་བོད་སྐད་གཞིར་བཞག་ནས་བོད་མི་རང་གིས་བཟོས་པ་ཞིག་ཡིན་པ་ལས་མི་རིགས་གཞན་ཞིག་གིས་གསོལ་རས་གནང་བའམ་ཡང་ན་མི་རིགས་གཞན་ཞིག་གི་ཡི་གེ་བརྐུ་འཕྲོག་བྱས་པ་ནི་མིན་པས། བོད་ཡིག་ནམ་བྱུང་དང་སུས་བཟོས་སྐོར་དེ་ཙམ་དོ་གལ་བྱེད་དགོས་དོན་མི་འདུག་སྙམ། བོད་ཡིག་གི་ཕྱི་མོ་བོད་སྐད་སྤྱོད་ཡུལ་གྱི་ས་ཁྱོན་ལ་མཚོན་ན་བོད་ཆོལ་ཁ་གསུམ་ཡིན་ཞིང༌། ས་ཁྱོན་ཆེན་པོ་དེ་འདྲ་ཞིག་གི་ཐོག་ཏུ་བོད་སྐད་ཤོད་མཁན་གྱི་མི་གྲངས་ནི་ད་ལྟ་ཧ་ཅང་ཉུང་ངུ་ཞིག་ལས་མེད་ཀྱང་ད་ལྟའི་བར་རང་ཉིད་ཀྱི་སྐད་ཡིག་སྤྱད་དེ་གནས་ཐུབ་པ་རེད། མི་རིགས་གང་འདྲ་ཞིག་ཡིན་རུང་སྐད་ཡིག་གཉིས་ནི་མི་རིགས་དེའི་སྲོག་རྩ་ཡིན། འདིའི་སྐོར་ལ་དེབ་དཀར་ལས། “དེས་ན་བོད་ཡིག་གི་སྲོལ་གསར་དུ་ཕྱེ་བ་ནས་བཟུང༌། ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད་དེའི་བར་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད། རྒྱ་གར་ན་ལོ་ཆིག་སྟོང་གི་སྔོན་གྱི་གུབྟའི་ཡི་གེ་དང༌། དེང་སང་རྒྱ་གར་གྱི་ཡི་གེ་གཉིས་ཤིན་ཏུ་མི་འདྲ་བར་འགྱུར་ནས་སྣང༌། ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང༌། དེང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་འགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང༌། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང༌། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་ཁྱེར་ཡང༌། ཐམས་ཅད་ཀྱིས་ལྷོགས་ཞིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ་མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ནའང༌། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།” ཞེས་རང་ཅག་བོད་མི་རིགས་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང༌། ཉེན་ཁའི་གནས་ལ་བག་ཟོན་བྱེད་དགོས་པའི་ཐུགས་བརྩེ་བ་ཆེན་པོས་མ་འོངས་མངོན་གཟིགས་ཀྱི་ཚུལ་དུ་གསུངས་པ་ཡིན་པས་རང་ཅག་བོད་མི་ཀུན་དང༌། ལྷག་པར་མིག་རྒྱང་རིང་ཞིང་སྤྱི་སེམས་ལྡན་ལ། རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་སློབ་སྟོན་བཟང་པོ་དེ་ཉིད་སྲོག་གི་སྙིང་པོར་འཛིན་པར་འཚལ། མི་རིགས་གང་འདྲ་ཞིག་ཡིན་རུང་རང་གི་ཕ་ཡུལ་དང༌། རང་གི་སྐད་ཡིག་སོགས་ལ་དགའ་ཞེན་མི་བྱེད་པ་མི་སྲིད་པས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་རང་རིགས་ལ་བཅོས་མིན་གྱི་ཐུགས་བརྩེ་ལྡན་པའི་བསླབ་བྱ་ཡིན་པས། ཁོང་ལ་དགའ་ཞེན་ཡོད་མེད་ལ་མི་ལྟོས་པར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་སྙིང་དོན་བཟུང་སྟེ་བོད་མི་ཞིག་ཡིན་ཕྱིན་བརྗེད་མི་རུང་སྙམ། ཡང་སྐབས་འདིར་རྟོགས་དགོས་པ་ཞིག་ནི། མི་རིགས་གང་འདྲ་ཞིག་ཡིན་རུང་དེའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་རྒྱུན་འཁྱོངས་བྱེད་དགོས་པའི་ལེགས་པའི་ཆ་དང༌། རྩ་མེད་དང་ལེགས་བཅོས་གཏོང་དགོས་པའི་མི་ལེགས་པའི་ཆ་གཉིས་ཡོད་ཅིང༌། བོད་ཀྱི་སྐད་ཡིག་ནི་སྔ་མའི་གྲས་ཡིན་གྱི་ཕྱི་མའི་གྲས་མིན་པར་ཤེས་དགོས། རང་ཅག་བོད་ཀྱི་སྤྱི་ཚོགས་ནང་ཕྱི་མའི་གྲས་ཀྱང་ཧ་ཅང་མང་པོ་ཞིག་ཡོད་མོད། འདིར་སྐབས་སུ་མ་བབས་པས་མི་སྤྲོ་ལ། འདིར་སྐབས་སུ་བབས་པ་ནི་བོད་ཀྱི་སྐད་ཡིག་གི་སྐོར་ཡིན། འདིའི་ཐད་ལའང་བོད་ཀྱི་སྐད་ཡིག་གཉིས་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པས། རྒྱུན་འཁྱོངས་བྱེད་དགོས་པར་ཐག་ཆོད་པ་དང༌། མི་རིགས་གཞན་གྱི་སྔོན་ཐོན་གྱི་སྐད་ཡིག་གི་ལེགས་པའི་ཆ་ལེན་རྒྱུ་དང༌། མི་རིགས་རང་གི་སྐད་ཡིག་གི་ཞན་པའི་ཆ་གང་ཡོད་ཁྱད་གསོད་དང་རིམ་བཞིན་ལེགས་བཅོས་བཏང་སྟེ་ལེགས་ཐོག་ལེགས་བརྩེགས་བྱེད་དགོས་པ་ལས། “ངའི་ཨ་མའི་ཕོར་པ་གཙང་མ་ཡིན་”ཞེས་པའི་དཔེར་མ་སོང་བ་ཞིག་དགོས་པ་མ་ཟད། བོད་རིགས་གཞོན་ནུ་ཚོས་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་ཡིག་སློབ་དགོས་པ་མ་ཟད། མི་རིགས་གཞན་གྱི་སྐད་ཡིག་མཐར་ཕྱིན་པ་སློབ་དགོས་ངེས་ཡིན། དེའང་མི་རིགས་གཞན་གྱི་སྐད་ཡིག་སློབ་པའི་དགོས་པ་ནི་ཤེས་རྒྱ་ཆེ་རུ་གཏོང་བ་དང༌། བོད་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལས་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའམ་ཡང་ན་ཉམས་དམས་སུ་གཏོང་བའི་རྐྱེན་དུ་འགྲོ་མི་རུང་བ་ནི་རྩ་བའི་རྩ་དོན་ཡིན་པས་ཐུགས་ལ་ངེས་གལ་ཆེ། སྔར་བོད་ཀྱི་ལོ་རྒྱུས་ཐོག་ཏུའང་རྒྱ་དཀར་ནག་སོགས་རྒྱལ་ཁབ་མང་པོ་ཞིག་གི་སྐད་ཡིག་སྣེ་སེལ་ཙམ་མིན་པར་ཕུལ་དུ་བྱུང་བ་དང་མཐར་ཕྱིན་པ་བསླབས་ཏེ་མཁྱེན་པའི་བོད་ཀྱི་ལོ་ཙཱ་བ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་བྱུང་བ་ཚོས་ཀྱང་བོད་ཀྱི་རིག་གནས་སྤྱི་དང་སྐད་ཡིག་ཡར་རྒྱས་བཏང་བ་བཞིན། ད་ལྟ་རང་ཅག་བོད་ཀྱི་གཞོན་ནུ་ཚོས་ཀྱང་དེ་དང་འདྲ་བའི་ལག་རྗེས་ཤིག་འཇོག་མི་ཐུབ་པའི་རྒྱུ་མཚན་ཅི་ཞིག་ཡོད། ཡང་བོད་ཀྱི་ལོ་རྒྱུས་ཐོག་སྐབས་འགར་མི་རིགས་གཞན་གྱི་སྐད་ཡིག་སློབ་རྒྱུར་དོགས་འདྲོག་སྣ་ཚོགས་དང༌། བཀག་འགོག་ཀྱང་བྱེད་མྱོང་བ་རེད། མི་དེ་ཚོའི་སྐབས་དེའི་དམིགས་ཡུལ་གང་འདྲ་ཞིག་ཡིན་ཤོད་དཀའ་ནའང་སྔོན་ཐོན་གྱི་སྐད་ཡིག་མང་པོ་ཞིག་བོད་མི་ཚོས་མ་ཤེས་པའི་གྱོང་གུན་ཚབས་ཆེན་ཞིག་བྱུང་ཡོད་པའང་ཤེས་དགོས། ཇི་སྲིད་བར་སྒོ་བརྒྱབ་སྟེ་སྡོད་པ་ནི་ཡོང་ཐབས་མེད་པ་ཞིག་དང་འཇིག་རྟེན་གྱི་མཐོང་རྒྱ་ཆེད་དུ་བཀག་པ་ཞིག་ཡིན།

བོད་ཀྱི་གཅིག་གྱུར་གྱི་སྤྱི་སྐད་སྐོར།

    དེ་ལྟར་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་གི་གལ་ཆེའི་རང་བཞིན་མདོ་ཙམ་བཤད་ནས་ད་ནི་ཆོལ་ཁ་གསུམ་གྱི་སྐད་ཡིག་གཉིས་སྤྱིར་གཅིག་གྱུར་ཡིན་པ་དང༌། ནང་གསེས་ཀྱི་ཁྱད་པར་བཤད་པ་ལས། དང་པོ་གཅིག་གྱུར་གྱི་རང་བཞིན་ནི། ཆོལ་ཁ་གསུམ་གྱི་ས་ཁྱོན་ཆེན་པོ་དེ་ལྟ་བུའི་སྟེང་དུ་བོད་མི་རྣམས་ཁ་འཐོར་དུ་གནས་པ་དང༌། སྤྱི་ཚོགས་རྙིང་པའི་དུས་ས་གནས་དེ་ཚོར་དེང་དུས་ཀྱི་འཁོར་ལོའི་རིགས་ཀྱི་འགྲོ་ལམ་དང༌། གནམ་གྲུ་སོགས་ནི་དེ་བས་ཀྱང་མེད་པར་རྐང་པས་འགྲོ་བའམ། རྟ་དྲེལ་སོགས་ལ་བརྟེན་ནས་འགྲོ་དགོས་པས་ས་ཁུལ་ཐ་དད་དུ་གནས་པའི་བོད་མི་ཕལ་མོ་ཆེ་མཉམ་འཛོམས་ཡོང་རྒྱུ་དཀའ་ནའང་ས་གནས་སོ་སོའི་ཡུལ་སྐད་མི་འདྲ་བ་ཕྲན་བུ་ཡོད་པ་ལས་བོད་ཀྱི་སྤྱི་སྐད་ནི་གཅིག་ཏུ་གནས་པ་ཡིན། བོད་ཀྱི་སྐད་ཡིག་ཅེས་པ་གང་ལ་ངོས་འཛིན་དགོས་ཤེ་ན། གོང་དུ་དེབ་དཀར་གྱི་ལུང་དྲངས་པ་བཞིན་བོད་ཀྱི་དཔེ་ཆ་ཞིག་ཆོལ་ཁ་གསུམ་གང་དུ་ཁྱེར་ཡང་བོད་ཡིག་ཤེས་མཁན་ཞིག་ཡིན་ཕྱིན་ཀློག་ཐུབ་ལ་དོན་ཡང་གོ་བ་མ་ཟད། བོད་ཡིག་མི་ཤེས་མཁན་ཞིག་ཡིན་རུང་དེའི་རྣ་བར་ཤེས་མཁན་གྱིས་བཀླགས་ན་དེས་དོན་གོ་ཐུབ་པ་ཡིན། དེས་ན་བོད་ཀྱི་སྤྱི་སྐད་དངོས་ནི་བོད་ཡིག་ཡིན་པས་བོད་སྐད་དང་བོད་ཡིག་གཉིས་ཁ་བྲལ་ཐབས་མེད་ཅིང༌། ཐོག་མར་བོད་ཡིག་བཟོ་སྐབས་བོད་སྐད་གཞིར་བཞག་ནས་བཟོས་པ་ཞིག་ཡིན་པས་བོད་ཡིག་གི་ཕྱི་མོ་བོད་སྐད་ཡིན་ཡང༌། བོད་ཡིག་ལེགས་པར་བཟོས་ཤིང་དེས་བོད་སྐད་ཀྱི་ཚབ་བྱེད་ཐུབ་པའི་རྗེས་བོད་ཡིག་ནི་བོད་ཀྱི་སྤྱི་སྐད་དུ་གྱུར་ཅིང་བོད་སྐད་ཚད་མ་ཞིག་ཡིན་མིན་གྱི་ཁུངས་གཏུགས་སའང་བོད་ཡིག་ཡིན། དེ་ནི་བོད་རིགས་ཙམ་མ་ཟད་མི་རིགས་གང་འདྲ་ཞིག་ཡིན་རུང་སྐད་ཡིག་གི་སྤྱི་འགྲོས་དེ་ལས་མ་འདས། ཆོལ་ཁ་གསུམ་ནང་ནས་ས་གནས་ཆེས་ཉུང་ཤས་ཕུད་དེ་བྱིངས་ཀྱི་བོད་མི་རྣམས་ཕན་ཚུན་སྐད་ཆ་བཤད་སྐབས་ཀྱང་ས་གནས་ཀྱི་སྐད་ཀྱི་དབྱེ་བ་ཙམ་ཡོད་ཀྱང་ཕན་ཚུན་བར་སྐད་སྒྱུར་འཚོལ་མི་དགོས་པ་ཡིན། མི་རིགས་གཞན་འགའ་ཞིག་གི་ཁྲོད་དུ་མི་རིགས་གཅིག་པ་དང་ཡི་གེ་གཅིག་ཡིན་ནའང་ས་གནས་ཀྱི་སྐད་མི་འདྲ་བས་སྐད་སྒྱུར་འཚོལ་དགོས་པའི་གནས་ཚུལ་ཡང་ཡོད་པ་རེད།
དེ་མིན་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་གཞན་ཞིག་ནི་ཚིག་སྦྱོར་གྱི་སྐབས་སུ། ཆོས་ཅན་བརྗོད་པའི་མིང་ཞིག་གི་མཐར་ཆོས་བརྗོད་ཀྱི་མིང་སྦྱར་བ། རྒྱ་མཚོ་ཆེན་པོ་ཞེས་བརྗོད་པ་ལས། མི་རིགས་གཞན་མང་པོ་ཞིག་གི་ཚིག་སྦྱོར་ལྟར། ཆེན་པོ་རྒྱ་མཚོ་ཞེས་མི་བརྗོད་པ་དང༌། དེ་བཞིན་ལས་ཀྱི་ཚིག་ཀྱང་ཆོས་ཅན་བརྗོད་པའི་མིང་མཐར་སྦྱོར་བ། ཤིང་གཅོད་ཅེས་བརྗོད་པ་ལས། གཅོད་ཤིང་ཞེས་མི་བརྗོད་པ་དང༌། དེ་བཞིན་གྲངས་ཚིག་ཀྱང་ཆོས་ཅན་བརྗོད་པའི་མིང་མཐར་འཇུག་པ། རྟ་གཅིག་བརྗོད་པ་ལས། གཅིག་རྟ་མི་བརྗོད་པ་དང༌། ཡང་ཁྱད་གཞི་ཁྱད་ཆོས་སྦྱར་བའི་ཚིག་མཐར་གྲངས་ཚིག་འཇུག་པ། རྟ་དཀར་པོ་གཅིག་བརྗོད་པ་ལས། གཅིག་དཀར་པོ་རྟ་སོགས་མི་བརྗོད་པ་ཡིན།
ཆོལ་ཀ་གསུམ་གྱི་སྤྱི་སྐད་དེ་འདྲ་ཡིན་པ་མ་ཟད། གོང་དུ་ཟུར་ཙམ་བསྟན་པ་བཞིན་བོད་ཡུལ་རྒྱལ་མོ་རོང་གི་ས་ཁུལ་རེ་ཟུང་དང༌། དེ་མིན་ཁམས་ཕྱོགས་ཀྱི་ས་ཁུལ་རེ་ཟུང་ཙམ་གྱི་བོད་རིགས་ཀྱི་ཡུལ་སྐད་དང་བོད་ཀྱི་སྤྱི་སྐད་ཤོད་མཁན་བར་གོ་བརྡ་མི་འཕྲོད་པ་ཡོད་ཀྱང་ཚིག་སྦྱོར་གྱི་འགྲོས་ནི་གོང་དུ་བཤད་མ་ཐག་པའི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཡིན་པས་ས་ཁུལ་དེ་ཚོའི་སྐད་ཀྱང་བོད་སྐད་ཀྱི་ནང་གསེས་ཤིག་ཡིན་པར་ཐེ་ཚོམ་མི་དགོས། རྒྱལ་མོ་རོང་གི་མི་ཚོས་ལོ་བརྒྱ་སྟོང་གི་རིང་སྤྱད་པའི་ཡི་གེ་ནི་བོད་ཡིག་ཡིན་པ་ཙམ་མ་ཟད། རྒྱལ་མོ་རོང་གི་མིས་བོད་ཡིག་ཀློག་སྐབས་སྔོན་འཇུག་དང་རྗེས་འཇུག ཡང་འཇུག མགོ་གསུམ། འདོགས་བཞི་སོགས་སྒྲ་དག་པར་ཀློག་པའི་ཚད་དེ་བོད་མི་གཞན་གྱིས་ཡོང་དཀའ་བ་ཞིག་ཡིན་པས། སི་ཏུ་པཎ་ཆེན་གྱིས་ཀྱང་ཡིག་ཀློག་གི་སྒྲ་དག་པའི་ཚད་ལ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་བཞུགས་སྐབས་འབྲི་གུང་པ་དང༌། ཡུལ་རྒྱལ་མོ་རོང་པ་བཞག་པ་མ་ཟད། རྒྱལ་མོ་རོང་གི་ཡུལ་སྐད་ཀྱང་ཆེས་སྔ་དུས་ཀྱི་བོད་ཀྱི་བརྡ་རྙིང་ཤིན་ཏུ་མང་པོ་ཡོད་པ་གཟུར་གནས་མཁས་པ་དག་གིས་བརྟགས་ན་རྟོགས་བདེ་བ་ཞིག་ཡིན་པ་དང་ཆོས་ལུགས་ཀྱང་སྲོང་བཙན་གོང་གི་བོད་ཀྱི་ཆོས་ལུགས་བོན་ཆོས་དར་ཆེ་བ་དང༌། བོན་དགོན་ཡང་མང་དུ་ཡོད་པ་དང༌། ཁྲི་སྲོང་ལྡེའུ་བཙན་དུས་ལོ་ཙཱ་བ་ཆེན་པོ་བ་གོར་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཏེ་བཻ་རོ་རྒྱལ་རོང་དུ་ཕེབས་དུས་རྒྱལ་རོང་ས་གནས་ཀྱི་རྒྱལ་པོ་མདོ་བཞེར་ནག་པོ་ཡིན་པ་དང༌། རྒྱལ་ས་ནི་གཟི་འགག་ཡིན་ཞིང༌། ཁོང་རྒྱལ་རོང་དུ་ཕེབས་རྗེས་ཚ་རོང་དུང་རིའི་གནས་སུ་བྱོན་ནས་ཟླ་གསུམ་མཚམས་ལ་བཞུགས་ཞེས་བཻ་རོའི་རྣམ་ཐར་དུ་གསལ། ཚ་རོང་དུང་རི་ཞེས་པ་ནི་ད་ལྟ་ཤར་དུང་རི་དཀར་པོ་ཟེར་བ་ཡིན་སྙམ། ད་དུང་རྒྱལ་རོང་ཡུལ་དུ། རབ་བྱུང་བཞུགས་ཡུལ་གྱི་དགོན་པ་ཕྱག་བཏབ་ནས་དེ་ལ་ནོར་བུའི་གླིང་ཞེས་མཚན་གསོལ། སྔགས་པ་བཞུགས་གནས་ཀྱི་དགོན་པ་བཞེངས་ཏེ་དེ་ལ་ཁྲོ་ཆུ་བདུད་འདུལ་གླིང་ཞེས་མཚན་གསོལ། དུས་ད་ལྟའང་རྒྱལ་མོ་རོང་གི་ས་གནས་ཀུན་ཏུ་བཻ་རོའི་སྒྲུབ་ཕུག་སོགས་མཇལ་དུ་ཡོད། དུས་དེ་ཙམ་ནས་རྒྱལ་མོ་རོང་དུ་ནང་པའི་ཆོས་ལུགས་དང་དགོན་པ་དར་འགོ་ཚུགས། དེ་རྗེས་རིམ་བཞིན་བོད་ཀྱི་གྲུབ་མཐའ་ཁག་གི་ཆོས་ལུགས་དང་དགོན་པ་མང་པོ་བྱུང་ཡོད། ལེགས་པར་བསམས་ན་ཁྲི་སྲོང་ལྡེ་བཙན་གྱིས་བཻ་རོ་རྒྱང་ཕུད་གཏོང་ཡུལ་དེ་རང་གི་མངའ་ཁོངས་ཀྱི་མཐའ་འཁོབ་ཅིག་ཏུ་ཡིན་པ་ལས་རྒྱལ་ཁབ་གཞན་ཞིག་གི་ནང་དུ་གཏོང་སྲོལ་མེད་པ་ནི་ང་ཚོའི་རིང་ལའང་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་རྗེས་སྐབས་དེའི་སྡེ་པ་གཞུང་གིས་སྤྱན་གསལ་ཀུན་འཕེལ་དང༌། ལྕང་ཅན་བསོད་ནམས་རྒྱལ་པོ་གཉིས་རྒྱང་འཕུད་གཏོང་ཡུལ་བོད་ཀྱི་ཀོང་པོའི་ཡུལ་ཡིན་ཡང་རྗེས་སུ་ཁོང་གཉིས་ལ་གཞན་གྱིས་རོགས་སྐྱོར་འོག་ལྐོག་ཏུ་རྒྱ་གར་དུ་བྲོས་བྱོལ་དུ་ཕྱིན་པ་རེད། རྒྱལ་ཁོངས་གཞན་ཞིག་ཏུ་ཕྱིན་པ་ལ་བྲོས་བྱོལ་ལམ་སྐྱབས་བཅོལ་ཟེར་བ་དང༌། རང་ཁོངས་སུ་ཕུད་པ་ལ་རྒྱང་ཕུད་དང་སྤྱུགས་པ་ཟེར་བ་འདིས་ཀྱང་ལོ་རྒྱུས་ཐོག་རྒྱལ་མོ་རོང་འདི་ཅི་འདྲ་ཞིག་ཡིན་རྟོགས་ཐུབ། འདིའི་སྐོར་ལ་རྒྱལ་མོ་རོང་གི་བོད་རིགས་ཀྱི་མཁས་པ་འགའ་དང༌། ས་གནས་གཞན་གྱི་མཁས་དབང་འགས་རྒྱལ་མོ་རོང་གི་ལོ་རྒྱུས་དང་སྐད་ཡིག་གི་སྐོར་ལ་གཟུར་གནས་ཀྱི་གསུང་རྩོམ་འགའ་མཐོང་བའི་ནང་དུའང་ཞིབ་ཕྲ་བཀོད་གནང་འདུག

རྒྱལ་རོང་བ་བོད་རིགས་ཡིན་པའི་སྐོར།

    འདིར་བོད་ཀྱི་སྐད་ཡིག་གི་བྱུང་བ་དང་འབྱུང་འགྱུར་ཤོད་སྐབས་རྒྱལ་མོ་རོང་གི་ལོ་རྒྱུས་དམིགས་བཀར་གྱིས་ཤོད་དགོས་དོན་གང་ཡིན་སྙམ་ན། སྤྱིར་སྐད་ཡིག་དང་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་མི་རིགས་ཤིག་དང་མ་འབྲེལ་བའི་སྐད་ཡིག་དང་ཆོས་ལུགས་མེད་པས་དེས་ཀྱང་རྒྱལ་རོང་གི་བོད་རིགས་སྐོར་ཤོད་འོས་པ་དང༌། ལྷག་པར་དུ་ལོ་ངོ་བརྒྱ་སྟོང་རིང་ཕྱི་ནང་གང་དུའང་རྒྱལ་མོ་རོང་གི་མི་རྣམས་བོད་རིགས་ཡིན་མིན་སྐོར་ལབ་གླེང་ཙམ་བྱུང་མྱོང་མེད་ཀྱང༌། བར་སྐབས་ཤིག་ནས་དགོས་པ་དང་དགོངས་གཞི་ཅི་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང་མཁས་མིང་འཛིན་པ་རེ་ཟུང་གིས་རྒྱལ་རོང་བ་རྣམས་ཧ་ལམ་བོད་རིགས་མིན་པར་མི་རིགས་གཞན་ཞིག་ཡིན་ཚུལ་གྱི་གླེང་ཕྱོགས་བྱུང་བ་རེད། གོ་ཐོས་སུ་མཁས་པ་དེ་ཚོས་རྒྱལ་རོང་གི་ཡུལ་སྐད་དང༌། བོད་ཀྱི་སྤྱི་སྐད་གཏན་ནས་མི་མཁྱེན་ནའང་རྒྱལ་རོང་གི་ཡུལ་སྐད་དང་བོད་ཀྱི་སྤྱི་སྐད་གཉིས་མི་འདྲ་བ་ཙམ་གོ་ཐོས་བྱུང་བ་དེ་རང་རྒྱུ་མཚན་དུ་བཀོད་ནས་བཤད་པ་ལས་རྒྱུ་མཚན་གཞན་གང་ཡང་བཤད་རྒྱུ་བྱུང་མི་འདུག སྐད་བརྡ་མ་འཕྲོད་པ་ཙམ་གྱིས་མི་རིགས་ཐ་དད་དུ་འཇོག་དགོས་ན་གོང་དུ་བཤད་པ་བཞིན་མི་རིགས་དང་ཡི་གེ་གཅིག་པ་ཡིན་པའི་ནང་དུ་ཕན་ཚུན་སྐད་སྒྱུར་མེད་ཚེ་བརྡ་མི་འཕྲོད་པའི་གནས་ཚུལ་ཡོད་པ་དེ་ཚོ་ཀུན་གཞི་ནས་མི་རིགས་ཐ་དད་དུ་བརྩི་དགོས་པས་ཧ་ཅང་མ་ཐལ་ལམ། བོད་རིགས་ལ་ཆ་རྒྱུས་ཡོད་པའི་མི་སུ་འདྲ་ཞིག་རྒྱལ་མོ་རོང་དུ་སླེབས་ན་དེ་གའི་མི་དམངས་ཚོའི་བཟའ་ཆས་གཙོ་བོ་མར་དང་རྩམ་པ། ནོར་ལུག་གི་ཤ་དང་བཏུང་བྱའི་གཙོ་བོ་ནི་ཇ་དང༌། ནས་ཆང་སོགས་ཡིན་པ་དང༌། ཞྭ་གོས་ལྷམ་གསུམ་སོགས་གྱོན་ཆའི་རིགས་དང༌། གཡུ་བྱི་རུ་སྤོས་ཤེལ་གསེར་དངུལ་སོགས་ཀྱི་ལུས་རྒྱན་དང༌། དུས་ཆེན་གྱི་སྐབས་ཕོ་མོ་རྒན་གཞོན་མེད་པར་གཟབ་སྤྲོས་དང་བཅས་མཉམ་དུ་འཛོམས་ཤིང་ཐང་དཀྱིལ་དུ་ནས་ཆང་རྫ་མ་མང་པོའི་ཁར་ཁ་བཏགས་ཀྱིས་དཀྲིས་ཤིང༌། ནང་དུ་སོག་མ་ཁ་ཤས་བཅུག་ཅིང་ཆང་མཆོད་ཀྱི་བཤད་པ་མཁས་པའི་མི་ཞིག་གིས་དང་པོ་ཆང་མཆོད་ཀྱི་བཤད་པ་གྲུབ་མཚམས་བོད་རིགས་ཀྱི་ས་ཁུལ་གང་སར་དར་ཁྱབ་ཆེ་ཞིང་གནའ་རབས་བོད་ཀྱི་སྐོར་བྲོ་ཞེས་པ་ཕོ་མོ་མང་པོ་ལག་སྦྲེལ་གྱིས་བྲོ་འཁྲབ་པའི་ཞོར་ལ་ནས་ཆང་སྐོར་འཐུང་བྱེད་བཞིན་རྒྱུན་རིང་བྲོ་འཁྲབ་པ་དང༌། དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་ནི་བོན་ལུགས་ཀྱི་དགོན་པ་དང༌། དེ་མིན་ས་དགེ་རྙིང་གསུམ་དགོན་པ་ཁག་གི་ནང་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད་པ་མ་ཟད། མི་སེར་ཀུན་གྱི་ཁྱིམ་དུའང་རྟེན་གསུམ་ཡོད་པ་དང༌། དེ་དག་ལ་ཕྱག་སྐོར་བྱཻད་པ་མཆོད་མེ་སོགས་འབུལ་བ། མི་ཤི་རྗེས་སུའང་དེའི་ཆེད་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤྱི་དང༌། རང་གི་འབྱོར་པར་དཔགས་ཏེ་ཇོ་དར་ཧ་ཅང་མང་པོ་སྤར་ཏེ་རི་ཀླུང་ཀུན་ཏུ་འཛུགས་པ་སོགས་མདོར་ན་ཆོས་འཇིག་རྟེན་གྱི་བྱེད་སྒོ་མཐའ་དག་བོད་རིགས་འཁྲུལ་མེད་ཡིན་པ་ཙམ་མ་ཟད། མིའི་མིང་དང་གོས་རྒྱན་དང་བྱེད་སྒོ་འགའ་ཞིག་ནི་སྔར་སྲོང་བཙན་སྒམ་པོའི་གོང་བོད་ལ་བོན་ཆོས་དར་བའི་སྐབས་མ་གཏོགས་ད་ཆ་བོད་རིགས་ཀྱི་ས་གནས་གཞན་དུ་ནུབ་སྟེ་མཐོང་དཀོན་པའི་རིགས་ཀྱང་ཡོད་པ་དང༌། ལྷག་པར་དུ་རྒྱལ་མོ་རོང་གི་མི་རྣམས་ཀྱི་པགས་པའི་མདོག་དང༌། གདོང་རུས་ཀྱི་དབྱིབས་ཚུན་ཆད་ཀྱི་ཐོག་ནས་བོད་རིགས་འཁྲུལ་མེད་ཡིན་པ་ལ་ཐེ་ཚོམ་ཙམ་མི་དགོས་པ་ཡིན་ཡང་ཞིབ་འཇུག་མཁན་ཁ་ཤས་ཀྱིས་དགོས་པ་དང་དགོངས་གཞི་ཁྱད་པར་བ་རེ་ལ་བརྟེན་ཏེ་ཐབས་ལམ་སྣ་ཚོགས་ཀྱིས་བསྙོན་དུ་མེད་པའི་བོད་རིགས་རྒྱལ་རོང་བ་རྣམས་སྐད་ཀྱི་རྒྱུ་མཚན་ཙམ་ལ་བརྟེན་བོད་རིགས་བྱིངས་ལས་ཁ་བྲལ་བཏང་སྟེ་ཕྱི་ཚུལ་དུ་མི་རིགས་ཆེ་གེ་མོ་ཞིག་གི་མིང་དངོས་སུ་འདོགས་རྩིས་ཡོད་ཀྱང་དེ་ནི་ཕྱི་ཚུལ་ཙམ་དང་གནས་སྐབས་ཙམ་ལས་རྒྱལ་མོ་རོང་གི་མི་དམངས་ཚུད་པའི་བོད་མི་ཕལ་མོ་ཆེའི་བློ་ལ་མི་འཐད་ངེས་པ་ཡིན་པས་སེམས་ཀྱི་གཏིང་ནས་ནམ་ཡང་ཁས་ལེན་ཐབས་བྲལ་བ་ཡིན། དེ་ལྟར་བོད་ཀྱི་སྐད་ཡིག་གཉིས་ཀྱི་གཅིག་གྱུར་རང་བཞིན་མདོ་ཙམ་བཤད་པ་ལགས།

བོད་ཀྱི་ཡུལ་སྐད་སོ་སོའི་ཁྱད་ཆོས།

    གཉིས་པ་ནང་གསེས་ཀྱི་ཁྱད་པར་བཤད་པ་ལ་ཐོག་མར་བོད་ཡིག་གི་དབྱངས་གསལ་རྣམས་རྐྱང་ཀློག་སྐབས་ཡུལ་ལུང་སོ་སོའི་ཀློག་སྟངས་ཀྱི་ཁྱད་པར་ནི། ལྷ་ས་ཁུལ་གྱིས་མཚོན་པའི་དབུས་ཁུལ་དུ། ཨི། ཨུ། ཨེ། ཨོ་བཞིའི་སྒྲ་གདངས་མི་འདྲ་ནའང༌། མདོ་ཁམས་ཁུལ་གྱི་ས་གནས་མང་པོ་ཞིག་ཏུ། ཨེ་དང༌། ཨོ་གཉིས་དབུས་ཁུལ་གྱི་ཀློག་སྟངས་དང་ཁྱད་མེད་ཀྱང༌། ཨི་དང༌། ཨུ་གཉིས་ཀློག་སྟངས་དབུས་ཁུལ་དང་མི་འདྲ་བར་སྒྲ་གདངས་གཅིག་མཚུངས་ལྟ་བུ་ཞིག་ལས་མི་ཡོང༌། དེའི་རྐྱེན་གྱིས་མདོ་ཁམས་ཁུལ་གྱི་མིས་ཡི་གེ་འབྲི་ཀློག་ཐུབ་ཅིང་དག་ཆ་མི་ཤེས་པ་དག་གིས་ཞབས་ཀྱུ་དང་གི་གུ་ནོར་བ་མང་པོ་མཐོང་དུ་ཡོད་པ་དཔེར་ན། རིན་པོ་ཆེ་གཡུ་ལ། དབྱི་འབྲི་བ་དང༌། གྲངས་ཀ་བཅུ་དྲུག་ལ། བཅི་དྲིག་འབྲི་བ་དང༌། ཨ་ཁུ་ལ་ཨ་ཁི་འབྲི་བ་དང༌། གྲངས་ཉི་ཤུ་ལ། ཉུ་ཤི་འབྲི་བ་དང༌། བྱ་བ་བསྒྲུབ་པ་ལ། བསྒྲིབ་པ་འབྲི་བ་སོགས་རྟག་ཏུ་མཐོང་དུ་ཡོད་པ་ནི་དོན་དུ། ཨི་དང་ཨུའི་སྒྲ་ལ་ཁྱད་མེད་པར་ཀློག་པ་དེས་ལན་པ་ཡིན་པས་དེའི་ཐད་ལ་དབུས་ཁུལ་གྱི་ཀློག་སྟངས་བཟང་བ་ཡིན། ཡང་དབུས་ཁུལ་དུ་ཀ་དང་ག ཏ་དང་ད། པ་དང་བ། ཞ་དང་ཤ་སོགས་ཀྱི་སྒྲ་གདངས་ཐ་དད་དུ་ཀློག་ཀྱང༌། མདོ་ཁམས་ཁུལ་དུ། ཀ་དང་གའི་སྒྲ། ཏ་དང་དའི་སྒྲ། འ་དང་ཨའི་སྒྲ་ལ་ཁྱད་མི་ཐོན་པ་ཡིན། དེའི་དབང་གིས་ས་ཁུལ་འགའ་ཞིག་ཏུ་ཀ་ཁ་ཕྱེས་དང༌། ག་ཁ་བཙུམས་ཞེས་དབྱེ་བ་དང༌། འགའ་ཞིག་གིས། ཀ་བཟེད་དང་ག་ཟླུམ། ད་རྐྱང་དང་ཏ་སྒུར། ཨ་ཆེན་དང་འ་ཆུང་སོགས་ཀྱི་མིང་བཏགས་ཏེ་དབྱེ་བ་འབྱེད་དགོས་བྱུང༌། དེའང་དབུས་ཁུལ་གྱི་ཀློག་སྟངས་བཟང་བ་ཡིན། སྡེ་པ་བཞི་པ། པ་ཕ་བ་མ་བཞི་ཀློག་དུས་དབུས་ཁུལ་དུ་ཐོག་མར་མཆུ་བཙུམས་པ་ཕྱེ་མ་ཐག་ཏུ་སྒྲ་ཐོན་དགོས་པར་ཁྱད་མེད།  མདོ་ཁམས་ཁུལ་དུ་པ་དང་ཕ་མ་གསུམ་ཀློག་སྟངས་དབུས་ཁུལ་དང་གཅིག་མཚུངས་ཡིན་ཡང༌། བ་ཀློག་སྐབས་མཆུ་དངོས་སུ་མི་བཙུམ་པར་ཡས་སོ་དང་མས་མཆུ་གཉིས་སྦྱར་ཏེ་དེའི་བར་ནས་སྒྲ་ཐོན་དགོས་པ་ཞིག་ཡིན། དེའི་དབང་གིས་མདོ་ཁམས་ཁུལ་གྱི་མིས་རྒྱ་ཡིག་དང་ཕྱི་རྒྱལ་གྱི་སྐད་ཡིག་སྦྱོང་སྐབས། ཧྥ་ཧྥི་ཧྥུང་ཧྥོས་ཀྱི་སྒྲ་དཀའ་ཚེགས་མེད་པར་ཐོན་ཐུབ་ཀྱང་དབུས་ཁུལ་དུ་ཧྥ་ཡི་སྒྲ་ཐོན་ཁག་ཙམ་ཡོད་པས། ཧྥ་རན་སི་ལ་ཕ་རན་སི། ཧྥང་ཙི་ལ་ཕང་ཙི་སོགས་ཟེར་བ་ལྟ་བུ་ཡིན། སྤྱིར་བཏང་བྱས་ན་དབུས་ཁུལ་དང་ཁམས་ཁུལ་དུ་པ་དང༌། ཨ་མདོའི་ཕྱོགས་སུ་བ་ཡིག་སྤྱོད་མང་བ་ཡིན། ཨ་མདོ་ཕྱོགས་སུ་བ་སྒྲ་འཇུག་ཡུལ་མང་དྲགས་པ་ལྟ་བུ་ཞིག་ཡིན་པ་དཔེར་ན། པདྨ་ལ་བདྨ་དང༌། པཎ་ཆེན་ལ་བཎ་ཆེན། པད་མེ་ལ་བད་མེ། པད་མ་འབྱུང་གནས་ལ་བད་མ་འབྱུང་གནས་ཞེས་པའི་སྒྲ་སོགས་ཐོན་ཡང་འབྲི་དུས་མི་ནོར་མོད། ཀློག་དུས་ཕལ་ཆེར་པ་ཡིག་མི་དགོས་པ་ལྟ་བུ་ཞིག་ཡིན། དེ་མིན་ཞ་དང་ཤའི་སྒྲ་དབུས་ཁུལ་གྱི་ཀློག་སྟངས་གསལ་ཙམ་དང༌། མདོ་ཁམས་ཕྱོགས་ཀྱི་ས་གནས་འགའ་ཞིག་གི་སྒྲ་དེ་ཙམ་གསལ་པོ་མེད་པ་ལྟ་བུ་ཡིན།
དེ་ཡན་རྐྱང་ཀློག་གི་སྐབས་ཀྱི་སྒྲ་གདངས་ཀྱི་ཁྱད་པར་དང༌། སྦྱོར་ཀློག་གི་སྐབས། དཀར་ཞེས་པ་ལྟ་བུ་སྦྱོར་ཀློག་བྱེད་སྐབས་དབུས་ཕྱོགས་སུ། ད་འོག་ཀ་ར་དཀར་ཞེས་བརྗོད་པ་དང༌། མདོ་ཁམས་ཕྱོགས་སུ། ད་ཀ་ར་བཞག་དཀར་ཞེས་བརྗོད། དེའི་ཁྱད་པར་ནི་དབུས་ཁུལ་དུ་སྔོན་འཇུག་ད་ཡི་འོ༵ག་ཏུ་ཀ་དང་ར་གནས་པར་དཀར་ཞེས་དང༌། མདོ་ཁམས་ཕྱོགས་སུ་སྔོན་འཇུག་ད་དང་མིང་གཞི་ཀ་ཡི་མཐར་རྗེས་འཇུག་ར་ཡིག་བཞ༵ག་པར་དཀར་ཞེས་ཀློག་དགོས་པའི་དོན་ཡིན་པས། ཁྱད་པར་ནི་དབུས་ཁུལ་གྱི་འོ༷ག་དང༌། མདོ་ཁམས་ཕྱོགས་སུ་བཞ༷ག་ཅེས་པའི་ཁྱད་པར་ཙམ་ཡིན། ཀློག་སྟངས་དེ་གཉིས་ནི་མི་འདྲ་བའི་ཁྱད་ཙམ་ལས་བཟང་ཞན་གྱི་ཁྱད་པར་མེད། འོག་ཅེས་པ་དང༌། བཞག་ཅེས་པ་གཉིས་ཀ་མེད་པར། ད་ཀ་ར་དཀར་ཞེས་བརྗོད་ན་སྟབས་བདེ་སྙམ། ཡང་སྔོན་འཇུག་མེད་པར་སྦྱོར་ཀློག་སྐབས་དབུས་ཁུལ་དུ། ལ་ག་ལག་དང་ལ་ག་ས་ལགས་སོགས་བརྗོད་པ་དང༌། མདོ་ཁམས་ཕྱོགས་སུ། ལ་ག་བཞག་ལག་དང༌། ལ་ག་ས་བཞག་ལགས་སོགས་ཀློག་པ་ཡིན་པས་དེ་སྐབས་དབུས་ཁུལ་གྱི་ཀློག་སྟངས་སྟབས་བདེ་ཙམ་ཡིན།
གོང་དུ་ཟུར་ཙམ་བཤད་པ་ལྟར་དབྱངས་བཞིའི་སྒྲ་གདངས་ཀྱི་ཁྱད་པར་ཅུང་ཟད་མི་འདྲ་བ་བཞིན་དབྱངས་བཞི་གང་རུང་སྦྱར་ཏེ་སྦྱོར་ཀློག་གི་སྐབས་དབུས་ཕྱོགས་སུ་གསལ་ཙམ་ཡོད་པ་དཔེར་ན། ཞིང་དང་ཞང༌། ལགས་དང་ལེགས། བཞི་དང་བཞུ་སོགས་ཀྱི་སྒྲ་གདངས་གཏན་ནས་མི་འདྲ་ནའང༌། མདོ་ཁམས་ཕྱོགས་ཀྱི་ས་གནས་མང་པོ་ཞིག་ཏུ་དེ་ཚོའི་སྒྲ་གདངས་ལ་ཁྱད་པར་མེད་པ་ལྟར་ཡིན། དེའི་རྐྱེན་གྱིས་རྒྱ་ཡིག་“州”ཞེས་པ་དབུས་ཕྱོགས་སུ་བོད་སྐད་དུ་“ཁུལ་”ཞེས་བསྒྱུར་བ་དང༌། ཨ་མདོ་ཕྱོགས་སུ་སྒྲ་བསྒྱུར་བྱས་པར། ཀྲིག་ཅེས་བྲིས་པ་དང། དབུས་ཕྱོགས་ནས་གལ་ཏེ་སྒྲ་སྒྱུར་བྱེད་ཚེ་ཀྲུའུ་ཞེས་པར་འབྲི་ངེས་ཡིན། ཀྲིག་དང་ཀྲུའུ་གཉིས་ཀྱི་སྒྲ་གདངས་ནི་གཏན་ནས་མི་འདྲ་ཡང༌། གལ་ཏེ་ཨི་དང་ཨུའི་སྒྲ་གཉིས་ཀྱི་ཁྱད་འབྱེད་མ་ཐུབ་ཚེ་གང་བྲིས་ཀྱང་འགྲིག་པའི་སྣང་བ་འཆར་བ་ཡིན། དེས་ན་དབྱངས་བཞི་རྐྱང་པའི་སྒྲ་གདངས་དང༌། དེ་དག་གསལ་བྱེད་ལ་སྦྱར་བའི་སྦྱོར་ཀློག་གི་སྒྲ་གདངས་བཅས་ནི་དབུས་ཁུལ་གྱི་ཀློག་སྟངས་བཟང་བ་ཡིན།
ཡང་སྔོན་རྗེས་མིང་གསུམ་སྦྱར་ཏེ་ཀློག་པ་དཔེར་ན། མཚོ་དང་ཚོ། མགོ་དང་འགོ། བཅད་དང་ཅད་སོགས་ཀྱི་སྒྲ་གདངས་ཐ་དད་དུ་ཐོན་དགོས་པ་ཞིག་ངེས་པར་ཡིན་ཡང་དབུས་སྐད་དུ་སྒྲ་གདངས་གཅིག་ལས་མི་ཡོང་བ་ཡིན། དེ་ནི་གོང་དུ་བཤད་པ་བཞིན་གསལ་བྱེད་སུམ་ཅུའི་སྡེ་པ་བཞི་པ་རྐྱང་ཀློག་སྐབས་དབུས་ཁུལ་དུ་མཆུ་བཙུམས་ནས་ཀློག་ཀྱང༌། དེ་རྣམས་སྔོན་འཇུག་ཏུ་འགྲོ་སྐབས་དབུས་ཁུལ་ནས་མཆུ་བཙུམས་ཏེ་ཀློག་མི་ཐུབ་པའི་ཞན་ཆ་ཡོད་པ་དཔེར་ན། མགོ་དང་འགོ གོ བགོ་སོགས་ལ་ཁྱད་མེད་པར་ཀློག་པ་དང༌། ཡང་དབུས་ཁུལ་དུ་མགོ་ཅན་སྒྲ་སྦྱོར་ལ་ཡང༌། ས་མགོ་དང་ར་མགོ    ལ་མགོ་བཅས་ལའང་ཁྱད་མེད་པར་ཀློག་པའི་ཞན་ཆ་ཡོད། ད་དུང་དབུས་ཁུལ་དུ་རྗེས་འཇུག་ད་དང༌། ས་གཉིས་ཀྱི་སྒྲ་གདངས་གཅིག་ལས་ཐོན་མི་ཐུབ་པས་དེ་གཉིས་ཕན་ཚུན་ནོར་བའང་ཅུང་མང་བ་ཡིན། དཔེར་ན། ས་བཅད་ལ་ས་བཅས་ཞེས་འབྲི་བ་སོགས་ལྟ་བུ་ཡིན། ཡང་ལྷ་ས་ཕྱོགས་ཀྱི་ཕལ་སྐད་ལ་ར་འདོགས་ཀྱི་སྒྲ་འགའ་ཞིག་མེད་པ་ཡིན། དེའང་ར་འདོགས་ཡོད་ཚད་མེད་པ་མིན་ཞིང༌། སྡེ་པ་བཞི་པའི་པ་དང༌། ཕ་དང༌། བ་བཅས་ཀྱི་ར་འདོགས་འགའ་ཞིག་མེད་པ་དཔེར་ན། སྤྲ་དང་སྤྲེལ་ལ། སྤ་དང་སྤེའུ་ཟེར་བ་དང༌། སྤྲང་བོ་ལ། སྤང་པོ་དང༌། སྤྲེལ་ལད་ལ། སྤེལ་ལད་དང༌། ཞོ་འོ་སོགས་ཀྱི་སྤྲིས་མ་ལ། སྤིས་མ་དང༌། དཔྲལ་སྒོ་ལ། དཔལ་སྒོ་དང༌། སྦྱར་བྱེད་ཀྱི་སྤྱིན་ལ། སྤིན་ཞེས་པ་ཡ་འདོགས་ཀྱང་མེད་པ་ཡིན། དེ་བཞིན་བྲང་ཁོག་ལ། བང་ཁོག་དང༌། བྲག་རི་ལ། བག་རི་དང༌། བྲག་དཀར་ལ་བག་དཀར་དང༌། བྲེ་གང་ལ། བེ་གང་དང༌། འབྲི་ཞོ་ལ། འབི་ཞོ་དང༌། འབྲས་སྤུངས་ལ། འབས་སྤུངས་དང༌། འབྲས་ལ། འབས་དང༌། གཉིད་བྲོ་བ་ལ། གཉིད་བོ་བ་དང༌། བྲད་བྲད་གཏོང་བ་ལ། བད་བད་གཏོང་བ། འབྲོག་པ་ལ། འབོག་པ་དང༌། སྐྲག་ནས་བྲོས་པ་ལ། བོས་པ་དང༌། སྦྲ་གུར་ལ། སྦ་གུར་དང༌། ཕྲ་པོ་ལ། ཕ་པོ་དང༌། ཕྲུ་གུ་ལ། ཕུ་གུའམ་བུ་གུ། ཚོང་ཟོག་བྲིན་པོ་ལ། བིན་པོ་སོགས་ཟེར་བ་དང༌། ཡང་སྡེ་པ་བཞི་པའི་པ་དང༌། བ་དང༌། ཕ་བཅས་ཀྱི་ཞབས་ཀྱུའི་སྒྲ་འགའ་ཞིག་གི་གུའི་སྒྲར་འབོད་པ་དཔེར་ན། གུར་ཕུབ་པ་ལ། གུར་ཕིབ་དང༌། བུ་ག་ཕུག་པ་ལ། བུ་ག་ཕིག་དང༌། རྒྱང་ཕུད་བཏང་བ་ལ། རྒྱང་ཕིད་བཏང་བ་དང༌། རྐང་པའི་པུས་མོ་ལ། པིས་མོ་ཟེར་བ་སོགས་ཀྱི་སྐྱོན་ཡོད། འོན་ཀྱང་དག་ཆ་ཤེས་མཁན་ཚོས་འབྲི་དུས་མི་ནོར་ཡང༌། འབྲི་ཀློག་ཤེས་ཙམ་ལས་དག་ཆ་མི་ཤེས་མཁན་ཚོས་འབྲི་དུས་ཀྱང་ནོར་སྲིད་པ་ཡིན། མདོ་ཁམས་ཕྱོགས་དང་ལྷག་པར་རྒྱལ་མོ་རོང་དང་འབྲོག་ཁུལ་མང་པོ་ཞིག་ཏུ་མགོ་ཅན་སོ་སོའི་སྒྲ་གདངས་དང། སྔོན་འཇུག་ལྔའི་སྒྲ་གདངས་སོགས་ཕན་ཚུན་མ་འདྲེས་པར་གསལ་བར་ཐོན་པ་ཡིན། དཔེར་ན་རྒྱལ་རོང་གི་སྐད་དུ་ཨ་སྐྱབས་ཞེས་འབོད་དུས་སྐྱབས་ཀྱི་ས་མགོའི་སྒྲ་དེ་གསལ་བར་ཐོན་པས་མིང་དེ་རྒྱ་ཡིག་ཏུ་འབྲི་སྐབས་“ཨ་སི་ཅའ་” ཞེས་འབོད་པ་སོགས་ལྟ་བུ་མང་དུ་ཡོད། ཡང་ཁམས་ཀྱི་སྡེ་དགེ་སོགས་སུ་ན་རོའི་སྒྲ་སྦྱོར་ཀློག་སྐབས་འགྲེང་བུའི་སྒྲ་ལས་མི་ཐོན་པའི་ཞན་ཆ་ཡོད་པ། དཔེར་ན། དགོན་པ་ལ་དགེན་པ་དང། མགོན་པོ་ལ་མགེན་པོ། དབོན་པོ་ལ་དབེན་པོ་སོགས་ཀློག་པ་ཡིན། འདིའི་ཐད་ལ་སི་ཏུ་པཎ་ཆེན་གྱི་འགྲེལ་ཆེན་དུའང༌།
“ཁམས་ཕྱོགས་ཀྱི་ཡུལ་གྲུ་འགའ་རེ་ན་ན་རོ་དང་འགྲེང་བུ་ཡོད་མེད་ཀྱི་ཀློག་ཚུལ་ཐ་དད་དུ་མི་འབྱུང་བ་དང༌། འགའ་ཞིག་ན་ཞབས་ཀྱུ་དང་ན་རོ་ཀློག་ཚུལ་གཅིག་ཏུ་བྱེད་པ་སོགས་ཀྱིས་མཚོན་མ་དག་པར་འདོན་པ་མང་ཞིང༌། དེས་ཡི་གེ་འབྲི་བ་ནའང་མ་དག་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །”ཞེས་གསུངས་པ་དང༌། ཡང་ཁམས་ཁུལ་གྱི་འབྲོག་སྐད་ཕུད་པའི་གཞན་ས་གནས་མང་པོ་ཞིག་ཏུ་རྗེས་འཇུག་ང་ཡི་མིང་གང་རུང་ལ་ན་རོ་མེད་ཀྱང་ན་རོའི་སྒྲ་སྦྱོར་བའི་ཞན་ཆ་ཡོད་པ་དཔེར་ན། ཁང་པ་ལ་ཁོང་པ་དང༌།  བཟང་པོ་ལ་བཟོང་པོ་དང༌། རྐང་པ་ལ་རྐོང་པ་དང༌། ཚང་མ་ལ་ཚོང་མ། གངས་རི་ལ་གོངས་རི་སོགས་འབོད་པ་ཡིན།
གོང་དུ་བཤད་པ་དེ་ཚོ་ནི་བོད་ཀྱི་ས་ཁུལ་མི་འདྲ་བའི་མི་ཚོས་ཡིག་ཀློག་གི་སྒྲ་བཟང་ཞན་དང་ཁྱད་པར་འགའ་ཞིག་བཤད་པ་ལས་མཐའ་དག་ནི་འབྲིར་མི་ལང་ངོ༌།།
འདིར་འགའ་ཞིག་གིས་འབྲི་དུས་དག་ཆ་མ་ནོར་བ་ཞིག་དང༌། བརྗོད་དོན་གང་ཡིན་རྟོགས་ཐུབ་ཚེ་བརྗོད་པའི་སྒྲ་གདངས་ཙམ་ལ་དོ་གལ་ཆེན་པོ་བྱེད་དགོས་དོན་མི་འདུག་སྙམ་པ་ཡོང་སྲིད་ཀྱང༌། སུམ་རྟགས་དག་གསུམ་མཐར་ཕྱིན་མཁྱེན་པའི་མཁས་དབང་དག་ལ་དེ་ལྟར་ཡིན་དུ་ཆུག་ཀྱང༌། བོད་མི་ཕལ་ཆེ་བ་ཞིག་གིས་སྒྲ་གདངས་ལེགས་པར་མ་ཐོན་པའི་དབང་གིས་དག་ཆ་ནོར་བ་ཤིན་ཏུ་མང་པོ་མཐོང་དུ་ཡོད་པ་གོང་དུ་ཕྱོགས་ཙམ་བཤད་པ་ལྟར་དང༌། ཀློག་ཚུལ་དག་པ་དགོས་གལ་ཆེ་བ་ཡིན་པ་སི་ཏུའི་འགྲེལ་ཆེན་ལས་འདི་ལྟར་གསུངས་ཏེ། “གཞན་ཡང་བོད་ཡིག་གི་སྡེབ་སྦྱོར་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་བྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས། སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས།
དེས་ན་གནའ་བོའི་དུས་སུ་ཡིག་ཀློག་ཙམ་དུ་མ་ཟད། བོད་སྐད་ཉིད་ལའང་སྒྲ་ཟུར་ཐམས་ཅད་མ་ཉམས་པར་འདོན་པ་ཞིག་ཡོད་པ་ངེས་ཀྱང༌། དེང་སང་བོད་ཡུལ་དབུས་དང་མཐའ་འཁོབ་ཕལ་ཆེར་ལ་རང་སྐད་དང་ཡིག་ཀློག་གཉིས་ཀར་སྒྲ་དག་པར་འདོན་པ་མེད་པ་ལ་བརྟེན་ནས་མཁས་པའི་ཁྲོད་ནའང་ཡིག་གཟུགས་ཀྱི་སྡེབ་དག་ཕྱིན་ཀློག་ཚུལ་དེ་དང་ངེས་པར་བསྟུན་མི་དགོས་པར་བསམས་པའམ། སྡེབ་སྦྱོར་ནི་ཡི་གེ་འབྲི་བའི་དབང་དུ་བྱས་ཀྱི་བརྗོད་པའི་དབང་དུ་མ་བསྟུན་པའམ། ཀློག་ཚུལ་ཡིག་སྡེབ་དང་བསྟུན་དགོས་ཀྱང་ཕྱོགས་ཙམ་ལས་ཡིག་སྡེབ་ཇི་ལྟ་བར་སྒྲ་ཟུར་ཐོན་པ་ནི་སྔར་ཡང་མ་བྱུང་ཞིང་ད་ལྟ་ཡང་འདོན་པར་མི་ནུས་སོ་སྙམ་པ་མང་དུ་ཡོད་པར་དོགས་པ་དང༌། ལེགས་སྦྱར་གྱི་སྐད་ལའང༌། གངས་ཅན་གྱི་བརྡ་སྤྲོད་ཤེས་པར་རློམ་པ་ཕྱིས་བྱུང་རྣམས་ཀྱིས་སྔགས་ཀྱི་ཀློག་ཚུལ་ཞེས་བརྡ་སྤྲོད་ཀྱི་གཞུང་དང་གཏན་འགལ་བ་རེ་ལ་ཡིད་བརྟན་འཆའ་ཞིང་དབྱངས་གསལ་གྱི་མཚམས་སྦྱོར་ལས་བྱུང་བའི་རྣམ་འགྱུར་དེ་རྣམས་ཡིག་གཟུགས་ཀྱི་སྐབས་སུ་མ་གཏོགས་བརྗོད་པ་ལ་ཇི་ལྟ་བར་སྦྱོར་མི་ནུས་སྙམ་པར་འདུག་པ་ནི་ཡ་ཆའོ། །དེ་བས་ན་རང་ཉིད་ཀྱིས་སྒྲ་དག་པར་བཀླག་མ་ཤེས་པའམ་མ་ནུས་ནའང༌། ཀློག་ཚུལ་དག་པ་མེད་དོ་ཞེས་བརྗོད་པར་མི་བྱའོ། །”
ཞེས་གསུངས་པ་བཞིན་བརྗོད་པ་རྣམ་པར་དག་མིན་ནི་གལ་ཆེན་དུ་བརྩི་དགོས་པ་ལས་དེ་ལ་ཅི་མི་སྙམ་པའམ། ཡང་ན་ས་ཁུལ་སོ་སོའི་རང་སྐད་ཁོ་ན་མཆོག་ཏུ་འཛིན་ཅིང་གཞན་པ་དག་ཡང་མ་དག་པར་ལྟ་བ་སོགས་ཀྱི་ཕྱོགས་སུ་མ་ལྷུང་བ་ཞིག་དགོས་པ་ཡིན། དེ་ལྟར་བོད་ཀྱི་གཅིག་གྱུར་གྱི་སྤྱི་སྐད་དང༌། ནང་གསེས་ཀྱི་ཁྱད་པར་དང་བཅས་པ་མདོ་ཙམ་བསྟན་ཟིན་ཏོ། །

འཕྲོ་དུས་དེབ་རྗེས་མར་གཟིགས།