ལྷ་མོ་སྐྱབས།

༄༅། །རབ་བྱེད་གསུམ་པའི་ནང་དོན་ལའང། གཙོ་བོར་རྒ་བའི་སྡུག་བསྔལ་དང། འདོད་པ་ལ་ཆགས་པའི་ཉེས་དམིགས་དང། །དེའི་གཉེན་པོ་ཚུལ་ཁྲིམས་ཀྱི་ཕན་ཡོན་བརྗོད་པ་གསུམ་མོ། །
དང་པོ་ལའང། ༡༽ ཐོག་མར་དབྱར་དུས་ལ་བསྔགས་པས་བརྒྱན་པ་དང། ༢༽ རྒ་བའི་སྡུག་བསྔལ་དངོས་བསྟན་པའི་ཚུལ་དངོས་སོ། །
དེ་ནས་རིམ་གྱིས་དབྱར་གྱི་དུས་གྱུར་ཏེ། །འབིགས་བྱེད་དགའ་མས་ཉེ་བར་འཁྱུད་པ་ཡི། །དབྱར་གྱི་དུས་འདིར་ཅི་ཡང་སྲེད་ལྡན་གྱུར། །ལང་ཚོ་ཅན་དང་འདོད་པས་མྱོས་རྣམས་ལ། །བྱེད་པོས་རྩེ་དགའི་གོ་སྐབས་འབྱེད་པ་བཞིན།༡ །ས་གཞི་རྩྭ་འཇམ་གསར་པས་ཁེབས་པ་དག །བསེར་བུས་གཡོས་པའི་རི་མོ་རབ་སྣང་བ། །རླབས་ཀྱི་ཕྲེང་བས་ཉེ་བར་དཀྲིགས་པ་ཡི། །ཡིད་བཞིན་མཚོ་ལ་མཛེས་པ་འགྲན་པ་བཞིན།༢ །མེ་ཏོག་དཀར་པོས་ཁེབས་པའི་ཆུ་གཏེར་ནི། །ཨནྜ་རྙིལ་ལྟར་སྔཱུ་ཞིང་རབ་དྭངས་པ། །ཆུ་འཛིན་གཞོན་ནུའི་དོ་ཤལ་མཛེས་ལྡན་པའི། །སྔོ་སངས་ནམ་མཁའི་བུ་མོའི་རྗེས་སུ་འགྲོ།༣ །ཡངས་ཤིང་དྲི་མེད་རྡུལ་དང་བྲལ་བའི་མཁའ། །རྒྱུ་སྐར་ཚོགས་ཀྱིས་རྣམ་པར་བཀྲ་བ་ཅན། །གྲོང་གི་ཕྲེང་བས་རབ་ཏུ་གང་བ་ཡི། །ནོར་འཛིན་གཞི་ཡི་མཛེས་པ་གསལ་བྱེད་བཞིན།༤ །དབྱར་གྱི་ཚ་ཟེར་རྣོ་ཞིང་འབར་བ་ཡིས། །ནམ་མཁའི་མར་གད་ཞུ་བ་ཟག་པ་ལྟར། །བར་སྣང་བཀང་བའི་བདུད་རྩིའི་ཆར་རྒྱུན་གྱིས། །ཆུ་གཏེར་གོས་ཅན་རྡུལ་དང་བྲལ་བར་བྱས།༥ །རབ་གསལ་གློག་གི་གསེར་ཕྲེང་གཡོ་བ་ཅན། །བདུད་རྩིས་རབ་མྱོས་ཆུ་འཛིན་གཞོན་ནུ་དག །དྲུག་སྒྲ་སྙན་པའི་རྒྱུད་མང་སྒྲོག་པའི་ཚེ། །ཀུན་དགའ་རྒྱས་པའི་རྨ་བྱ་གར་ཡང་བྱེད།༦ །དྭངས་ཤིང་གསལ་བའི་ཁྲུས་ཀྱི་རྫིང་བུ་རྣམས། །དྲེགས་པས་མྱོས་པའི་གཉིས་འཐུང་རྣམས་ཀྱིས་གང་། །ཆར་སྤྲིན་སྔོན་པོ་འཁྲུགས་པ་རྣམ་རྒྱས་པའི། །རྒྱུ་སྐར་ལམ་དང་འགྲན་པ་བཞིན་དུ་གྱུར།༧ །སྔོ་ལྗང་གོས་ཀྱི་ལེགས་གཡོགས་མེ་ཏོག་ཕྲེང་བས་རྣམ་སྤྲས་ནོར་འཛིན་དགའ་མ་ཅན། །བལྟ་ན་ཡིད་འོང་གཟུགས་ལྡན་ལོ་འདབ་ནོར་གྱིས་ཕྱུག་པའི་འཁྲི་ཤིང་གཞོན་ནུ་དག །བསེར་བུའི་རྫ་རྔས་བསྐུལ་ཚེ་གཡོ་བའི་བྲོ་གར་བསྒྱུར་བའི་རྩེ་དགར་སེམས་གཡེངས་པ། །བུང་བའི་ན་ཆུང་རྣམས་ནི་དགའ་བའི་གླུ་ཡིས་རྣམ་རོལ་ཅིར་ཡང་རབ་དགར་འགྱུར།༨ །
དོན་ཇི་བཞིན་པ་ནི། དེ་ནས་ག་ལེར་དབྱར་དུས་སླེབས་ཏེ་རི་བོ་འབིགས་བྱེད་མཛེས་པར་གྱུར་བ་ནི་ལང་ཚོ་ཅན་དང་འདོད་ལྡན་རྣམས་ཀྱི་རྩེ་དགའི་ལོངས་སྤྱོད་དུ་གྱུར་ཞིང། ས་གཞི་ཀུན་ལ་རྩྭ་འཇམ་གསར་པས་ཁེབས་ཤིང་དེ་ཉིད་བསེར་བུས་གཡོས་པའི་རྣམ་འགྱུར་ནི་ཡིད་དུ་འོང་ལ། རྒྱ་མཚོའི་ངོས་སུ་ཡང་མེ་ཏོག་དཀར་པོས་ཁེབས་པས་མཛེས་པ། ཡངས་ཤིང་དྲི་མེད་རྡུལ་དང་བྲལ་བའི་ནམ་མཁའ་ནི་རྒྱུ་སྐར་ཚོགས་ཀྱིས་རྣམ་པར་བཀྲ་བ། དབྱར་གྱི་ཚ་བ་ཤིན་ཏུ་ཆེ་ན་ཡང་བར་སྣང་བཀང་བའི་ཆར་རྒྱུན་གྱིས་ས་གཞི་ཐམས་ཅད་བརླན་པར་བྱེད་པ། རབ་གསལ་གློག་གི་གསེར་འོད་ཕྲེང་བ་གཡོ་བ་ཅན་གྱི་ཆར་སྤྲིན་གསར་པ་གསར་པས་འབྲུག་སྒྲ་སྙན་པར་ལྡིར་བའི་ཚེ་ཀུན་ཏུ་དགའ་བ་རྒྱས་པའི་རྨ་བྱའི་ཚོགས་ཀྱིས་སྒྲོ་གུར་ཕུབ་ཅིང་གར་བྱེད་པ། དྭངས་ཤིང་གསལ་བའི་ཁྲུས་ཀྱི་རྫིང་བུ་རྣམས་སུ་སྟོབས་ཀྱིས་དྲེགས་པ་གླང་ཆེན་རྣམས་ཀྱིས་གང་བ། སྔོ་ལྗང་གི་ས་གཞི་ལ་མེ་ཏོག་ཕྲེང་བས་རྣམ་པར་བརྒྱན་པ། བལྟ་ན་ཡིད་འོང་ལོ་འདབ་རྒྱས་པའི་འཁྲི་ཤིང་གསར་པ་དག་ནི་བསེར་བུས་གཡོ་བར་བྱེད་པ་ལ་སེམས་གཡེངས་པའི་བུང་བའི་ཚོགས་རྣམས་ནི་དར་དིར་སྒྲོག་ཅིང་དགའ་བས་རོལ་བར་བྱེད་དོ་། ཞེས་པའི་དོན་དང།།  རྒྱན་ནི། ༡ གཟུགས་ཅན་རབ་རྟོག ༢ ངག་དོན་དཔེ། ༣ དཔེ་ཅན་འཕར་མ་སྟེ། དང་པོ་ཆོས་དཔེ་དེ་ཡང་ངག་དོན་གྱི་དཔེས་མཚོན་པའོ། །༤ ངག་དོན་རབ་རྟོག ༥ རབ་རྟོག་དཔེ། མཚུངས་ཆོས་གཞིར་བཞག་ནས་རབ་རྟོག་གི་རྣམ་པས་དཔེར་འགོད་པའོ། །རྐང་པ་གསུམ་པ་འབྲུ་མང་པོའི་དཔེ་ཡང་ངོ། །༦ བྱ་བ་ལྷན་ཅིག་པའི་རྒྱན། ༧ ངག་དོན་དཔེ། ༨ མཐའ་དག་གཟུགས་ཅན་ནམ་ངག་དོན་གཟུགས་ཅན་ཡང་ངོ། །

གཉིས་པ། རྒ་བའི་སྡུག་བསྔལ་དངོས་བསྟན་པའི་ཚུལ་ནི།

   དེ་ལྟར་གྱུར་པའི་ཚེ་གཞོན་ནུ་དེ་དག་ཡུལ་གྱི་བདེ་བ་སོ་མ་བསྟེན་པར་འདོད་ནས། རང་གི་ཁང་པ་ནས་ཕྱིར་བྱུང་སྟེ་ལྷོ་ཕྱོགས་སུ་འགྲོ་བར་ཆས་པ་དང་། ལམ་དང་ཉེ་བའི་རྩིག་པ་ཞིག་གི་དྲུང་ན་སྐྱེས་བུ་སྐྱེས་ནས་ལོ་བརྒྱ་ལོན་པ་རྒས་པའི་སྡུག་བསྔལ་མི་བཟད་པའི་ཁུར་༡གྱིས་ཆེར་དུབ་པ། ལུས་མི་སྡུག་ཅིང་ཉམ་ཆུང་བ་ཡི་དྭགས་ལ་འགྲན་པ་ལྟ་བུ་༢ཞིག་འདུག་གོ །དེ་མཐོང་ནས་མཉེས་གཤིན་བཟང་པོ་སྙིང་རྗེའི་ཁུར། །༡གྱིས་ཡིད་སྡུག་བསྔལ་ཆེན་པོས་རབ་ཏུ་ནོན་ཏེ་བསྐྱོད་མི་ནུས་པ་ལྟར་གྱུར་ནས་མིག་མཆི་མས་འགག་བཞིན་དུ་སྨྲས་པ།
སྤྱིར་སྙིང་རྗེའི་ཉམས་དང། ནང་གསེས་སུ། ༡ གཟུགས་མེད་གཟུགས་བཀོད་ཀྱི་རྒྱན་འདིས་རྒས་འཁོགས་གང་གི་རྒ་བའི་སྡུག་བསྔལ་ཆེ་བ་ཐེག་དཀའ་བ་དང། འོག་མས་གང་གི་སྙིང་རྗེ་ཆེན་པོ་མཚོན་ཡོད་ལ། དེ་གཉིས་ལས་ཀྱང་འོག་མའི་ཁུར་པོ་དེ་ཤིན་ཏུ་ཆེ་བ་ཞིག་བསྟན་པ་འདིས། དམ་པའི་དགོངས་པ་ཆེས་གཏིང་ཟབ་ཏུ་མཚོན་ཡོད། ༢ མཚུངས་ཆོས་སྔོན་བསྟན་གྱི་ཆོས་དཔེ། སོ་མ་ནི་གསར་པ། དུབ་པ་ནི་ངལ་བ། ནོན་པ་ནི་མནན་པར་གྱུར་བ་སྟེ་འདིར་ཁུར་པོ་ཆེན་པོས་ལུས་མནན་པ་ཞེས་པའི་ངང་ཚུལ་དང་འདྲ་བས་ན་སྡུག་བསྔལ་ཆེན་པོས་ཡིད་མནན་པ་ཞེས་པའི་བྱ་ཚིག་གི་སྤྱོད་སྟངས་འདི་རིགས་ནི་ཏིང་འཛིན་རབ་རྟོག་ཏུ་ཤེས་པར་བྱའོ། །
ཀྱེ་མ། རྒས་པར་གྱུར་པའི་སྡུག་བསྔལ་མི་བཟད་པ་འདི་ལ་གཟིགས། ཀྱི་ཧུད། རྒན་པོའི་སྡུག་བསྔལ་ནི་བཟོད་པར་དཀའོ། །འདི་ལྟ་སྟེ། རྒན་པོ་དབྱུག་པ་ལ་བརྟེན་ཆོས་ལ་མིན། །མགོ་སྐྱེས་དཀར་གྱི་ལས་ཚུལ་དཀར་བ་མིན། །ལུས་ཉམ་ཆུང་གི་སྡིག་པ་ཉམ་ཆུང་མིན། །འཆི་ལ་ཉེ་ཡི་ཐར་པ་དེ་ལྟ་མིན།༡ །ལུས་མདངས་གོས་དཀར་སྐྲ་ཡིས་འཕྲོགས་ཏེ་གྱོན། །སྐྲ་ཡི་ནགས་ཚལ་ལུས་ལ་བྱུགས་པ་བཞིན། །རྩ་ཡི་ཞགས་པས་རྒན་པོའི་ཡན་ལག་བཅིངས། །གཉེར་མའི་དྲ་བས་རྩ་ཡང་བཅིངས་པ་བཞིན།༢ །ཡུལ་གྱི་དངོས་པོ་མི་སྡུག་གྱུར་པ་དང་། །རོ་འཛིན་ཟས་ཀྱི་རྩོམ་པ་བྲལ་རིག་ནས། །འདྲེན་བྱེད་ནང་དུ་བྲོས་ཏེ་སྒྲིབ་བཞིན་བལྟ། །སོ་རྣམས་ཕྱི་རུ་བྱུང་སྟེ་འབྲོས་པ་འདྲ།༣ །རང་གི་ཉེས་པར་སྤྱད་པའི་རྣམ་གྲངས་དག །ལས་ཀྱི་གཤིན་རྗེས་གདོང་ལ་རི་མོར་བཏབ། །གསོད་པར་འཁྲིད་ཕྱིར་གསོད་རྟགས་མེ་ཏོག་གི །ཕྲེང་བ་དཀར་པོ་སྤྱི་བོར་བཀོད་པ་བཞིན།༤ །
དོན་ཇི་བཞིན་པ་ནི། ཨ་ཁ་ཁ། རྒས་པའི་སྡུག་བསྔལ་མི་བཟད་པ་འདི་ལ་གཟིགས་དང་། རྒན་པོ་འདིའི་སྡུག་བསྔལ་ནི་ཅི་འདྲའི་བཟོད་པར་དཀའ། ཕྱི་ལུས་པོ་རང་ཚུགས་མི་ཐུབ་པར་དབྱུག་པ་ལ་བརྟེན་ན་ཡང་ནང་སེམས་པ་དམ་པའི་ཆོས་ལ་བསྟེན་པ་མིན་ཞིང་། མགོ་སྐྱེས་སྐྲ་ལོ་དཀར་པོ་ཆགས་ན་ཡང་ལས་ཚུལ་ནག་པོ་དང་། ལུས་ཀྱི་ཐ་མ་འདི་འདྲའི་ཉམ་ཆུང་དུ་གྱུར་ན་ཡང་ཚེ་གང་བསགས་པའི་སྡིག་པ་ཤིན་ཏུ་ཆེ། ད་ལྟ་འཆི་ལ་ཉེ་ཡང་ཐར་པའི་ས་ལ་ཧ་ཅང་རིང་བར་གྱུར། མགོ་དཀར་པོ། ལུས་སྐམ་ཞིང་རིད་པ། རྩ་རྣམས་ཀྱིས་རྐང་ལག་སོགས་བཅིངས་པ། གཉེར་མས་ཡོངས་སུ་ཁྱབ་པ།  དངོས་པོ་ཚང་མ་མི་སྡུག་པར་གྱུར་པ་དང་། ལྕེ་ཡིས་ཟས་ཀྱི་རོ་བྲོ་བ་མི་ཤེས་པ། མིག་ཟུང་ནང་དུ་ལྷུང་ཞིང་ལྟ་བའི་ནུས་པ་ཉམས་པ། སོ་རྣམས་འཐོར་ཏེ་ཁ་སྟོང་བ། སྡུག་བསྔལ་དང་སྡིག་པ་ཆེན་པོ་དག་ཁུར་ནས་ད་འཆི་ལ་ཉེ་བ་ལ་ལྟོས་ཤིག །ཅེས་པའོ། །
རྒྱན་ནི། ༡ སྙིང་རྗེའི་ཉམས་ལྡན་གྱི་འགལ་རྒྱན་ནོ་། ༢ ཏིང་འཛིན་རབ་རྟོག་དང་གཟུགས་ཅན་འདྲེས་པའོ། །༣  སེམས་མེད་རབ་རྟོག ༤ ངོ་མཚར་རབ་སྤེལ་སྟེ། གཟུགས་ཅན་དང་རབ་རྟོག་དཔེ་བཅས་པའོ། །དེ་ཡང་རྐང་པ་སྔ་མ་གཉིས་གཟུགས་ཅན། འདིར་དཔེ་ཅན་ཉེས་གྲངས་དང་དཔེ་རི་མོ་གཉིས་ཀྱི་བར་ཆོད་པ་སྟེ་དོན་ལ། ཉེས་སྤྱད་རྣམ་གྲངས་རི་མོ་ནི། ལས་ཀྱི་གཤིན་རྗེས་གདོང་ལ་བཏབ། ཅེས་པ་སྟེ་གདོང་གི་མི་སྡུག་པའི་གཉེར་མ་དེ་མཚོན་བྱེད་ཀྱི་ཚུལ་དུ་བྱས་ཏེ་ནང་གི་ཉེས་པ་མཚོན་པའོ། །རྐང་པ་ཕྱི་མ་དག་ནི་རབ་རྟོག་དང་དེ་ཡང་དཔེ་ཡི་ཚུལ་དུ་བཀོད་ནས་དཔེ་ཅན་སྐྲ་དཀར་བ་ཤུགས་ཀྱིས་བསྟན་ཏེ་དོན་ལ་འཆི་བདག་གིས་གསོད་པའི་དུས་ལ་བབས་པའམ་འཆི་བའི་དུས་ལ་སླེབས་པ་བསྟན་པས་ན་དོན་གྱིས་ཀྱང་ངོ་མཚར་བའི་རྒྱན་ཡིན་ནོ། །
གཞོན་ནུ་དགེ་བ་ཅན་གྱིས་སྨྲས་པ། འདི་ཡིས་ཁ་དོག་གནག་པ་ཡི། །མུན་པས་མཚན་མོ་སྐྱེངས་བྱས་ནས། །རིད་ཅིང་མི་སྡུག་གྱུར་པའི་ལུས། །ཡི་དྭགས་གཟུགས་ལ་འགྲན་འདོད་བཞིན།༡ །འདྲེན་བྱེད་གསལ་བའི་མེ་ལོང་ནི། །རྣམ་དཔྱོད་བློ་དང་ལྷན་ཅིག་ཉམས། །རྒས་པའི་ཟུག་རྔུ་དྲག་པོ་ནི། །ལྦ་བའི་ཁྱོན་དང་མཉམ་དུ་རྒྱས།༢ །སྔོན་གྱི་ལས་བྱས་ས་བོན་རྣམས། །ཚེ་ཡི་ཚད་དང་ལྷན་ཅིག་ཟད། །ན་དང་འཆི་བའི་སྡུག་བསྔལ་དག །སྡིག་པའི་ཁུར་དང་མཉམ་དུ་ལྷུང།༣ །སྲ་ཞིང་རྩུབ་པའི་ལྤགས་པ་ནི། །ནང་གི་སེམས་དང་མཚུངས་པར་གྱུར། །ལུས་དང་སྙིང་སྟོབས་རབ་དམན་པ། །དགེ་བའི་མཐུ་ཡང་དེ་བཞིན་ནོ།༤ །
དོན་ཇི་བཞིན་པ་ནི། ནག་ལ་སྐམ་ཞིང་རིད་པའི་ལུས་ཡི་དྭགས་འདྲ་བ་དང། མིག་དང་ཤེས་རབ་མཉམ་དུ་ཉམས་པ། རྒས་པའི་སྡུག་བསྔལ་དྲག་པོས་མནར་བའི་ཐོག་ད་དུང་མི་དགོས་པའི་ལྦ་བ་ཆེན་པོ། ཚེ་ཚད་ཟད་དེ་འཆི་བ་ལ་སླེབས་པ་མ་ཟད་ད་དུང་ཚེ་སྔོན་མའི་དགེ་བ་བསོད་ནམས་དེ་ཡང་སྤེལ་མ་ཐུབ་པར་ཟད་ཅིང་སྡིག་པའི་ལས་ལྕི་ཞིང་སེམས་ན་བ་དང་འཆི་བའི་སྡུག་བསྔལ་དང་སྡིག་པའི་ལས་བཅས་ཀྱིས་ལུས་སེམས་ཉམ་ཐག་ཏུ་གྱུར་ཅིང་དགེ་བའི་མཐུ་ཡང་དེ་བཞིན་ཟད་པར་གྱུར། ཞེས་པའོ། །རྒྱན་ནི། ༡ རབ་སྤེལ་རྒྱན་སྟེ། གཟུགས་ཅན་དང་རབ་རྟོག་དཔེ་དང་བཅས་པའོ། །༢ རབ་སྤེལ་སྟེ། གཟུགས་ཅན་དང་བྱ་བ་ལྷན་ཅིག་དང་དེ་ཡང་འགལ་བ་དང་བཅས་པའོ། །༣ འདི་ཡང་གོང་དང་འདྲའོ། །དེ་ཡང་འགལ་ཚུལ་ནི་བསོད་ནམས་ཟད་པ་དང་སྡིག་སྡུག་གི་ཁུར་ཆེན་པོ་ཐོག་ལ་ལྷུང་བ་སྟེ་མང་དུ་འཕེལ་བའི་དོན་གྱིས་སོ། །༤ དཔེ་ཅན་དཔེ། འདི་ནི་ཆོས་དཔེ་ལྟ་བུར་མངོན་ན་ཡང་དོན་ལ་སྐབས་འདིའི་དཔེ་ཡང་དཔེ་ཙམ་མ་ཡིན་པར་དཔེ་ཅན་དོན་ལ་གོ་དགོས་པས་སོ། །ཡང་རྐང་པ་གཉིས་པ་ནི་མཚུངས་སྦྱོར་རྒྱན་དུ་བཞག་ནའང་ཆོག །
གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས། །སྐྱེ་འགྲོ་ཐམས་ཅད་རྒས་པའི་སྡུག་བསྔལ་ལས་མ་འདས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། རྒ་བ་ཞེས་བྱ་ལུས་ཅན་གྱི། །རྒུད་པ་ཀུན་གྱི་མཆོག་འདིས་ནི། །སྲིན་པོ་བཞིན་དུ་དོགས་མེད་པར། །བློ་དང་ལང་ཚོ་མ་ལུས་འཇོམས།༡ །དར་ལ་བབ་ཚེ་ཁུར་རྣམས་འཛིན་བཟོད་བྱིན་པ་ཟུང་འདིས་རྒན་པོ་རང་གི་ལུས་ཀྱང་འཁུར་ནུས་མིན། །སྐྱེ་བོ་རྣམས་ཀྱི་ཡིད་རབ་འཕྲོག་བྱེད་མཛེས་པའི་ལུས་ཀྱང་མི་སྡུག་གྱུར་པས་བདག་ཉིད་སུན་འབྱིན་གྱུར། །དགའ་མའི་ཡན་ལག་མཆོག་ཏུ་ཕྲ་ཞིང་དཀར་གསལ་འཇམ་པའང་སོག་ལེ་ལྟར་རྩུབ་སོལ་བའི་ཁ་དོག་འཛིན། །ཀུན་རྟོག་མང་པོས་གཞན་གྱི་ལས་ལ་འཇུག་བྱེད་བློ་ཡང་བདག་ཉིད་སྤྱོད་པའི་བླང་དོར་གནས་མི་ཤེས།༢ །དེ་ལྟར་རྒས་པའི་ཆོམ་རྐུན་གྱིས། །ལང་ཚོ་འཕྲོག་པར་མ་གྱུར་པ། །དེ་སྲིད་བདག་གི་དོན་ལ་ནི། །རང་དབང་ཡོད་བཞིན་སྒྲུབ་པར་རིགས།༣ །
དོན་ཇི་བཞིན་པ་ནི། རྒ་བའི་སྡུག་བསྔལ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཟློག་ཏུ་མེད་པའི་ཉམས་རྒུད་ཆེས་ཆེན་པོ་ཡིན། འདི་ཡིས་བློ་དང་ལང་ཚོ་མ་ལུས་འཇོམས་པར་བྱེད། ན་ཚོད་དར་དུས་ཁུར་པོ་ཆེན་པོ་རྣམས་ཀྱང་ཐེག་ཐུབ་པའི་རྐང་པ་གཉིས་ཀྱིས་ད་ནི་རྒན་པོ་རང་གི་ལུས་ཀྱང་འཁུར་མི་ནུས་ལ། མི་རྣམས་ཀྱི་ཡིད་འཕྲོག་བྱེད་མཛེས་པའི་སྐྱེ་གཟུགས་ལང་ཚོ་དེ་ཡང་མཐོང་འདོད་མེད་པའི་མི་སྡུག་པར་གྱུར། རང་གི་ཆུང་མའི་རྐང་ལག་ཕྲ་ཞིང་དཀར་གསལ་འཇམ་པ་དག་ཀྱང་རྩུབ་ཅིང་ནག་པོར་གྱུར། རྣམ་རྟོག་མང་པོའི་བློ་རིག་རྒོད་པོ་དེ་ཡང་ཉམས་ཏེ་ཐ་ན་རང་གི་སྤྱོད་ཚུལ་ཙམ་གྱི་བླང་དོར་ཡང་མི་ཤེས། དེ་ལྟར་རྒ་བའི་རྒུད་པ་མ་སླེབས་བར་གྱི་རང་དབང་ཡོད་དུས་འདིར་མི་ཚེ་དོན་ལྡན་ཞིག་ཡོང་བར་འབད་དགོས། ཞེས་པའོ་། རྒྱན་ནི། ༡ ཆོས་དཔེ། ༢ ཡོན་ཏན་འགལ་རྒྱན། ༣ ཆ་ཤས་ཅན་གཟུགས་ཅན།
གཉིས་པ་འདོད་པ་ལ་ཆགས་པའི་ཉེས་དམིགས་བསྟན་པ་ལའང། ༡ འདོད་ཆགས་ཀྱི་ནང་ནས་ཀྱང་བུད་མེད་ལ་ཆགས་པའི་སྲེད་པ་སྟོབས་ཆེ་ཚུལ་བསྟན་པ་ནི།
དེ་སྐད་སྨྲས་ནས་རིམ་གྱིས་སྐྱེད་མོས་ཚལ་ཡིད་དུ་འོང་བ། །རྩྭའི་མྱུ་གུ་གསར་དུ་འཁྲུངས་པས་ནི་ས་གཞི་བཀབ་པ་བཞིན་དུ་ནི་འདུག༡ །མེ་ཏོག་རྣམ་པར་བཀྲ་བ་མང་པོ་ནི་འབར།༡ །ལོ་འདབ་རབ་ཏུ་རྒྱས་པའི་ལྗོན་ཤིང་རྣམས་ཀྱིས་ནི་གང། །བུང་བ་མང་པོའི་གླུ་སྙན་པ་ནི་བྱིས་པས་བསྒྱུར་བའི་གླིང་བུ་དང་འགྲན་པ་བཞིན་༣དུ་བྱེད་པ་རྣམས་སུ་རབ་ཏུ་རྒྱུ་ཞིང་སོང་སོང་བ་ལས། ཤིང་མྱ་ངན་མེད་པའི་བསྟི་གནས་ཤིན་ཏུ་བསིལ་ཞིང་། ཉམས་དགའ་བ་ཞིག་ན། ལྷའི་བུ་མོ་ལ་འགྲན་པ་ལྟ་བུའི་བུད་མེད་ལང་ཚོ་རབ་ཏུ་རྒྱས་ཤིང་ལྟ་ན་སྡུག་པ་༤ཟླ་བའི་མེ་ལོང་གསར་པ་སྨྲ་ཤེས་པ་འདྲ་བ་༥གཅིག་རྒྱུད་མང་ཤིན་ཏུ་སྙན་པ་སྦྲེང་ཞིང་ཀུན་ཏུ་དགའ་བའི་གླུ་ལེན་ལ་འབངས་མོ་དང་བཅས་པ་རྩེ་ཞིང་འདུག་པ་མཐོང་ངོ། །དེ་མཐོང་ནས་གཞོན་ནུ་འདོད་ལྷའི་བུ་ཆགས་པའི་སྟོབས་ཀྱིས་ཡིད་རབ་ཏུ་འཕྲོག་སྟེ་སྨྲས་པ།
ཡུལ་ལྗོངས་བཀོད་འབྲི་བྱས་པ་འདི་གོ་སླ། རྒྱན་ནི། ༡ དང། ༢ ཏིང་འཛིན་རབ་རྟོག ༣ ངག་དོན་དཔེ། ༤ དངོས་དཔེ། ༥ སྔར་མེད་དཔེའོ། །བསྟི་གནས་ཞེས་པ་ནི་ལུས་སེམས་བདེ་བར་ངལ་གསོ་ཐོབ་པའི་ཡུལ་ཞིག་ལ་གོ་དགོས། དེང་སང་འདི་གར་མང་པོ་ཞིག་གིས་རིག་གཞུང་གི་ལྟེ་གནས་ཞེས་པ་སོགས་ལ་བསྟི་གནས་འབྲི་བ་ནི་ནོར་བ་ཡིན་ཏེ། བསྟི་ཞེས་པ་ངལ་གསོ་བའི་དོན་དང། ལྟེ་ནི་ལུས་ཀྱི་ལྟེ་བ་སྟེ་དོན་ལ་སྦྱོར་དུས་དབུས་སམ་དཀྱིལ་སྙིང་ལ་གོ འབངས་མོ་ཞེས་པ་ཞབས་ཞུ་མ་ལའོ། །བསྒྱུར་བའི་གླིང་བུ་ནི་གླིང་བུ་བུས་པ། སྦྲེང་པ་ནི་འདིར་འཐེན་པའམ་འཁྲོལ་བའོ། །
འདི་ཅི་ཟླ་བའི་ཐིག་ལེ་གསར་དང་པད་དཀར་གཞོན་ནུ་ཆུ་ཤེལ་ནོར་བུ་ཡིན། །གལ་ཏེ་རྒྱུ་སྐར་བདག་པོ་ཡིན་ན་ཉིན་མོ་ཡང་ནི་ཀུ་མུད་རྒྱས་པར་བྱེད། །གལ་ཏེ་ཆུ་སྐྱེས་གསར་པ་ཡིན་ན་མཚན་མོའང་གེ་སར་འདབ་ཕྲེང་ཟུམ་མི་འགྱུར། །གལ་ཏེ་ནོར་བུའི་ཕྲེང་བ་ཡིན་ན་བདུད་རྩིས་རྟ་གདོང་ཡང་ནི་བསིལ་བར་ནུས།
འདི་ནི་ཐེ་ཚོམ་མང་དཔེ། དཔེ་ཅན་མཛེས་མ་ཤུགས་ལས་རྟོགས་ཤིང།། དོན་ནི་ཞལ་རས་རབ་ཏུ་དཀར་ཞིང་མཛེས་པ་བསྟན་པའོ། །
༢༽ བུད་མེད་ཀྱི་སྐྱོན་གྱི་རང་བཞིན་བསྟན་ནའང་ཆགས་ལྡན་རྣམས་ཀྱི་ཆགས་ཞེན་བཟློག་དཀའ་བའི་ཚུལ་ནི།
གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས། དེའི་ཆགས་པ་བཟློག་པའི་ཕྱིར་སྨྲས་པ། སྣ་ཚོགས་རྒྱན་གྱིས་སྤུད་འདི་རིན་ཆེན་བཀོད་མཛེས་མཆོད་སྡོང་མ་ཡིན་སྐྱེ་འགྲོ་བསླུ་བའི་སྒྱུ་མ་ཡིན། །པགས་པའི་མདོག་དཀར་གསལ་འདི་རི་བོང་འཛིན་གྱི་ཟེར་ཕྲེང་མིན་གྱི་འདོད་ལྡན་སྲེག་པའི་མེ་དཔུང་ཉིད། །མཐོན་མཐིང་འཁྱིལ་བའི་ལན་བུ་ཨུཏྤལ་རྒྱས་པའི་འདབ་ཕྲེང་མིན་ཏེ་ཆགས་ཅན་འཆིང་བའི་ཞགས་པའོ། །སྐེད་ངོས་ཕྲ་ཞིང་མཛེས་པ་དཔག་བསམ་ཤིང་གི་རྐང་འཐུང་མ་ལགས་ཐར་པའི་སྲོག་གཅོད་རལ་གྲིའོ། །
ངོ་མཚར་རབ་སྤེལ་རྒྱན་ཞེས་བྱ་སྟེ། དོན་གང་དཔེ་གང་ཞིག་མ་ཡིན་པར་བཀག་ཅིང་དེ་དང་འགལ་བའི་དངོས་པོ་གཞན་ཞིག་གི་གཟུགས་སུ་བཀོད་པ་སྟེ། ཚིག་རྐང་ཕྱེད་སྔ་མ་དེ་ཉིད་ཀྱི་དཔེ་དང་ཕྱེད་ཕྱི་མ་བསྙོན་དོར་གཟུགས་ཅན་དང། ཡང་སྔ་ཕྱི་གཉིས་ཀྱི་ཁྱད་ཆོས་འགལ་བའི་ཚུལ་གྱིས་ལྡོག་པ་སྟེ་རྒྱན་བཞི་འདྲེས་པའོ། །
དོན་ནི་སྣ་ཚོགས་རྒྱན་གྱིས་བརྒྱན་པ་དེ་ནི་ཕྱི་ཚུལ་བཅོས་མ་སྐྱེ་བོ་མགོ་སྐོར་བྱེད་དང། ཤ་མདངས་དཀར་ཅིང་སྐྲ་ནག་ལ་སྐེད་པ་ཕྲ་བའི་གཟུགས་བཟང་བ་དག་ཀྱང་འདོད་ཆགས་ཅན་རྣམས་ལ་ཆགས་པའི་སྡུག་བསྔལ་སྐྱེད་བྱེད་དང་། ཐར་བའི་གེགས་བྱེད་པའི་གནོད་བྱེད་ཡིན། ཞེས་བུད་མེད་ལ་ཆགས་པའི་ཉེས་པ་བསྟན་པའོ། །
གཞོན་ནུ་དགེ་བ་ཅན་གྱིས་སྨྲས་པ། སྐྱོན་གྱི་ཡལ་འདབ་རབ་རྒྱས་ཤིང་། །ཕྲག་དོག་ཚེར་མས་གདུང་བྱེད་པ། །བུད་མེད་ཤ་མ་ལི་ཤིང་ལ། །ཆགས་ཅན་སྤྲེ་འུས་འཁྱུད་པར་བྱེད།༡ །རེས་འགའ་པདྨ་བས་ཀྱང་འཇམ། །ལ་ལ་སོག་ལེ་བས་ཀྱང་རྩུབ། །སྨིག་རྒྱུ་བས་ཀྱང་གྱ་གྱུ་མང། །འབབ་ཆུ་བས་ཀྱང་ཐུར་དུ་རྒྱུག༢ །བུད་མེད་རྣམས་ནི་དུག་སྦྲུལ་བཞིན། །དང་པོ་མཐོང་བས་གདུང་བ་འབར། །རེག་ན་མི་བཟད་ཟུག་རྔུ་བསྐྱེད། །འགྲོགས་པས་འཕྲལ་དུ་འཇོམས་པར་བྱེད།༣ །རུས་པའི་ཀ་བ་རབ་རྒྱས་ཤིང་། །རྩ་དང་རྒྱུས་པའི་དྲ་བས་སྦྲེལ། །ཤ་ཁྲག་གཤང་གཅིའི་འདམ་གྱིས་བྱུགས། །ལུས་ཀྱི་ཁང་རུལ་འདིས་ཅི་རུང།༤ །དུར་ཁྲོད་རྣམས་ཀྱི་རོ་དང་ནི། །སྲོག་ལས་ཁྱད་པར་གཞན་མེད་ཅིང་། །སྲོག་ནི་དབང་པོའི་ཡུལ་མིན་ན། །ཀེང་རུས་འདི་ལ་ཅིའི་ཕྱིར་ཆགས།༥ །སྲེད་པའི་འདམ་གྱིས་གོས་པ་ནི། །མཁས་པ་རྣམས་ཀྱིས་སྨད་པའི་གནས། །བསླུ་ཞིང་མི་སྲུན་བུད་མེད་ལ། །ཁྱེད་ཅག་ཆགས་པ་རབ་ཏུ་ཐོངས།༦ །
དོན་ཇི་བཞིན་པ་ནི། བུད་མེད་དག་ནི་སྐྱོན་མང་བ། ཕྲག་དོག་ཆེ་བ། སྐབས་རེར་སྤྱོད་པ་འཇམ་ཞིང་སྙན་པར་སྨྲ་ལ་མཚམས་རེར་རྩུབ་ཅིང་འཐབ་མོ་བྱེད་པ་གཡོ་སྒྱུ་མང་བ་མ་རབས་ངན་པའི་ལམ་དུ་འགྲོ་བ་ཐོག་མར་ཡིད་དགའ་བས་ཆགས་ཏེ་གདུང་བར་བྱེད་པ། བར་དུ་ལུས་འཁྱུད་པས་ཆགས་གདུང་སྦྱིན་པ། ཐ་མར་ལྷན་དུ་འགྲོགས་པ་ན་འཕྲལ་དུ་འཕུང་བར་འཇུག་པའི་རང་བཞིན་ཅན་དེ་དག་ནི་ཆགས་ལྡན་སྐྱེ་བོ་རྨོངས་པ་རྣམས་ཀྱིས་དགའ་ཡུལ་ཙམ་ཡིན་ཏེ། ཕྱི་ནས་བལྟས་ན་མཛེས་པར་སྣང་ཡང་དོན་དངོས་སུ། པགས་པའི་འོག་ན། རྩ་དང་རྒྱུས་པས་སྦྲེལ་བ། ཤ་ཁྲག་དང།། རུས་པ། གཅིན་སྐྱག་སོགས་ཀྱིས་གང་བ་ཙམ་ཡིན་པས་རོ་ཁང་གི་ཤི་རོ་བེམ་པོ་དང་སྲོག་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་མེད།  སྲོག་ནི་མིག་དབང་སོགས་ཀྱིས་ལོངས་སུ་སྤྱད་བྱ་ཞིག་མ་ཡིན་པས། རུས་པ་དཀར་པོ་དེ་ལ་སྲེད་པ་ནི་ཆོས་པ་མཁས་པ་ཚོས་སྨད་ཅིང་བླུན་པོར་བརྩི་བས། མགོ་སྐོར་གཏོང་ཞིང་མ་རུངས་པའི་བུད་མེད་འདི་དག་ལ་ཁྱེད་ཅག་གིས་དགའ་བ་དང་ཞེན་ཆགས་མ་བྱེད་ཅིག །ཅེས་པའོ། །རྒྱན་ནི། ༡ མཐའ་དག་གཟུགས་ཅན། ༢ བསྡུར་དཔེ། ༣ སྦྱར་དཔེ། ༤ མཐའ་དག་གཟུགས་ཅན། ༥ ལྡོག་པའི་དཔེ། ༦ ཡན་ལག་གཅིག་གཟུགས་
དེ་ལྟར་ཕན་པའི་ཚིག་གི་ལྕགས་ཀྱུས་ཀྱང་འདོད་པས་མྱོས་པའི་གླང་པོ་འདུལ་བར་མི་ནུས་ཏེ་༡ ་སྲེད་པའི་ཆུ་གཏེར་དུ་འཇུག་པ་བཞིན་དུ་༢ཕུ་བོ་གསུམ་བུད་མེད་དེ་ག་ལ་བ་དེར་སོང་ངོ་། །དེར་ཡང་གཞོན་ནུ་དྲག་པོ་དང་མུན་པ་ཅན་འཁྲི་ཤིང་གི་ཕག་ཏུ་འདུག་ཏུ་བཅུག་ནས། །འདོད་ལྷའི་བུ་དེ་དང་ཉེ་བར་ཕྱིན་ཏོ། །
༡ ལྡན་གཟུགས། ༢ གཟུགས་ཅན་དཔེ་འགོད་དཔེ། དོན་ནི་ཕན་པའི་གཏམ་གྱིས་ཀྱང་འདོད་ལྡན་གྱི་ཆགས་པ་ཟློག་ཏུ་མེད་པས་འདོད་སྲེད་ཀྱིས་དབང་མེད་དུ་དེ་དག་མཛེས་མ་གང་དེའི་ས་རུ་སོང་ཞེས་དང། །
ལས་ཀྱི་ལྕགས་ཀྱུས་བཀུག་པ་བཞིན། །ལུས་མེད་ལུས་ཅན་དེ་འོངས་ཏེ། །དཔའ་མོ་ཆགས་པ་རྣམ་པར་འཕེལ། །ཟླ་ཟེར་ཀུནྡ་འཕྲད་པ་བཞིན།༡ །ཡིད་སྲུབ་གཟུགས་ཅན་དེ་མཐོང་ནས། །སྐྱེངས་པའི་གདོང་ནི་རྣམ་པར་འདུད། །རིན་ཆེན་སྣ་ཚོགས་ཅོད་པན་དང། །རྣ་ཆའི་ལྗིད་ཀྱིས་ནོན་པ་བཞིན།༢ །ཟོལ་གྱི་ངོ་ཚས་ཕྱིར་ཕྱོགས་ཀྱང། །ཆགས་པའི་ཟུར་མིག་ཡང་ཡང་བལྟ། །བཅོས་མའི་ཁྲོ་གཉེར་རབ་བསྡུས་ཀྱང། །དགའ་བའི་འཛུམ་ཟེར་གསལ་བར་གྱུར།༣ །མཐོང་ན་ཡིད་འཕྲོག་གཟུགས་ཅན་གཉིས། །འགྲན་པ་བཞིན་དུ་དེ་ན་མཛེས། །མཛེས་སྡུག་ན་ཚོད་མཚུངས་གྱུར་པ། །བཞིན་དང་མེ་ལོང་གཟུགས་བརྙན་བཞིན།༤ །
དོན་ཇི་བཞིན་པ་ནི། ལས་དབང་གིས་དྲངས་པ་བཞིན་དུ་འདོད་ལྷ་དགའ་རབ་དབང་ཕྱུག་མི་རུ་སྤྲུལ་པ་འདྲ་བའི་འདོད་ལྷའི་བུ་དེ་འོངས་པ་མཐོང་ནས། དཔའ་མོ་དེ་ཆགས་པ་རྣམ་པར་འཕེལ་ཏེ། ངོ་ཚ་ནས་བལྟ་ཡང་མ་ནུས་པར་རིན་ཆེན་སྣ་ཚོགས་ཅོད་པན་དང།རྣ་རྒྱན་གྱིས་མཛེས་པའི་མགོ་བོ་དེ་ཡང་སྒུར་ཅིང།ཁ་ཕྱིར་འཁོར་ནས་འགྲོ་བའི་ཚུལ་བྱེད་ན་ཡང་ཆགས་པའི་ཟུར་མིག་གིས་ཡང་ཡང་བལྟ་བ་དང། མ་དགའ་བའི་ཚུལ་གྱི་གདོང་པ་ནག་པོ་སྟོན་པར་འབད་ན་ཡང་རང་དབང་མེད་པར་དགའ་བའི་འཛུམ་མདངས་གསལ་བར་གྱུར། སུས་མཐོང་ན་ཡང་ཡིད་འཕྲོག་པའི་ན་མཉམ་ལང་ཚོ་ཅན་གཉིས་པོ་དེ་ནི་ཕན་ཚུན་སུ་མཛེས་འགྲན་པ་བཞིན་དུ་དེ་ན་མཛེས་སོ་ཞེས་པའོ། །རྒྱན་ནི། ༡ གཟུགས་དཔེ་སྤེལ་མ། ༢ རྐང་པ་དང་པོ་ནི་དཔེ་དཔེ་ཅན་དུ་གྱུར་བའི་གཟུགས་ཅན་དང།། ངང་ཚུལ་རབ་རྟོག ༣ གཞི་གཅིག་གི་བྱ་བ་འགལ་བ། ༤ ངང་ཚུལ་རབ་རྟོག་དང་ཆོས་དཔེ།
    དེ་ལྟར་འདུག་པ་མཐོང་ནས་གཞོན་ནུས་དེ་ལ་སྨྲས་པ།    ཀུནྡ་བས་ཀྱང་འཇམ་པའི་ལུས། །གངས་རི་བས་ཀྱང་མདངས་དཀར་ཞིང། །རི་དྭགས་བས་ཀྱང་མིག་མཛེས་མ། །མི་ལས་གཞན་ཁྱོད་སུ་ཞིག་ཡིན།༡ །བདག་ཅག་གསར་དུ་འོང་བ་ལ། །ཕེབས་པ་ཙམ་ཡང་མི་སྨྲ་བར། །རྒྱུད་མངས་ཟོལ་གྱིས་གནས་པ་ཡི། །ཁེངས་པར་ལྡན་པ་འདི་ཡིས་ཅི་༢ ་ཁྱོད་ཀྱི་ལུས་འདི་རང་བཞིན་ཉིད་ཀྱིས་མཐོ་རིས་བུ་མོའི་མཛེས་པ་འཕྲོག་ན་སྣ་ཚོགས་རྒྱན་རྣམས་ཅི་སླད་འཛིན། །དཀར་ཞིང་གསལ་བའི་བཞིན་རས་འོད་ཀྱིས་བསིལ་ཟེར་ཅན་ཡང་སྐྱེངས་པར་གྱུར་ན་སྨུག་རྩིའི་བྱུག་པ་འདིས་ཀྱང་ཅི། །དལ་བུས་སྨྲ་བའི་གདངས་སྙན་གྱིས་ཀྱང་ཚངས་པའི་སྒྲ་དབྱངས་ཟིལ་གནོན་ནུས་ན་བཅོས་མའི་གླུ་ཡིས་ཅི་ཞིག་བྱ། །ལྷུག་པར་གནས་པའི་སྤྱོད་ཚུལ་ཙམ་གྱིས་ཐུབ་པ་རྣམས་ཀྱི་བརྟན་པ་འཛིན་ན་རྒྱུད་མང་བསྒྱུར་ལ་བྲེལ་བས་ཅི།༣ །
དོན་ཇི་བཞིན་པ་ནི། ལུས་འཇམ་ཞིང་དཀར་ལ་མིག་མཛེས་མ་ཁྱོད་ནི་ལྷ་མོ་ཞིག་གམ་སུ་ཡིན། ང་འདིར་གསར་དུ་ཐོན་པ་ལ་འཚམས་འདྲི་ཙམ་ཡང་མི་བྱེད་པར་སྒྲ་སྙན་འཁྲོལ་ཁུལ་གྱིས་ང་རྒྱལ་སྟོན་པ་འདི་འདྲ་མ་བྱེད་དང་། ཁྱོད་ཀྱི་ལུས་འདི་རང་བཞིན་ཉིད་ཀྱིས་མཛེས་པས་སྣ་ཚོགས་རྒྱན་རྣམས་དགོས་པ་མེད་ལ། དཀར་ཞིང་གསལ་བའི་བཞིན་རས་ལའང་སྨུག་རྩིའི་བྱུག་པ་འདི་མི་དགོས། ངག་འཇམ་དལ་བུར་སྨྲ་བའི་གདངས་སྙན་འདི་འདྲ་ཡོད་པས་བཅོས་མའི་གླུ་ཡང་ལེན་དགོས་མེད་ལ། བག་ཡངས་ལྷོད་པར་གནས་པའི་སྒེག་པའི་སྤྱོད་ཚུལ་འདི་འདྲས་ཀུན་ཡིད་འགུགས་ན་ཆེད་དུ་རྒྱུད་མང་བསྒྱུར་ལ་བྲེལ་བར་བྱེད་པ་འདིར་ཡང་དགོས་པ་ཅི་ཞིག་ཡོད། ཅེས་པའོ། །རྒྱན་ནི། བསྡུར་དཔེ། ༢ དྲེགས་པ་གཟི་བརྗིད་ཅན། ༣ དཔེས་མངོན་གྱུར་འགོག་པ།
  འབངས་མོས་སྨྲས་པ། རིགས་དང་སྐལ་བ་ཕུན་སུམ་ཚོགས། །ཁྱོད་ནི་བྱོན་པ་ཤིན་ཏུ་ལེགས། །ཡོངས་འདུའི་ཤིང་གིས་ལྷུན་པོ་བཞིན། །ས་འདི་ཡོངས་སུ་བརྒྱན་པར་མཛོད།༡ །དགའ་མ་མིག་གི་བདུད་རྩི་འདི། །འོ་མའི་ཆུ་གཏེར་བསྲུབས་ལས་བྱུང། །རིན་ཆེན་གོས་ཀྱི་སྣོད་ན་མཛེས། །སྐབས་གསུམ་བདག་པོའི་སྤྱོད་ཡུལ་ཉིད།༢ །ལང་ཚོ་གསར་བའི་སྐྱེད་ཚལ་ལ། །མེ་ཏོག་འཁྲི་ཤིང་ཅན་ཞེས་བཏགས། །བྱེད་པོས་རབ་བྲིས་ཀུན་དགའ་ཡི། །རི་མོས་ཇི་ལྟར་སྨྲ་བར་འགྱུར།༣ །མིག་འབྲས་བུང་བ་རྣམ་འཕྲུལ་སྨིན་མ་ཨུདྤལ་སྔོན་པོའི་ཚལ། །སོ་ཡི་ཟེའུ་འབྲུ་རབ་རྒྱས་མཆུ་ནི་ཆུ་སྐྱེས་འདབ་ལྟར་དམར། །དྲི་བཟང་ཐིག་ལེའི་ལྦུ་ཕྲེང་ནུ་འབུར་གཡོ་བའི་ངུར་པ་ཅན། །ཡིད་བཞིན་མཚོ་དང་མཚུངས་པའི་དཔལ་ནི་འདི་ཡིས་རྣམ་པར་འཛིན།༤ །
དོན་ཇི་བཞིན་པ་ནི། རིགས་རྒྱུད་དང་སྐལ་བ་ཕུན་སུམ་ཚོགས། ས་འདིའི་རྒྱན་གཅིག་ཁྱོད་ནི་བྱོན་པ་ཤིན་ཏུ་ལེགས། རིན་ཆེན་རྒྱན་གྱིས་མཛེས་པའི་མཛེས་མ་ལང་ཚོ་སྨིན་པ་ཁོང་མོའི་མཚན་ལ་མེ་ཏོག་འཁྲི་ཤིང་ཅན་ཞེས་གསོལ། མིག་འབྲས་ཡིད་འོང་སྨིན་མ་མཛེས་པ། སོ་ཕྲེང་མཛེས་ལ་མཆུ་སྒྲོས་དམར་བ། དྲི་བཟང་འཐུལ་ཞིང་ནུ་འབུར་གཡོ་བའི་ལང་ཚོ་མ་འདི་ནི་ཚངས་པས་པིར་གྱིས་བྲིས་པ་ཞིག་ཡིན་པས་ཁྱོད་ལ་སྐད་ཆ་ཇི་ལྟར་བཤད། ཅེས་པའོ། །རྒྱན་ནི། ༡ ངག་དོན་དཔེ། ༢ བསཉོན་དོར་ཕུལ་བྱུང་སྟེ། རྐང་པ་ཐོག་མ་གཉིས་བསཉོན་དོར་ཅིང་ལྷག་མ་ཁྱད་འཕགས་ཕུལ་བྱུང།། ༣ གཟུགས་ཅན་བསྙོན་དོར། རྐང་པ་ཐ་མ་གཉིས་ཀྱིས་འདི་ནི་ཚངས་པས་རི་མོར་བྲིས་པའི་གཟུགས་བརྙན་ལས་མཛེས་མ་དངོས་མིན་པས་ཁྱེད་ལ་གཏམ་སྨྲ་མི་ཤེས་ཞེས་པ་སྟེ་བསྙོན་པའི་ཚིག་རྒྱན་ནོ། །༤ མཐའ་དག་གཟུགས་དཔེ། ཡན་ལག་ཅན་མཛེས་མའི་དཔེར་དཔེའི་ཡན་ལག་ཅན་ཡིད་བཞིན་མཚོ་བཀོད་ཅིང་དཔེ་ཅན་གྱི་ཡན་ལག་རྣམས་དཔེའི་ཡན་ལག་རྣམས་ཀྱིས་མཚོན་པ་སྟེ་དེ་ཡང་གཟུགས་རྒྱན་དང་དཔེ་རྒྱན་གཉིས་ཀྱིས་བརྗོད་པས་ན་དེ་སྐད་ཅེས་བྱའོ། །
དེ་ནས་དལ་གྱིས་གཞོན་ནུ་མ་མེ་ཏོག་འཁྲི་ཤིང་ཅན་འདོད་ཆགས་ཀྱི་གདུང་བ་ཤིན་ཏུ་བཟོད་དཀའ་བར་གྱུར་ཅིང་འབངས་མོ་དེ་རྩེ་དགའི་གེགས་སུ་གནས་པར་རིག་ནས་དེ་ལ་བོས་ཏེ། གྲོགས་མོ་ཇི་ལྟར་གསར་དུ་འོངས་པའི་སྐྱེ་བོ་འདི་ལ་མགྲོན་དུ་བྱ་རུང་བའི་མེ་ཏོག་དང་འབྲས་བུ་དག་ཐུས་ལ་ཤོག་ཅིག
རྣམ་གྲངས་བརྗོད་པའི་རྒྱན་ཏེ་དོན་གོ་སླའོ། །རིག་ནས་ཞེས་པ་ནི་ཧ་གོ་ནས་ཞེས་པའོ། །
  འབངས་མོས་དགོད་ཅིང་སྨྲས་པ། ཡིད་ཀྱི་གཙུབས་ཤིང་གིས་གཙུབས་པའི། །ཆགས་པའི་མེ་ནི་བཟོད་དཀའ་ཉིད། །ངོ་ཚས་བརྣག་པར་མ་ནུས་ཏེ། །འཕྲལ་དུ་མངོན་པར་གྱུར་ལ་ལྟོས།༡ །འདོད་ཆགས་གཞུ་ལས་རྩེ་དགའི་མདའ། །ཕན་ཚུན་རྩེ་བར་འདོད་པ་དག །སྔ་ནས་ཤེས་བཞིན་ཁོ་མོ་ནི། །གཞན་དུ་བསྐྲད་པས་ཅི་ཞིག་བྱ།༢ །འོན་ཀྱང་རེ་ཞིག་འགྲོ་བར་བྱའོ། །ཞེས་ཏེ་སོང་ནས་ཤིང་མྱ་ངན་མེད་པའི་རྐང་འཐུང་གི་ཕག་ཏུ་ཡིབས་ནས། དེ་གཉིས་ཀྱི་སྤྱོད་པ་ལ་ལྟ་ཞིང་འདུག་གོ །དེ་ནས་གཞོན་ནུ་མ་མེ་ཏོག་གི་འཁྲི་ཤིང་ཅན་རྩེ་དགའ་ལ་འདུན་པ་རིག་ནས། འདོད་ལྷའི་བུས་སྨྲས་པ།
དོན་ཇི་བཞིན་པ་ནི། འདོད་པའི་ཆགས་པ་ནི་བཟོད་དཀའ་བས་ངོ་ཚས་ཀྱང་འགོག་མ་ནུས་པར་ལམ་སང་བསྟན་སོང། ཁྱོད་གཉིས་ཕན་ཚུན་རྩེ་བར་འདོད་པ་ནི་ཁོ་མོས་སྔ་ས་ནས་ཤེས་ཡོད་པས་གཞན་དུ་མངགས་དགོས་དོན་མེད་ན་ཡང་ཁྱེད་ལ་དོགས་མི་བདེ་ན་ང་སོང་ཆོག །ཅེས་ཀུ་རེའི་ཚུལ་དུ་སྨྲས་པ་ལྟ་བུའོ། །རྒྱན་ནི། ༡ ངག་དོན་ལྡན་གཟུགས། ༢ ལྡན་གཟུགས་མངོན་འགོག་རྒྱན།
ལུས་ཕྲ་ཁྱོད་ཀྱི་སྐྲ་ཞགས་ཀྱིས། །བདག་ཡིད་མིག་འབྲས་རི་དྭགས་ཟུང། །ཡིད་ཀྱི་ཤིང་རྟ་ལྷན་གཅིག་བཅིངས། །གཞན་དུ་གཡོ་བའི་མཐུ་ལྡན་མིན།༡ །བདག་ལུས་གདུང་བའི་དྲོད་འབར་ཞིང་། །ལི་ཁྲིས་བྱུགས་པ་ལྟ་བུ་འདི། །དགའ་མ་མཁུར་ཚོས་དམར་བ་ཡི། །ཉི་གཞོན་ཉེ་བར་གྱུར་པ་བཞིན།༢ །ཁྱོད་ཀྱི་རེག་པའི་གོས་དཀར་དང། །ཨུཏྤལ་དྲིས་བསྒོས་ཁ་ཡི་ཆང། །ཀུན་དགའི་གཏམ་གྱི་རྣ་རྒྱན་དག །སྦྱིན་པས་བདག་ཡིད་ཚིམ་པར་མཛོད།༣ །
དོན་ཇི་བཞིན་པ་ནི། གཟུགས་བཟང་མ་ཁྱོད་ཀྱི་སྐྲ་རིང་པོས་ངའི་མིག་ཡིད་ལྷན་ཅིག་འཕྲོག་པས་སེམས་པ་གཞན་དུ་འཁོར་བའི་ནུས་པ་མེད་ལ། བདག་ལུས་འདོད་པས་གདུངས་པའི་དམར་མདངས་ནི་ཁྱོད་ཀྱི་མཁུར་ཚོས་དམར་པོ་དང་འདྲ་ཞིང། ཁྱོད་ཀྱི་རེག་བྱ་འཇམ་ཞིང་ཁ་དྲི་ཞིམ་པ། དགའ་བའི་གཏམ་དག་གིས་ངའི་རེ་བ་སྐོང་བར་མཛོད་ཅིག །ཅེས་པའོ། །རྒྱན་ནི། ༡ ལྷན་ཅིག་གཟུགས་ཅན། ༢ དཔེ་ཅན་འཕར་མའི་ཚུལ་ཡིན་མོད། རྐང་པ་ཐོག་མ་གཉིས་དངོས་དཔེ་དང། ཐ་མ་གཉིས་གཟུགས་ཅན་དང་དེ་ཡང་སྔོན་མའི་དཔེར་བྱས།  ༣ དཔེ་གཟུགས་སྤེལ་མ། རྐང་པ་གཉིས་པ་ནི་འབྲུ་མང་པོའི་ཚིག་སྡུད་ཀྱི་དཔེ།
དེས་སྨྲས་པ།  ཨེ་མ་ཁྱོད་ལྟ་མཐོང་གྱུར་པ། །བདག་གི་སྐལ་བ་ཅིས་མ་ཐོབ། །ལེགས་བྱས་འབྲས་བུ་ཅིས་མ་སྨིན། །བསོད་ནམས་ཚོང་ཟོང་ཅིས་མ་རྙེད།༡ །དགའ་བའི་སྤུ་ལོང་རབ་རྒྱས་པས། །མྱུ་གུའི་ཚོགས་རྣམས་སྐྱེངས་བྱས་ནས། །འཛུམ་པའི་མདངས་དཀར་གསལ་བ་ནི། །འདབ་བརྒྱའི་ཚལ་ལ་འགྲན་འདོད་བཞིན། ༢།གཞོན་ནུ་ཁྱོད་ཀྱིས་ཟུར་མིག་མཚོན། མེ་ཏོག་མདའ་དང་ལྷན་ཅིག་འཕང། །ཀྱེ་མ་ལུས་དང་ཡིད་ཀྱི་རྨ། །ཚ་བའི་གདུང་བ་མཉམ་དུ་འཕེལ།༣ །རི་བོང་གཟུགས་བརྙན་མ་བྲིས་ཤིང། །དཀྱིལ་འཁོར་འཕེལ་འགྲིབ་ཡོད་མིན་པའི། །རབ་གསལ་གདོང་གི་ཟླ་བ་འདིས། །བདག་ཡིད་སྲེག་པར་བྱེད་པ་མཚར།༤ །ཁྱོད་ཀྱི་ལང་ཚོའི་ལྕགས་ཀྱུ་ཡིས། །སྙིང་དང་བརྟན་པ་རབ་ཏུ་འཕྲོག །གཡོ་མེད་བེམ་པོ་བཞིན་གྱུར་ན། །བཀུར་སྟི་བྱ་བར་ཇི་ལྟར་ནུས།༥ །འོན་ཀྱང་རྩེད་འཇོའི་དགའ་སྟོན་ལ། །རབ་ཏུ་མི་སྤྲོ་སུ་ཞིག་ཡོད། །འཁོར་ལོ་གཉིས་ཀྱིས་ཤིང་རྟ་དང། །རྐང་པ་ཟུང་གིས་ལུས་བཏེགས་བཞིན།༦ ། 
དོན་ཇི་བཞིན་པ་ནི། ཨ་ལ་ལ། ཁྱོད་ལྟ་བུ་ཞིག་མཐོང་ཐུབ་པའི་སྐལ་བ་བཟང་པོ་དེ་ནི་ང་ལ་ད་བར་ཅིས་མ་ཐོབ། ཚོགས་བསགས་བསོད་ནམས་ཀྱི་འབྲས་བུ་ཅིས་མ་སྨིན་པ་ཡིན་ནམ། ཁྱོད་མཐོང་བ་ཙམ་ནས་ང་ནི་དགའ་དྲགས་ཤིང། ལྷག་པར་ཁྱོད་ཀྱི་ཆགས་པའི་ཟུར་མིག་དེས་ངའི་ལུས་སེམས་ལ་འདོད་པའི་ཆགས་གདུང་འཕེལ་བར་བྱེད། ཁྱོད་ཀྱི་ལང་ཚོའི་དཔལ་འདིས་ངའི་སྙིང་དང་ཡིད་དབང་རབ་ཏུ་འཕྲོགས་སོང་བས་ང་ནི་གཡོ་མེད་བེམ་པོ་འདྲ་བར་གྱུར་ནས་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར་སོང་བས་ཁྱེད་ལ་བཀུར་སྟི་ཇི་ལྟར་བྱེད་ཐུབ། ཡིན་ན་ཡང་གཞོན་ནུ་ཁྱེད་འདྲ་མཇལ་ན་རྩེད་འཇོའི་དགའ་སྟོན་འཁྲིག་པར་མི་དགའ་བ་སུ་ཞིག་ཡོད།  ཅེས་པའོ། །རྒྱན་ནི།  ༡ འགྱོད་པས་འགོག་པ། ༢ ཆོས་དཔེ། ༣ བྱ་བ་ལྷན་ཅིག  ༤ འགལ་གཟུགས། ༥ རབ་སྤེལ། གཟུགས་དཔེ་ཕུལ་བྱུང་དང་བཅས་པ། ༦ ངག་དོན་དཔེ་སྟེ། ཤིང་རྟ་སོགས་ལ་འཁོར་ལོ་ཆ་རེ་དང་ལུས་འདི་འདེགས་པ་ལའང་རྐང་པ་ཆ་རེ་དགོས་པ་བཞིན་དུ་ངེད་གཉིས་ནི་འཁྲིག་པའི་ལས་ལ་ཆ་མཐུན་ཡིན་ཞེས་པའི་དོན་ནོ། །
ཞེས་སྨྲས་ནས། དེ་གཉིས་ཀ་སྐྱེད་མོས་ཚལ་གྱི་དབུས་སུ་ཟླ་བ་ཆུ་ཤེལ་གྱི་རྡོ་ལ་འདུག་སྟེ་མེ་ཏོག་རྣམ་པར་བཀྲ་བ་དག་གིས་ནི་ལུས་བརྒྱན། །ཤིང་ཏོག་རབ་ཏུ་སྨིན་པ་བྱ་ངུར་པའི་མིག་ལྟར་སེར་བ་དག་ནི་ཟ། འཁྲི་ཤིང་གི་འདབ་མ་གཞོན་ནུས་བསིལ་བའི་རླུང་ནི་གཡབ་ཅིང། །ཕན་ཚུན་ཆགས་པའི་མིག་ཟུར་ལྟ་ཞིང་ངོ་མཚར་བའི་གཏམ་དང་རྩེད་འཇོ་རྣམ་པ་སྣ་ཚོགས་པ་ནི་འཆི་མེད་གྲོང་ན་གནས་པའི་དྲི་ཟ་བཞིན་བྱེད་དོ། །སྐབས་དེར་མེ་ཏོག་འཁྲི་ཤིང་ཅན་གྱིས་ཤིན་ཏུ་སྙན་པའི་གླུ་དང་རྒྱུད་མང་གི་སྒྲ་སྤེལ་ནས་བྱ་ཀ་ལ་པིངའི་སྒྲ་ཡང་ཟིལ་གྱིས་གནོན་པ་བཞིན་དུ་བྱས་ཏེ། །མཛའ་བོ་ལ་བསྔགས་པ། སྐབས་འདི་དག་ལ་སྒེག་པའི་ཉམས་ཀྱིས་ཁྱབ་བོ། །
   ཀྭ་ཡེ་འདི་ལྟའི་སྐལ་བ་ཅན། །རིགས་གཟུགས་ལང་ཚོ་ཕུན་ཚོགས་པ། །འཇིག་རྟེན་འདི་ན་ཡོད་མིན་ཏེ། །བྱེད་པོས་སྤྲུལ་པ་ཡིན་ནམ་ཅི།༡ །ཚ་ཟེར་མུན་པ་བཞིན་བྱེད་ལ། །མུན་པའི་ཁྲོད་དུ་སྣང་བ་བསྐྱེད། །སྐལ་བཟང་མིག་གི་བདུད་རྩི་སྟེ། །སྐལ་ངན་ལོང་བར་བྱེད་པ་མཚར།༢།དབང་པོའི་གཞུ་དང་ལེགས་སྤེལ་བའི། །རབ་དཀར་ཆུ་འཛིན་གཞོན་ནུ་ཞིག །ས་ཡི་སྟེང་དུ་བབས་པ་ན། །ཁྱོད་དང་མཚུངས་པར་འགྱུར་རམ་སྙམ། ༣།མི་མཐུན་རླུང་གིས་མི་གཡུ་ཞིང། །རབ་གསལ་བློ་མིག་དང་ལྡན་པས། །དེ་ཡིས་འགྲན་པར་མི་བཟོད་དེ། །རི་བོའི་རྩེ་ལ་བྲོས་སམ་ཅི།༤ །བཞིན་རས་ཟླ་བ་རྒྱས་འདྲ་མིག་ནི་པདྨའི་འདབ་ལྟར་ཡངས། །དུ་བ་འཁྱིལ་འདྲའི་ཐོར་ཚུགས་འགྲམ་པ་རི་དྭགས་རྒྱལ་པོ་བཞིན། །ཡན་ལག་པད་རྩ་ལྟར་འཇམ་བྱིན་པ་ཤ་ར་བྷ་དང་མཚུངས། །འགྲོ་འདི་རྒྱན་པར་བྱ་སླད་མཛེས་པ་ཐམས་ཅད་སྤུངས་པ་འདྲ།༥ །
དོན་ཇི་བཞིན་པ་ནི། ཀྭ་ཡེ་འདི་འདྲའི་སྐལ་བ་ཅན་རིགས་གཟུགས་ལང་ཚོ་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་འཇིག་རྟེན་འདི་ན་ཁྱོད་ལས་གཞན་ཞིག་མེད་དེ། ཁྱོད་ནི་ཚངས་པས་སྤྲུལ་པ་ཡིན་འདྲ། སྐལ་བཟང་ལས་ཅན་མིག་གི་ལོངས་སྤྱོད་མཆོག་ཏུ་འཐོབ་པ་ལས་སྐལ་ངན་རྣམས་ཀྱིས་མཐོང་མི་ཐུབ། བཞིན་བཟང་བ་མིག་ཡངས་པ། མཐོན་མཐིང་གི་ཐོར་ཚུགས་ཅན། འགྲམ་པ་རྒྱས་ཤིང་ཡན་ལག་འཇམ་པ། བྱིན་པ་ལེགས་པ་འདི་ནི་མཛེས་པ་ཐམས་ཅད་སྤུངས་པ་དང་འདྲ། ཞེས་པའོ། །རྒྱན་ནི། ༡ ཐེ་ཚོམ་ཕུལ་བྱུང། ༢ སྲིད་མིན་མཚར་རྒྱན། ༣ རྨད་བྱུང་དཔེ། ༤ དགག་པའི་རབ་རྟོག །དཔེ་ཅན་ལ་བསྟོད་པའི་སྒོ་ནས།  ༥ དཔེ་རྒྱན་སྤེལ་མ་སྟེ། ཆོས་དངོས་བྱུང་མིན་དཔེ་དང་བཅས་སོ། །
དེས་ཀྱང་ཡིད་དུ་འོང་བའི་འཛུམ་གྱིས་མཆུའི་ཡལ་འདབ་བཀྲུས་ཏེ་དགའ་མ་ལ་དང་བའི་བཞིན་གྱིས་སྨྲས་པ། འཛུམ་གྱིས་བཀྲུས་པ་ཞེས་པ་ནི་ཏིང་འཛིན་རབ་རྟོག་སྟེ། དོན་ནི་མཆུ་འདབ་ལས་སོ་དཀར་བསྟན་པའི་ཚུལ་ལོ། །
མཛེས་མ་བཞིན་གྱི་མེ་ལོང་ལ། །བདེ་འབྱུང་གཙུག་རྒྱན་འཕོས་སམ་ཅི། །ཐིག་ལེ་མཆོག་མའི་ལང་ཚོ་རྣམས། །མ་ལུས་ཁྱོད་ཀྱིས་འཕྲོག་པ་སྙམ།༡ །གངས་རིའི་རྩེ་མོ་བཞུ་བ་ཡི། །ཁུ་བས་ཁྱོད་ཀྱ་ལུས་ལ་བྱུགས། །མཚམས་སྤྲིན་དམར་བའི་ལི་ཁྲི་ལ། །མཁུར་ཚོས་སྨུག་རྩི་བྱས་སམ་ཅི།༢ །ནུ་འབུར་རྒྱས་པའི་དངུལ་བུམ་དང་། །མཚང་ར་རིན་ཆེན་སྟེགས་བུ་ཡི། །བར་ན་སྐེད་པའི་ཆུ་སྐྱེས་ནི། །ཡོད་མེད་ད་དུང་ཐེ་ཚོམ་འཛིན། ༣།རབ་དཀར་སོ་ཡི་ཕྲེང་བ་ཡི། །འོད་ཀྱས་རྒྱུ་སྐར་ཟིལ་མནན་ཏེ། །པད་མ་རཱ་ག་ལྟར་དམར་མཆུ། །གློག་ཕྲེང་མཛེས་པ་ཕམ་བྱེད་བཞིན།༤ །སྡིག་མེད་གནས་ཀྱི་བུ་མོ་དང་། །མཛེས་སྡུག་སྲང་ལ་གཞལ་བ་ལས། །ཁྱོད་ཉིད་ལྷག་པར་ལྕི་བ་ཡིས། །ནོར་འཛིན་སྟེང་དུ་ལུས་སམ་སྙམ།༥ །ཁྱོད་དང་བསིལ་ཟེར་མཚུངས་སོ་ཞེས། །སྲེད་ལྡན་ཀུ་མུད་ཚོགས་ཀྱིས་བསྒྲགས། །དེ་ཚེ་འགྲན་པར་མ་ནུས་པས། །ཟླ་རྒྱས་ཞུམ་པར་གྱུར་པ་བཞིན།༦ །ཁྱོད་ཀྱི་མིག་དཀྱུས་རིང་ཞིང་གསལ་བས་མིག་གི་དཔལ་ཉམས་རི་དྭགས་དང་། །མཁུར་ཚོས་དམར་བའི་སྨུག་རྩིའི་འོད་ཀྱིས་དྲེགས་པ་ཞུམ་པའི་མཚམས་སྤྲིན་དང་། །སེད་ངོས་ཕྲ་ཞིང་ཡན་ལག་མཛེས་པས་སྐྱེངས་པའི་ཙན་དན་འཁྲི་ཤིང་རྣམས། །སྙེམས་པ་བཏང་ནས་ནུབ་རིའི་ངོགས་ལ་བྲོས་ཏེ་འཁོད་པ་མ་ཡིན་ནམ།༧ །ཞེས་སོ། །དེ་ལྟར་གླུ་གར་དང་རྩེད་མོ་རྣམ་པ་སྣ་ཚོགས་པ་ལ་སྤྱོད་ཅིང་ཡུན་རིང་དུ་དེ་ན་འདུག་པ་འབངས་མོ་དང་། །ཕུ་བོ་གཉིས་ཀྱིས་ཀྱང་མཐོང་ནས་མཚར་ཞིང་ཡིད་གཡོ་བར་གྱུར་ཏོ། །
དོན་ཇི་བཞིན་པ་ནི། ཀྱེ། མཛེས་མ་བཞིན་བཟང་མ། ལུས་རབ་ཏུ་དཀར་ལ་མཁུར་ཚོས་དམར་བ། ནུ་འབུར་རྒྱས་པ། མཚང་ར་ཡངས་ལ་སྐེད་པ་ཤིན་ཏུ་ཕྲ་བ། རབ་དཀར་སོ་ཡི་ཕྲེང་བས་དམར་བའི་མཆུ་སྒྲོས་བརྒྱན་པ། མིག་དཀྱུས་རིང་ཞིང་གསལ་བ་ཁྱོད་ཀྱིས་མཛེས་པ་ཐམས་ཅད་ཟིལ་གྱིས་གནོན། ཞེས་པའོ། །རྒྱན་ནི། ༡ རབ་སྤེལ། གཟུགས་ཐེ་ཚོམ་དཔེ་རབ་རྟོག་དཔེ། ༢ རབ་རྟོག་དཔེ། ༣ གཟུགས་ཅན་ཐེ་ཚོམ་ཕུལ་བྱུང།། ༤ ཟིལ་གནོན་དཔེའམ་གཟི་བརྗིད་ཅན་དཔེ། ༥ བསྡུར་བའི་རབ་རྟོག །སྡིག་མེད་གནས་ནི་ལྷ་ཡུལ་ལོ། །༦ རབ་སྤེལ། དཔེ་གཟུགས་རབ་རྟོག ༧ དཔེའི་རབ་རྟོག
   དལ་གྱིས་འབངས་མོ་ཉེ་བར་འོངས། ཇོ་མོ་གཤེགས་པར་མཛོད་ཅེས་བསྐུལ། །ཁྱོད་ཀྱི་བདག་པོ་ཁང་བཟང་ན། །དགའ་མའི་གཟུགས་ལ་སེམས་ཞིང་གནས།༡ །དུས་མཐའི་སྤྲིན་ལྟར་ངམ་ནག་པའི། །སྒྱུག་མོའི་སྤྱོད་ཚུལ་མི་ཤེས་སམ། །ཚིག་རྩུབ་སེར་བས་མ་བཅོམ་པ། །དེ་སྲིད་ཁྱིམ་དུ་འཇུག་པར་རིགས།༢ །དེ་ཐོས་མཚན་མོའི་ཆུ་སྐྱེས་བཞིན་དུ་གྱུར། །སྲེད་ལྡན་མ་དེས་མེ་ལོང་ས་ལ་གཙུགས། །རྡོ་ལེབ་སྟེང་དུ་ཀུནྡ་ཟུང་གཅིག་བཞག །ཟླ་ཤར་སྐྱེད་ཚལ་རྩེ་དགའ་རབ་མཚོན་ནས་༣ ་ཡིད་ནི་གཞོན་ནུའི་གདོང་ལ་ལེགས་བཀོད་དེ། །ཟོལ་གྱི་གོམ་པས་རང་གི་གནས་སུ་སོང། །སྨིན་མའི་གཞུ་བཀང་ཟུར་མིག་མེ་ཏོག་མདའ། །མཛའ་བོའི་འབེན་ལ་ཕྱིར་བལྟས་ཡང་ཡང་འཕེན།༤ །སྙིང་ནི་དགའ་མའི་རྗེས་སུ་རབ་སོང་བས། ཁང་སྟོང་བཞིན་དུ་གཡོ་མེད་ལུས་ཅན་དེ། །དྲན་པའི་གླེགས་བུར་མཛེས་སྡུག་ཟླ་བའི་གཟུགས། །ཀུན་རྟོག་པིར་གྱིས་འབྲི་ཞིང་དལ་གྱིས་རྒྱུ།༥
དོན་ཇི་བཞིན་པ་ནི། གཡོག་མོ་དེ་ག་ལེར་ཉེ་སར་འོངས་ནས། ལྕམ་མོ་ད་ཕེབས་རོགས་གནང།། ཁྱོད་ཀྱི་ཁྱོ་གས་ཁང་བཟང་ནང་ན་རང་གི་དགའ་མ་མཛེས་མ་དྲན་བཞིན་ཡོད། གཏུམ་དྲག་ཅན་སྒྱུག་མོའི་སྤྱོད་ཚུལ་ལོས་ཤེས། གཤེ་གཤེ་མ་བཏང་གོང་རང་ཁྱིམ་ལ་ལོག་ན་བཟང།། ཞེས་བཤད་པ་དང། མཛེས་མའི་གདོང་མདོག་གློ་བུར་འགྱུར་ཏེ་རང་གི་མེ་ལོང་ས་ལ་བསླངས་ཤིང་རྡོ་ལེབ་ཐོག་ལ་མེ་ཏོག་ཀུན་ད་གཉིས་བཞག་སྟེ། (དགོང་མོར་གནས་དེར་ཐུག་རྒྱུའི་བརྡ་བཏང་ནས།) སེམས་གཞོན་ནུ་ལ་ཆགས་བཞིན་བསླུ་བའི་སྒེག་འགྲོས་ཀྱིས་ཕྱི་མིག་གི་མིག་ཟུར་ཡང་ཡང་ལྟ་བཞིན་རང་གནས་སུ་སོང་བ་ན། སེམས་དགའ་མའི་རྗེས་སུ་ཤོར་བའི་འདོད་ལྷའི་བུ་ནི་ལུས་འགུལ་ཙམ་ཡང་མེད་པར་ལུས་ན་ཡང་ཡིད་ལ་མཛེས་མ་དེ་ཡང་ཡང་འཁོར་ཞིང་བསམ་མོ། །ཇོ་མོ་ཞེས་པ་ནི་འདིར་གཙོ་མོ་དང་བདག་མོ། ལྕམ་མོ་ཞེས་པའི་ཞེ་སའོ། །དུས་མཐའ་ནི་བསྐལ་བ་འཇིག་པའི་དུས། སྒྱུག་མོ་ནི་འདིར་ཁྱོ་ག་དེའི་ཨ་མར་གོ །ཟོལ་ཞེས་པ་འདིར་བསླུ་བའི་རྣམ་པའོ། །རྒྱན་ནི། ༡ བྱ་བ་ཙམ་རང་བཞིན་བརྗོད་པ། ༢ དཔེ་གཟུགས། ༣ ཟུར་གྱི་ངེས་བསྟན། བརྡ་དོན་སྨྲས་པས་སོ།  ། ༤ རྣམ་པའི་ཕྲ་མོ། ཡན་ལག་གཉིས་གཟུགས་དང་བཅས་པ། ༥ དཔེ་གཟུགས་སྤེལ་མ། ཕྱི་ལུས་ལས་ནང་སེམས་པ་མེད་པས་ཁང་སྟོང་བཞིན་ནང་སྟོང་པ་དང་གཡོ་བ་མེད་པ་ནི་མཚུངས་ཆོས་ཏེ་དངོས་ཤུགས་གཉིས་ལྡན་གྱི་དཔེ་དང། ལྡན་གཟུགས།
དེ་ནས་གཞོན་ནུ་འདོད་ལྷའི་བུ་དང་། གཞོན་ནུ་དྲག་པོ། མུན་པ་ཅན་བཅས་ལྷན་ཅིག་སྐྱེད་ཚལ་ན་རྩེ་ཞིང་། ད་ནི་ཉི་མ་ཡང་ཡོངས་སུ་གྱུར་གྱི་མྱ་ངན་མེད་པའི་ཚལ་འདི་ཉིད་དུ་ཉལ་བའི་གནས་བརྟག་པར་བྱའོ། །ཞེས་སྨྲ་ཞིང་འདུག་གོ །
ཉི་མ་ཡོངས་སུ་གྱུར་ཅེས་པ་ནི་ཉི་མ་ནུབ་པ་དང། མྱ་ངན་མེད་པའི་ཚལ་ནི་སྐྱོ་སེམས་སངས་པའི་ཉམས་དགའ་བའི་ཚལ་ལོ། །
    སྐབས་དེར་ཉིན་མོའི་བདག་པོ་ནི། །རྟ་ལྗང་བདུན་གྱིས་དྲངས་པ་ཡི། །རིན་ཆེན་ཤིང་རྟ་རབ་བསྐྱོད་ནས། །རྒྱུ་སྐར་ལམ་ལས་ཡང་དག་གཤེགས།༡ །འཛམ་གླིང་ཉེས་པས་སུན་བྱུང་སྟེ། །གཞན་དུ་འགྲོ་བར་བརྩམས་པ་ལས། །འདབ་བརྒྱའི་ཚལ་ལ་ཆགས་པ་ཡིས། །ཕྱིར་ཡང་ལྟ་བར་བྱེད་པ་བཞིན།༢ །ཐུན་མཚམས་གོས་དམར་གྱིས་གཡོགས་པའི། །ནུབ་ཀྱི་རི་རྩེར་དལ་གྱིས་བབས། །གསེར་གྱིས་མཚན་པའི་སྟེགས་བུ་ལ། །མར་གད་བུམ་པ་བཀོད་པ་བཞིན།༣ །དེ་ནས་བ་གླང་སྤྱོད་གླིང་གི །སྐྱེ་འགྲོའི་སྐལ་བས་བོས་པ་ལྟར། །འོད་ཟེར་འབར་བའི་གྲུར་ཞུགས་ནས། །ནུབ་ཀྱི་ཆུ་གཏེར་ཆེན་པོར་སོང།༤ །དེ་མཐོང་དུས་ལ་བབས་ཤེས་ནས། །གཞན་དུ་འགྲོ་བའི་ཟོལ་གྱིས་ནི། །དགའ་མའི་གྲོང་འདབ་སྐྱེད་ཚལ་དུ། །འདོད་ལྷའི་བུ་ནི་རབ་ཏུ་ཞུགས།༥ །མཛེས་མ་རྐང་པའི་སྨྱུག་རྩི་ཡི། །གུར་གུམ་གྱིས་བྱུགས་ས་གཞི་དེར། །སོ་རྩི་འཕོ་བའི་མེ་ཏོག་གི །དྲི་བཟང་སྣོམ་ཞིང་དེ་ན་འདུག༦ །དེ་ནས་ནམ་མཁའི་གྲིབ་མ་བཞིན། །མུན་པའི་བླ་རེས་ཁེབས་པར་གྱུར། །ཕྱོགས་ཀུན་རི་དྭགས་མིག་ཅན་ལ། །མིག་སྨན་ཚོན་གྱིས་བྱུགས་པ་བཞིན།༧ །མཚན་མོ་སྲིན་པོའི་རལ་གྲི་ཡིས། །ཉིན་མའི་སྣང་བ་གཏུབས་པ་ཡི། །ཕྱེ་མ་མཁའ་ལ་གཏོར་བ་ལྟར། །སྐར་མའི་ཚོགས་ཀྱིས་རབ་ཏུ་གང།༨ །མིག་ལྡན་ལོང་བ་བཞིན་དུ་གྱུར། །ཉིན་མོ་ལྡོང་བའི་སྣང་བ་འཕེལ། །ལུས་ཅན་བདེ་བའི་མལ་དུ་ཉལ། །ཡིད་ནི་རྨི་ལམ་གྲོང་འདབ་རྒྱུ།༩ །དལ་གྱིས་ནམ་མཁའི་གྲོང་ཁྱེར་དུ། །ཟླ་འཆར་སྣང་བ་གསལ་བ་ནི། །སྔོ་བསངས་ལྡན་པའི་དགའ་མ་ལ། །གོས་དཀར་གྱིས་ནི་གཡོགས་པ་འདྲ།༡༠ །དེ་ནས་ཤེལ་གྱི་གཞལ་མེད་ཁང། །བསིལ་ཟེར་དྲྭ་བས་རབ་དཀྲིགས་པ། །སྐྱེ་འགྲོའི་བསོད་ནམས་གཟུགས་ཅན་བཞིན། །མཚན་མོའི་དབང་ཕྱུག་མངོན་པར་བཞད།༡༡ །དེ་ཚེ་ཡིད་བཞིན་ཆུ་གཏེར་རྣམས་སུ་ཁྲུས་ཀྱི་སླད་དུ་བབས་པ་ལྟར། །ཀུན་དགའི་གཟུགས་བརྙན་རབ་ཏུ་སྣང་བས་ཆུ་ཡང་འོ་མ་བཞིན་དུ་བྱས། །བདུད་རྩིའི་འོད་ཀྱིས་འགེངས་པར་བྱེད་བཞིན་ཕྱོགས་ཀུན་རབ་ཏུ་སྣང་ལྡན་པས། །སྐར་མའི་ཚོགས་དང་ཀུ་མུད་ཚལ་རྣམས་དགའ་བ་ཅི་ཡང་རྒྱས་པར་གྱུར།༡༢ །བདག་པོ་གཉིད་ཀྱི་སྐབས་ཐོབ་པའི། །བུ་མོ་མེ་ཏོག་འཁྲི་ཤིང་ཅན། །རྐང་གདུབ་འཁྲོལ་བའི་སིལ་སྙན་གྱིས། །མཛའ་བོ་སྦྲོན་བཞིན་ཚལ་དེར་འོངས།༡༣ །མཁའ་དང་ཆུ་ཡི་ཟླ་བ་ལ། །འགྲན་པ་བཞིན་དུ་ལུས་མཛེས་གཉིས། །མཚན་མོ་མུན་པ་བྲལ་བ་དང། །ཟླ་བའང་མུན་པ་ལྟ་བུར་བྱེད།༡༤ །
དོན་ཇི་བཞིན་པ་ནི། སྐབས་དེར་ཉི་མ་ག་ལེར་ནུབ་རིའི་རྩེར་སླེབས་པ་དང་སྲོད་ཀྱི་མཚམས་སྤྲིན་དམར་པོས་མཛེས་པར་གྱུར་ཅིང། རིམ་པས་ནུབ་པར་གྱུར་བ་ན། འདོད་ལྷའི་བུས་ད་ནི་དུས་ལ་བབས་པ་ཤེས་ནས་གཞན་ཞིག་ལ་འགྲོ་བའི་ཁུལ་གྱིས་དགའ་མ་གང་གི་གྲོང་སྡེའི་འདབས་ཀྱི་སྐྱེད་ཚལ་དུ་སོང་ནས། མཛེས་མའི་རྐང་པའི་སྨྱུག་རྩིའི་གུར་གུམ་གྱིས་བྱུགས་པའི་ས་གཞི་དེར། མཛེས་མའི་སོ་རྩི་འཕོ་བའི་མེ་ཏོག་གི་དྲི་བཟང་ལ་སྣོམ་ཞིང་བསྡད། དེ་ནས་ནམ་མཁའ་ཚང་མ་མུན་པས་ཁྱབ་པར་གྱུར་ཅིང་སྐར་མའི་ཚོགས་ཀྱིས་རབ་ཏུ་གང་བར་གྱུར་བས། ཅི་ཡང་མི་མཐོང་ན་ཡང་འུུག་པའི་མིག་ཇེ་གསལ་དུ་གྱུར་ཅིང་། སེམས་ལྡན་ཚང་མ་རང་རང་གི་བདེ་བའི་མལ་དུ་ཉལ་ཞིང་རྨི་ལམ་རྨིའོ། །དེ་ནས་དལ་གྱིས་གནམ་མཐའ་ནས་ཟླ་བ་འཆར་ཁའི་སྣང་བས་སྔོ་བསངས་ནམ་མཁའི་མདངས་ཀྱང་སྐྱ་བོར་གྱུར་ནས་འོད་དཀར་རབ་ཏུ་འཕྲོ་བའི་ཟླ་བ་ཡོངས་སུ་ཤར་རོ། །དེའི་ཚེ་ན་ཆུ་གཏེར་ངོས་ཀྱི་ཀུ་མུད་ཚལ་རྣམས་ཀྱང་བཞད་པར་གྱུར་ཅིང་། ཁྱོ་ག་གཉིད་ལ་ཤོར་བའི་གོ་སྐབས་ཐོབ་པའི་བུ་མོ་མེ་ཏོག་འཁྲི་ཤིང་ཅན་ཡང་རྐང་གདུབ་འཁྲོལ་བའི་སིལ་སྙན་དང་བཅས་ཚལ་དེར་འོངས་ནས་ཐུག །ཅེས་པའོ། །རྒྱན་ནི། ༡ དུས་ཤེས་བྱེད་རྒྱུ། ༢ སེམས་མེད་རབ་རྟོག ༣ ངག་དོན་དཔེ། ༤ རབ་རྟོག་གཟུགས་ཅན། ༥ འོས་པའི་ཆ། ༦ གཅིག་གཟུགས། མཛེས་ལྗོངས་དང་བྱ་བ་རྩོམ་པ་གཉིས་དོན། ༧ དཔེའི་རབ་རྟོག ༨ གཟུགས་ཅན་རབ་རྟོག ༩ ཡོན་ཏན་འགལ་བ། ༡༠ ངག་དོན་དཔེ། ༡༡ བྱུང་མིན་དཔེ། ༡༢ རབ་སྤེལ། རབ་རྟོག་དང་དཔེ་བྱ་བ་ལྷན་ཅིག་དང་བཅས་པའོ། །༡༣ ཏིང་འཛིན་རབ་རྟོག ༡༤ ཁྱད་འཕགས་དཔེ། འདིར་གཞོན་ནུ་ཟུང་མཛེས་པ་ནི་མཁའ་ཟླ་དང་ཆུ་ཟླ་བཞིན་དཀར་ཞིང་མཛེས་པ་མཚུངས་ཤིང་། དེ་འདྲའི་དཀར་མཛེས་ལྷན་ཅིག་པ་དེས་མཚན་མོའི་ནམ་མཁའ་མུན་པ་སེལ་བ་དང་ཟླ་བའི་འོད་ཀྱང་ནག་པོར་བྱེད་ཅེས་འུད་ཆེན་པོས་བརྗོད་པའི་དཔེ་ཡིན་པས་དོན་ལ་ཕུལ་བྱུང་དཔེ་ཡིན་མོད། བརྗོད་སྟངས་མི་འདྲ་ཞིང་འདིར་དཔེ་ཅན་དཔེ་ལས་རབ་ཏུ་འཕགས་པའི་ཚུལ་དུ་བསྔགས་པས་ན་ཁྱད་འཕགས་དཔེ་ཞེས་བྱའོ། །
༣༽ གཞན་གྱི་ཆུང་མར་ལོག་གཡེམ་བྱས་པས་མཚོན་བུད་མེད་ལ་ཆགས་པའི་གཞན་དབང་དུ་གྱུར་བའི་ཉེས་དམིགས་དངོས་བསྟན་པའི་ཚུལ་ནི།
    དེ་ལྟར་གཞོན་ནུ་འདོད་ལྷའི་བུ་དང་གཞོན་ནུ་མ་མེ་ཏོག་འཁྲི་ཤིང་ཅན་གཉིས་སྐྱེད་མོས་ཚལ་དེར་འདུས་ཏེ་རྡོ་ལེབ་ཡངས་པའི་སྟེང་དུ་སྟན་སྲབ་མོ་བཏིང་པ་ལ་འདུག་ནས། བཟའ་བ་དང་བཅའ་བ་ཅུང་ཟད་དག་ལོངས་སྤྱོད་ཅིང། སྒྲ་ཆེན་པོ་མ་ཡིན་པའི་གླུ་གར་བྱས་ནས། མལ་སྟན་དེ་དག་ལ་བདེ་བར་ཉལ་ཏེ། འདོད་པ་དག་ཡོངས་སུ་བསྟེན་པར་བྱེད་དོ། །འདོད་པ་དག་ཡོངས་སུ་བསྟེན་པར་བྱེད་ཅེས་པ་ནི་འཁྲིག་པའི་བྱ་བ་དག་ལའོ། །
དེ་ཚེ་འདོད་པས་རབ་ཚིམས་ཀྱང། །དགའ་བས་ངོམས་པ་མེད་པ་བཞིན། །ཆགས་པས་གཡོ་བའི་སེམས་ལྡན་མ། །ངལ་བས་གཡོ་བ་མེད་བཞིན་འགྱུར།༡ །དཔལ་མོའི་མཆུ་ཡི་བིམ་པ་ལས། །མཆིལ་མའི་སྦྲང་རྩི་བཏུང་པ་ཡིས། །མྱོས་པ་བཞིན་དུ་འདོད་ལྷའི་བུ། །འཕྲལ་དུ་གཉིད་ནི་རབ་ཏུ་བསྟེན།༢ །བདེ་བའི་ཁུར་གྱིས་དུབ་པ་ཉིད། །གཉིད་ཀྱི་ངལ་གསོ་ཐོབ་པ་དེ། །འབབ་ལྡན་ཤུགས་དང་བྲལ་བ་ཡི། །འཁོར་ལོ་ལྟ་བུ་དེ་ན་མཛེས།༣ །དལ་གྱིས་སྲེད་ལྡན་དེ་གཉིས་ཀྱི། །ངན་སྤྱོད་འགྲོ་ལ་སྟོན་པ་བཞིན། །སྐྱ་རེངས་ལྡན་པའི་མེ་ལོང་ནི། །ཤར་གྱི་ཕྱོགས་ནས་སྣང་བར་གྱུར།༤ །དེ་དང་ལྷན་ཅིག་འདོད་པ་ཡི། །རྩེ་དགའི་སྲོག་གཅོད་སྲིན་མོ་བཞིན། །སྒྱུག་མོ་ཉེ་བར་མངོན་ཕྱོགས་པའི། །རྐང་པའི་སྒྲ་ནི་མི་སྙན་ཐོས་༥ ་བདག་པོའི་ཁང་བཟང་བོར་ནས་ནི། །རྐུན་པོའི་གྲོང་རུམ་རྒྱུ་བྱེད་མ། །གཡོ་ཅན་མ་དེ་གར་སོང་ཞེས། །ཚིག་རྩུབ་དུག་མདའ་འཕངས་གྱུར་པ་༦ ་ཆགས་ལྡན་གཉིས་ཀྱི་སྙིང་ལ་ཟུག །འཇིགས་པའི་སྤུ་ལོང་རྩུབ་མོ་གཡོས། །ཡུན་རིང་འགྲོགས་པའི་བདེ་བ་ལས། །བརྒྱ་འགྱུར་ལྷག་པའི་སྡུག་བསྔལ་ལྷུང།༧ །འབྲལ་བའི་མེ་ཡིས་རབ་གདུངས་པས། །བརྟན་པའི་གངས་རི་བཞུ་བ་བཞིན། །མཆི་མའི་ཆུ་རྒྱུན་མྱུར་འབབ་པས། །ནུ་མའི་བུམ་པ་རབ་ཏུ་བཀྲུས།༨ །ཆུ་སྲིན་ཆེན་པོས་རུས་སྦལ་ལྟར། །དབང་བྲལ་མ་དེ་སྒྱུག་མོ་ཡིས། །རབ་ཏུ་བཟུང་ནས་ཡན་ལག་བཅིངས། །ཤིང་བལ་བཞིན་དུ་བརྡུངས་པར་གྱུར།༩ །དབུགས་ཀྱིས་མགྲིན་པ་རབ་རྒྱས་ཤིང། །འདར་བའི་ལུས་ཅན་འདོད་ལྷའི་བུ། །མི་མཐུན་རླུང་གིས་བདས་པ་བཞིན། །སྐྲག་པས་ཤིན་ཏུ་མྱུར་བར་བྲོས། །༡༠
དོན་ཇི་བཞིན་པ་ནི། དེ་ཚེ་འདོད་པས་ཚིམས་ཀྱང། དགའ་བས་མི་ཚིམ་པ་ལྟར་ཆགས་པས་གཡོ་བའི་སེམས་ལྡན་མ་དེ་ཡང་འདོད་པའི་སྒྱུ་རྩལ་ངོམ་པ་ལ་བྲེལ་བས་ལུས་ངལ་བར་གྱུར་ནས་གཡོ་འགུལ་མེད་པ་ལྟར་གྱུར་ཅིང། མཛེས་མའི་མཆུ་སྒྲོས་ལས་འགྲམ་ཆང་བཏུང་བས་ར་བཟི་བ་བཞིན་དུ་འདོད་ལྷའི་བུ་ཡང་ལམ་སང་གཉིད་ཁུག དེ་ནས་ག་ལེར་སྐྱ་རེངས་ཤར་ནས་ནམ་ལངས་པ་དང་ལྷན་ཅིག་སྒྱུག་མོ་གང་དེས་མནའ་མ་མེད་པ་ཤེས་ཏེ་བཙལ་ནས་ཁོ་གཉིས་ཀའི་ཉེ་བར་སླེབས་པའི་རྐང་པའི་སྒྲ་ནི་མི་སྙན་པ་ཐོས་ཤིང། རང་ཁྱིམ་སྤངས་ཏེ་རྐུན་པོའི་གྲོང་དུ་འཁྱམ་པའི་གཡོ་ཅན་མ་དེ་གང་དུ་སོང་ཞེས་པའི་ཚིག་རྩུབ་དྲག་པོ་དེ་ཆགས་ལྡན་གཉིས་ཀྱི་སྙིང་ལ་ཕོག་སྟེ་འཇིགས་པའི་བ་སྤུ་གཟེངས་ཤིང་ཁ་འབྲལ་བའི་སེམས་སྡུག་གིས་མཆི་མ་ཡང་བཞུར། སྒྱུག་མོས་མེ་ཏོག་འཁྲི་ཤིང་མ་བཟུང་ནས་ཡན་ལག་རྣམས་བཅིངས་ཏེ་བརྡུངས་པས་འདོད་ལྷའི་བུ་ནི་སྐྲག་ནས་དབུགས་ཀྱིས་མིད་པ་བརྣངས་ཏེ་འདར་ཅིང་ཕྱིར་བལྟས་མེད་པར་མྱུར་བར་བྲོས། །ཞེས་པའོ། །རྒྱན་ནི། ༡ གཞི་གཅིག་གི་ཡོན་ཏན་དང་བྱ་བ་འགལ་བ། རྫས་བར་གསལ་དང་དཔེ་ཡང་ངོ་། ༢ ངག་དོན་གཟུགས་ཅན། ༣ ངག་དོན་དཔེ། འབབ་ལྡན་ནི་རྒྱུག་ཆུ་དང།། འཁོར་ལོ་ཞེས་པ་འདིར་ཆུ་འཁོར་རོ་། ༤ སེམས་མེད་རབ་རྟོག ༥ ཆོས་དཔེ། ༦ དང། ༧ ལྷན་དུ། དྲང་བརྗོད་དང་གཟུགས་ཅན། ལྡོག་ཕྱོགས་སྡུར་རྒྱན་བཅས་རབ་སྤེལ་ལོ། །གྲོང་རུམ་ཞེས་པ་ནི་གྲོང་གི་ནང་ངོ། །སྤྱིར་རུམ་ནི་ཨམ་ཕྲག་དང་ཉལ་སའི་ནང་དང་། ཨ་མས་ཕྲུ་གུ་རུམ་ལྟ་བུ་ནི་ཉལ་སའམ་ཨམ་ཕྲག་ནང་ལ་ཉར་བའོ། །༨ ངག་དོན་གཟུགས་ཅན་ཏིང་འཛིན་རབ་རྟོག་དང་བཅས་པ་སྟེ། འབྲལ་གདུང་མེ་འབར་བ་དང། བརྟན་པ་སྟེ་ཡིད་གངས་རི། མིག་ཆུ་ཆུ་བོ། ནུ་མ་བུམ་པ་བཅས་ཀྱི་གཟུགས་སུ་བཀོད་ཅིང་དེ་དག་ཀྱང་ངག་དོན་དུ་གྲུབ་པ་དང། ཆུ་རྒྱུན་གྱིས་བུམ་པ་དག་ཞེས་པའི་དོད་ལ་བཀྲུས་ཞེས་བརྗོད་པ་ནི་ཏིང་འཛིན་རབ་རྟོག་གོ །༩ ངག་དོན་དཔེ་དང་ཆོས་དཔེ། ༡༠ འཇིགས་ཉམས་དང་བཅས་པའི་ངག་དོན་དཔེ།
   དེ་ལྟར་གཞོན་ནུ་འདོད་ལྷའི་བུ་སྐྲག་པའི་ཤུགས་དང་བཅས་ཏེ་འོངས་པ་ཕུ་བོ་གཉིས་ཀྱིས་ཀྱང་ཚོར་ནས་རྟབ་རྟབ་པོར་༡གྱུར་ཏེ། རིངས་པ་རིངས་པར་༢ལངས་ནས་སྤུན་གསུམ་པོ་ཕྱོགས་དེ་ཉིད་ནས་དོང་བ་༣དང་འཇིགས་པའི་གཟི་བྱིན་གྱིས་བརྟན་པ་དང་རྣམ་དཔྱོད་ཀྱི་བློ་ནི་རབ་ཏུ་ཉམས། ནམ་ལང་དུ་ཉེ་བའི་སྣང་བ་ཧ་ཅང་གསལ་བ་མ་ཡིན་པས་ལམ་མཚོན་དཀའ་བར་གནས་པ་ལ་མིག་ཀྱང་མི་ལྟ་བར། གོམ་པ་གྱ་ཚོམ་༤དུ་འདོར་ཞིང་རྒྱུག་པར་བྱེད་དོ། །དེའི་ས་ཕྱོགས་དེ་ན་འབབ་ཆུ་ཤིན་ཏུ་དྲག་པོ་ཞིག་འདུག་པ་ལ་ཚམ་ཚོམ་༥དུ་བརྒལ་བ་ལས། ཆུ་དེའི་ཤུགས་ཀྱིས་དེ་དག་ཁྱེར་བར་གྱུར་ཏོ། །དེའི་ཚེ་རྦ་ཀློང་མི་བཟད་པས་རབ་ཏུ་དཀྲུགས་ཤིང་གཅོང་རོང་གི་རྡོ་རྣོན་པོ་ལ་ཡང་ཡང་བརྡབས་པས་ཟུག་རྔུ་དཔག་ཏུ་མེད་པ་མྱོང་སྟེ། ཆོ་ངེ་༦ཆེན་པོ་བཏབ་པ་དང། འབབ་ཆུ་དེ་དང་ཉེ་བའི་ཤིང། །གྲོ་དྷའི་༧བསྟི་གནས་གཅིག་ན་ནུ་བོ་གསུམ་འདུག་པས། སྒྲ་དེ་ཚོར་ནས་འདི་ཅི་ཡིན་ཞེས་བརྟགས་པར། །སྐྱེ་བོ་འཇིགས་པས་ཉེན་པའི་སྨྲེ་ངག་དྲག་པོར་རིག་ནས། སྙིང་བརྩེ་བའི་དབང་གིས་ཆུ་ཀླུང་དེ་ག་ལ་བ་དེར་ཕྱིན་པ་དང་ཕུ་བོ་གསུམ་དེ་ལྟར་གྱུར་པ་མཐོང་ནས་ཐེ་ཚོམ་མེད་པར་བདག་ཉིད་ཆུའི་ནང་དུ་ཞུགས་ཏེ། ལུས་སྟོབས་ཆེན་པོས་དེ་དག་བཀག་ཅིང་བཟུང་ནས་འགྲམ་དུ་ཕྱིན་པར་བྱས་སོ། །དེར་ཆུའི་རླབས་ཀྱིས་བརྣངས་༨ཤིང་ལྟོ་བ་ཁེངས་ཏེ་དྲན་པ་ཉམས་པ་དེ་དག་འཁྲི་ཤིང་གི་ཡལ་ག་དུད་པ་ལ་བཀལ་ནས་ཆུ་རྣམས་བཙགས་ལ། འབྲུ་མར་གྱི་བྱུག་པའང་བྱས། དལ་གྱིས་དྲན་པ་རྙེད་པ་དང་ཤིང་ནྱ་གྲོ་དྷའི་བསྟི་གནས་དེར་ཁྲིད་ནས་རབ་ཏུ་དགའ་ཞིང་ཡིད་བདེ་བར་གྱུར་བཞིན་དུ་འཁོད་དོ། །གཞོན་ནུ་དེ་དག་ཀྱང་རང་གི་སྲོག་རྙེད་པས་དགའ་བ་ཆེན་པོ་ཐོབ་པའི་བཞིན་གྱི་འཛུམ་ཟེར་ཤིན་ཏུ་གསལ་བ་ནི། དེའི་ཚེ་ཉི་མ་འཆར་ཁའི་འོད་ཀྱི་དྲྭ་བས་རབ་ཏུ་མཛེས་པ་ཤར་གྱི་ཕྱོགས་ནས་སྣང་བར་གྱུར་པ་དེ་དང་འགྲན་པ་བཞིན་དུ་འདུག་གོ༡།
མིང་འགྲེལ། ༡ བྲེལ་འཚུབ་ངང། ༢ མྱུར་བ་མྱུར་དུ། ༣ སོང་བ། ༤ གང་བྱུང་དུ། ༥ ཐེ་ཚོམ། ༦ ངུ་འབོད། ༧རྐང་མང་ཤིང་། ༨ མིད་པ་འགགས་པ་ལྟ་བུ། རྒྱན་ནི། རང་བཞིན་བརྗོད་པ་དང་། ༡ དཔེའི་གཟུགས་ཅན་ནོ། །
    དེ་ནས་གཞོན་ནུ་དགེ་བ་ཅན་གྱིས་སྨྲས་པ། གྲོགས་པོ་དག་བདག་གིས་སྔོན་དུ་སྨྲས་པའི་ཚིག་བདེན་པ་ཉིད་དུ་མ་གྱུར་ཏམ་ཅི། བདེན་པར་སྨྲ་ལ་ཡིད་མི་རྟོན། །ཉེས་པའི་ལས་ལ་སྤྲོ་བས་ཞུགས། །རང་གི་སྲེད་པའི་ཚོང་ཟོང་གིས། །སྡུག་བསྔལ་འཁུར་ནི་རབ་ཏུ་ཉོས།༡ །གཞན་གྱི་བུད་མེད་ཕྲོགས་འདོད་པས། །རང་གི་སྲོག་ཀྱང་དེའུ་རེ་བོར། །འདོད་པའི་ཡུལ་ལ་རབ་ཆགས་པས། །མི་འདོད་ཟུག་རྔུ་རྙེད་ལ་ལྟོས།༢ །ངོ་ཚའི་བརྟན་པ་རབ་བྲལ་ཞིང། །ལོག་པའི་ལམ་ལ་རྒྱུགས་པ་ཡི། །སྲེད་པའི་གཅོང་རོང་ནང་དུ་ལྷུང། །སྡུག་བསྔལ་རྦ་རླབས་དྲག་པོས་གཡེངས།༣ །ཆུ་ཀླུང་འདི་ཡིས་ཁྱེར་བའི་ལུས། །དེ་རིང་ངེད་ཅག་རྣམས་ཀྱིས་བཏོན། །འདོད་ཆགས་ཆུ་ཡིས་རབ་འཁྱེར་བ། །དེ་ལ་སུ་ཡིས་སྐྱོབ་པར་ནུས།༤ །རི་བོའི་ངོགས་ནས་རབ་ལྷུང་གཅོང་རོང་ནང་ཞུགས་ཐུར་དུ་མྱུར་འགྲོ་ཞིང་། །བྲག་རིའི་ངོས་ལ་བརྡབས་པའི་རླབས་ཕྲེང་རབ་འཕྲོ་འདི་འདྲ་བརྒལ་དཀའ་མིན། །སྡིག་པའི་རི་བོ་ལས་འོངས་ཉོན་མོངས་རླབས་འཁྲུགས་ངན་འགྲོའི་གཡང་སར་རྒྱུག །འཁོར་བའི་རྒྱ་མཚོ་རབ་འབབ་སྐྱེ་རྒ་ན་འཆིའི་ཆུ་འདི་བརྒལ་དཀའ་ཉིད།༥ །སྡུག་བསྔལ་ཆུ་ཀླུང་སྒྲོལ་ལ་ཟམ་སྟེགས་ཆོས་ཀྱི་རྒྱ་མཚོར་འཇུག་པའི་གྲུ། །དགེ་ལེགས་མ་ལུས་སྐྱེད་པའི་ས་གཞི་ཉེས་པའི་དྲི་བྲལ་ནམ་མཁའ་ཉིད། །ཕན་བདེའི་ལོ་ཏོག་སྨིན་བྱེད་ཆར་རྒྱུན་སྲེད་པའི་རླན་སྐེམ་རྟ་ལྗང་ཅན། །སྐྱོན་བྲལ་རྨད་བྱུང་ཚུལ་ཁྲིམས་དེ་ཡི་ཡོན་ཏན་སུ་ཡིས་བརྗོད་པར་ནུས།༦ །
དོན་ཇི་བཞིན་པ་ནི། ཁྱོད་ཚོ་བདེན་པར་སྨྲ་ལ་ཡིད་མི་ཆེས་པར་ཉེས་པའི་ལས་ལ་སྤྲོ་བས་ཞུགས་ཏེ་རང་གི་འདོད་སྲེད་ཀྱི་གཞན་དབང་དུ་གྱུར་ནས་སྡུག་བསྔལ་བར་བྱེད། གཞན་གྱི་བུད་མེད་ཀྱང་འཕྲོག་འདོད་པས་རང་གི་སྲོག་ཀྱང་ཅུང་མིན་ན་བརླག་སོང། འདོད་པའི་ཡུལ་ལ་ཆེས་ཆེར་ཆགས་པས་མི་འདོད་པའི་ཟུག་རྔུ་རྙེད་པ་ལ་ལྟོས་དང། ངོ་ཚའི་བརྟན་པ་དང་རྦད་དེ་བྲལ་ཞིང་ལོག་པའི་ལམ་ལ་རྒྱུགས་ནས་སྲེད་པའི་སྡུག་བསྔལ་ནང་དུ་ལྷུང་སྟེ། ཐ་ན་ཆུས་ཁུར་ནས་འཆི་བའི་ཉེན་ཁ་བྱུང་བ་འདི་ལས་དེ་རིང་ངེད་ཅག་རྣམས་ཀྱིས་བསྐྱབས་སོང་ན་ཡང། འདོད་ཆགས་ཆེན་པོས་ལོག་ལམ་དུ་དྲངས་པ་དེ་ལས་སུས་ཀྱང་སྐྱོབ་མི་ཐུབ། རི་གཟར་ངོས་ནས་དྲག་ཏུ་འབབ་ཅིང་བྲག་རིའི་ངོས་ལ་བརྡབས་པའི་རླབས་ཕྲེང་འཕྲོ་བའི་ཆུ་ཀླུང་ལས་བརྒལ་བ་ནི་མི་དཀའ་ན་ཡང་། སྡིག་པ་ཆེན་པོ་བསགས་པའི་ཉོན་མོངས་ཀྱིས་ངན་འགྲོ་ལ་ལྷུང་བ་དང་ཡང་ཡང་འཁོར་བའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་བ་ལས་བརྒལ་བ་ནི་ཧ་ཅང་དཀའ་བ་ཡིན། སྡུག་བསྔལ་དེ་ལས་ཐར་བྱེད་དང་། དགེ་ལེགས་མ་ལུས་སྐྱེད་པ་དང་། ཉེས་པའི་དྲི་མ་བྲལ་བར་འགྱུར་ཅིང་། ཕན་བདེའི་འབྲས་བུ་སྨིན་པ་དང་སྲེད་པ་ཉམས་པར་འགྱུར་བའི་སྐྱོན་བྲལ་རྨད་བྱུང་ཚུལ་ཁྲིམས་དེ་ཡི་ཡོན་ཏན་སུས་ཀྱང་བརྗོད་པར་མི་ནུས། ཞེས་པའོ་། རྒྱན་ནི། ༡ བྱ་བ་འགལ་བའི་ཡོངས་བརྗེས། ༢ རྒྱུ་འབྲས་འགལ་བ། དེའུ་ནི་དེའུ་འབུར་ཏེ་རི་ཆེས་ཆུང་བ་དང། གཞན་ཡང་བརྡ་རྙིང་དུ་ཉེ་བའམ་མྱུར་བ་དང། དེའུ་མིན་ན་ཞེས་པ་ནི་ཏོག་ཙམ་མིན་ན་ཞེས་པའི་དོན་ཡིན་པས། དེའུ་རེ་ཞེས་པའང་ཅུང་ཙམ་ཞེས་པའི་དོན་དུ་གོ་ན་འོས་སོ། །༣ ལྡན་གཟུགས། ༤ ལྡོག་གཟུགས། ༥ ངག་དོན་ལྡོག་གཟུགས།  ༦ གཟུགས་ཅན་རྒྱུའི་གཟུགས་ཅན།

གསུམ་པ། ཚུལ་ཁྲིམས་ཀྱི་ཕན་ཡོན་བསྟན་པའི་ཚུལ་ནི།

    དེ་སྐད་ཅེས་སྨྲས་པ་དང།། གཞོན་ནུ་དྲག་པོས་སྨྲས་པ། ཀྱཻ། ཁྱེད་ཅག་གི་ཚུལ་ཁྲིམས་ནི་ཇི་ལྟ་བུ་ཞིག ཡང་ལན་སྨྲས་པ། ངེད་ཅག་གི་ཚུལ་ཁྲིམས་ནི་དམན་པའི་སྐྱེ་བོས་རྗེས་སུ་ཡི་རང་བའང་མི་ནུས་པ་ཞིག་གོ །འདི་ལྟ་སྟེ། དགྲ་ལའང་གནོད་པར་མི་སེམས་དབྱེན་དང་ཚིག་རྩུབ་སྤོངས་ཞིང་གཞན་གྱི་སྲོག་མི་གཅོད། །ལོངས་སྤྱོད་འདོད་པ་མེད་ཅིང་རྫུན་གྱིས་ཕ་རོལ་མི་བསླུ་མ་བྱིན་ནོར་མི་ལེན། །ལོག་ལྟ་ངག་ཀྱལ་རབ་སྤངས་གཡོ་སྒྱུ་མེད་ལ་གཞན་གྱི་ཆུང་མར་རྩེ་མི་བྱེད། །དགེ་ཆོས་རབ་འཛིན་སྡིག་པ་རྣམས་སྤོངས་གཞན་ཕན་མི་འདོར་འདི་ནི་ཚུལ་ཁྲིམས་ཉིད། །བྱ་བའི་རང་བཞིན་བསྔགས་པའི་དྲང་བརྗོད་དེ། དོན་ནི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་ལྡན་པའོ། །
གཞོན་ནུ་མུན་པ་ཅན་གྱིས་སྨྲས་པ། གྲོགས་པོ་དག་རྫུན་དུ་མི་སྨྲ་ཞེས་པ་དེ་ཉིད་ཀྱང་རྫུན་མ་ཡིན་ནམ། ཚུལ་ཁྲིམས་ཀྱི་མཚན་ཉིད་དེ་ལྟ་བུ་ཡིན་སྲིད་ཀྱང། ཁྱེད་ཅག་དེ་དང་ལྡན་ཞེས་པ་ལ་སུ་ཞིག་ཡིད་ཆེས་པར་འགྱུར། སྨྲས་པ། ཀྱེ་མ། བདག་ཅག་དུས་འདི་སྙེད་དུ་འགྲོགས་སུ་ཟིན་ཀྱང་ངེད་ཅག་གི་རང་བཞིན་ད་དུང་མི་ཤེས་སམ་ཅི། འཕྲལ་དུ་སྟོན་པའི་སྤྱོད་ཚུལ་ཉིད་ཀྱིས་ཀྱང་གོ་བར་སླ་བ་མ་ཡིན་ནམ། གལ་ཏེ་ཐེ་ཚོམ་གྱི་ལིང་ཏོག་གིས་རྣམ་དཔྱོད་ཀྱི་མིག་བསྒྲིབས་པར་གྱུར་ན། མངོན་སུམ་དུ་བྱས་པའི་ཐུར་མས་རབ་རིབ་ཀྱི་སྐྱོན་བསལ་བར་བྱའོ། །༡ ཞེས་སོ། །དེ་ནས་གཞོན་ནུ་གསུམ་གྱིས་ནམ་མཁའི་ལྷ་རྣམས་ལ་མགྲིན་གཅིག་ཏུ་སྨྲས་པ། གདོང་བཞི་པ་དང་པད་དཀར་མིག་ཅན་བདེ་འབྱུང་བདེ་སོགས་བདག་པོ་རྟ་བདུན་རི་བོང་ཅན། །ལྷ་ཆེན་ཁྱེད་ཅག་འཇིག་རྟེན་འདི་ན་ལེགས་ཉེས་སྤྱོད་པ་ཀུན་གྱི་དཔང་དུ་གྱུར་པ་ཉིད། །གལ་ཏེ་བདག་ཅག་འཕགས་པ་དགྱེས་པའི་ཚུལ་ཁྲིམས་སྐྱོན་མེད་དེ་དང་རྟག་ཏུ་འགྲོགས་བདེན་ན། །འདིར་ནི་རབ་ཏུ་དྭངས་པའི་མཁའ་ལས་ལྷ་ཡིས་མེ་ཏོག་རྣམས་ཀྱི་ཆར་པ་མྱུར་དུ་ཕོབས།༢ །དེ་ནས་བདག་ཉིད་ཆེན་པོ་དེ་དག་གི་བདེན་པའི་བྱིན་བརླབས་ཀྱི་མཐུ་ལས། དེའི་མོད་ལ་ཚངས་པ་ལ་སོགས་པ་ལྷའི་རྒྱལ་པོ་རྣམས་ཀྱིས་ནམ་མཁའ་ལས། ལྷའི་མེ་ཏོག་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་དང། ཨུཏྤལ་དང། མནྡྷ་ར་བ་དང།། མནྡྷ་ར་བ་ཆེན་པོ་རྣམས་ཀྱི་ཆར་མངོན་པར་ཕབས་སོ། །དེ་ཚེ་སྨྲ་བའི་བདེན་པའི་ཚིག་ལ་ལྷ་རྣམས་རབ་ཏུ་དད་པ་ཡིས། །རིན་ཆེན་ལས་གྲུབ་མེ་ཏོག་ཚོགས་རྣམས་དེ་དག་མངོན་པར་མཆོད་ཕྱིར་ཕབས། །རྣམ་པར་བཀྲ་བའི་འོད་ཟེར་གསལ་བས་ཐེ་ཚོམ་མུན་པ་སེལ་བ་བཞིན། །འདབ་ཕྲེང་འཛུམ་ཞིང་གེ་སར་གཡོ་བས་ཚུལ་ཁྲིམས་བསྔགས་པ་བརྗོད་པ་བཞིན་༣ ་དེ་ལྟར་གྱུར་པ་དང་ཕུ་བོ་གསུམ་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྨད་དུ་བྱུང་བ་དང།། བདེན་པའི་ཚིག་གི་མཐུ་ཆེན་པོ་ལ་ཡིད་རབ་ཏུ་དང་ཞིང་ངོ་མཚར་ཐོབ་སྟེ། དགའ་བ་རྒྱ་ཆེན་པོ་དང་འགྲོགས་ནས་སྤུན་རྣམས་རང་གི་གནས་སུ་སོང་ངོ། །
རྒྱན་ནི། ༡ ངག་དོན་ལྡན་གཟུགས། ༢ བདེན་པ་བདར་ཅིང་ཤིས་པ་བརྗོད་པའི་རྒྱན། ༣ ངང་ཚུལ་རབ་རྟོག་སྟེ། མེ་ཏོག་གི་འོད་མདངས་འཚེར་བ་དང་འདབ་མ་བྱེ་ནས་ཟེའུ་འབྲུ་གཡོ་བའི་ངང་ཚུལ་དེ་ནི་ཐེ་ཚོམ་གྱི་མུན་པ་སེལ་དང་ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་བསྔགས་པའི་རྣམ་པར་རབ་རྟོག་བྱས་པའོ། །འདི་སྙེད་ནི་དེ་འདྲའི་རིང་པོ། ལིང་ཏོག་ནི་མིག་སྒྲིབ་པའི་ནད་ཅིག ཐུར་མ་ནི་འདིར་ལིང་ཏོག་བཅོས་བྱེད་ཀྱི་གསེར་གྱི་ཐུར་མ་ཞིག
དད་དང་ངེས་འབྱུང་རྨང་གཞི་རབ་བརྟན་བསླབ་པའི་རིན་ཆེན་ཕ་གུ་བཀོད་ལེགས་བག་ཡོད་དེས་པའི་རྭ་བས་བསྐོར། །རྨད་བྱུང་ཡོན་ཏན་མདའ་ཡབ་མཛེས་ཤིང་དྲན་དང་ཤེས་བཞིན་དྲ་ཕྱེད་ལེགས་སྤེལ་གཞན་ཕན་བརྩོན་པའི་རྟ་བབས་ཅན། །ལོག་སྒྲུབ་རླུང་གིས་བསྐྱོད་ནུས་མིན་ལ་ཉོན་མོངས་དགྲ་བོས་གཞོམ་པར་རབ་དཀའ་སྡུག་བསྔལ་ཚ་གདུང་ཡོངས་སུ་སྐྱོབ། །ངན་འགྲོ་འགོག་པའི་སྒོ་གླེགས་དང་ནི་ཐར་པར་བགྲོད་པའི་ཐེམ་སྐས་དང་ལྡན་ཚུལ་ཁྲིམས་ཁང་བཟང་འདི་འདྲ་མཚར། །
འདི་ནི་རྩོམ་པ་པོ་རང་གི་དགའ་བའི་ཕྱོགས་ལྷུང་བརྗོད་པ་སྟེ། དོན་ནི། དཀོན་མཆོག་གསུམ་ལ་དད་དང་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པ་རབ་ཏུ་བརྟན་ཅིང་བསླབ་པ་གསུམ་དང་ལྡན་པས་བག་ཡོད་ཞི་ཞིང་དུལ་བ། དེ་འདྲའི་རྨད་བྱུང་ཡོན་ཏན་གྱིས་མཛེས་ཤིང་དྲན་དང་ཤེས་བཞིན་གྱིས་ཟིན་པའི་ངང་གཞན་ཕན་ལ་བརྩོན་ཅིང་རང་ཉིད་ལོག་པར་སྒྲུབ་པའི་ལམ་ལ་མི་གཏོང་ཞིང་ཉོན་མོངས་ཀྱིས་གཞོམ་པར་དཀའ་བས་འབྲས་བུ་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པར་བྱེད་པ་སྟེ། མདོར་ན། ངན་འགྲོའི་སྒོ་ཀུན་འགོག་པ་དང་ཐར་པར་བགྲོད་པའི་ལམ་དུ་འཇུག་པ་ཚུལ་ཁྲིམས་ཀྱི་ཆོས་ཚུལ་འདི་ནི་ངོ་མཚར་ཆེ་ཞེས་པའོ། །རྒྱན་ནི་ངག་དོན་མཐའ་དག་གཟུགས་ཅན་ནོ། །
དེ་ལྟར་འཇིག་རྟེན་ན་རྒས་པ་ནི་རྒུད་པ་ཐམས་ཅད་ཀྱི་མཆོག་༡ཡིན་པ་དང། འདོད་ཆགས་ཀྱིས་ནི་གདུང་བ་དང་འཇིགས་པ་ཐམས་ཅད་རབ་ཏུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དང།བྱང་ཆུབ་སེམས་དཔའ་རྣམས་ནི་སྡོམ་པ་༢དང། དགེ་བའི་ཆོས་སྡུད་པ་༣དང། གཞན་གྱི་དོན་བྱེད་པའི་ཚུལ་ཁྲིམས་༤དང་རྟག་ཏུ་འགྲོགས་པའི་ཆེ་བ་ཡོངས་སུ་བརྗོད་པ་དང། དེ་ལྟར་ཚུལ་ཁྲིམས་དང་ལྡན་པས་བདེན་པའི་མཐུ་༥རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་ཀྱང་སྦྱར་བར་བྱའོ། །རབ་ཏུ་བྱེད་པ་གསུམ་པའོ།། །།
རབ་བྱེད་གསུམ་པའི་བསྟན་དོན་གཙོ་བོ་མདོར་བསྟན་པ་སྟེ་གོ་སླའོ། ༡། ཉམས་རྒུད་ཆེ་ཤོས།༢ མི་དགེ་བཅུ་སོགས་སྤོང་བ།༣ དགེ་བཅུ་སོགས་སྒྲུབ་པ།༤ བག་ཡོད་སྤྱོད་པ་སོགས།༥ བདེན་ཚིག་བརྗོད་པའི་ལས་འབྲས།

    ལྷ་མོ་སྐྱབས་ནི་ད་ལྟ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་དང་མདོ་སྨད་སྤྱི་འཐུས་རེད།