(མུ་འགོད) བེ་རི་འཇིགས་མེད་དབང་རྒྱལ།
གང་ཞིག་མཐོང་ཐོས་དྲན་པའི་མོད་ལ་ཡང༌། །འདོད་རྒུའི་ཚིག་སྦྱོར་རྒྱ་མཚོ་སྨྲ་བའི་འདབ། །
ལྷུག་པར་གྲོལ་བའི་ལྷ་མཆོག་མཚོ་ལྡན་མ། །ངག་རིག་རྒྱ་མཚོའི་རླབས་ཀྱི་ཤིས་པ་སྒྲུབས། །
ཞེས་མཆོད་པར་བརྗོད་པའི་ཚིག་གིས་ཉེ་བར་བསུས་ཏེ། འདིར་གཞོན་ནུ་དོན་གཉེར་ཅན་འགའ་ཞིག་གི་ཆེད་ཁོ་ནར་དམིགས་ནས་བོད་ཀྱི་རྩོམ་རིག་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་སྐོར་རགས་ཙམ་གླེང་བར་འདོད་དེ། དེ་ལ་ཐོག་མར་རིག་གནས་སྤྱིའི་ངོ་སྤྲོད་དང༌། ནང་གསེས་བོད་ཀྱི་སྡེབ་སྦྱོར་རིག་པ་བཤད་པ། རྩོམ་རིག་ལ་བློ་ཁ་ཕྱོགས་པའི་ཐབས་སུ་རྩོམ་རིག་གི་ཉམས་མྱོང་རགས་ཙམ་གླེང་བ་དང་གསུམ་གྱི་སྒོ་ནས་འཆད་པར་བྱ་སྟེ།
དང་པོ། རིག་གནས་སྤྱིའི་ངོ་སྤྲོད།
སྒྲ་ཚད་གསོ་བཟོ་ནང་དོན་དང༌། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་རྩིས། །
ཟློས་གར་བཅས་ཏེ་བཅུ་པོ་དག ། ཤེས་ན་མཁས་པའི་གོ་སར་བསྙེགས། །
ཤེས་བྱ་རིག་པའི་གནས་བཅུ་ནི། སྒྲ་རིག་པ་དང༌། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང༌། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་རིག་གནས་ཆུང་བ་ལྔ་སྟེ། བཅུ་པོ་དེ་དག་ཤེས་ན་ད་གཟོད་རང་ཉིད་མཁས་པའི་ནང་གི་མཁས་པའི་གོ་སར་བསྙེགས་པ་ཡིན་ནོ། །
འོ་ན་རིག་གནས་བཅུ་པོ་དེ་དག་གི་གོ་དོན་ཇི་ལྟ་བུ་ཡིན་ཞེ་ན། རིམ་པ་བཞིན་དུ་འཆད་པར་བྱ་སྟེ།
སྒྲ་རིག་པ་ནི། ཚིག་གི་འཁྲུལ་བ་སེལ་ཞིང་དོན་གྱི་རྣམ་གཞག་རྣམས་སྐད་ཆའི་སྒོ་ནས་གོ་བར་བྱེད་པའི་རིག་པ་ལ་ཟེར། དཔེར་ན། རྒྱ་གར་གྱི་ཀ་ཙན་དབྱངས་གསུམ་དང༌། བོད་ཀྱི་སུམ་རྟགས་གཉིས་ལྟ་བུ།
ཚད་མ་རིག་པ་ནི། སྒྲུབ་ངག་དང་སུན་འབྱིན་གྱི་སྒོ་ནས་དོན་ལ་འཁྲུལ་བ་གཅོད་བྱེད་ཀྱི་རིག་པ་ལ་ཟེར། དཔེར་ན། ཚད་མ་རྣམ་འགྲེལ་དང༌། ཚད་མ་རིགས་གཏེར་ལྟ་བུ།
གསོ་བ་རིག་པ་ནི། ལུས་སྲོག་གི་ཁམས་ལ་བརྟག་ཅིང་གསོ་ཐབས་བསྟན་པའི་སྨན་སྦྱོར་གྱི་རིག་པ་ལ་ཟེར། དཔེར་ན། གསོ་རིག་རྒྱུད་བཞི་དང༌། བཻཌཱུརྱ་སྔོན་པོ་ལྟ་བུ།
བཟོ་རིག་པ་ནི། རྫས་འགྱུར་དང་འཕྲུལ་འཁོར་སོགས་ལ་བརྟེན་ནས་ཉེ་མཁོའི་དངོས་པོ་གསར་སྐྲུན་བྱེད་པའི་རིག་པ་ལ་ཟེར། དཔེར་ན། གསེར་འགྱུར་རྩིའི་བསྟན་བཅོས་དང༌། ལྷའི་ཐིག་རྩ་ལྟ་བུ།
ནང་དོན་རིག་པ་ནི། སྡེ་སྣོད་གསུམ་གྱིས་བསྡུས་ཅིང་གཙོ་བོར་ནང་གི་སེམས་རྒྱུད་འདུལ་བྱེད་ཀྱི་རིག་པ་ལ་ཟེར། དཔེར་ན། བཀའ་བརྒྱད་སྟོང་པ་དང༌། བྱང་ཆུབ་ལམ་རིམ་ལྟ་བུ།
སྙན་ངག་ནི། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་རྒྱན་གྱི་རིག་པ་ལ་ཟེར། དཔེར་ན༑ སྙན་ངག་མེ་ལོང་དང༌། དབྱངས་ཅན་དགྱེས་གླུ་ལྟ་བུ།
མངོན་བརྗོད་ནི། གདགས་གཞི་དངོས་པོ་གཅིག་ལ་ཁྱད་ཆོས་སམ་བྱེད་ལས། ནུས་ཤུགས་སོགས་ལ་བརྟེན་ནས་བཏགས་པའི་མིང་ལ་ཟེར། དཔེར་ན། མངོན་བརྗོད་མཁས་པའི་རྣ་རྒྱན་དང༌། མངོན་བརྗོད་འཆི་མེད་མཛོད་ལྟ་བུ།
སྡེབ་སྦྱོར་ནི། ཡི་གེ་ལྕི་ཡང་ཕན་ཚུན་སྡེབ་སྟེ་ཚིག་སྦྱོར་སྒྲིག་སྟངས་ཀྱི་རིག་པ་ལ་ཟེར། དཔེར་ན། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལྟ་བུ།
ཟློས་གར་ནི། སྔོན་བྱུང་གི་ལོ་རྒྱུས་རྣམས་སླར་ཡང་ཟློས་ཏེ་གར་གྱི་རྣམ་པ་ལྟར་འཁྲབ་གཞུང་གི་རིག་པ་ལ་ཟེར། དཔེར་ན། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། སྣང་ས་འོད་འབུམ་ལྟ་བུ།
སྐར་རྩིས་ནི། གཟའ་སྐར་འཕྲོད་སྦྱོར་གྱི་གྲངས་རྩིས་ལ་བརྟེན་ནས་འབྱུང་འབྲས་བཟང་ངན་བརྟག་པའི་རིག་པ་ལ་ཟེར། དཔེར་ན། ཕྱི་དུས་ཀྱི་འཁོར་ལོའི་རྒྱུད་དང༌། བཻ་དཀར་ལྟ་བུ། འདི་ནི་རིག་གནས་བཅུའི་རྣམ་གཞག་མདོ་ཙམ་ངོ་སྤྲོད་པ་ཡིན་ལ། རྒྱས་པ་ནི་ས་པཎ་མཁས་འཇུག་དང༌། ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་སོགས་ལ་གཟིགས་དགོས།
གཉིས་པ། བོད་ཀྱི་སྡེབ་སྦྱོར་བཤད་པ།
ལུས་ནི་བརྗོད་དོན་གསལ་བྱེད་པའི། །ཚོགས་གསུམ་ཕྲེང་བའི་བདག་ཉིད་དོ། །
དེ་ལ་བཅད་ལྷུག་སྤེལ་མ་གསུམ། །
སྙན་ངག་གི་སྔོན་འགྲོ་ལུས་ཞེས་པ་དེ་ནི། རྩོམ་པ་པོས་གང་ཞིག་བརྗོད་འདོད་པའི་དོན་དེ་ཉིད་གསལ་བར་སྟོན་པའི་མིང་ཚིག་ཡི་གེའི་ཕྲེང་བ་ལ་ཟེར་ཞིང༌། དེ་ལ་སྡེབ་སྦྱོར་བྱེད་སྟངས་ཀྱི་སྒོ་ནས་དབྱེ་ན། ཚིགས་བཅད་དང༌། ཚིག་ལྷུག ཚིག་སྤེལ་མ་གསུམ་ཡོད། དེ་གསུམ་གྱི་ནང་ནས་འདིར་ཚིགས་བཅད་ཀྱི་སྡེབ་སྦྱོར་གཙོ་བོར་འཆད་པར་བྱ་སྟེ།
ཚིགས་བཅད་ཀྱི་སྡེབ་སྦྱོར།
ཚིགས་བཅད་ཅེས་པ་ཚིག་གི་ཕྲེང༌། །རྐང་པས་ངེས་པར་བཅད་པར་འདོད། །
ལེགས་སྦྱར་སྐད་ཀྱི་ཚིགས་བཅད་རྩོམ་ཡིག་འབྲི་སྟངས་ནི་སྡེབ་སྦྱོར་གྱི་གཞུང་དུ་གསལ་ཞིང༌། དེ་ཡང་རྩ་བའི་པྲིཏྟ་དང་ཛཱ་ཏི་གཉིས་ལས་རྣམ་གྲངས་དང་སྦྱོར་ཚུལ་བགྲང་ལས་འདས་པ་ཡོད་ཀྱང༌། རང་ཅག་བོད་པའི་རྩོམ་ཡིག་འབྲི་སྟངས་ལ་དེ་ཙམ་ཉེ་བར་མི་མཁོ་བས་འདིར་འབུར་དུ་དོད་ནས་འཆད་པར་མི་བྱའོ། །
ཡང་ཚིགས་བཅད་ཀྱི་སྡེབ་སྦྱོར་ལ། གྲོལ་བ་དང༌། རིགས། མཛོད། འདུས་པ་སྟེ་བཞི་ཡོད་ཅིང༌། དེ་དག་གི་རྣམ་གཞག་ཀྱང་ཚིགས་བཅད་བསླབ་པའི་ལས་དང་པོ་བ་རྣམས་ལ་ཉེ་བར་མི་མཁོ་བས་རེ་ཞིག་དོར་ནས། འདིར་ལས་དང་པོ་བ་ཐོག་མར་འཇུག་པའི་ཚིགས་བཅད་ཀྱི་སྡེབ་སྦྱོར་ཧ་ཅང་གོ་སླ་བའི་ལུགས་སུ་བྱས་ནས་བཤད་པར་འདོད་དེ།
དེ་ཡང༌། བོད་སྐད་ཚེག་བར་གསུམ་པ་ནས། ། སོ་གསུམ་བར་དུ་སྦྱར་བ་ཡོད། །
རང་ཅག་བོད་སྐད་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་འགྲོས་བཤད་ན། ཚེག་བར་གསུམ་པ་ཅན་ནས་ཚེག་བར་སོ་གསུམ་པའི་བར་དུ་སྦྱོར་བའི་སྲོལ་ཡོད་དོ། །འདིར་ཚེག་བར་དང༌། ཚིག་རྐང༌། ཚིགས་བཅད་བཅས་ཀྱི་གོ་དོན་ཅུང་ཟད་བཤད་ན།
༡། ཚིག་རྐང༌། ཚེག་བར་འདྲ་མཉམ་ཅན་གྱི་ཚིག་སྦྱོར་ཉིས་ཤད་ཀྱིས་བཅད་མཚམས་གཅིག་ལ་ཚིག་རྐང་གཅིག་ཟེར། དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བ། །ལྟ་བུ།
༢། ཚེག་བར། ཚེག་གིས་བཅད་པའི་ཡི་གེ་ལ་ཚེག་ཁྱིམ་མམ་ཚེག་བར་གཅིག་ཟེར། དཔེར་ན། བསྒྲིགས་ལྟ་བུ།
༣། ཚིགས་བཅད། ཚིག་རྐང་བཞི་རེ་ལ་ཚིགས་བཅད་རེ་ཟེར་ཅིང༌། ལེགས་སྦྱར་སྐད་ཀྱི་ཤོ་ལོ་ཀ་དང་དོན་འདྲ། དཔེར་བརྗོད་ནི་འོག་ནས་ཤེས་པར་བྱའོ། །
ད་ནི་དངོས་གཞི་ཚིགས་བཅད་ཀྱི་སྡེབ་སྦྱོར་འབྲི་ཚུལ་གྱི་དཔེར་བརྗོད་རིམ་པ་བཞིན་བཤད་པར་བྱ་སྟེ།
ཚེག་བར་གསུམ་པ་ཅན།
གངས་ཅན་གྱི། །བོད་ལྗོངས་ན། །བརྗིད་ཆགས་ཀྱི། །གངས་རི་མཐོ། །ལྟ་བུ།
ཚེག་བར་བཞི་པ་ཅན།
བཅོ་ལྔའི་དུང་ཟླ། །མཁའ་ལ་ཤར་དུས། །དྲིན་ཅན་ཨ་མའི། །ཞལ་རས་དྲན་བྱུང༌། །ལྟ་བུ།
ཚེག་བར་ལྔ་པ་ཅན།
གསུང་སྙན་གྱི་བདུད་རྩི། །རྣ་བ་ལ་ལྷུང་དུས། ། དད་གདུང་གི་མཆི་མ། །མིག་མཐའ་ནས་ཤོར་སོང༌། །ལྟ་བུ།
ཚེག་བར་དྲུག་པ་ཅན།
མཛེས་སྡུག་ལྡུམ་རའི་ནང་དུ། །མེ་ཏོག་དཀར་སེར་དམར་ལྗང༌། །གསེར་སྦྲང་སེམས་པ་ཤོར་ས། །མེ་ཏོགཨུཏྤལ་དཀར་པོ། །ལྟ་བུ་འམ།
ཡང་ན། སྙིང་སྡུག་སྙིང་ལ་ཉར་ནས། །སྙིང་ལ་སྙིང་ནད་བཟོས་སོང༌། །སྙིང་ལ་སྙིང་རྗེ་མེད་ན། །སྙིང་སྡུག་སྙིང་པོ་མི་འདུག།།ལྟ་བུ།
ཚེག་བར་བདུན་པ་ཅན། འདིའི་མན་ཆད་རིགས་གསུམ་དུ་ཕྱེ་ནས་བཤད་པར་བྱ་སྟེ།
༡། ཚེག་བར་བདུན་པ་ཅན་གསུམ་པ་ལ་ངལ་གསོ་ཐོབ་པ།
རྒྱ་ལྕང་གི་ལོ་མའི་གསེབ་ནས། །ལྷོ་མོན་གྱི་ཁུ་བྱུག་སྔོན་མོས། །གསུང་སྙན་གྱི་རྒྱང་གླུ་ལེན་དུས། །དཔྱིད་དུས་ཀྱི་དཔལ་ཡོན་རྒྱས་སོང༌། །ལྟ་བུ།
༢། ཚེག་བར་བདུན་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
ལས་དབང་རླུང་འཚུབ་ཀྱི་གསེབ་ནས། །མེས་པོའི་ཕ་ས་དང་བྲལ་སོང༌། །རྐང་རྗེས་ཁ་བ་ལ་བཞག་ནས། །ལྷོ་མཐའི་ཚ་བའི་ནང་སླེབས་སོང༌། །ལྟ་བུ།
༣། ཚེག་བར་བདུན་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
ཟླ་ཞལ་ཨུཏྤལ་མིག་ཡངས་མའི། །མཆུ་སྒྲོས་གེ་སར་འཛུམ་པ་ལས། །གསང་ཚིག་སྙིང་གི་བདུད་རྩིའི་རྒྱུན། །རྣ་བའི་འདོད་འཇོ་དཔྱིད་དུ་བསྐྲུན། །ལྟ་བུ།
ཚེག་བར་བརྒྱད་པ་ཅན། འདི་ལའང་རིགས་གསུམ་ཡོད་དེ།
༡། ཚེག་བར་བརྒྱད་པ་ཅན་ཐོག་མ་ལ་ངལ་གསོ་ཐོབ་པ།
གནམ་ཨ་སྔོན་མཐོན་པོའི་གུར་ཁང་ནས། །ཚེས་བཅོ་ལྔའི་དུང་ཟླ་ཤར་བའི་ཚེ། །ངས་དྲིན་ཅན་ཨ་མའི་ཞལ་རས་དེ། །དྲན་དྲགས་ནས་མིག་ཆུ་དབང་མེད་ཤོར། །ལྟ་བུ།
༢། ཚེག་བར་བརྒྱད་པ་ཅན་ངལ་གསོ་མི་ཐོབ་པ།
ལུས་འདི་རྒྱ་གར་ཡུལ་དུ་སྡོད་ཀྱང༌། །སེམས་པ་གངས་ཅན་བོད་ལ་ཤོར་སོང༌། །ཧི་མ་ལ་ཡའི་རི་བོ་བརྒལ་ནས། །ང་རང་ཕ་ཡུལ་བོད་ལ་ལོག་འགྲོ། །ལྟ་བུ།
༣། ཚེག་བར་བརྒྱད་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
མཐོ་སྒང་གི་གངས་དཀར་ལྷུན་པོ་ལས། །དྭངས་གཙང་གི་ཆུ་བོ་ཆེན་པོ་བཞི། །འཕགས་བོད་ཀྱི་ཞིང་ཁམས་འགྲིམས་པའི་མཐར། །མུ་མེད་ཀྱི་རྒྱ་མཚོའི་ཀློང་དུ་ཐིམ། །ལྟ་བུ།
ཚེག་བར་དགུ་པ་ཅན་གྱི་སྡེབ་སྦྱོར། འདི་ལའང་རིགས་གསུམ་ཡོད་པ་ལས།
༡། ཚེག་བར་དགུ་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
ལྷག་བསམ་ག་བུར་ཞུན་མའི་འོད་ཞགས་ཀྱིས། །ལང་ཚོའི་འཕེལ་ཁ་དར་བའི་གཞོན་སྐྱེས་ཚོའི། །ཤེས་རིག་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞིག །ཕྱོགས་འདིར་ཤར་བས་ཡིད་དབང་མི་འཕྲོག་སུ། །ལྟ་བུ།
༢། ཚེག་བར་དགུ་པ་ཅན་བདུན་པ་ལ་ངལ་གསོ་ཐོབ་པ།
ཆར་ལྡན་སྤྲིན་གྱི་ལྡིང་ཁང་གི་དབྱིངས་ནས། །དབྱར་སྐྱེས་རྔ་ཆེན་ལྷང་ལྷང་དུ་ལྡིར་དུས། །ཙནྡན་ལྗོན་པའི་ནགས་ཀླུང་གི་གསེབ་ནས། །རྨ་བྱ་དགའ་བའི་ཟློས་གར་ལ་ཆས་སོང༌། །ལྟ་བུ།
༣། ཚེག་བར་དགུ་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
འཛམ་གླིང་མཐོ་སྒང་གི་རལ་པའི་རྩེ་ན། །གངས་ཅན་བོད་ལྗོངས་ཀྱི་ཞིང་ཁམས་ཆགས་ཡོད། །ཞི་བདེ་བསྟི་གནས་ཀྱི་ཞིང་ཁམས་དེ་ན། །ཆོལ་གསུམ་བོད་རིགས་ཀྱི་མི་དམངས་གནས་ཡོད། །ལྟ་བུ།
ཚེག་བར་བཅུ་པ་ཅན་གྱི་སྡེབ་སྦྱོར། འདི་ལའང་རིགས་གསུམ་ཡོད་པ་ལས།
༡། ཚེག་བར་བཅུ་པ་ཅན་དང་པོ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
མཐོང་མ་མྱོང་གྲགས་ཅན་རྒྱ་གར་གྱི་ལུང་པ། །ཞིང་དག་པ་ལྷ་ཡུལ་ཡིན་སྣང་ཞིག་ཤར་ནས། །ནམ་ཉིན་མཚན་ལྟོས་མེད་མགྱོགས་པོ་རུ་སླེབས་ཀྱང༌། །དོན་དངོས་ལ་རྐང་གཉིས་མི་ཡུལ་ཞིག་རེད་འདུག།།ལྟ་བུ།།
༣། ཚེག་བར་བཅུ་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
སྔོ་ལྗང་གི་གཡུ་ལོའི་གོས་བཟང་གིས་མཛེས་པའི། །ཡིད་འོང་གི་ལྕང་གླིང་གྲུ་བཞི་ཡི་གསེབ་ན། །དྲུག་འགྱུར་གྱི་གླུ་དབྱངས་ལྷང་ལྷང་དུ་སྒྲོག་པའི། །དཔྱིད་དུས་ཀྱི་ཕོ་ཉ་སྐུ་མགྲོན་དུ་ཕེབས་བྱུང༌། །ལྟ་བུ།
༣། ཚེག་བར་བཅུ་པ་ཅན་བདུན་པ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་རྫིང་བུའི་འགྲམ། །འདབ་ལྡན་སྦྲང་རྩིའི་རྒྱལ་མཚན་གྱི་ལྡུམ་ར་ན། །རྐང་དྲུག་བུང་བ་གཞོན་ནུ་ཡིས་གླུ་ལེན་ཞིང༌། །རྣམ་བཀྲ་ཕྱེ་ལེབ་སྒེག་མོ་ཚོས་གར་ལ་རྩེན། །ལྟ་བུ།
ཚེག་བར་བཅུ་གཅིག་ཅན་གྱི་སྡེབ་སྦྱོར། འདི་ལ་རིགས་གསུམ་སྟེ།
༡། ཚེག་བར་བཅུ་གཅིག་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
གཞོན་ནུའི་ཁ་སྦྱོར་ཞབས་བྲོ་འཁྲབ་སའི་སྡིངས་ཆའི་སྟེང༌། །ཁྱོད་ཀྱིས་ང་ལ་ཐེར་ཟུག་འཕེན་པའི་མིག་ཞགས་དང༌། །ང་ཡི་ལག་པའི་གླང་སྣ་ཁྱོད་སར་བརྐྱངས་པ་དེ། །ཁྱོད་ཀྱི་དྲན་འཛིན་ངོས་ལ་ནམ་ཡང་བརྗེད་མི་སྲིད། །ལྟ་བུ།
༢། ཚེག་བར་བཅུ་གཅིག་ཅན་དགུ་པ་ལ་ངལ་གསོ་ཐོབ་པ།
ཏ་ལའི་ནགས་མ་འཁྲིགས་པའི་ལྷོ་ཕྱོགས་ཀྱི་མཐའ་འདིར། །མེ་ལྕེ་དམར་པོ་འབར་འདྲའི་ཚ་བ་འདི་སླེབས་དུས། །འདབ་དྲུག་ཁ་བའི་མེ་ཏོག་ཟིལ་ཟིལ་དུ་འཕུར་བའི། །བྱང་རྒྱུད་གངས་ལྷ་སྒེག་མོའི་ཕང་བ་དེ་དྲན་བྱུང༌། །ལྟ་བུ།
༣། ཚེག་བར་བཅུ་གཅིག་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
གངས་ལྡན་བསིལ་ལྗོངས་ཀྱི་མེས་དབོན་སྲོང་བཙན་སྒམ་པོས། །སུམ་གཉིས་ས་ཁྱོན་ལ་ཞབས་རྗེས་བཀོད་པའི་དུས་དེར། །ཤར་ཕྱོགས་ཙི་ན་ཡི་བུ་མོ་བོད་དུ་བསུས་ཏེ། །ར་ས་འཕྲུལ་སྣང་གི་ལྷ་ཁང་ཆེན་མོ་བཞེངས་སོ། །ལྟ་བུ།
ཚེག་བར་བཅུ་གཉིས་པའི་སྡེབ་སྦྱོར། འདི་ལ་རིགས་གསུམ་སྟེ།
༡། ཚེག་བར་བཅུ་གཉིས་ཅན་ལྔ་པ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
གངས་རིའི་དགའ་ཚལ་གྱིས་མཛེས་པའི་མཐོ་སྒང་གི་ཞིང་ཁམས། །བསིལ་ལྡན་བོད་ལྗོངས་ཀྱི་སྙིང་ནོར་ཇོ་ཁང་གི་ནང་ན། །ཚེ་རབས་གཏན་འདུན་གྱི་སྐྱབས་གནས་ཇོ་བོ་ཡི་སྐུ་བརྙན། །མཇལ་ཚེ་སྙིང་དབུས་ནས་དད་པའི་གསོལ་འདེབས་ཤིག་ལོས་ཞུ། །ལྟ་བུ།
༢། ཚེག་བར་བཅུ་གཉིས་ཅན་ངལ་གསོ་མི་ཐོབ་པ།
ལྷོ་རོང་ནགས་མའི་གསེབ་ནས་ཁུ་བྱུག་གསུང་སྐད་ཐོས་བྱུང༌། །འདས་དོན་ཕྱིར་དྲན་ཞིག་གིས་སེམས་པ་རླུང་གིས་བཀྱགས་སོང༌། །གདོས་བཅས་གཟུགས་པོ་འདི་ལ་གཤོག་པ་ཟུང་ཞིག་ཡོད་ན། །ལྷོ་མཐའི་ཚ་བ་བཞག་ནས་བསིལ་ལྗོངས་བོད་ལ་འཕུར་འགྲོ། །ལྟ་བུ།
༣། ཚེག་བར་བཅུ་གཉིས་ཅན་དང་པོ་དང་བཅུ་པ་ལ་ངལ་གསོ་ཐོབ་པ།
མཐོ་ནམ་མཁའི་དབྱིངས་སུ་ལྡིང་བའི་སྤྲིན་དཀར་གྱི་འདབ་མ། །རླུང་བསེར་བུར་ཞོན་ནས་མུ་མེད་ནམ་མཁའ་ལ་ལྡིང་ཞོར། །བོད་བསིལ་ལྡན་ར་བའི་སྣོད་བཅུད་ཆ་ལག་གི་ཁྱོན་ལ། །ཆར་ཟིལ་མའི་རྒྱུན་གྱི་མིག་ཆུའི་ཞལ་འདེབས་ཤིག་གནང་རོགས། །ལྟ་བུ།
ཚེག་བར་བཅུ་གསུམ་པ་ཅན་གྱི་སྡེབ་སྦྱོར། འདི་ལ་རིགས་གསུམ་ཡོད་པ་ལས།
༡། ཚེག་བར་བཅུ་གསུམ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
བཅུ་ཕྲག་མཁྱེན་པའི་བློ་གྲོས་མུ་མེད་རྒྱ་མཚོའི་གཏིང་བཞིན་ཟབ། །བྱམས་དང་བརྩེ་བའི་གཞན་ཕན་སྔོ་བསངས་ནམ་མཁའི་ལམ་ལས་ཡངས། །
འཕྲིན་ལས་བཟང་པོའི་མཛད་པ་ཉི་ཟླའི་འོད་ལྟར་ཀུན་ཏུ་གསལ། །ཞི་བའི་དེད་དཔོན་མཆོག་ཁྱོད་འཛམ་གླིང་ཁྱོན་འདིར་ལྷུན་པོ་ཇི་བཞིན་མཐོ། །ལྟ་བུ།
༢། ཚེག་བར་བཅུ་གསུམ་ཅན་བཅུ་གཅིག་པ་ལ་ངལ་གསོ་ཐོབ་པ།
ལྟ་ན་མིག་གི་བདུད་རྩིར་སྨིན་པའི་གཟུགས་མཛེས་ཀྱི་ལང་ཚོ། །ཉན་ན་རྣ་བར་སིམ་པ་སྦྱིན་པའི་སྙན་འཇེབས་ཀྱི་རོལ་དབྱངས། །
བསམ་ན་སེམས་ལ་དགའ་བ་འཕེལ་བའི་ཉམས་འགྱུར་གྱི་སྒྱུ་རྩལ། །གསུམ་ག་གཅིག་ཏུ་བསྡུས་པའི་དུས་རབས་གློག་བརྙན་འདི་མཛེས་པ། །ལྟ་བུ།
༣། ཚེག་བར་བཅུ་གསུམ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
རྒྱ་བོད་དབྱིན་གསུམ་གྱི་མི་རིགས་འདྲ་མིན་འཚང་ག་བྱེད་ས། །རྒྱལ་ས་ལྡི་ལི་ན་བཙན་བྱོལ་གསར་འབྱོར་སྟོང་ཕྲག་མང་པོ། །
ཕ་ཡུལ་ཕ་མ་དང་ཉེ་དུ་སྤུན་མཆེད་མཐའ་དག་བཞག་ནས། །མི་ཚེ་མདུན་ལམ་གྱི་རྐང་པའི་གོམ་ཁ་དལ་གྱིས་བསྒྱུར་སོང༌། །ལྟ་བུ།
ཚེག་བར་བཅུ་བཞི་པ་ཅན་གྱི་སྡེབ་སྦྱོར། དང་པོ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
གངས་ཏི་སེ་མཐོན་པའི་རི་རྒྱུད་ནས་འབབ་པའི་གཙང་ཆབ་རྣམ་བཞི། །ལྷོ་འཛམ་གླིང་ཟླུམ་པོའི་དབུས་འགྱུར་གྱི་ཞིང་ཁམས་ཁྱོན་ལ་འབྱམས་ནས།།
མཐའ་ཡས་པའི་འགྲོ་བའི་སྐོམ་གདུང་གི་མེ་ལྕེ་བསྲེགས་པའི་ཞོར་ལ། །གཏིང་ཟབ་པ་ལྷོ་མཐའི་ཆུ་གཏེར་གྱི་ཁོག་པའི་ཀློང་དུ་ཐིམ་འགྲོ། །ལྟ་བུ།
ཚེག་བར་བཅོ་ལྔ་པའི་སྡེབ་སྦྱོར། ཚེག་བར་ཐ་མ་ལ་ངལ་གསོ་ཐོབ་པ།
ཞོགས་པའི་ཉི་རྡུལ་མཁའ་མཐའ་འཛུམ་དུས་སློབ་གྲྭའི་ཅོང་བརྡ་དལ་གྱིས་རྡུང༌། །འཕགས་བོད་རྒྱལ་གླུ་སྙན་པའི་འགྱུར་ཁུག་བསིལ་རླུང་འཇམ་པའི་རླབས་དང་འདྲེས། །
འཛིན་ཁང་ནང་དུ་སློབ་དགེ་མཁས་པས་གནའ་དང་དེང་གི་ཤེས་ཡོན་བསླབ། །ཨེ་མ་མ་འོངས་བོད་ཀྱི་སོན་རྩ་ན་གཞོན་བོད་ཀྱི་སློབ་ཕྲུག་ཚོ། །ལྟ་བུ་སྟེ།
འདི་ནས་ཚེག་བར་སོ་གསུམ་བར་གྱི་སྡེབ་སྦྱོར་ཡོད་ཀྱང་འབྲི་སྲོལ་དེ་ཙམ་མི་ཆེ་ཞིང༌། ལྷག་པར་སྡེབ་སྦྱོར་ལ་བྱང་ཆ་དེ་ཙམ་མེད་པ་རྣམས་ཀྱིས་ཚེག་བར་ཧ་ཅང་མང་བའི་སྡེབ་སྦྱོར་གྱི་རྩོམ་ཡིག་འབྲི་ན་ཀློག་དཀའ་བ་དང་སྙན་ཆ་མེད་པ་སོགས་ཀྱི་ཞན་ཆ་འབྱུང་སླ་ལ། ཀློག་མཁན་སྤྲོ་བ་སྐྱེད་པའི་གསོན་ཉམས་ལྡན་པ་ཞིག་ཡོང་དཀའ་བས་རྒྱུན་ལྡན་རྩོམ་ཡིག་འབྲི་སྐབས། འདི་ཡན་གྱི་ཚེག་བར་མང་བའི་སྡེབ་སྦྱོར་གྱི་རྩོམ་ཡིག་མ་བྲིས་ན་བཟང་བར་སྙམ། སྡེབ་སྦྱོར་དང་རྩོམ་རྩལ་གྱི་གདེངས་ཐོབ་པའི་ཚད་མཐོའི་རྩོམ་པ་པོ་ཞིག་གིས་ཚེག་བར་ཧ་ཅང་མང་བའི་སྡེབ་སྦྱོར་གྱི་རྩོམ་ཡིག་འབྲི་བར་རྩོམ་རིག་དང་སྒྱུ་རྩལ་གྱི་ཆེ་བ་འབུར་དུ་ཐོན་པ་ལས། ཚིག་སྦྱོར་ལ་གསོན་ཉམས་དང་བྲོ་བ་བརླག་པའི་ཞན་ཆ་མི་འབྱུང་སྟེ། དཔེར་ན། མཁས་གྲུབ་རྗེའི་ཊིཀ་ཆེན་གྱི་མཆོད་བརྗོད་དང༌། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་བསྟོད་ཚོགས་ཁག ཞང་ཞུང་བའི་རཱ་མ་ཎའི་རྟོགས་བརྗོད་ལྟ་བུར་གཟིགས་ན་ཤེས་ཐུབ། དེས་ན་སྡེབ་སྦྱོར་ལ་བྱང་བའི་ཆེད་ཚེག་བར་སོ་གསུམ་བར་དུ་དུས་ཚོད་ཀྱིས་ཁོམ་པ་བྱུང་ན་དཔེར་བརྗོད་ཀྱི་ལམ་ནས་སྦྱོང་དགོས།
འདིར་ས་བཅད་མ་སྟོང་ཙམ་དུ་ང་རང་གིས་བྲིས་པའི་དེབ་གཞན་དང་གཞན་དུ་བཀོད་ཟིན་པའི་ཚེག་བར་མང་བའི་སྙན་ཚིག་འགའ་ཞིག་དཔེ་མཚོན་དུ་འགོད་ན།
ཚེག་བར་བཅུ་དགུ་པ་མཐའ་མ་ལ་ངལ་གསོ་ཐོབ་པ།
གང་ཡང་བདེ་གཤེགས་ཆོས་ཚུལ་མྱ་ངན་མེད་པའི་ཚལ་དག་མཁྱེན་པའི་རྐང་སོར་བརྡར་བ་དང༌། །
ལྷན་ཅིག་རྐང་གདུབ་སིལ་བའི་གཡེར་ཁའི་ལེགས་བཤད་དབྱངས་ལྡན་ལི་ཁྲིའི་རྡུལ་གྱིས་བགོས་པ་ཅན། །
གསེར་སྦྱང་བཙོ་མའི་འཇོ་སྒེག་དང་འགྲོགས་བདེ་སོྟང་སྤྱན་ཡངས་ཨུཏྤལ་མཐིང་གའི་ཟུར་མིག་ལ། །
རྒྱལ་རྣམས་མི་ཕྱེད་དབྱིངས་རིག་ཀློང་ནས་རྗེས་ཆགས་འཛུམ་པའི་མཚམས་སྤྲིན་ལག་པ་བསྲིངས་པ་སྙམ། །(རང་རྩོམ་འཕགས་བོད་ཆོས་འབྱུང་གླེགས་བམ་གཉིས་པ་ཤོག་གྲངས་༦༥༠ལས་དྲངས།)
ཚེག་བར་ཉེར་གསུམ་པ།
ཟབ་བརླིང་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་རླབས་ཀྱི་འཁྲི་ཤིང་གཡོ་བ་འགོག་མེད་རབ་འབྱམས་ཁམས་སུ་བསྙེགས། །
ངེས་དོན་ཇི་བཞིན་སྨྲ་བའི་རོ་འཛིན་མེ་ན་ཀ༔ཡི་འགྱིང་བག་ལ་རེག་འཕགས་ཡུལ་པཎ་ཆེན་བྱེ་བས་ཀྱང༌། །
འགྲན་པར་མི་བཟོད་བསོད་ནམས་འཕྲུལ་གྱི་ལུས་སྟོབས་རབ་རྫོགས་གྲགས་པའི་གད་རྒྱངས་ཐུབ་བསྟན་ས་གསུམ་ཁྱོན་ན་སྒྲོག །
ལུང་རིགས་དཔལ་གྱི་རྣམ་དཔྱོད་མཆོག་གྱུར་མཆེ་སྡེར་རྣོན་པོ་ཤ་ར་བྷ་དེ་ཐུབ་བསྟན་གངས་རིའི་མགོན་དུ་མཛེས། །(རང་རྩོམ་འཕགས་བོད་ཆོས་འབྱུང་གླེགས་བམ་གཉིས་པ་ཤོག་གྲངས་༨ ལས་དྲངས།)
ཚེག་བར་ཉེར་བདུན་པ།
མཐའ་དག་ཟླ་ཤེལ་གངས་རིའི་ཁོར་ཡུག་སྨུག་འོད་དང་འགྲོགས་ཐུན་མཚམས་སྤྲིན་གྱི་དྲ་བ་བརྩེགས་པའི་ངོས་ན་འགྱིངས། །
རྣམ་དག་ཐུབ་པའི་དགོངས་དོན་ཡོངས་རྫོགས་དབྱངས་ཀྱི་ང་རོས་ལོག་སྨྲའི་ཝ་སྐྱེས་སྙིང་དང་ལྷན་ཅིག་འདར་བར་བསྟེན། །
དཔལ་ལྡན་སྟོབས་བཅུ་མངའ་བ་ཀུན་གྱི་མཛད་པ་གཅིག་ཏུ་སྤུངས་པའི་དཔལ་སྟུག་འཕྲིན་ལས་རལ་པའི་ཁུར་འཆང་བ། །
ཁ་བའི་ལྗོངས་འདིའི་སེངྒེ་སྲབ་མེད་ཐུབ་བསྟན་གངས་རི་སྐྱོང་བའི་དཔལ་ལྡན་འཇམ་མགོན་ས་པཎ་ཡབ་སྲས་བསྔགས། །
ཚེག་བར་སོ་གཅིག་པ།
འཆར་ཁའི་ཉི་མའི་སྨུག་འོད་འཐུང་བའི་མཚམས་སྤྲིན་ལ་ཆགས་བརྒྱད་གཉིས་ལང་ཚོའི་ཁེངས་པ་རབ་བརྩེགས་མིག་སྨན་མདངས་འཁྱུད་ཐོར་ཅོག་རལ་པའི་ཟུར་ཕུད་འཕྱངས། །
མཐའ་དག་ཤེས་བྱའི་ཨུཏྤལ་མིག་ཅན་གཅིག་ཏུ་དགུག་པའི་ཐུགས་ཀྱི་མཁྱེན་རབ་དོན་ཡོད་ཞགས་པའི་འཕྲུལ་གྱི་མེ་ལོང་ཉི་མ་བྱེ་བའི་མདངས་དང་འདྲེས། །
བཞི་ལྷག་དྲུག་ཅུ་དྲི་ཟའི་འཇིག་རྟེན་རྫོགས་པའི་དབྱངས་བདུན་རི་མོ་གསུམ་པའི་དཔལ་གྱི་མགུལ་བར་མངོན་པར་རབ་ཆགས་རྨ་བྱ་དགའ་བའི་འབབ་སྟེགས་འཆང༌། །
ཐུབ་པ་ཕྱོགས་ཀུན་རི་དྭགས་མིག་ཅན་དག་གི་སྙིང་ལ་མངོན་པར་ཆགས་པ་ཡེ་ཤེས་ལུས་ཅན་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་རྡོ་རྗེ་རྣོན་པོས་སྐྱོངས། །(རང་རྩོམ་འཕགས་བོད་ཆོས་འབྱུང་གླེགས་བམ་དང་པོ་ཤོག་གྲངས་༢ ལས་དྲངས།)
ཡང་ན། དཔལ་སྟུག་གསུང་གི་རི་སྐྱེས་ལ་ཆགས་དམ་པའི་སྐྱེས་མཆོག་བདེ་འབྱུང་རལ་པའི་གཙུག་ན་བཀུར་བས་མཚན་མོར་རྒྱུ་བ་སྨྲ་ངན་མགྲིན་བཅུ་དཔུང་དང་བཅས། །
རྣམ་དག་ཁྲིམས་གྱི་དམ་བཅའ་གསུམ་ལྡན་ཉག་ཕྲན་རྣོན་པོས་བཀུམས་དང་ལྷན་ཅིག་སྟོང་ཉིད་སྙིང་རྗེ་སི་ཏའི་ལང་ཚོ་སྙིང་གི་དགའ་མ་ལ་བསུས་པས། །
མཐའ་དག་ཆོས་ཚུལ་ཤིང་རྟ་བཅུ་པའི་ས་ཁྱོན་དག་ལ་མཁྱེན་རབ་དཔལ་གྱི་འཇུག་པ་བཅུ་པས་ཞབས་སྐྱེས་རྩིབས་སྟོང་འཁོར་ལོ་འབར་བའི་རེ་ཁཱ་བཀོད། །
ལེགས་ལྡན་ཚུལ་འདི་གྲོག་མཁར་རྒན་པོས་རྟོག་བཟོས་བསྐྲུན་པ་ལངྐའི་གྲོང་འཇོམས་རཱ་མ་ན་ཞེས་སྔོན་དུ་གྲགས་པའི་རིག་བྱེད་གཏམ་རྒྱུད་དེ་མ་ལགས། །(རང་རྩོམ་འདུལ་བའི་སྡོམ་རྒྱུན་འཛམ་བུའི་གསེར་གྱི་མཆོད་སྡོང་ཤོག་གྲངས་༤༦༥ ལས་དྲངས།)
ཚེག་བར་སོ་ལྔ་པ།
མཐའ་དག་སྲིད་ཞིའི་མཛེས་པ་གཅིག་བསྡུས་དཀྱིལ་འཁོར་ཡོངས་རྫོགས་མཚན་དཔེའི་མཛེས་སྐུ་རི་དྭགས་མཚན་མས་ལེགས་བརྗོད་མ་དང་དཔལ་མོའི་ཁེངས་པ་སྟོབས་ལྡན་མནན་པའི་འགྲམ་ན་བཅིངས། །
སྨིན་འཁྱོག་དཀྱུས་རིང་ཨུཏྤལ་མཐིང་གའི་ཟུར་མིག་དང་འགྲོགས་བདེ་ཆེན་ནུ་འབུར་དར་བའི་ལང་ཚོས་རྒྱལ་རྣམས་མི་ཕྱེད་དབྱིངས་རིག་ཀློང་ནས་ཐུགས་ཀྱི་བརྟན་པ་འཕྲོག་དང་ལྷན། །
ཟབ་དང་རྒྱ་ཆེའི་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཚུལ་དྲི་ཟའི་རྒྱུད་མངས་ཁོག་ནས་དྲངས་པའི་འགྱུར་ཁུག་སྙན་པོ་དབྱར་གྱི་རྔ་དང་ཁུ་བྱུག་གཞོན་ནུའི་དྲུག་འགྱུར་བཞིན། །
གཙུག་ལག་ལི་ཤིའི་དྲི་བསུང་རབ་འཐུལ་མཆུ་སྒྲོས་ཨུཏྤལ་དམར་པོའི་འཛུམ་ལྡན་ཀུན་དགའི་དཔལ་གྱུར་ངང་པའི་བུ་མོ་དབྱངས་ཅན་མ་ཁྱེད་བདག་མགྲིན་འོ་མའི་མཚོ་ན་རྩེན། །(རང་རྩོམ་འཕགས་བོད་ཆོས་འབྱུང་གླེགས་བམ་དང་པོ་ཤོག་གྲངས་༦ ལས་དྲངས།)
ཚིག་ལྷུག་གི་སྡེབ་སྦྱོར་རགས་ཙམ་བཤད་པ།
རྐང་པའི་གཅོད་མཚམས་ངེས་མེད་པའི། །ཚིག་སྦྱོར་དེ་ནི་ལྷུག་པའི་ལུས། །
རྐང་པས་གཅོད་མཚམས་རིང་ཐུང་ངེས་པ་མེད་པའི་ཚིག་སྦྱོར་དེ་ནི་ཚིག་ལྷུག་གི་སྡེབ་སྦྱོར་ཡིན། འདི་ལ། ཁ་རྩ་དགོས་གཏུགས་ཀྱིས་བེད་སྤྱོད་ཡོད་པའི་ལུགས་ཀྱིས་དབྱེ་བ་འགའ་ཞིག་ཕྱེས་ནས་འཆད་ན། ༡) གདོད་མའི་ཚིག་ལྷུག ༢) བསྒྱུར་རྩོམ་ཚིག་ལྷུག ༣) ངག་སྒྲོས་ཚིག་ལྷུག ༤) གཞུང་བྲིས་ཚིག་ལྷུག ༥) སྲོལ་རྒྱུན་གྱི་སྒྱུ་རྩལ་ཚིག་ལྷུག ༦) དེང་རབས་ཀྱི་སྒྱུ་རྩལ་ཚིག་ལྷུག ༧) སྒྲུང་རྩོམ་ཚིག་ལྷུག ༨) དཔྱད་རྩོམ་ཚིག་ལྷུག་དང་བརྒྱད་དོ། །
དང་པོ། གདོད་མའི་ཚིག་ལྷུག་ནི། གདོད་མའི་བོད་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་དར་སྲོལ་བྱུང་བའི་ཚིག་སྒྲོས་ཡིག་ཐོག་ཏུ་ཕབ་པའི་མགོ་བཙུགས་པ་ནས་སྐད་གསར་བཅད་ཀྱིས་གཏན་འབེབས་མ་བྱས་བར་ཚིག་ལྷུག་རྩོམ་ཡིག་ཕལ་ཆེ་བ་རྣམས་ཡིན། དཔེར་མཚོན་ཙམ་བཀོད་ན།
ཏུང་ཧོང་ཡིག་རྙིང་ལས། སྔར་རྒྱལ་པྲན་(ཕྲན་)ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གན་སྟེ། རྒྱལ་པྲན་(ཕྲན་)བགྱིད་པ་དང༌། རྒྱལ་ཕྲན་གྱི་བློན་པོ་བགྱིད་པའི་རང་(རབས་)ལ། ཞང་ཞུང་ངར་པའི་རྗེ་(རྗེ)། བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོར་སངས་རྗེ་དང༌། སྟོང་ལོམ་མ་ཙེ་གཉིས། མྱང་རོའི་པྱེན་(ཕྱེད་)ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་རུ་དང་གནང་གཉིས། ཡུལ་གནུབས་ཀྱི་གླིང་དུག་ན། རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཡུལ་མྱང་རོའི་ཤམས་པོ་ནི། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། ཡུལ་སྐྱི་རོའི་ལྗང་སྔོན་ན༑ རྗེ་ཀྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སུག་གཉིས། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས། ཡུལ་དབྱེ་རོ་ཡུལ་བཞི་ན། རྗེ་དབྱི་རྗེ་འི་མཁར་པ། བློན་པོ་དབོ་དང་རྡུག་གཉིས། ཡུལ་འོ་ཡུལ་གཡི་སྤང་ཀར་ན། རྗེ་འོ་རྗེའི་ཟིན་བྲང་ཚ༑ བློན་པོ་རྔོ་དང་དབའས་གཉིས། ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོག་རྗེའི་ལ་བྲང༌། བློན་པོ་སས་པ་དང་མྱང་ནད་གཉིས། ཡུལ་ཀླུམ་རོའི་ཡ་སུམ་ན། རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། ཡུལ་ཀོང་ལ་བྲེ་སྣར་ན། རྗེ་ཀོང་རྗེའི་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཙུང་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། ཡུལ་དྭགས་ཀྱི་གྲུ་བཞི་ན། རྗེ་དྭགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེའི་ནེ་འུ། བློན་པོ་དང་དང་དིང་དི་གཉིས། ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབས་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཡུལ་འབྲོག་མོ་རྣམ་གསུམ་ནའ། རྗེ་སེ་རི་ཁྲི། བློན་པོ་སྐྱང་རེ་གནག ཞེས་གསལ་བ་ལྟར་རོ། །
གཞན་ཡང་སྐབས་དེ་དག་ཏུ་བྲིས་པའི་གཡུང་དྲུང་བོན་གྱི་ཚིག་ལྷུག་གསུང་རབ་ཀུན་སྡེ་ཚན་འདིའི་ནང་དུ་འདུ་བར་སྙམ།
གཉིས་པ། བསྒྱུར་རྩོམ་ཚིག་ལྷུག་ནི། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་ཐ་སྙད་གཅིག་གྱུར་གྱི་སྒྲོམ་གཞི་ངེས་ཅན་བསླངས་ནས་གསུང་རབ་བོད་བསྒྱུར་དང་དེ་དོན་བོད་འགྲེལ་གྱི་ལྷུག་རྩོམ་རྣམས་ཡིན་ཆོག་སྙམ། དཔེ་མཚོན་འགོད་ན།
འདུལ་བ་ལུང་གཞི་ལས། ཚུར་ཤོག་གིས་བསྙེན་པར་རྫོགས་ཚུལ་བཤད་པའི་སྐབས། དེའི་ཚེ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་གདུལ་བའི་དུས་ལ་བབ་ཅིང༌། སྟོན་པས་འདུལ་ལམ་ཉན་ཐོས་ཀྱིས་འདུལ་ན། ཉན་ཐོས་ཀྱིས་འདུལ། རྫུ་འཕྲུལ་གྱིས་འདུལ་ལམ། སྤྱོད་ལམ་གྱིས་འདུལ་དགོངས་པ་ན། སྤྱོད་ལམ་གྱིས་འདུལ་བར་དགོངས། སྤྱོད་ལམ་གྱིས་འདུལ་བ་དེ་ལ་ཚེ་དང་ལྡན་པ་རྟ་ཐུལ་གཏོང་བར་མཛད་དེ། དེའི་སྤྱོད་ལམ་གྱིས་ལྷ་དང་མིའི་ཡིད་སྡུད་པར་བྱེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟ་ཐུལ། ཁྱོད་ཀྱིས་ཉེ་རྒྱལ་དང་པང་ནས་སྐྱེས་ལ་སོམས་ཤིག རྟ་ཐུལ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས་ཞབས་གཉིས་ལ་ཕྱག་བཙལ་ནས་སོང་ངོ༌། །དེ་ནས་རྟ་ཐུལ་གྱི། སྔ་དྲོ་ཤམ་ཐབས་བགོས། སྣམ་སྦྱར་དང༌། ཆོས་གོས་དང༌། ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་བཞུགས་སོ། །དེའི་ཚེ་ཉེ་རྒྱལ་གྱིས་རྟ་ཐུལ་ཐག་རིང་པོ་ནས་མཐོང་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་ལྟ་བུ་ནི་བདག་གིས་སོྔན་ཆད་མ་མཐོང་བས། དེའི་གམ་དུ་སོང་ནས། ཁྱོད་ཀྱི་སྟོན་པ་གང༌། གང་གི་ཕྱིར་རབ་ཏུ་བྱུང༌། སུའི་ཆོས་ལ་དགའ་ཞེས་དྲིའོ་སྙམ་སྟེ་དེ་ལྟར་དྲིས་པ་དང༌། ཤཱཀྱའི་རིགས་ལས་རབ་ཏུ་བྱུང་ནས་སངས་རྒྱས་པ་དེ་བདག་གི་སྟོན་པ། དེའི་ཕྱིར་རབ་ཏུ་བྱུང༌། དེའི་ཆོས་ལ་དགའ་འོ། །དགེ་སློང༌། ཆོས་དེ་སྟོན་ཅིག ཁོ་བོ་ན་གཞོན་ཞིང་རབ་ཏུ་བྱུང་བ་གསར་བས། དེའི་བསྟན་པ་རྒྱ་ཆེར་བསྟན་མི་ནུས་ཀྱིས། དོན་བསྟན་པར་བྱའོ། ། དགེ་སློང༌། ཁོ་བོ་ལ་ནི་དོན་དགོས་ཀྱིས། དོན་མང་ཡང་རུང༌། ཉུང་ཡང་རུང་སྟོན་ཅིག རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང༌། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཉེ་རྒྱལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཉེ་རྒྱལ་ཆོས་མཐོང་བ་དང༌། ཆོས་ཐོས་པ་དང༌། ཆོས་རིག་པ་དང༌། ཆོས་ཀྱི་གཏིང་སླེབ་པ་དང༌། སོམ་ཉི་དང་ཐེ་ཚོམ་ལས་བརྒལ་བ་དང༌། གཞན་གྱི་དྲིང་མི་འཇོག་པ་དང༌། གཞན་གྱིས་མི་བཀྲི་བ་དང༌། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ༑ ༑སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། རྒྱལ་པོའི་ཁབ་འོད་མའི་ཚལ་ནའོ། །དེ་ཡི་རང་སྟེ། རྟ་ཐུལ་ལ་ཕྱག་འཚལ། སྐོར་བ་བྱས་ནས། པང་ནས་སྐྱེས་ཅན་སོང་བ་དང༌། དེས་ཐག་རིང་པོ་ནས་འོང་བ་མཐོང་སྟེ། ཁྱོད་ཀྱི་དབང་པོ་རྣམས་དྭངས། བཞིན་གྱི་མདོག་ཡོངས་སུ་དག པགས་པའི་མདོག་ཤིན་ཏུ་དཀར་ན། ཁྱོད་ཀྱིས་བདུད་རྩི་རྙེད་དམ། རྙེད་དོ། ཆོས་དེ་སྟོན་ཅིག སྔར་གྱི་ཚིགས་བཅད་བརྗོད་པས། ད་དུང་ལན་ཅིག་བརྗོད་ཅིག ཡང་ལན་ཅིག་བརྗོད་པས། དེས་ཀྱང་བདེན་པ་མཐོང་ནས། སྔར་བཞིན་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། འོད་མའི་ཚལ་ནའོ། །ཚུར་ཤོག དེའི་སྤྱན་སྔར་ཚངས་པར་སྤྱད་པར་བྱའོ། །ཚེ་དང་ལྡན་པ། ཇི་འཁོར་ལ་བལྟ་བར་བྱ་སྟེ། བདག་ཅག་ལྟ་བུ་གྲགས་པ་དང་ལྡན་པས་འཁོར་ལ་ལྟ་བ་ནི་ལེགས་པ་ཡིན་ནོ། །དེ་ནས་དེ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། ཁོ་བོ་ཅག་གཉིས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་ན། ཁྱེད་རྣམས་ཅི་བྱེད། མཁན་པོ་གཉིས། བདག་ཅག་ཅི་འཚལ་བ་ཐམས་ཅད་ཁྱེད་གཉིས་ལ་བརྟེན་པ་ལགས་པས། བདག་ཅག་ཀྱང་ཁྱེད་གཉིས་ཀྱི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །ཁྱེའུ་དག ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག དེ་ནས་དེ་གཉིས་འཁོར་ལྔ་བརྒྱ་དང་བཅས་འོད་མའི་ཚལ་དུ་སོང་བ་དང༌། རྟ་ཐུལ་ཤིང་དྲུང་ཞིག་ན་འདུག་པ་མཐོང་ནས། ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། དང་པོར་བཅོམ་ལྡན་འདས་ལ་ཕྱག་བྱའམ། གང་ལས་ཆོས་ཐོས་པ་དེ་ལ་ཕྱག་བྱ། དང་པོ་ཆོས་ཐོས་པ་དེ་ལ་ཕྱག་བྱའོ། །དེ་གཉིས་རྟ་ཐུལ་གྱི་གམ་དུ་སོང་སྟེ། ཕྱག་བཙལ་བ་དང༌། བྲམ་ཟེ་ཟླ་བ་ལ་དགའ་བ་ཞིག་ཀྱང་ཟླ་བ་ལ་ཕྱག་བྱེད་དོ། །བཅོམ་ལྡན་འདས་ཀྱིས། རྒན་པ་དང་ནི་གཞོན་པའང་རུང༌། ། གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །དེ་ནས་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་དེ་གཉིས་གཟིགས་ཏེ་བཀའ་སྩལ་པ། དགེ་སློང་དག ཁྱེད་ཀྱིས་དེ་གཉིས་མཐོང་ངམ། བཙུན་པ། མཐོང་ངོ༌། །འདི་གཉིས་ནི་ངའི་ཉན་ཐོས་ཤེས་རབ་ཅན་དང༌། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་འགྱུར་རོ། །དེ་ནས་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཞབས་གཉིས་ལ་ཕྱག་བཙལ་ནས། བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ། དགེ་སློང༌། ཚུར་ཤོག ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དང༌། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང༌། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང༌། མོད་ལ་དབང་བོ་རབ་ཞི་གནས་གྱུར་ཏེ། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། ཅེས་པ་ལྟ་བུས་མཚོན་ནུས་སྙམ།
གསུམ་པ་ངག་སྒྲོས་ཚིག་ལྷུག་ནི། གསུང་རབ་ཀྱི་བརྡ་ཆད་ལ་ཁུངས་བཅོལ་བའི་ཕུག་རྩ་འདེད་མི་དགོས་པར་གདོད་མའི་ལྷ་འདྲེའི་སྒྲུང་དང་བཤད་སྲོལ་འདྲ་མིན་དམངས་ཁྲོད་དུ་གྲགས་པས་ཁྱབ་པ་དེ་དག་དམངས་ཀྱི་ངག་སྒྲོས་དང་མཐུན་པར་ཡིག་ཐོག་ཏུ་བཀོད་པའི་ཚིག་ལྷུག་རྣམས་ཡིན་ཆོག་སྙམ།
དཔེར་ན་དམངས་ཁྲོད་ཀྱི་བྱ་བྱེའུའི་སྒྲུང་སོགས་ཀྱིས་མཚོན་ནུས་སྙམ། ཡང་ངག་སྒྲོས་ཀྱི་དཔེ་མཚོན་ཞིག་ལ། སྔ་མ་ལྷ་སར་ཆུས་ཉེན་ཁ་འབྱུང་ཉེར་བརྟེན་སྡེ་པ་གཞུང་གི་དཔོན་རིགས་ཚོས་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་མཐར་རྗེ་བཙུན་ཀུན་དགའ་དོན་འགྲུབ་ལ་སྐྱབས་འཇུག་ཞུ་རྒྱུ་ཐུགས་ཐག་བཅད་དེ། དེ་ལྟར་རྗེ་བཙུན་ཀུན་དགའ་དོན་འགྲུབ་ལ་དེ་ལྟར་སྐྱབས་འཇུག་གནང་རོགས། རིན་པོ་ཆེ་ལ་ཐུགས་འདོད་གང་མཆིས་ན་དེ་ལྟར་བསྒྲུབ་རེ་ཡོད། ཅེས་ཞུས་པས་རྗེ་བཙུན་ཀུན་དགའ་དོན་འགྲུབ་ནས་ར་མོའི་གཙུག་ལག་ཁང་ང་ལ་གནང་རོགས་ཞེས་གསུངས་པར་སྡེ་གཞུང་དཔོན་རིགས་ཚོས་ཁས་བླངས་མེད་ཚུལ་གསུང་གི་འདུག་བླ་མས་ར་མོའི་གཙུག་ལག་ཁང་མ་གཏོགས་གཞན་གང་ཡང་མི་དགོས་གསུངས་ཤིང༌། ཆུའི་སྟེང་དུ་སྐྱར་པ་སྐྱབས་ཞེས་པའི་ཚིག་མཚམས་དེར་སླེབས་ཚེ་ལྷ་སར་ཆུ་ཉེན་ཟློག་ཆེད་དྲུག་ཅུ་མ་འབུལ་བ་དང་འབྲེལ། བླ་མས་ཆུའི་སྟེང་དུ་གདིང་བ་བཏིང་ནས་ཁོ་རང་གི་གསོལ་དཔོན་མཉམ་འཁྲིད་ཀྱི་ཆུའི་ཐོག་མ་བྱིངས་པར་ཕེབས་ཚེ་བླ་མས་གསོལ་དཔོན་ལ་ཆུའི་ནང་དུ་མིག་མ་བལྟ་ཞེས་གདམས་པར། གསོལ་དཔོན་དྲན་པ་གཡེངས་ཏེ་ཆུའི་ནང་དུ་མིག་བལྟས་པས་ཆུའི་ནང་དུ་ལྷུང་སྟེ་ཆུས་འཁྱེར་བས་བླ་མ་ཐུགས་ཁྲོས་ཏེ། དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་དུ་དྲུག་ཅུ་མ་འབུལ་སྐབས་སུ་གཞི་བདག་གཏོར་མ་མེད་པར་བཟོས་པ་ལྟར་ད་ལྟའི་ཆར་འབུལ་སྲོལ་མེད། ཡང་རྒྱུད་སྟོད་གྲྭ་ཚང་དུ་ར་མོ་ཆེར། ཉིན་གཅིག་རྒྱལ་ཆེན་རིགས་བཞིའི་ནང་ནས་གཅིག་ཆོས་ཐོག་བཅགས་ཏེ་ཆུ་ཟླར་ཕེབས་ཤིང༌། ཡང་ཉིན་ཤས་རྗེས་སུ་རྒྱལ་ཆེན་རིགས་བཞིའི་ནང་ནས་གཅིག་ཆོས་ཐོག་ཏུ་ཕེབས་གྲབས་ཀྱིས་ཞབས་ཡ་གཅིག་ཡར་བཀྱག་ནས་བཞུགས་བསྡད་པ་དཀོར་གཉེར་ནས་མཐོང་བས། འཕྲལ་ཏུ་གོང་རིམ་ལ་སྙན་གསན་ཞུས་པས་སྡེ་གཞུང་དཔོན་རིགས་ཚོས་ལྷན་འཛོམས་ཀྱིས་ར་མོའི་གཙུག་ལག་ཁང་འདི་རྗེ་བཙུན་ཀུན་དགའ་དོན་འགྲུབ་ལ་མྱུར་དུ་འབུལ་ན་ལེགས་ཀྱི། རྗེ་བཙུན་ལ་མ་ཕུལ་ན་ཇོ་བོ་རིན་པོ་ཆེ་ཡང་ཆུ་ཟླར་ཆོས་ཐོག་ཏུ་བཅགས་ཉེན་ཆེ། ཞེས་བཀའ་བགྲོས་གནང་སྟེ་རྗེ་བཙུན་ཀུན་དགའ་དོན་འགྲུབ་ལ་དབུལ་རྒྱུ་ཐུགས་ཐག་བཅད། ལྟ་བུས་མཚོན་ནུས་སྙམ།
བཞི་པ། གཞུང་བྲིས་ཚིག་ལྷུག་ནི། བར་ལམ་རང་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་འབྲེལ་ཡིག་ཆར་ཚིག་སྡུད་ཧ་ཅང་མང་བའི་ལྷུག་རྩོམ་འབྲི་སྲོལ་གསར་པ་ཞིག་དར་བ་དེ་ཉིད་ཡིག་ཚོགས་ཉུང་བར་བརྗོད་དོན་བསྡུ་ཆེ་བ་དང༌། ཚིག་སྦྱོར་བརྗིད་ཅིང་གོ་བ་ཟབ་པ་སོགས་ཀྱི་ཁྱད་ཆོས་ལྡན།
མྱོང་ཅན་གྱི་ཞལ་ལས་གཞུང་ཡིག་ཀློག་ན་འབྲུག་དང༌། བསམས་ན་ཆར། ལག་ལེན་དུ་འགལ་འདུ་མེད་པ་ཞིག་དགོས་ཞེས་གསུངས་པ་ཐོས་ཤིང༌། དེ་ཡང་གཞུང་ཡིག་ཀློག་སྐབས་རྗོད་བྱེད་ལ་འབྲུག་གྲགས་པ་ལྟ་བུའི་བརྗིད་ཉམས་དང༌། དོན་ལ་བསམས་ན་ཞུ་དོན་ཞལ་བཞེས་བྱུང་ན་བརྗོད་མེད་ཐོག མ་བྱུང་ཚེ་རྒྱུ་མཚན་གསལ་བཀྲོལ་གྱིས་ཆབ་འབངས་བློ་མི་ཕམ་པར་གཙོ་འདོན་བྱེད་དགོས་པ། འབྲེལ་ཡོད་དོན་གནད་ཐོག་ཐག་གཅོད་གཙང་མ་ཡུག་གཅིག་ཏུ་བྱེད་པ་ལས་དོན་རྩ་གཅིག་ལ་ཐག་གཅོད་སྣ་ཚོགས་དང༌། སྔ་ཚིག་ཕྱི་འགལ་སོགས་ལག་ལེན་དུ་འགལ་འདུ་མེད་པ་གཙོ་འདོན་དགོས་པར་བཤད། དེའི་དཔེ་མཚོན་ཙམ་བཀོད་ན། ༸གོང་ས་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ལོའི་ཞལ་གདམས་ལས།
ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུག་འདོན་མ་དགོས་པར་ལུང་བརྟག་དོན་གསལ། སྲིད་ཞིའི་འདྲེན་མཆོག་༸རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་གདན་ཁྲིར་འཁོད་པ་ནས་བཟུངས། བར་སྐབས་སྔོན་གྱི་མཛད་ལམ་གཞིར་བཟུང་རྒྱལ་ཚབ་ཡོངས་འཛིན་རྟ་ཚག་ཧོ་ཐོག་ཐུ་དང། མཁན་ཆེན་ཡོངས་འཛིན་རྡོ་རྗེ་འཆང་ཕུར་ལྕོག་རིན་པོ་ཆེས་དབུས་བཤེས་གཉེན་དམ་པ་གཙུག་བསྟེན་ཆོས་སྤྱོད་ཀྱིས་མཚོན་འདོན་ཁ་ཁྲལ་བློར་འཛིན་སྐྱོར་སྦྱང། རབ་བྱུང་དང། དགེ་ཚུལ་སྡོམ་ནོད། གཞུང་ཆེན་བཀའ་པོད་ལྔར་བརྒལ་བརྟག་རྩོད་གྲྭ མདོ་རྒྱུད་རྒྱ་མཚོའི་རྗེས་གནང། དབང་བཀའ་ཁྲིད་སོགས་རང་གི་བློ་ཚོད་དང་བསྟུན་པ་ཉིན་ལྟར་ཆག་མེད་དུ་སྦྱང་བརྩོན་གང་འཚམས་བསྐྱེད་ཁུལ་ཡང། རང་ལོ་ཉི་ཤུ་ལ་བབས་མཚམས་སྔར་སྲོལ་ལ་བསྙད་པའི་རྒྱལ་སྲིད་ཆོས་སྲིད་འགན་འཁུར་ཐོག་ཏུ་བབས་པ་ན། རང་ལ་ཆོས་སྲིད་གང་ཐད་ནས་མྱོང་གོམས་ཤེས་ཡོན་དམན་ཡང། ལྷ་སྡེ་མི་སྡེའི་སྤྱི་ཞུས་དང། གནམ་བསྐོས་༸གོང་མ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོད་པས་ཁུར་དུ་བླངས་ཏེ་རང་ཉིད་དལ་སྡོད་སྐྱིད་སྡོད་ཀྱི་དབང་མེད་བསྟན་སྲིད་ཀྱི་བདེ་དོན་ལ་ཉིན་མཚན་སེམས་འཁུར་ལྕི་བབས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས། ཆབ་སྲིད་ཕྲ་ཚུགས་ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲངས་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་བགྱིས་རུང། ཤིང་འབྲུག་ལོར་དབྱིན་ཇིའི་དཔུང་དམག་ལྷགས་འབྱོར་སྐབས་ཀྱང། རང་ཉིད་སྐྱིད་ཐབས་ངོ་སྲུང་མཐུན་ལམ་བྱས་ཚེ་ཆབ་སྲིད་ཕུགས་སྐྱོན་ཆགས་ཏེ་རྐང་རྗེས་ལག་བསུབ་གང་མིན་ཡོང་རྒྱུར་བསམས། སྔ་དུས་༸གོང་ས་ལྔ་པ་ཆེན་པོ་ནས་མན་ཇུ་༸རྒྱལ་པོ་དང་མཆོད་ཡོན་བཀུར་རེས་སུ་འབྲེལ་བ་ནས་བཟུངས། ད་བར་ཕན་ཚུན་སྐྱོང་འོས་ལ་བརྟེན། འཕྲལ་ཕུགས་བདེ་སྡུག་ལྷོངས་ངེས་ཞུ་བར་ངལ་བ་ཁྱད་བསད་ཀྱིས་བྱང་འགྲིམས་རྒྱ་སོག་ཡུལ་གྲུ་བརྒྱུད་པེ་ཅིན་གསེར་གྱི་རྒྱལ་ཁབ་ཆེན་པོར་༸གོང་མ་ཡུམ་སྲས་མཇལ་འཕྲད་བཀུར་བཟོས་བདག་རྐྱེན་ཚད་མེད་པ་གནང་ཡང། རིང་པོ་མ་ལོན་པར་༸གོང་མ་ཡུམ་སྲས་རིམ་གཤེགས་རྗེས་༸གོང་མ་ཤོན་ཐོང་ཁྲིར་འཁོད་ཡབ་སྲས་ལ་རྒྱུ་རྐྱེན་ལྷོངས་གསོལ་ཐོག བོད་ལྗོངས་སྙིང་ལ་བཅགས་ཏེ་ཕྱིར་ལོག་མཚམས། བོད་སྡོད་ཨམ་བན་ནས་གཡོ་ཞུས་རྗེས་འབྲངས་ལུའུ་ཅུན་དཔོན་དམག་ལྷ་འབྱོར་བོད་ལྗོངས་ཆབ་སྲིད་དབང་བྱུས་འཕྲོག་ཉེར། ༸རྒྱལ་བློན་ཆབ་སྲིད་ཀྱི་དབང་ལུང་ཡོད་པ་རྣམས་རྒྱ་གར་འཕགས་ཡུལ་དུ་ངལ་བ་རིང་སྤངས་བདེ་བགྲོད་ཀྱིས་དབྱིན་གཞུང་བརྒྱུད་རྒྱ་གཞུང་ལ་གང་ཅིའི་རྒྱུ་རྐྱེན་མཐའ་འབུད་དང། ཕྱོགས་གཅིག་ནས་བསྟན་སྲིད་བདེ་ཐབས་ཞབས་རིམ་ལྷོད་མེད་བསྒྲུབས་པའི་ལས་འབྲས་མི་བསླུའི་བདེན་མཐུ་ཟབ་མོས་རྒྱ་ནག་ནང་འཁྲུག་དུས་འགྱུར་དབང་གིས་བོད་ཕྱོགས་རྒྱ་དཔོན་དམག་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་རིམ་གྱིས་མཐར་བསྐྲད་ཐོག རང་གི་སྐྱོང་ཡུལ་བོད་ལྗོངས་ཆོས་ཀྱི་ཞིང་སར་སླར་འཁོད་དེ་ཆུ་གླང་ནས་བཟུང། ཆུ་སྤྲེ་བར་བོད་ལྗོངས་འདི་ཉིད་དུ་བདེ་སྐྱིད་རྫོགས་ལྡན་གསར་དུ་བཞད་པས་མཆོག་དམན་ཚང་མ་དགའ་བདེ་ཅི་དགར་ལོངས་སྤྱོད་བག་ཕེབས་སུ་ཚིམས་པ་འདིས་མཚོན༌༌༌༌། ཞེས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ཞལ་གདམས་ལྟ་བུའོ།། །།
(བེ་རི་འཇིགས་མེད་དབང་རྒྱལ་ལགས་ནི། དགེ་ལུགས་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཡིན།)