དེབ་གོང་མའི་འཕྲོ།   ཨེ་པ་བསོད་ནམས་རིན་ཆེན།

ས་བཅད་བཅུ་གཉིས་པ། དབྱངས་འཆར་དོན་གྲུབ་འཁོར་ལོ།

དབྱངས་འཆར་དོན་གྲུབ་འཁོར་ལོ་ཞེས་པ་འདི་ནི་ཉིན་རེའི་བདེ་སྡུག་དང་བྱ་ལས་འགྲུབ་མིན་སོགས་ཀྱི་ལྐོག་གྱུར་བརྟག་པའི་འཁོར་ལོ་དབྱངས་འཆར་རྩིས་རིག་པ་ལས་གསུངས་པ་གཞུང་ལེའི་ནང་དམིགས་བཀར་ཟུར་འདོན་ཞུས་པ་ཞིག་ཡིན། འཁོར་ལོ་འདིའི་སྤྱོད་ཐབས་ནི་རང་གི་མིང་ཡིག་སྐར་འོག་ཏུ་སྦྱར་བའི་ཉིན་རེའི་ཟླ་སྐར་གང་ཡིན་འཁོར་ལོའི་ཕྱི་ནང་རྩེ་གསུམ་གང་དུ་འཁེལ་མིན་ལ་བལྟས་ཏེ་ཐད་ཀར་བཟང་ངན་ཐག་གཅོད་ལུང་དུ་སྟོན་པ་ཡིན་པས། ང་ཚོས་རང་གི་མིང་ཡིག་སྐར་མ། སྐྱེས་མིང་སྐར་མ་དང་ཉིན་རེའི་ཟླ་སྐར་གསལ་པོར་ངེས་ཕྱིན་འཁོར་ལོ་འདི་བེད་སྤྱོད་སླ་པོར་ཐུབ་ལ་དེས་རང་ཉིད་ལ་དགེ་མཚན་ཕན་རོགས་གང་ལེགས་འོང་ངེས་པས་གཤམ་དུ་མིང་སྐར་ངོས་འཛིན་དང་འཁོར་ལོ་བརྟག་ཚུལ་དངོས་འཆད་པ་ལ། དང་པོ། མིང་སྐར་འཚོལ་ལུགས།     མིང་སྐར་ཞེས་རང་གི་སྐྱེས་མིང་གང་ཡིན་པ་དེ་ལས་ནང་གི་གཙོ་བོའི་ཡི་གེའི་ཁམས་གང་ཡིན་པ་དེ་ལ་ལྟོས་ནས་སྐར་མ་འཚོལ་བ་དེ་གསང་བ་མིང་གི་དབྱངས་གསལ་ཡི་གེ་གང་ཡང་སྐྱེ་བའི་གནས་དང་ས་བོན་ནི་འབྱུང་བ་བཞི་ལས་མ་འདས་ཤིང༌། ཕྱིའི་གཟའ་སྐར་དང་དེ་ཉིད་ཆར་གཞིའི་སྣོད་ཀྱང་འབྱུང་བ་བཞི་ལས་བསྒྲུབ་པར་དུས་འཁོར་གཞུང་དངོས་ལས་གསུངས་པས་སྐབས་སུ་སྐྱེས་མིང་གི་ཡི་གེ་རྒྱུ་སྐར་ལ་སྦྱོར་བའི་རྟེན་འབྲེལ་རྒྱུ་མཚན་ཡང་ངོ་བོ་ཕྱི་ནང་འབྱུང་བའི་འབྲེལ་ཚུལ་ལས་རྟོགས་དགོས་པས་ཞིབ་པར་རྟོགས་འདོད་ན་དུས་འཁོར་སོགས་ཕྱི་ནང་འགལ་མེད་དུ་སྨྲ་བའི་གཞུང་རྣམ་དག་ལ་གཟིགས་པར་འཚལ་ཞེས་སྐབས་སུ་སྐྱེས་མིང་ཡི་གེའི་སྐར་མ་འཚོལ་ཚུལ་ཡང་དབྱངས་འཆར་ལས། སྐྱེས་མིང་སྐར་མ་འཚོལ་བ་སྟེ། འཕུལ་བ་རྣམས་ཀྱི་དབུས་མ་བཟུང༌། །སངས་ཞེས་བྱ་བའི་ས་བཟུང་སོགས། །མདོར་ན་མིང་ཡིག་དང་པོའི་སྒྲ། །གང་ཡིན་དེ་ཉིད་བཟུང་བ་གནད། ། བོད་ཡིག་ཅ་ཆ་ཇ་གསུམ་པོ། །ཙ་ཚ་ཛ་ལ་བསྡུ་བ་དང༌། །ཟ་ས་ཞ་ཤ་འ་ཨ་ལ། །བསྡུས་ལ་བརྩི་བར་བྱ་བ་དང༌། །ཀ་པའི་ཡི་གེ་བཞི་པ་ལ། །ཀ་ལ་གྷ་ང་ཚ་བསྡུ་ཞིང༌། །པ་ལ་ཁ་ཎ་ཐ་བསྡུ་ལ། །ད་ལ་ཐ་ཧ་ཉ་བསྡུ་སྟེ། །བྷ་ལ་དྷ་ཕ་དྷ་བསྡུའོ། །ཞེས་གསུངས་པ་ལྟར་རང་གི་སྐྱེས་མིང་གང་ཡིན་གྱི་མིང་གཞིའི་ཡི་གེ་ཉིད་གཙོ་བོར་བཟུང་སྟེ་དེ་ཉིད་རྒྱུ་སྐར་དང་མཐུན་པར་སྦྱོར་དགོས་པ་ལས། སྐྱེས་མིང་ཡི་གེ་རྒྱུ་སྐར་དང་སྦྱོར་ཚུལ་དངོས་ནི། འཁོར་ལོའི་ནང༌། ཨ་ཨི་ཨུ་ཨེ་བཞི་རྒྱུ་སྐར་སྨིན་དྲུག་ནས་སྦྱར་བ་འགོ་བཟུང་ལི་ལུ་ལེ་ལོ་བཞི་རྒྱུ་སྐར་བྲ་ཉེ་དང་སྦྱར་ཏེ་བཀོད་པ་ལས་རྟོགས་སོ། །དཔེར་ན། སྐྱེས་མིང་བསོད་ནམས་ལྟ་བུར་མིང་ཡིག་དང་པོའི་བ་གཙོ་བོར་བཟུང་བས་རྒྱུ་སྐར་ཉེར་བཞི་མོན་གྲུ་སྐྱེས་མིང་སྐར་མ་ཡིན་པར་རྟོགས་པ་ལྟ་བུའོ། ། གཉིས་པ། དབྱངས་འཆར་དོན་འགྲུབ་འཁོར་ལོ་བརྟག་ཚུལ་དངོས་བཤད་པ། དེ་ལྟར་གང་ཟག་རང་གི་སྐྱེས་མིང་སྐར་མ་ངེས་ཕྱིན་ཚེས་ནམ་ཡིན་གྱི་དུས་སུ་ལས་དོན་བརྩམ་པ་འགྲུབ་ཐུབ་མིན་གྱི་རྟེན་འབྲེལ་བརྟག་ཐབས་ནི། རང་གི་སྐྱེས་མིང་སྐར་འོག་ཏུ་ཐད་ལྟོས་སུ་བཀོད་པ་དེ། ཉིན་དེའི་ཟླ་བའི་སྐར་མ་ཕྱི་ནང་རྩེ་གསུམ་གར་གནས་ལ་བལྟས་ཏེ་བརྟག་དགོས་པས། དེ་ཡང་ཟླ་སྐར་ནང་དུ་སོང་ན་བརྩམ་བྱའི་ལས་དོན་འགྲུབ་སླ་ཞིང༌། ཕྱིར་སོང་བ་ན་བློ་སེམས་མི་བདེ་བ། རྩེར་སོང་ན་དགྲ་དང་གྱོད་ཁ་འོང་བར་བསྟན་ཡོད། དཔེར་ན། གོང་དུ་བསོད་ནམས་ལྟ་བུ་སྐྱེས་མིང་གི་གང་ཟག་འདི་བཞིན་བོད་རབ་བྱུང་བཅུ་བདུན་པའི་ཆུ་ལུག་བོད་ཟླ་ལྔ་པའི་ཚེས་གཅིག་ཉིན་ལས་དོན་འགྲུབ་མིན་བརྟག་པ་ལ། གང་ཟག་དེའི་སྐྱེས་མིང་སྐར་མ་ནི་གོང་དུ་མོན་གྲུ་ཡིན་པ་རྟོགས་ཟིན་པས། དེ་ཉིན་གྱི་ཟླ་སྐར་དེ་སྐྱེས་མིང་སྐར་མ་འོག་གི་ཕྱི་ནང་རྩེ་གསུམ་གར་སོང་བརྟག་པ་ལས། ཟླ་སྐར་ལག་༥ ཡིན་པ་འཁོར་ལོའི་རྩེ་མོར་སོང་བས་ཟླ་སྐར་འདི་ཉིད་གནས་པའི་ཡུན་ལས་གལ་ཆེ་གང་བརྩམ་འགྲུབ་པར་བསྟན་པ་ལྟ་བུའོ། །

དབྱངས་འཆར་དོན་གྲུབ་འཁོར་ལོ་བཞུགས་སོ། །

དབྱངས་འཆར་དོན་གྲུབ་འཁོར་ལོ་ནི། །ཉིན་རེའི་བདེ་སྡུག་བྱ་ལས་སོགས། །འགྲུབ་མིན་བལྟས་ཆོག་རེའུ་མིག་འདི། །རང་གི་སྐྱེས་མིང་སྐར་མའི་འོག །དེ་ཉིན་ནམ་ལངས་ཟླ་སྐར་ནས། །ཕྱི་ནང་རྩེ་གསུམ་གར་འཁེལ་འབྲས། །ནང་སོང་རྩོམ་པའི་ལས་དོན་འགྲུབ། །ཕྱིར་སོང་ཉིན་ཕྱེད་བློ་མི་བདེ། །རྩེར་སོང་དགྲ་གྱོད་ཁ་སྨྲས་ངོ༌། །བྱ་ལས་མི་བརྩམ་ལྷག་པའི་ལྷར། ། གསོལ་འདེབས་བཀྲ་ཤིས་བརྩེགས་པ་འདོན། །

ས་བཅད་བཅུ་གསུམ་པ། ལོ་འཕོ་ཁག་དང་ལོ་རྒྱལ་ལོ་བློན། ཀ་ར་མྱོང་རྩིས་སོགས།

གཞུང་ལེའི་ཤོག་ངོས་༧༨ ཡས་མས་སུ་ལྷ་སྐུའི་གཟུགས་རིས་ཨང་ཀི་རིམ་བརྩེགས་ཅན་བཀོད་པ་དེ་དག་ནི་ལོ་འཕོ་ཞེས་ལོ་རེར་འཕོ་བའི་གཟའ་སྐར་ཡིན་ལ་སྐབས་སུ་འདིར་གཟའ་སྐར་སོ་སོའི་སྐུ་བྱད་ལྟར་བཀོད་ཡོད་ལ། ནང་དུ་ཕུག་ལུགས་མྱང་འདས་དང་ཐེག་དམན་མྱང་འདས་སོགས་ཀྱི་ལོ་རྒྱུན་གཏན་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལོ་རྩིས་ཁག་དང་ཁྱད་པར་རྩིས་རིག་པའི་འདས་ལོ་བཅས་ཡིན། དེ་འོག་ཆར་དང་འབྲུ། རྩ་སོགས་ནི་ཀ་ར་མྱང་རྩིས་ཞེས་པ་བལ་པོའི་ཡུལ་ལས་དར་བའི་བརྟག་ཐབས་རྩིས་རིག་པ་ཞིག་ཡིན།

ས་བཅད་བཅུ་བཞི་པ། ལོའི་ས་བདག་དང་ཕྱོགས་དཀར། སྨེ་འཁོར་བཤད་པ།

གཞུང་ལེའི་ཤོག་ངོས་༧༩ ཡས་མས་སུ་ལོ་བརྙན་བཅུ་གཉིས་ལས་སྐབས་བབས་གནམ་ལོ་གང་ཡིན་དང༌། འཆར་ལོའི་གནམ་ལོ་གང་ཡིན་གྱི་གཟུགས་བརྙན་གསལ་བར་བཀོད་ཐོག མཐའ་འཁོར་ཕྱོགས་བཞི་མཚམས་བརྒྱད་སོ་སོར་ས་བདག་གང་དང་གང་གནས་པའི་མིང་གསལ་བར་བཀོད་ཡོད་ལ། ས་བདག་གི་མིང་ཅི་ཡང་མེད་ས་སྟོང་པའི་ཕྱོགས་ནི་ང་ཚོས་རྒྱུན་གཏན་འབོད་བཞིན་པའི་ཕྱོགས་དཀར་རམ་གནམ་ལོའི་ཕྱོགས་གཙང་ཞེས་པ་དེ་ཡིན་པས། ལོ་རེའི་གལ་ཆེའི་ལས་སྣེ་གཏོད་དགོས་རིགས་ཐོག་མར་ཕྱོགས་དེར་གཏད་དེ་བརྩམ་ན་ས་བདག་རིགས་གང་གིས་ཀྱང་ཕོག་ཐུག་ཡོང་དོགས་མེད་པས་བཟང་བར་བཤད། ཡང་དཀྱིལ་དུ་སྨེ་འཁོར་ཞེས་པ་གོང་ལྟར་གནམ་ལོ་གང་ཡིན་གི་སྨེ་བ་དབུས་སུ་བྱས་པའི་བྱ་འཕུར་འཁོར་ལོ་ཡིན་ཏེ་དེའི་ཕྱོགས་ཀྱི་བཟང་ངན་ནི་སྔར་སྤར་སྨེའི་ཕྱོགས་ཀྱི་སྤང་བླང་སྐབས་བཤད་ཟིན་ལྟར་རོ། ། དེ་ཡང༌། འབྱུང་རྩིས་རིག་པ་ལས་གསུངས་པའི་ལོ་རེའི་ས་བདག་ནི་དགུན་གྱི་ཉི་མ་ལྡོག་ཉིན་ནས་སྐྱས་འཕོ་ཞིང༌། དེ་ནས་ཟླ་བཅུ་གཅིག་རིང་ཕྱོགས་དེར་མི་འཕོ་བའི་ཚུལ་གྱིས་གནས་པ་ཡིན་པས་གལ་ཏེ་ས་བདག་གདུག་ཅན་རིགས་གནས་པའི་ཕྱོགས་མ་ཤེས་པར་དེ་ཕྱོགས་མི་མཐུན་པའི་བྱ་ལས་རིགས་བྱས་ཚེ། དཔེར་ན་ཧལ་ཁྱི་གནས་ཕྱོགས་སུ་ཕུང་པོ་བཏང་བས་མི་རོ་བསྟུད་མར་འབྱུང་སྲིད་པ་ལྟ་བུའི་ངན་འབྲས་འཕྲལ་དུ་འབྱུང་བར་བརྟེན། ལོ་རེའི་ས་བདག་གི་དབྱེ་བ་དང༌། དེ་དག་ཕྱོགས་གང་དུ་གནས་པ། ལས་གང་ལ་གཉན་པ་སོགས་ཤེས་རྒྱུ་གལ་ཆེར་མངོན་ལ། བླང་དོར་གྱི་གནད་འདི་རྟོགས་པས་ཞི་དྲག་གི་ལས་གང་ལའང་རྐྱེན་ངན་གུད་པ་དང་བྲལ་བ་ཕུན་སུམ་ཚོགས་པའི་ཡན་ལག་འབའ་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ་བས། སྐབས་སུ་ས་བདག་སོ་སོའི་གནས་མིང༌། ཆ་ལུགས། འཕོ་ཚུལ། འཛེམས་བྱའི་ལས། སྒྲིབ་ཐབས་བཅས་བལྟས་ཆོག་རེའུ་མིག་སྙིང་པོ་ཟུར་དུ་འགོད་པར་བྱའོ། །

ས་བཅད་བཅོ་ལྔ་པ། ཟླ་འཁོར་ས་བདག་དང་ཟླ་བཤད།

དང་པོ། ཟླ་འཁོར་ས་བདག

ཟླ་འཁོར་ས་བདག་ཅེས་པ་ཟླ་བ་ངོ་རེའི་ཚེས་གཅིག་ནས་བསྐྱེད་ཅིང་འཕོ་བས་ཚེས་སུམ་ཅུའི་རིང་ཕྱོགས་བཞི་མཚམས་སོ་སོར་གནས་པ་དང༌། ཕྱི་ཟླའི་ཚེས་ཤར་ལ་སླར་འཕོ་བ་བརྩམས་ཏེ་གཡོན་དུ་རིམ་པར་འཁོར་བའི་ས་བདག་གི་ཚོགས་དང༌། དམིགས་བསལ་ལྟོ་འཕྱེའི་ལུས་ཀྱི་གནས་ཚུལ་དག་གསལ་བར་སྟོན་པའི་ལེ་ཚན་ཞིག་ཡིན། གཞུང་ལེའི་ནང་ཟླ་བ་སོ་སོའི་ཟླ་བཤད་ཀྱི་སྔ་རོལ་ཏུ་ངོ་བོ་ས་བདག་དང་ལྟོ་འཕྱེའི་ལུས་ཀྱི་གནས་ཕྱོགས་རྣམས་རེའུ་མིག་ཚུལ་དུ་བཀོད་ཡོད་པ་ལས། ནང་མའི་གཟུགས་བརྙན་གཉིས་ནི་ཟླ་བའི་བདག་པོ་ལོ་བརྙན་བཅུ་གཉིས་གཉིས་ཀྱི་མཚོན་བྱེད་ཡིན་ཅིང༌། དབུས་མའི་རེའུ་མིག་ནི་ས་བདག་ལྟོ་འཕྱེའི་ལུས་ཀྱི་གནས་ཚུལ་དང༌། ཕྱི་འཁོར་ནི་ཟླ་བ་ངོ་རེ་བཞིན་གནས་ཤིང་འཕོ་བའི་ས་བདག་གི་ཚོགས་རྣམས་ཡིན།

གཉིས་པ། ཟླ་བཤད་ཀྱི་ངོ་སྤྲོད།

ཟླ་བཤད་ཅེས་པ་བོད་རྩིས་རིག་པས་ཕྱི་ནང་འབྱུང་བའི་དར་གུད་དང་གཟའ་སྐར་གྱི་བགྲོད་པ་བརྩི་བའི་རིག་པར་བསྟེན་ཏེ་ནང་བཅུད་འགྲོ་བའི་བདེ་སྡུག་དང་འབྲེལ་བའི་རང་བྱུང་ཁམས་ཀྱི་འཕོ་འགྱུར་ཇི་སྙེད་རྒྱ་ཆེའི་མི་དམངས་ཀྱིས་མཁྱེན་རྟོགས་ཆེད་ཟླ་བ་ངོ་རེ་བཞིན་གསལ་བཤད་སྙིང་བསྡུས་སུ་བཀོད་པ་ཞིག་ཡིན། ང་ཚོས་ཟླ་བཤད་ཀྱི་ལེ་ཚན་འདི་བརྒྱུད་ཟླ་རེའི་གཟའ་སྐར་གྱི་བགྲོད་པ་དང་གནམ་གཤིས་ཀྱི་གནས་བབས། ས་ཞིང་འདེབས་ལས་ཀྱི་དུས་ཚིགས། གཞན་ཡང་ས་བདག་གི་རྒྱུ་ཚུལ་དང་གནས་ཚུལ་སོགས་དུས་དུས་ཀྱི་འགྱུར་བ་སྙིང་བསྡུས་སུ་བཀོད་པ་དེ་དག་ལེའུ་ཐོ་གཟིགས་པ་པོས་སྔོན་ཚུད་ནས་མཁྱེན་ཐུབ་པའི་དགེ་མཚན་ལྡན་ཡོད།
སྐབས་སུ་ཟླ་བཤད་ཀྱི་གཟིགས་ཚུལ་གྱི་རིམ་པ་རྣམ་ཅུང་ཁ་གསལ་དུ་ངོ་སྤྲོད་པ་ལ་གསུམ། དང་པོ། ཟླ་བཤད་དང་འབྲེལ་བའི་རྩིས་རིག་པའི་ཐ་སྙད་འགའི་འགྲེལ་པ་བཤད་པ། གཉིས་པ། ཟླ་བཤད་དངོས་ཀྱི་ནང་དོན་ངོ་སྤྲོད། གསུམ་པ། དེ་འབྲེལ་དུས་གཟེར་གནད་ཆེ་འགའི་ངོ་སྤྲོད་བཅས་སོ།།
དང་པོ། དངོས་གཞི་ཟླ་བཤད་ཀྱི་ལེ་ཚན་གཟིགས་བདེའི་ཆེད་དེ་འབྲེལ་རྩིས་རིག་པའི་ཐ་སྙད་འགའི་འགྲེལ་པ་འཆད་པ་ལ།
ཡར་ངོ༌། མར་ངོ༌། འདི་ལ་སྐར་དབྱངས་རྩིས་ཀྱི་བཞེད་པ་མི་འདྲ་བ་ལས། སྐབས་སུ་སྐར་རྩིས་ལུགས་ཟླ་རེའི་ཚེས་གཅིག་ནས་བཅོ་ལྔ་པར་ཡར་ངོ་དང་བཅུ་དྲུག་ནས་གནམ་སྟོང་བར་མར་ངོར་འདོད།
ཉིན་ཚད། མཚན་ཚད། བོད་རྩིས་རིག་པས་ཉིན་དང་མཚན་གྱི་ཐ་སྙད་འདི་བཞིན་ཉི་མའི་འོད་ཀྱི་གླིང༌། གླིང་བཞི་སོ་སོར་དབུས་གཙོ་བོར་བྱས་ཏེ༌སོ་སོར་བྱ་བ་བྱེད་ཚུལ་ལ་ལྟོས་ཏེ་ཉི་འོད་ཀྱིས་བྱ་བ་བྱེད་པའི་ཡུན་ལ་གླིང་དེ་དང་དེའི་ཉིན་དང༌། དེ་ལས་ལྡོག་པར་མཚན་ཞེས་ངོས་འཛིན་པས། འདི་ལ་ཉི་མ་ལྷོ་བྱང་དུ་བགྲོད་པའི་དབང་གིས་དུས་ཚོད་རིང་ཐུང་སྣང་སྟེ། ཉིན་མོའི་ཚད་ནི་ཞོགས་པ་ནམ་ལངས་པ་ནས་བཟུང་ཉི་མྱུར་རྫོགས་མཚམས་བར་གྱི་ཡུན་དང༌། མཚན་མོའི་ཚད་ནི་ཉི་མ་ནུབ་རྗེས་ནས་ཐོ་རངས་རྫོགས་མཚམས་བར་འཛིན་པ་ཞག་རེ་བཞིན་ཉིན་དང་མཚན་མོའི་ཚད་ཀྱི་རིང་ཐུང་མི་འདྲ་བས་ཞིབ་པ་ཟླ་བཤད་ནང་ཟླ་བ་རེའི་ཡུན་ཚད་ཆུ་ཚོད་སྲང་དང་བཅས་པ་བཀོད་པ་ལས་མཁྱེན་པར་བྱ།
དབུགས་ཐོབ། དབུགས་ཞེས་རྒྱ་ནག་རྩིས་གསར་ལས་དར་བའི་ཐ་སྙད་ནམ་ཟླའི་དུས་གཟེར་ལ་ངོས་འཛིན་པ་དོན་ཟླ་བ་ངོ་རེའི་འགོ་འཛིན་དུས་ལ་བརྗོད།
ཁྱིམ་སླེབས། ཉི་མ་ཁྱིམ་བཅུ་གཉིས་པོ་གང་དུ་སླེབས་མིན།
རང་སྒང༌། སྒང་ཞེས་དཀྱིལ་ལ་གོ་བས་རང་སྒང་ཞེས་པ་ཟླ་བ་གང་ཡིན་པ་སོ་སོའི་དབུས་ལ་གོ
ལྡོག་གཉིས། ལྡོག་གཉིས་ཞེས་པ་ཉི་མས་ཞག་རེ་བཞིན་འཆར་ནུབ་ཀྱིས་རིམ་པར་གོ་ལའི་ལྷོ་ངོས་དང་བྱང་ངོས་སུ་བགྲོད་པའི་ཚུལ་གཉིས་ཡོད་པ་ལས་ལྷོ་བྱང་མཐར་ཐུག་གི་དུས་གཉིས་ལས་ལྡོག་གཉིས་ངོས་འཛིན་དགོས་པ་སྟེ། དེ་ཡང་ཉི་མ་བྱང་ནས་ལྷོ་ཕྱོགས་སུ་བགྲོད་ཅིང་དེའི་མཐའ་ནས་སླར་རི་རབ་སྟེེ་བྱང་མཐའ་བར་བགྲོད་པས། ལྷོ་བགྲོད་མཐར་ཐུག་རྗེས་དགུན་ཉི་མ་ལྡོག་པ་དང་དེ་ནས་རིམ་པར་བྱང་ཕྱོགས་སུ་བགྲོད་པས། བྱང་མཐར་ཐུག་པའི་དུས་སུ་དབྱར་ཉི་ལྡོག་པ་ཡིན། རགས་པ་སྔ་མ་བོད་ཟླ་བཅུ་གཅིག་དང་ཕྱི་མ་བོད་ཟླ་ལྔ་པའི་དུས་སུ་ངེས་པ་ཞིབ་ཆ་ལེའུ་ཐོའི་ཟླ་བཤད་དུ་གསལ།
ལྔ་དགུ་དང་ལྷ་ལྔ། ཟླ་འཁོར་ས་བདག་ལྷ་ལྔ་དང་ལྷ་དགུའི་བསྡུས་ཚིག་སྟེ་དེ་ལ་ས་བདག་གྲངས་ལྔ་ཚོགས་པ་དང༌། དགུ་ཚོགས་པ་ཁག་གཉིས་སོ་སོ་ཕྱོགས་དང་རྒྱུ་བ་མཉམ་དུ་བྱེད་པའོ། །
འབྲུག་རྗེ། ཟླ་འཁོར་ས་བདག་ཞིག་གི་མིང༌།
མཉམ་གཉིས། དཔྱིད་ཉིན་མཚན་མཉམ་དུས་དང་སྟོན་ཉིན་མཚན་མཉམ་པ་གཉིས་ཏེ་ཉི་མ་ལྷོ་བྱང་གི་བགྲོད་པ་སོ་སོའི་དབུས་སུ་མཉམ་པ་གཉིས་བྱུང་བ་སྟེ། དེ་ཡང་བྱང་ནས་ལྷོར་བགྲོད་པའི་དབུས་སུ་སྟོན་ཉི་མཉམ་པ་དང་ལྷོ་ནས་བྱང་དུ་བགྲོད་པའི་དབུས་སུ་དཔྱིད་ཀྱི་ཉི་མཉམ་པ་སྔ་མ་བོད་ཟླ་གཉིས་པ་དང་ཕྱི་མ་བོད་ཟླ་བརྒྱད་པའོ། །
རང་ཟླ། ཕྱི་ཟླ། བརྩི་བཞིན་པའི་ཟླ་བ་དེར་རང་ཟླ་དང༌། ཕྱི་མ་འཆར་རྒྱུའི་ཟླ་བར་ཕྱི་ཟླ་ཞེས་བརྗོད།
ལྡོག ཞེས་པ་སྔར་གནས་སུ་ཞུགས་པའི་དོན།
ཟླ་བ་ཆེ་ཆུང༌། འདི་རྒྱ་རྩིས་ལུགས་ཀྱི་ཟླ་བ་བརྩི་ཚུལ་ཞིག་ཡིན་ཏེ། དེ་ལ་ཞག་སུམ་ཅུ་ལོངས་པ་ལ་ཟླ་བ་ཆེ་བ་དང་ཉེར་དགུའི་ཞག་ལ་ཆུང་བ་ཞེས་བརྗོད།
བཀྲ་ཤིས་ཟླ་བ། བཀྲ་ཤིས་ཟླ་བ་ཞེས་པ་ཞག་ཆད་ལྷག་མེད་པའི་ཟླ་བ་ལ་རྟེན་འབྲེལ་ཙམ་དུ་རྟག་པའི་ཐ་སྙད་ཡིན།
ཟླ་བདག སྐབས་འདིར་ཉི་མ་ཁྱིམ་གང་དུ་འཕོ་དུས་ཀྱི་ཚེས་གཟའ་ལ་ཟླ་བའི་བདག་པོ་བཀོད་དེ་ཉི་མའི་ལྷ་དྲག་མོ་རྩུབ། ཟླ་བའི་ལྷ། བྱ་རོག་མ་འཇམ། དམར་པོ་གསུས་པོ་ཆ་རྩུབ། ལྷག་པའི་ལྷ་གངྒ་མ་འཇམ། ཕུར་བུའི་ལྷ་དལ་མ་འཇམ། པ་སངས་ཀྱི་ལྷ་སྣ་ཚོགས་མདོག་ཅན་འཇམ། སྤེན་པའི་ལྷ་སྲིན་པོའི་རྣལ་འབྱོར་རྩུབ་བཅས་སོ། །
ཟླ་ནག འབྱུང་རྩིས་རིག་པ་ལས་གསུང་བའི་ཟླ་ངན། གནམ་ལོ་གང་ཤར་གྱི་ཡར་བཞི་མར་བཞིའི་ཟླ་བའོ། །དཔེར་ན། གནམ་ལོ་ལུག་ལ་འབྲུག་ཟླ་དང་ཁྱི་ཟླ་གཉིས་ཟླ་ནག་འཁེལ་བ་ལྟ་བུ་ཡིན་པས་འདི་ལ་དམིགས་བསལ་སྟོན་མོ་བྱ་བ་ངན་པར་བསྟན་ཡོད།
དབང་ཕྱུག་བཞེངས་བཞུགས་ཀྱི་རྩིས། ཟླ་འཕོ་དང་ཁྱིམ་སླེབས་དུས་ཀྱི་རེས་གཟའ་གཉིས་ལ་བརྟགས་ཏེ་ཐ་སྙད་དུ་ལྷ་ཆེན་དབང་ཕྱུག་དང་ལྷ་མོ་ཨུ་མ་གཉིས་ཇི་ལྟར་བཞུགས་པའི་ཚུལ་སྨྲོས་ཏེ་དགེ་སྡིག་གི་འབྲས་བུ་ཅི་འོང་བསྟན་པ་དཔེར་ན། ཁྱིམ་སླེབས་དུས་ཀྱི་རེས་གཟའ་ལས་ཟླ་འཕོའི་ལོངས་སྤྱོད་མང་ཚེ་ལྷ་ཆེན་རྣམ་གཉིས་བཞུགས་ཏེ་མཇལ་ཞེས་དགེ་བར་བསྟན་པ་ལྟ་བུའོ། །
དྷྲུ་བ།  དུས་ཀྱི་ལོངས་སྤྱོད་ཀྱི་འཇལ་ཚད་སྐབས་སུ་རྩ་བའམ་ངེས་པ།
གཟའ་དྷྲུ། གཟའ་ཟླ་ལོངས་སྤྱོད་གཅིག་ཏུ་དྲིལ་བ་ལ་གཟའི་དྷྲུ་ཝ་ཞེས་བརྩི་བྱ་ཟླ་བ་སྔ་མའི་གནམ་སྟོང་གི་རེས་གཟའ་དང་ཚེས་ཞག་དེ་རྫོགས་མཚམས་ཀྱི་ཆུ་ཚོད་རྒྱུན་དང་བཅས།
ཟླ་དག  རྩི་འགོ་སྤོས་ཕྱིན་ནས་ལེ་ཐོ་སྤེལ་ལོ་བར་ལྷག་པའི་ཟླ་བ་དང་བཅས་པ་དུ་སོང་གི་ཚེས་ཟླའི་གྲངས་ཡིན།
རིལ་ཆ། རིལ་པོ་དང་ཆ་ཤས་ཞེས་གཉིས་ཡོད་པ་ལས་གོང་མ་རིལ་པོ་ནི་ཟླ་བས་ཚེས་རེར་སྤྱོད་པའི་རྐང་པ་ཧྲིལ་པོའི་གྲངས་དང༌། འོག་མ་ཆ་ཤས་ནི་རིལ་པོ་གཅིག་སུམ་སྟོང་བདུན་བརྒྱ་བརྒྱུད་ཅུར་༣༧༨༠ ཕྱེ་བའི་ཆ་སུམ་ཅུའི་གྲངས་ཡིན། དེ་ཡང༌། ཚེས་ཞག་རེ་ལ་ཟླ་བས་རྐང་པ་རིལ་པོ་གཅིག་དང༌། རྐང་པ་རིལ་པོ་གཅིག་གི་ཆ་སུམ་སོྟང་བདུན་བརྒྱ་བརྒྱད་ཅུར་ཕྱེ་བའི་ཆ་རེར་ལོངས་སྤྱོད་པའོ། །
དལ་དག གཟའ་རྣམས་རང་རང་སྐྱེས་སྐར་ནས་བརྩམ་སྟེ་རང་འགྲོས་ཀྱིས་སྐར་ཁྱིམ་ལ་ལོངས་སྤྱོད་པའི་སྟེང་ལ་དལ་བའི་རྐང་ལོངས་ཀྱི་སྣྲོན་ཕྲི་བྱས་ཟིན་པ།
མྱུར་དག  གཟའ་རང་རང་གི་དལ་དག་ལ་རང་གི་མྱུར་རྐང་གིས་སྣྲོན་ཕྲི་བྱས་པ་སྟེ། དལ་བའི་སྟེང་ནས་མགོ་བརྩམ་སྟེ་རང་འགྲོས་ཀྱིས་རྐང་པའི་ལོངས་སྤྱོད་འཕེལ་འགྲིབ་རྣམས་ཀྱི་ནོར་དང་བུ་ལོན་སྤྱད་ཟིན་པ་དང་མཉམ་དུ། རང་རང་སྐྱེས་སྐར་དང་ཉི་མའི་སྟེང་དུ་འཛོམས་ཏེ་ལོངས་སྤྱོད་དག་པར་འགྱུར་བའོ། །
ལོག་ཞག༢༡  དབྱར་ཉི་ལྡོག་མཚམས་ཉི་མའི་ལོག་ཆར་ཞེས་བོད་ཀོང་རོང་སོགས་ས་ཆ་དམའ་སར་ཉིན་ཉེར་གཅིག་ཙམ་ཆར་བབས་པ་དེར་ལོག་ཞག་ཉེར་གཅིག་འདྲེན་ཟེར། དབུས་གཙང་ཁུལ་དུ་ཐན་ཞོད་ཆེ་ཟེར་བའི་བཤད་སྲོལ་ཀྱང་ཡོད།
ཀོང་ཞག    ཁུ་བྱུག་མོན་དུ་ལོག་སྐབས་སྟོན་བསྡུའི་འགོ་ཟིན་པར་བརྩི་བ་དང༌། པིང་ཀྱུར་འགྲོ་སྐབས་སྟོན་ཕྱི་མའི་ཀོང་ཞག་རྩིས།
ཤ་གདན་འཁོར།  སྟོན་འཇུག་རི་ཀླུང་མེད་པར་ཁ་བ་ཤྭ་བའི་རྐང་རྗེས་ལེན་ཙམ་བཏང་ན་ཁྱི་ར་བ་ཚོས་ཤྭ་གདན་འཁོར་འདུག་ཅེས་ཤྭ་བའི་རྐང་རྗེས་འདེད་དེ་ཤྭ་བ་མང་པོ་གསོད་ཐུབ་པའི་དུས་དེར་ངོས་འཛིན་གྱིས་ཕྱི་ལོ་དཔྱིད་དུས་ལྗང་པའི་དུས་ཆར་བཟང་བར་བརྟག ཡང་ཁ་ཅིག་ཤྭ་གདན་འཁོར་བ་ནི་ཤྭ་བ་མོར་ཕྲུ་གུ་འཁོར་བའི་དུས་ཡིན་ཟེར།
གཉིས་པ། ཟླ་བཤད་དངོས་ཀྱི་ནང་དོན་ངོ་སྤྲོད། ཟླ་བཤད་ཀྱི་ལེ་ཚན་འདིའི་ནང༌། ཐོག་མར་ཟླ་རྩོམ་ཞེས་ལེའུ་ཐོ་སྦྱོར་བ་པོས་ཟླ་བཤད་ཀྱི་སྔོན་འགྲོར་དུས་བཞིའི་འཕོ་འགྱུར་ཁྱད་ཆོས་སོགས་མཚོན་པའི་ངག་རྒྱན་ཚིགས་བཅད་ཤོ་ལོ་ཀ་རེ་སྙན་པར་སྦྱར་ཡོད་པ་ནས་བཟུང༌། རིམ་པར་འབྱུང་རྩིས་ཀྱི་ཟླ་བའི་ཐ་སྙད་ཁག་དང་ཟླ་བ་ངོ་རེའི་དབུགས་སྒང་ཁྱིམ་སླེབས། ལྡོག་གཉིས་དང༌། ཕག་ཞག  རི་ཥིའི་འཆར་དུས་བཅས་སྔ་རིམ་ནས་བཀོད་པའི་རང་རང་གི་དུས་གཟེར་དང༌། དེ་ལ་ལྟོས་ཏེ་བརྟག་པའི་ནམ་ཟླའི་འགྱུར་ཁྱད་དང༌། ས་ཞིང་འདེབས་ལས་མཚོན་འཇིག་རྟེན་པའི་བྱ་ལས་ཁག  ཁྱད་པར་སྒང་ཟིན་དང་བསྟུན་པའི་ཟླ་རེའི་ཉིན་དང་མཚན་མོའི་ཚད་ཀྱི་རིང་ཐུང་དང་རྟེན་འབྲེལ་བཅུ་གཉིས། ཁྱིམ་སླེབས་རྗེས་ཉི་མ་ཁྱིམ་གང་གནས་དང་བསྟུན་པའི་ལས་བཞིའི་འབྲས་བུ། དེ་ཡང་ལུག་སྡིག་ཁྱིམ་ལ་འགུག་ལས་དང༌། གླང་སྲང་གཉིས་ལ་དབང་གི་ལས། འཁྲིག་པ་བུ་མོར་རྒྱས་ལས། ཀཊ་སེང་གེར་ཞི་ལས། ཆུ་སྲིན་བུམ་པར་བསད་ལས། གཞུ་དང་ཉ་གཉིས་ལ་བསྐྲད་པའི་ལས་བསྔགས། གཞན་ཡང་དྲག་མོ་སོགས་ཁྱིམ་སླེབས་དུས་སུ་ཤར་བའི་རེས་གཟའ་ཟླ་བའི་བདག་པོའི་འཇམ་རྩུབ་དང་བུམ་སྟོང་གནས་ཕྱོགས། བསོད་ནམས་ཚོགས་རྟེན་གསོག་དུས་ཀྱི་རྒྱལ་བའི་དུས་ཆེན་ཁག ཉི་ཟླ་ནག་པ་དང་དེའི་ངན་འབྲས། སྡེ་བརྒྱད་དང་ཀླུའི་ཐེབས་བཟློག ལྷ་ལྔ་ལྷ་དགུ་དང་ཚེས་གྲངས་ཆད་ལྷག གཟའི་དར་གུད། དབང་ཕྱུག་བཞེངས་བཞུགས་ཞེས་པའི་རྩིས་འབྲས། མཐའ་མར་ཆར་རྩིས་ཞེས་ཟླ་རེའི་ཆར་པ་བབས་ཚད་དང་ཚེས་གང་ལ་བབས་མིན་ཡུལ་དབུས་གཙོ་བོར་བཟུང་སྟེ་གསལ་པོར་བཀོད་ཡོད་པས་ཞིབ་པ་ས་བཅད་འདི་དང་བསྟུན་ཏེ་གཞུང་ལེ་དངོས་ནང་གཟིགས་པར་འཚལ།

གསུམ་པ། དུག་ཕག་རི་ཥི་དང་ཉི་ནག་སོགས་དམིགས་བསལ་དུས་གཟེར་དང་ས་བདག་འགའི་ངོ་སྤྲོད།

སྔོན་ཟླ་བཤད་ཀྱི་ནང་དོན་ངོ་སྤྲོད་དུ་གསལ་བ་ལྟར། འདིར་ནམ་ཟླའི་དུས་ཀྱི་འཕོ་འགྱུར་དང་བསྟུན་པའི་དུས་གཟེར། ཕག་ཞག་རྀཤི་འཆར་དུས་དང་ཉི་ནག་དང་བུམ་སྟོང་སོགས་ས་བདག་གནད་ཆེ་འགའི་གནས་ཕྱོགས་དང་རྒྱུ་དུས་བཀོད་པ་འདི་དག་ཕལ་མོ་ཆེར་སྔོན་བྱུང་གཏམ་རྒྱུད་དང་སྦྱར་ཏེ་འགྲེལ་བཤད་བྱ་རྒྱུ་ཡོད་པའང་རང་རེའི་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་སོང་ཟིན་པས་གཞུང་ལེ་གཟིགས་པ་པོས་མཁྱེན་མོད། རྩིས་རིག་པར་རྒྱུས་མངའ་ཞན་པ་དང་བློ་ཁ་གཞན་དུ་ཕྱོགས་པ་ཕལ་གྱིས་འདི་དག་ཕྱི་རོལ་རིག་བྱེད་སོགས་ལས་བྱུང་བའི་ཕྱིའི་གཏམ་རྒྱུད་ཀྱི་དཔེ་ཙམ་ལས་དོན་དངོས་ཀྱི་རང་བཞིན་གང་ཡིན་མ་རྟོགས་པར་མ་ཟད། ཁྱད་པར་རྩིས་རིག་ལ་རྒྱུས་མངའ་ཞན་པ་རྣམས་ནི་རྫུན་དུ་སྨྲས་པར་གོ་བའང་ཡོད་པས་སྐབས་སུ་འདིར་སྔོན་བྱུང་གཏམ་རྒྱུད་དང་སྦྱར་བའི་དཔེ་དང༌། རྩིས་རིག་པའི་གཞུང་ལས་འདོད་པའི་དངོས་དོན་གང་ཡིན་སོ་སོར་དབྱེ་སྟེ་བཤད་པ་ལ།

གཅིག  ཕག་ཞག དུག་ཕག

དེ་ཡང་ལོ་རེའི་བོད་ཟླ་ལྔ་པའི་ཟླ་བཤད་ནང༌། ཚེས་ངེས་ཅན་འདིའི་དུས་འདི་ཙམ་ནས་དུག་ཕག་ཞག་བདུན་ཟིན་པས། དེའི་རིང་སྨན་དཔྱད་ཆུ་ལས་དང༌། བཞོན་མ་ཕྱིར་གཏོང་འཛེམས་ཞེས་དང༌། རྩིས་གཞུང་ཕལ་མོ་ཆེར། ཆར་བབས་དུག་གྱུར་འབྲུ་བཅུད་ཉམས། །སྨན་འཐུ་ཆུ་ཡི་ལས་ལ་འཛེམས། །ཞེས་གསུངས་པ་དུས་འདིའི་ཚེ་དམིགས་བསལ་ལས་འདི་རྣམས་འཛེམས་དགོས་པའི་རྒྱུ་མཚན་གང་ཡིན་སྙམ་ན་དེ་ལ་གཉིས་ཏེ། ཕྱི་ལྟར་རིག་བྱེད་པའི་གཏམ་རྒྱུད་དཔེར་དྲངས་པ་དང༌། ནང་ལྟར་དཔྱད་གཞི་ནམ་ཟླའི་དུས་ཀྱི་འཕོ་འགྱུར་དོན་དང་སྦྱར་ཏེ་འགྲེལ་བ་ལས། དང་པོ། ཕྱི་དཔེ་གཏམ་རྒྱུད་དང་སྦྱར་ཏེ་གླེང་ཚུལ་ནི། རང་ཅག་གནས་གཞིའི་འཛམ་གླིང་ལྷོ་ཕྱོགས་སུ་ཡོད་པའི་རྒྱ་མཚོ་ཆེན་པོའི་ནང་འཛམ་བུ་པྲིཀྵ་ཞེས་པའི་ཤིང་གི་སྡོང་པོ་ཆེན་པོ་ཞིག་གནས་ཡོད་པ་དེའི་རྩ་བར་དུག་ཕག་འདི་ནི་འབྱུུང་པོ་ས་བདག་གི་རིགས་ཞེས་འགྲོ་བའི་སྲོག་ལ་འཚེ་བར་བྱེད་པའི་དུག་ཕག་བཟའ་མི་ཕོ་མོ་གཉིས་གནས་ཡོད་པ་དེ་གཉིས་ལོ་རེའི་ནང་ཤིང་འཛམ་བུ་བྲིཀྵའི་རྩེ་མོར་ཐེངས་རེ་འཛེགས་ཏེ་རྒྱ་མཚོ་ཆེན་པོའི་གནས་སུ་བལྟ་བས། གང་ཚེ་དུག་ཕག་གཉིས་པོ་རྒྱུ་བའི་དུས་སུ་དུག་གི་ཁ་རླངས་སྣ་ཚོགས་པ་གཏོང་བ། དེས་ཤིང་འཛམ་བུའི་ལོ་འབྲས་མེ་ཏོག་ལྷུངས་ཤིང༌། རྒྱ་མཚོའི་ཆུ་དང་བར་སྣང་མཁའ་ཡི་རླངས་པ་རྣམས་དུག་གི་རང་བཞིན་དུ་བསྒྱུར་ལ། མཁའ་རླངས་འཛིན་པའི་སྤྲིན་ལས་བྱུང་བའི་ཆར་ཡང་ལུས་སྲོག་ལ་གནོད་པ་འབའ་ཞིག་ཏུ་འགྱུར་བའི་རྒྱུ་མཚན་གྱིས། དུག་ཕག་རྒྱུ་བའི་དུས་སུ་སྨན་སྦྱོར་དང་བཞོན་མ་ཕྱིར་བཏོང་བ་འཛེམས་དགོས་པར་བསྟན་ཡོད། དེ་ཡང་དུག་ཕག་རྩེ་མོར་འཛེགས་པ་ལ་མིའི་ཞག་གསུམ་དང༌། རྩེ་མོར་ཞག་གཅིག། མར་བབས་པ་ལ་ཞག་གསུམ་བཅས་ཁྱོན་ཉིན་བདུན་རིང་རྒྱུ་བར་བཤད་པའང༌། རྩིས་རིག་པའི་གཞུང་ལས་དུས་ངེས་པ་ཅན་བོད་ཟླ་ལྔ་པའི་སྒང་ཚད་དང་བསྟུན་ནས་དགོད་པའོ། །དཔེར་ན། རབ་གནས་ཆུ་ལུག་ལོ་བོད་ཟླ་ལྔ་པའི་ཟླ་བཤད་ནང༌། ཚེས་༥སྤྲེལ་གྱི་ལྔ་ཆ་བཞི་ནས་ཕག་ཞག་བདུན་ཟིན་པས་འདིའི་རིང་སྨན་དཔྱད་ཆུ་ལས་དང་བཞོན་མ་ཕྱིར་གཏོང་འཛེམས། །ཞེས་འཁོད་པ་ལྟ་བུའོ། ། གཉིས་པ།  ནང་ལྟར་དཔྱད་གཞི་ནམ་ཟླའི་དུས་ཀྱི་ཁྱད་ཆོས་དོན་དང་སྦྱར་ཏེ་འགྲེལ་བ་ལ༑ ཇི་ལྟར་རྩིས་རིག་པས་ཕྱིའི་གཟའ་སྐར་གྱི་བགྲོད་པ་དང༌། འབྱུང་བའི་དར་གུད་བརྩི་བའི་རིག་པ་ལ་བརྟེན་ཏེ་ཕྱི་དུས་ཀྱི་འགྱུར་བ་སྣ་ཚོགས་པ་རྩི་བཞིན་ཡོད་ལ། དེ་དག་མིའི་རིགས་ཀྱིས་གསལ་རྟོགས་ཐུབ་ཆེད་ལོ་ཟླའི་དུས་དང་སྦྱར་ཏེ་དུས་མཚམས་གསལ་སྟོན་བྱ་བཞིན་པ་ལྟར། འདིར་ཡང་དབྱར་གྱི་ཆར་དུས་ཟིན་པའི་དུས་གཟེར་གསལ་རྟོགས་ཆེད་ཐུན་མོང་ཕྱི་རོལ་ཡོངས་ཁྱབ་ཀྱི་དུག་ཕག་ཅེས་པའི་གཏམ་རྒྱུད་ཐ་སྙད་དཔེར་དྲངས་ཏེ་བཀོད་པའང་རགས་པ་དབྱར་བོད་ཟླ་ལྔ་པ་ནི་རྒྱ་བོད་སོགས་ལྷོ་གླིང་ཕལ་ཆེར་ཆར་ཞོད་ཀྱི་འགོ་ཚུགས་པའི་དུས་ཡིན་ཞིང༌། དེ་ཡང་ཞིབ་པ་སྔོན་བྱོན་རྩིས་རིག་སྨྲ་བ་ཚོས་མི་རབས་ནས་མི་རབས་བརྒྱུད་ཞིབ་འཇུག་བརྟག་དཔྱད་བྱས་པའི་རྩིས་རིག་པའི་གཞུང་ལུགས་སུ་གཏན་འབེབས་ཀྱིས་བླང་དོར་གསལ་བར་དབྱེ་བའི་རྒྱུ་མཚན་ཡང༌། དུས་འདི་ནི་སྤྱིར་ཉི་མ་བྱང་དུ་བགྲོད་པའི་དུས་ཡིན་པས་གཙོ་བོ་ཉི་མའི་འོད་ལ་བརྟེན་པའི་རྩི་ཤིང་སྐྱེ་དངོས་རིགས་ཀྱི་ནུས་པ་རྣོ་བ་དང་ཚ་བ། རྩུབ་པའི་རང་བཞིན་ཅན་དུ་གྱུར་ཞིང༌། ཁྱད་པར་མཁའ་ལ་སྤྲིན་འདུས་ཤིང་ཆར་བབས་འགོ་ཚུགས་པ་དེས་སྔ་མ་སྟོན་དགུན་དཔྱིད་གསུམ་གྱི་དུས་རྩི་ཤིང་རི་ཀླུང་ཀུན་གྱིས་འཛིན་པའི་རྡུལ་སྣ་ཚོགས་དང༌། སེམས་ཅན་ཇི་སྙེད་ཀྱི་བྲུན་ལ་སོགས་མཁའ་ཡི་རླངས་པ་དང་གངས་ཀྱི་ཟེགས་མས་འཛིན་པ་དག་ཉི་འོད་ཀྱི་བཞུས་ཞིང་ཆར་ཆུས་དེད་པའི་སྐབས་ཡིན་པས། རང་བྱུང་ཆུ་ཀླུང་དང་རྒྱ་མཚོ་ཆེན་པོ་རྙོག་ཅིང་རོ་ནུས་ཉམས་པར་འགྱུར་བས་བོད་སོགས་ས་མཐོར་གནས་པ་རྣམས་དང༌། རྒྱ་གར་ལྷོ་ཕྱོགས་སོགས་རྒྱ་མཚོའི་ཆུ་བོ་ལོངས་སུ་སྤྱོད་པ་ཕལ་མོ་ཆེའི་ལུས་ལ་འཚེ་བའང༌། གསོ་དཔྱད་ཡན་ལག་བརྒྱད་པ་ལས། །དབྱར་ནི་གནོད་པས་གནོད་འགྱུར་ཏེ། །མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །ཆུ་ཐིགས་བཅས་པའི་རླུང་དང་ནི༑ ༑གྲང་བ་དྲག་པོར་ལྡང་བ་དང༌། །ས་ཡི་རླངས་པ་སྐྱུར་མིན་དང༌། །ཆུ་ནི་རྙོག་པ་ཅན་དག་གིས། །མེ་དྲོད་ཆུང་བས་གནོད་པར་བྱེད། །ཅེས་གསུངས་པ་ལྷག་པར་མཚམས་ཀྱི་ཞག་བདུན་ནི་ཕན་གནོད་ཀྱི་ཁྱད་པར་ཆེ་བས། འདིའི་རིང་སྨན་སྦྱོར་བ་དང༌། ཆུར་ཞུགས་པ་སྟེ་ཚུ་ཚན་དང་ལུམ་བྱ་བ། ཆུ་རྗེན་པར་ལོངས་སྤྱོད་པ་སོགས་བྱས་ཚེ། སྨན་གྱི་ནུས་སྟོབས་ཉམས་པ་དང༌། ལུས་ཀྱི་མེ་དྲོད་སོགས་ལ་གནོད་པས་སྤངས་བར་བཤད་ལ། འོ་མ་འཇོ་རྒྱུ་ཡོད་པའི་ཕྱུགས་བཞོན་མ་ཕྱིར་གཏོང་འཛེམས་དགོས་པའང༌། བཞོན་མས་ཕྱི་རོལ་རྫིང་དང་ལྟེང་ཀ་སོགས་ཀྱི་ཆུར་ལོངས་སྤྱོད་པས་ཤ་ཤེད་ཉམས་ཤིང༌། མར་གྱི་དོག་པོ་ཆུང་བ་དེ་ལས་བྱུང་བའི་འོ་མའི་ནུས་པའང་སྨན་གཞུང་དུ། ཞོས་ཐོག་འོ་མ་དྲོན་མོ་བདུད་རྩིར་མཚུངས། །ཞེས་པ་ལས་ལྡོག་པ་སོགས་གནོད་བྱེད་ཤས་ཆེ་བའི་དབང་དུ་འདུ་བའང༌། ཕྱི་ནང་རྟེན་འབྲེལ་ལས་དཔོགས་ཤིང༌། ཕྱིའི་འབྱུང་བའི་མཐུ་ཉམས་པས་དེས་བསྐྱེད་པའི་རྩི་ཤིང་ཟས་རིགས་ཀྱི་རོ་ནུས་ཉམས་པ། དེ་ཉམས་པས་ལོངས་སྤྱོད་པ་པོའི་ལུས་ཅན་གྱི་ལུས་དང་ཚེ་ལ་གནོད་པ་སོགས་ནི་རིག་པས་སྒྲུབ་མི་དགོས་པར་མྱོང་བས་འགྲུབ་ནུས་པས་སྐབས་དོན་དེ་ཙམ་དུ་སྦྱར་བའོ། །

གཉིས།  རི་ཥི། དྲང་སྲོང༌།

རི་ཥི་ཞེས་པ་ལེགས་སྦྱར་གྱི་སྐད་དང་འདི་ནི་བོད་ཀྱི་ཐ་སྙད་དུ་དྲང་སྲོང་ཞེས་པའི་ནམ་མཁའི་སྐར་མ་གཅིག་གི་མིང་ཡིན། རྩིས་རིག་པའི་གཞུང་ལས་དེ་ཉིད་ལྷོ་ཕྱོགས་མེ་རི་དང་ཉེ་བའི་མཚམས་རྒྱུ་སྐར་མཆུའི་དཀྱིལ་ཐད་དུ་གནས་པ་ཟླ་ཉིའི་འཁོར་བགྲོད་དབང་གིས་ཟླ་དྲུག་ཉིན་དང་ཟླ་དྲུག་མཚན་དུས་སུ་འཆར་བ་གསུངས་ཡོད། དེ་ཡང་ལོ་རེའི་བོད་ཟླ་བདུན་པའི་ཟླ་བཤད་ནང༌། ཚེས་ངེས་པ་ཅན་འདིའི་དུས་འདི་ཙམ་ནས དཔེར་ན་རབ་གནས་ཆུ་ལུག་ལོའི་ལེའུ་ཐོའི་ནང་ཚེས་༡༤ སྤྲེལ་གྱི་ལྔ་ཆ་གསུམ་ནས་གྲུབ་རྩིས་རི་ཤི་འཆར་ཞེས་འཁོད་པ་ལྟབུ། དྲང་སྲོང་རི་ཥི་འཆར། ཞག་བདུན་རིང་ཆུ་ཀླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་གྱུར་པས་སྨན་དཔྱད་དང་ཁྲུས་ལ་གཞུག་པར་བྱ་ཞེས་དང༌། རྩིས་གཞུང་གི་རྩ་བར། ཆུ་ཀུན་བདུད་རྩིར་གྱུར་བྱེད་པས། །ཆུར་ཞུགས་ནད་དང་སྡིག་སྒྲིབ་དག །ཅེས་གསུང་བའང་སྔ་མ་ལྟར་ཕྱི་གཏམ་རྒྱུད་དཔེར་དྲངས་པ་དང༌། ནང་དཔྱད་གཞི་ནམ་དུས་ཀྱི་འགྱུར་བ་དངོས་དོན་དུ་དྲངས་ཏེ་འཆད་པ་ལ། དང་པོ།  ཕྱི་རོལ་རིག་བྱེད་པའི་གཏམ་རྒྱུད་དཔེར་དྲངས་པ་ལ། རིག་བྱེད་པ་ཚོས་རི་ཥི་འདི་ནི་ནོར་བུ་ཀེ་ཏ་ཀ་ཞེས་ཆུ་དྭངས་བར་བྱེད་པའི་ནོར་བུ་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པའི་གཞལ་ཡས་ཁང་དུ་འདོད་པར་མ་ཟད། འདི་ཉིད་འཆར་དུས་ཀྱི་ཞག་བདུན་ལ་ཆུ་ཀུན་བདུད་རྩིར་འགྱུར་བའི་རྒྱུ་མཚན་ཡང༌། སྔོན་ཚེ་ལྷ་ཀླུའི་རིགས་དང༌། དྲང་སྲོང་གི་ཚོགས་རྣམས་འདུས་ཏེ་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོར་ཀུན་གྱི་མཆོད་པའི་རྟེན་བཞེངས་རྒྱུར་གྲོས་འཆམས་པས། འདི་ཚེ་རང་རང་གི་རྫུ་འཕྲུལ་གྱི་ནུས་མཐུར་བརྟེན་ཏེ་ལྷོ་རྒྱ་མཚོ་ཆེན་པོའི་དབུས་སུ་ལྷ་ཀླུ་མིའི་རིགས་ཀྱི་རིན་ཆེན་སྣེ་མང་ལས་བྱས་པའི་ཐུབ་པ་ཆེན་པོའི་སྐུ་ཚད་དང་ལྡན་པ་བཞེངས་པར་མ་ཟད། དབུའི་གཙུག་ཏོར་དུ་ནོར་བུ་ཆུ་ཤེལ་ཞེས་ཟླ་འོད་དང་འཕྲད་ཚེ་ཆུ་ཀུན་གྲང་མོར་བསྒྱུར་ནུས་པའི་མཛེས་རྒྱན་ཅན་གྱིས་ཤེལ་ཕྲེང་དུ། ཙན་དྲ་ཀནཱི་ཞེས་བྱ་བའི་རིན་པོ་ཆེ་མདོག་དཀར་ལ་སྔོ་བའི་ཆ་ཤས་ཅུང་ཟད་ཡོད་པ། ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་ཟླ་འོད་ལ་མཚན་མོ་བསྟན་པ་ཙམ་གྱིས་མེད་ལ་ཆུ་ཤིན་ཏུ་གྲང་མོ་འབྱུང་བ་ཞེས་གསལ། ལེགས་པར་སྤྲད་དེ་གང་ཐུབ་པ་ཆེན་པོའི་བྱིན་རླབས་དང་མཁའ་ལ་དྲང་སྲོང་རི་ཥི་འཆར་བའི་དུས་རྟེན་འཛོམས་པ་ལས་བྱུང་བའི་ནུས་མཐུས་འཛམ་གླིང་གི་ཆུའི་རྒྱུན་རྣམས་བདུད་རྩིར་གྱུར་ཏེ་འགྲོ་བའི་ནད་ཀྱི་སྡིག་སྒྲིབ་དག་པར་ཤོག་ཅེས་པའི་བདེན་ཚིག་སྨོན་ལམ་བོར་མཐུ་ལས། འདི་དུས་ཀྱི་ཆུ་ནི་བདུད་རྩི་ལྟར་མཚུངས་པས་ཆུར་ཞུགས་ཚེ་ནད་དག་པ་མ་ཟད། རིག་བྱེད་པ་ཚོའི་ཆོས་ལུགས་ལས་འདོད་པ་ལྟར་སྨོན་ལམ་གྱི་མཐུས་སྡིག་པའི་སྒྲིབ་པའང་དག་པར་བཤད་ཡོད་དོ། ། གཉིས་པ། ནང་ལྟར་དཔྱད་གཞི་ནམ་ཟླའི་དུས་དང་སྦྱར་ཏེ་འགྲེལ་བ་ལ། དེ་ལྟར་ཕྱི་རོལ་རིག་བྱེད་པས་འདོད་པའི་རི་ཥི་འཆར་དུས་འདི་བཞིན་རྩིས་རིག་པའི་གཞུང་ན་གཏམ་རྒྱུད་དང་བཅས་པ་སོར་བཞག་གིས་ཞིབ་མོ་ནམ་ཟླའི་དུས་ཀྱི་གཟེར་ལྟ་བུས་ངོས་འཛིན་གནང་བའང༌། དོན་དུ་ཕྱི་རོལ་འབྱུང་བཞིའི་འཕོ་འགྱུར་དང་བསྟུན་པའི་ནམ་དུས་ཀྱི་ངེས་པ་དག་མིའི་རིགས་ལ་ངོ་སྤྲོད་གསལ་བར་བསྟན་ཡོད། དེ་ལ་རྩིས་རིག་པའི་གཞུང་ལས་རི་ཥི་འཆར་དུས་འདི་བཞིན་རགས་པ་སྟོན་བོད་ཟླ་བདུན་པའི་མཇུག་དང་བརྒྱད་པའི་ཡར་ངོ༌། ཞིབ་པ་བོད་ཟླ་བརྒྱད་པའི་དབུགས་ཐོབ་པའི་དུས་སུ་རྩིས་ཡོད། ཆར་ཀྱི་དུས་རྫོགས་མཚམས་ཆུ་ཀླུང་དྭངས་པ་དང༌། ས་རྡུལ་དྲི་མ་མེད་པའི་དུས་མི་འགྱུར་བའི་གཟེར་དུ་བཏབ་ཡོད་པའང༌། གསོ་དཔྱད་ཡན་ལག་བརྒྱད་པ་ལས། རི་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང༌། །དྭངས་པའི་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་བར་འགྱུར། །ཞེས་གསུངས་པ་ལྟར་མཁའི་ཆར་སྤྲིན་སྟུག་པོ་དྭངས་པའི་དུས་ཡིན་པས། རྫས་རྡུལ་སྣ་ཚོགས་ཀྱིས་འཛིན་པའི་སྤྲིན་གྱི་གོང་བུ་འཐོར་བ་དང༌། དུས་སྔ་མའི་ཆར་རྒྱུན་གྱིས་ས་གངས་སྐྱེས་ཤིང་གིས་འཛིན་པའི་རྡུལ་དང༌། སྲོག་ཆགས་ཀྱི་བྲུན་ལ་སོགས་ཀྱི་དྲི་ངན་དག་པ། ཟླ་བའི་ཁམས་ཀྱི་སྟོབས་རྒྱས་པ་རང་བྱུང་གི་ཆུ་རྒྱུན་ཡོད་དོ་ཅོག་དྭངས་ཤིང་རོ་ནུས་ལྷག་ཏུ་ཆེ་བའི་དུས་ཡིན་པས། བོད་ཀྱི་གསོ་རིག་གཞུང་དུ། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་མིག་ཆུ། །ཞེས་ཆུའི་རིགས་དང༌། ཡང༌། མཁའ་ལས་བབས་པ་རོ་མི་གསལ་ལ་ཞིམ། །འཚོ་ངོམས་བསིལ་ལ་ཡང་བས་བདུད་རྩིར་མཚུངས། །ཞེས་གསུངས་པ་ལྟར་འདི་ལ་དམིགས་བསལ་ཞག་མཚམས་བདུན་པོའི་ཆུས་ལུས་ལ་བདུད་རྩི་ལྟར་ཕན་བསྐྱེད་ཡོད་པ་ནི་བརྟག་ཅིང་དཔྱད་ན་ཤེས་སོ།   །འོ་ན་གོང་འོག་གཉིས་ཀར་མཚམས་ཀྱི་ཞག་བདུན་ཁོ་ནར་ཕན་གནོད་ཆེར་གསུང་བའི་རྒྱུ་མཚན་ཅི་ཡོད་སྙམ་ན། དེ་ནི་ཟླ་ཟེར་ལས། དུས་གཉིས་ཐོག་མཐའི་ཞག་བདུན་ནི། །དུས་མཚམས་ཡིན་པར་ཤེར་པ་བྱ། །དེ་ནི་སྔ་མའི་ཆོ་ག་སྤངས། །འོག་མ་རིམ་བཞིན་བསྟེན་པར་བྱ། །མ་སྤངས་ན་ནི་ནད་འགྱུར་ཏེ། འཕྲལ་དུ་ནད་ནི་འོང་བར་འགྱུར། ཞེས་གསུངས་པས་དུས་ཀྱི་མཚམས་ནི་ཕྲ་བ་འབྱུང་བ་སྔ་ཕྱིའི་འཕོ་འགྱུར་གྱི་གནད་ཡིན་པས་དུས་གཞན་ལས་ཕྱི་ནང་གཉིས་ཀར་ནུས་པ་ལྷག་ཏུ་ལྡན་པར་བཤད་ལ། ནང་ལུས་ལ་མཚོན་ན། རྒྱུད་ལས། ལུས་ཟུངས་ཁུ་བར་འགྱུར་དུས་ཞག་བདུན་ཏེ། །ཞེས་འབྱུང་བའི་དྭངས་སྙིགས་ཀྱི་དུས་མཚམས་སུ་གསལ་བར་བསྟན་པས་ནང་ཕུང་པོའི་ཁམས་ལ་འབྲེལ་བ་ལྷག་ཏུ་གྲུབ་པའི་ཕྱིར་རོ། །

གསུམ། ཉི་མ་ནག་ཆེན་ནམ་ངན་པ་དགུ་འཛོམས།

ཉི་ནག་ཅེས་པ་འབྱུང་རྩིས་རིག་པ་ལས་གསུངས་པའི་ས་བདག་གི་རྒྱུ་དུས་ཤིག་ཡིན་ཅིང༌། དེ་ཡང༌། ས་བདག་གི་སྦྱོར་བ་ངན་པ་རྩོམ་པའི་རྐྱེན་གྱིས་ཕྱི་ནང་སྣོད་བཅུད་ཀྱི་འབྱུང་བ་འཁྲུག་པ་སོགས་ངན་པ་ཆེར་འབྱུང་བའི་ཕྱིར་ངན་པ་དགུ་འཛོམས་དང་ཉི་མ་ནག་ཆེན་ཞེས་འབོད། སྤྱིར་ངན་པ་དགུ་འཛོམས་ཞེས་པའི་ཐ་སྙད་འདི་ནི་རང་ཅག་བོད་མིའི་སྤྱི་ཚོགས་ནང་གྲགས་ཆེ་དར་ཁྱབ་ཏུ་སོང་ཟིན་པའི་རྟེན་འབྲེལ་རྩིས་རིག་པ་ལས་བྱུང་བའི་ཐ་སྙད་ཅིག་ཡིན་སྟབས་རྒན་གཞོན་ཕལ་མོ་ཆེའི་རྣ་བར་གོ་མྱོང་ཡོད་ལ། འདི་འཆར་བའི་དུས་སུ་དམིགས་བསལ་ལས་དོན་རིགས་ལ་འཛེམས་དོགས་ཆེར་བྱེད་བཞིན་པའང་དེང་གི་དུས་བར་གནས་མོད། རྩིས་རིག་པའི་གཞུང་ལས་བསྟན་པའི་འདོད་ཚུལ་དངོས་གང་ཡིན་དང་དེར་དགོས་པ་གང་ཡོད་མཁྱེན་མཁན་ཤིན་ཏུ་ཉུང་ལ། ལ་ལ་ཞིག་ནི་སྔོན་བྱུང་གཏམ་རྒྱུད་ཀྱི་ཚིག་ཙམ་ལས་ནང་དངོས་དོན་མ་རྟོགས་པ་སོགས་ཀྱང་ཡོད་ངེས་པས། སྐབས་འདིར་ཕྱི་ས་བདག་མནོལ་ལུགས་ལུང་དུ་དྲངས་ཏེ་དུས་ངན་ངོས་འཛིན་ཚུལ་དང༌། ནང་དངོས་དོན་རྩིས་རིག་པ་ལས་བྱུང་བའི་ཕྱི་ནང་དུས་ཀྱི་འགྱུར་ཁྱད་གང་ཡིན་སོ་སོར་གླེང་བར་བྱའོ། །

༡། ཕྱི་ས་བདག་མནོལ་བ་ལུང་དུ་དྲངས་ཏེ་ངན་པ་བྱུང་ཚུལ་འགྲེལ་བ་ལ།

དེ་ཡང་འབྱུང་རྩིས་རིག་པ་ལས། ངན་པ་དགུ་འཛོམས་གྱི་དུས་འདི་ནི། ཡ་བདུད་རྡོ་རྗེ་གླེང་ཕྲེང་དང་ས་སྲིན་འབར་མ་ཞེས་བྱ་བའི་གནམ་སའི་ས་བདག་ཕོ་མོ་གཉིས་འདུས་པ་ལས་བཙས་པའི་བུ་རཱ་ཧུ་ལ་དང༌། བུ་མོ་འབྲོག་སྲིང༌ཚུན་གདོང༌། སྟག་སྲིང༌ཟོར་གདོང༌། ཀོང་སྲིང༌བ་ལང་གདོང༌། བམ་སྲིང༌དྲེད་གདོང༌བཅས་བཞི་ཕྱི་རྐྱེན་ཡུལ་དུས་ཀྱིས་ངོ་མ་ཤེས་པར་རིམ་པར་མནོལ་བའི་ངན་འབྲས་ལས་འབྱུང་བར་འདོད། བུ་ཚ་མིང་སྲིང་དེ་དག་བཙས་པ་དང་ནམ་ཞིག་བུ་རཱ་ཧུ་་རི་རབ་གཡས་ལ་བསྐོར་དུ་སོང་བ་དང༌། སྲིང་མོ་རྣམས་ཀྱང་རིམ་པར་རི་རབ་གཡོན་དུ་བསྐོར་བར་སོང་བས། དཔྱིད་ཟླ་ར་བའི་སྟག་ཟླ་བོད་ཟླ་བཅུ་གཅིག་ཚེས་བདུན་ལ་རཱ་ཧུ་དང་འབམ་སྲིང་ཐོག་མར་འཕྲད་པ་ངོ་མ་ཤེས་པར་མནོལ་ཤོར་བའི་རྐྱེན་གྱིས་སྟེང་འོག་ཕྱི་ནང་གི་རླུང་དང་འབྱུང་ལྔ་རྣམས་འཁྲུག་ལ། བཙན་དུག་ལྟ་བུའི་ཉི་འོད་འཆར་བ་སོགས་ངན་པ་དུ་མ་བྱུང་བར་བརྟེན་ཉི་མ་ནག་ཆེན་ནམ་ངན་པ་དགུ་འཛོམས་ཞེས་པའི་མིང་བཏགས། དེ་རྗེས་ཞག་མ་སོ་བདུན་འདས་པ་དཔྱིད་འབྲིང་པོའི་ཡོས་ཟླ་བོད་ཟླ་བཅུ་གཉིས།ཚེས་བཅུ་བཞིར་མནོལ་གྲོད་སྐྱེས་པ་དང༌། དཔྱིད་ཐའི་འབྲུག་ཟླ་དང་པོའི་ཉེར་གཅིག་ལ་རྡོལ། དབྱར་རའི་སྦྲུལ་ཟླ་གཉིས་པའི་ཚེས་བརྒྱད་ལ་སླར་བུ་མོ་སྟག་སྲིང་དང་འཕྲད་དེ་མནོལ་བ་དང༌། དབྱར་འབྲིང་རྟ་ཟླ་གསུམ་པའི་བཅུ་དྲུག་ལ་ཁྲག་གྲོད་སྐྱེས། དབྱར་ཐའི་ལུག་ཟླ་བཞི་པའི་ཉེར་བཞི་ལ་རྡོལ། སྟོན་རའི་སྤྲེལ་ཟླ་ལྔ་པའི་དགུ་ལ་བུ་མོ་ཀོང་སྲིང་དང་འཕྲད་དེ་མནོལ་བ་དང༌། སྟོན་འབྲིང་བྱ་ཟླ་དྲུག་པ་བཅོ་བརྒྱད་ལ་ལྕགས་གྲོད་སྐྱེས། སྟོན་ཐའི་ཁྱི་ཟླ་བདུན་པ་ཉེར་བཞི་ལ་རྡོལ། དགུན་རའི་ཕག་ཟླ་བརྒྱད་པའི་བཅུ་ལ་བུ་མོ་ཆུང་བ་བམ་སྲིང་དང་མནོལ། དགུན་འབྲིང་བྱི་ཟླ་དགུ་པའི་ཉི་ཤུར་ཆུ་གྲོད་སྐྱེས། ཐ་ཆུང་གླང་ཟླ་བཅུ་པའི་སྟེང་ལ་རྡོལ་བ་ཡིན་པས་དུས་དེ་དང་དེར་སྔར་ལྟར་ཉེས་པ་ཆ་འདྲར་ཡོང་ཕྱིར། ཉི་ནག་ཅེས་བཏགས་པ་ལོ་གཅིག་ནང་ཁྱོན་ཉི་ནག་བཅུ་གཅིག་བྱུང་བ་དེ་དག་ཡིན་ནོ། །

༢། དངོས་དོན་རྩིས་རིག་པ་ལས་གསུངས་པའི་ཕྱི་དུས་ཀྱི་འགྱུར་ཁྱད་དང་དེ་བསྟུན་ཕྱི་ནང་འབྱུང་བའི་འཕོ་མཚམས་སོགས་བཤད་པ་ལ།

དེ་ཡང་ཕྱི་ལྟར་ས་བདག་མནོལ་བའི་དུས་ངན་ལུང་དུ་བྱས་ཏེ་ཉི་མ་ནག་ཆེན་ངན་པ་དགུ་འཛོམས་དང༌། གཞན་ཉི་ནག་བཅུ་གཅིག་པོའི་དུས་གཟེར་ངོ་སྤྲོད་བྱས་པ་འདི་དངོས་དོན་སྣང་ཡུལ་དུ་འགྱུར་བའི་ཕྱི་དུས་ཀྱི་འགྱུར་བ་དང་ནང་ལུས་པོའི་ཁམས་ཀྱི་འབྱུང་ལྔའི་འཕོ་མཚམས་སོགས་ཇི་ལྟར་བསྟན་ཡོད་པའི་སྐོར་མདོ་ཙམ་གླེང་ན། དང་པོ། དཔྱི་རའི་ཚེས་བདུན་ཉི་མ་ནག་ཆེན་ངན་པ་དགུ་འཛོམས་གྱི་དུས་ཕྱི་ནང་སྟེང་འོག་གི་རླུང་ཁམས་འཁྲུགས་ཤིང་ཙན་དུག་ལྟ་བུའི་ཉི་འོད་འཆར་བར་གསུངས་པའང༌། དོན་དུ་དགུན་ཉི་ལྡོག་དཔྱིད་ཉི་མ་ལྷོ་མེ་ཡི་དཀྱིལ་འཁོར་དུ་བགྲོད་པའི་དུས་ཡིན་ཅིང༌། འདིའི་ངོས་འཛིན་ལའང་འབྱུང་རྩིས་ལས། དགུན་ཉི་ལྡོག་པའི་ཟླ་བ་དེ། །དཔྱིད་ཟླ་ར་བ་སྟག་ཏུ་འདོད། །ཅེས་གསུངས་པས་འདི་ཚེ་ཉི་མའི་དཀྱིལ་འཁོར་དང་ཉི་འོད་ནོར་འཛིན་ཆེན་པོ་དང་ཤིན་ཏུ་ཉེ་བར་བགྲོད་དུས་ཡིན་པའང་དུས་འཁོར་སྐར་རྩིས་ལས། སྟེང་འོག་མཐོ་དམན་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཚད་དུ་གསུངས་པ་དང༌། ཉི་དཀྱིལ་ལྷོ་མཐའ་མེ་ཡི་དཀྱིལ་འཁོར་ཆེན་པོ་དང་ཉེ་བར་བགྲོད་པས་མེ་དཀྱིལ་གྱི་མཐུས་ཉི་འོད་ལ་ཚ་དྲོད་སྣོན་མ་འབྱུང་བ་འདིར་ཕྱི་རོལ་སྐྱེ་དངོས་དང་འགྲོ་བ་མིའི་ལུས་ཁམས་ལ་འཚེ་བ་ཙན་དུག་ལྟ་བུའི་གནོད་པ་བྱུང་བར་བཤད་པའོ། །

ས་བཅད་བཅུ་དྲུག་པ། འཆར་གཞི་ཚེས་དང་གཟའ་སྐར་སོགས་ངོ་སྤྲོད་པ།

ཚེས་ཁོངས་སུ་བཀོད་པའི་ཚེས་དང་གཟའ་སྐར་འཕྲོད་སོགས་ངོ་སྤྲོད་པ་ལ་གཉིས་ཏེ། ཚེས་ཁོངས་ནང་གསལ་བའི་རྩིས་རིག་པའི་ཐ་སྙད་ཁག་ངོ་སྤྲོད་པ་དང༌། དངོས་གཞི་ཚེས་ཁོངས་ཀྱི་ཆ་ལག་རྣམས་ངོ་སྤྲོད་པའོ། ། དང་པོ། ཚེས་ཁོངས་ནང་གསལ་བའི་རྩིས་རིག་པའི་ཐ་སྙད་ཁག་ངོ་སྤྲོད་པ་ལ་གཉིས། ཐ་སྙད་རྣམ་གྲངས་ཙམ་བསྟན་པ་དང༌། རྒྱུན་པར་གཞུང་ལེའི་ནང་འབྲི་བཞིན་པའི་བསྐུངས་ཡིག་དང་བརྡ་མཚོན་རི་མོ་འགའ་དཀྲོལ་བའོ། །

གཅིག  ཐ་སྙད་ཀྱི་རྣམ་གྲངས་ངོ་སྤྲོད་ལ།

༡) གཟའ་བདུན་དང་རྒྱུ་སྐར་ཉེར་བརྒྱད། འདི་དག་གི་རྣམ་གྲངས་ཞིབ་པ་པ་ལོ་དཔྱད་དུ་གླེང་ཟིན་པས་དེར་གཟིགས།
༢) སྦྱོར་བ་ཉེར་བདུན།   སེལ་བ།༠   མཛའ་བོ།༡   ཚེ་ལྡན།༢   སྐལ་བཟང༌།༣   བཟང་པོ།༤ ཤིན་ཏུ་སྐྲངས།༥  ལས་བཟང༌།༦  འཛིན་པ།༧ ཟུག་རྔུ།༨ འབྲས།༩ འཕེལ་བ།༡༠ ངེས་པ།༡༡ ཡོངས་འཇོམས།༡༢ དགའ་བ།༡༣  རྡོ་རྗེ།༡༤  དངོས་གྲུབ།༡༥  ཤིན་ཏུ་ལྟུངས།༡༦  མཆོག་ཅན།༡༧  ཡོངས་བསྣུན།༡༨  ཞི་བ།༡༩  གྲུབ་པ།༢༠ བསྒྲུབ་བྱ།༢༡  དགེ་བ།༢༢  དཀར་པོ།༢༣  ཚངས་པ།༢༤  དབང་པོ།༢༥  ཤ་ཁོ་༢༦བཅས་སོ། །
༣) བྱེད་པ་བཅུ་གཅིག འདི་ལ་འཕོ་བྱེད་བདུན་དང་རྟག་བྱེད་བཞི་ཡོད་པ་ལས་འཕོ་བྱེད་བདུན་ནི།  གདབ་པ།༡  བྱིས་པ།༢  རིགས་ཅན།༣  ཏིལ་རྡུང༌།༤  ཁྱིམ་སྐྱེས།༥  ཚོང་པ།༦  བཱིཊི།༧བཅས་དང༌། རྟག་བྱེད་བཞི་ནི།  བཀྲིས། ༡  རྐང་བཞི། ༢ ཀླུ།༣  མིག་སྡུག༤
༤) ཐུན་མོང་གི་འཕྲོད་སྦྱོར་ཉེར་བརྒྱད།  གཟའ་སྐར་འཕྲད་པའི་སྦྱོར་བ་ཉེར་བརྒྱད་དེ། ཀུན་དགའ། ༡ དུས་དབྱིགས།༢  དུལ་བ།༣  སྐྱེ་དགུ། ༤གཞོན།༥  བྱ་རོག ༦ རྒྱལ་མཚན།༧  དཔལ་བེ། ༨ རྡོ་རྗེ།༩  ཐོ་བ། ༩ གདུགས།༡༡  གྲོགས།༡༢  ཡིད།༡༣  འདོད།༡༤  འགལ་མེ།༡༥  རྩ་བཏོན།༡༦   འཆི་བདག༡༧ མདའ།༡༨ གྲུབ།༡༩ མདུང༌།༢༠  བདུད་རྩི།༢༡  གཏུན་ཤིང༌།༢༢  གླང་པོ། ༢༣ སྟག་མྱོས།༢༤  ཟད།༢༥  གཡོ།༢༦  བརྟན།༢༧
༥) རྒྱུད་འགྲེལ་ལས་གསུང་པའི་ཐུན་མོང་མ་ཡིན་པའི་འཕྲོད་གསུམ།  གཟའ་དང་སྐར་མ་འཕྲད་པ་ལས་བྱུང་བའི་རྟེན་འབྲེལ་བཟང་ངན། འགྲུབ་སྦྱོར།༧ འཆི་སྦྱོར།༧ སྲེག་སྦྱོར་ཞེས་གཟའ་དང་ཚེས་འཕྲད་པ་ལས་བྱུང་བའི་རྟེན་འབྲེལ་བསྲེག་ཚེས་ཀྱི་སྦྱོར་བའོ། །
༡། འགྲུབ་སྦྱོར་བདུན།  ༡ ཉི་མ་དང་མེ་བཞི།  ༢ ཟླ་བ་དང་གྲོ་བཞིན།  ༣ དམར་པོ་དང་ཐ་སྐར། ༤ ལྷག་པ་དང་ལྷ་མཚམས།  ༥ ཕུར་བུ་དང་རྒྱལ།  ༦ པ་སངས་དང་ནམ་གྲུ། ༧ སྤེན་པ་དང་སྣར་མ་འཕྲད་པའི་སྦྱོར་བ་བདུན་ནོ། །
༢། འཆི་སྦྱོར་བདུན།   ༡ ཉི་མ་དང་ལྷ་མཚམས། ༢ ཟླ་བ་དང་སྨིན་དྲུག ༣ དམར་པོ་དང་མོན་གྲུ། ༤ ལྷག་པ་དང་དབྱུག་པ། ༥ ཕུར་བུ་དང་མགོ། ༦ པ་སངས་དང་སྣར་མ། ༧ སྤེན་པ་དང་མེ་བཞི་འཕྲད་པའི་སྦྱོར་བའོ། །
༣། སྲེག་སྦྱོར་བདུན།   ༡ ཉི་མ་དང་མཆུ། ༢ ཟླ་བ་དང་ས་ག། ༣ མིག་དམར་དང་ལག ༤ ལྷག་པ་དང་བསྣུབས། ༥ ཕུར་བུ་དང་མོན་གྲེ། ༦ པ་སངས་དང་སྣར་མ། ༧ སྤེན་པ་དང་ཆུ་སྟོད་རྣམས་སོ། །
༤། བསྲེག་ཚེས་བདུན། གཟའ་དང་ཚེས་འཕྲད་པའི་སྦྱོར་བ་སྟེ།  ཉི་མ་དང་ཚེས་ ༡༢/༢༧   པ་སངས་དང་ཚེས་ ༢/༡༧   ཟླ་བ་དང་ཚེས་༡༡/༢༦  དམར་པོ་དང་ཚེས་ ༡༠/༢༥  ལྷག་པ་དང་ཚེས་ ༣/༡༨  ཕུར་བུ་དང་ཚེས་ ༦/༡༡  སྤེན་པ་དང་ཚེས་ ༧/༢༢ ཚེས་ཁོངས་དངོས་གཞིའི་སྐབས་བསྲེགས་ཚེས་ཀྱི་སྦྱོར་བ་དེ་ཟུར་དུ་འགོད་པ་དང༌། སྦྱོར་བ་གཞན་གཉིས་སྔ་མར་འགོད་པ་ནི་འདི་གཟའ་སྐར་འཕྲད་པའི་འཕྲོད་སྦྱོར་ལ་དགོངས་ནས་སྡེ་ཚན་སྒྲིག་པའོ། །
༦) ཐུན་མོང་འབྱུང་རྩིས་ལུགས་ཀྱི་འཕྲོད་ལྔ།  གཟའ་སྐར་འཕྲད་པ་ལས་འབྱུང་བའི་འཕྲོད་ལྔ་སྟེ།  བདུད་ཉི་བདུན་དང་བདུད་རྒྱལ། འཇིག་ཉི། མི་འཕྲོད་ཉི། མི་མཐུན་ཉི་བཅས་སོ་སོར་གྲངས་བདུན་རེ་ཡོད་དོ། །
༡། བདུད་ཉི་བདུན།  ༡ ཉི་མ་སྨིན་དྲུག ༢ ཟླ་བ་དང་དབོ། ༣ དམར་པོ་དང་སྐག ༤ ལྷག་པ་དང་སྨིན་དྲུག  ༥ ཕུར་བུ་དང་མགོ ༦ པ་སངས་དང་རྒྱལ། ༧ སྤེན་པ་དང་མོན་གྲུ་འཕྲད་པའི་ཉི་མའོ། །
༢། བདུད་རྒྱལ་བདུན།  ༡ ཉི་མ་དང་སྣུབས། ༢ ཟླ་བ་དང་གྲོ་བཞིན། ༣ དམར་པོ་དང་ཁྲུམས་སྨད། ༤ ལྷག་པ་དང་ཆུ་སྟོད། ༥ ཕུར་བུ་དང་ནབས་སོ།༦ པ་སངས་དང་གྲེ། ༧ སྤེན་པ་དང་ས་རི་འཕྲད་པའི་ཉི་མའོ། །
༧) རྟེན་འབྲེལ་བཅུ་གཉིས། མ་རིག་དང༌། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ།
༨) གནམ་སྒོ་བཅུ།   གཅིག་གསུམ་ཞེས་ཚེས་(༡  ༡༡  ༢༡)མགྲོན་གྱི་གནམ་སྒོ། གཉིས་གསུམ་(༢ ༡༢ ༢༢)ཚོང་གི་གནམ་སྒོ། གསུམ་གསུམ་(༣ ༡༣ ༢༣)བུ་ཆུང་གནམ་སྒོ། བཞི་གསུམ་(༤ ༡༤ ༢༤)དམག་གི་གནམ་སྒོ།  ལྔ་གསུམ་(༥ ༡༥ ༢༥)གཉེན་གྱི་གནམ་སྒོ། དྲུག་གསུམ་(༦ ༡༦ ༢༦)མཁར་གྱི་གནམ་སྒོ། བདུན་གསུམ་(༧ ༡༧ ༢༧)བག་མའི་གནམ་སྒོ། བརྒྱད་གསུམ་(༨ ༡༨ ༢༨)དུར་གྱི་གནམ་སྒོ། དགུ་གསུམ་(༩ ༡༩ ༢༩)ཤིད་ཀྱི་གནམ་སྒོ། བཅུ་གསུམ་(༡༠ ༢༠ ༣༠)སྤྱི་ཡི་གནམ་སྒོ་ཞེས་ཚེས་དེ་དང་དེར་ལས་དང་བྱ་བ་དེ་དང་དེའི་སྣེ་གཏོད་པ་ཅུང་ངན་པར་བཤད་པ། དཔེར་ན། གཅིག་གསུམ་མགྲོན་གྱི་གནམ་སྒོར་མགྲོན་བྱས་ན། བྱ་ཡུལ་ཁྱིམ་དེ་གུད་པར་བཤད་པ་ལྟ་བུས་འབྲས་བུ་གཤམ་འཁོད་འབྲས་རྩིས་སུ་གཟིགས།
༩) སྤར་ཁ་བརྒྱད། ལི། ཁོན། དྭ། ཁེན། ཁམ། གིན། ཟིན། ཟོན་བཅས་སོ། །
༡༠) སྨེ་བ་དགུ། གཅིག་དཀར། གཉིས་ནག། གསུམ་མཐིང༌། བཞི་ལྗང༌། ལྔ་སེར། དྲུག་དཀར། བདུན་དམར། བརྒྱད་དཀར། དགུ་དམར་རོ། །

གཉིས།  བསྐུངས་ཡིག་དང་བརྡ་མཚོན་རི་མོ་ངོ་སྤྲོད་བཤད་པ་ལ།

༡) བརྡ་མཚོན།  ༗ འདི་ནི་གཟའ་རྒོད་ཀྱི་མཚོན་བྱེད་ཡིན།     འདི་ནི་གདོང་ཚུགས།        འདི་ནི་འཁྱུད་པ་ཞེས་གཟའི་མཆེ་བར་སྐར་མ་འཁྱུད་པ།འདི་གཉིས་སྒྲ་གཅན་གྱི་མཆེ་བ་གཡས་གཡོན་མཚོན།
༢) བསྐུངས་ཡིག་དང་འདུས་ཡིག་ཁག
ཆྲིུན།  ཆུ་སྲིན།    སྨིན༦  སྨིན་དྲུག    ཟིུང༌། ཟིན་ཕུང༌།  བི།  བི་ཊི།  རྡོེ།  རྡོ་རྗེ།   བཟློག སྡེ་བརྒྱད་བཟློག་པའི་དོན། གནམ།  གནམ་ཁྱི།   སློག ས་བདག་བཟློག   མེ༤ རྒྱུ་སྐར་མེ་བཞི།    རཱ།  རཱ་ཧུ།   གནམ་མྱུར།  གནམ་ཁྱི་ཉི་མྱུར་རྒྱུ། ཐེབས། སྡེ་བརྒྱད་ཐེབས།   དབུལ། ས་བདག་དབུལ་ལག   ཀླེུབས།  ཀླུ་ཐེབས། ངམས། ས་བདག་ངམ་ཤིང༌།  ཀ། ཀ་ཁྱུང༌།  སྐྱེཻད། སྐྱེ་མཆེད།

གསུམ་པ།  ཚེས་དང་གཟའ་སྐར་འཕྲོད་(ལྔ་བསྡུས་ཀྱི་རི་མོ)སོགས་ངོ་སྤྲོད་པ་དང༌། དེ་ལ་བརྟེན་ནས་ཚེས་དང་གཟའ་སྐར་སོགས་ཀྱི་འཕོ་མཚམས་དང་སྤང་བླངས་འབྲས་བུ་བརྩི་ཚུལ་ལོ། །

ཚེས་དང་གཟའ་སྐར་འཕྲོད་ལྔ་བསྡུས་ཀྱི་རི་མོསོགས་ངོ་སྤྲོད་པ་དང༌། དེ་ལ་བརྟེན་ནས་ཚེས་དང་གཟའ་སྐར་སོགས་ཀྱི་འཕོ་མཚམས་དང་སྤང་བླངས་འབྲས་བུ་བརྩི་ཚུལ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས།
དང་པོ།  མདོར་བསྡུས་ཏེ་ཚེས་དང་གཟའ་སྐར་འཕྲོད་སོགས་ཀྱི་རིམ་པ་ངོ་སྤྲོད་པ་ལ།
དེ་ཡང་གཞུང་ལེའི་ཚེས་ཁོངས་དངོས་ནང༌། ཉིན་རེའི་ 0 ཚེས་གྲངས་ནས་བཟུང་(བོད་ཚེས་གང་ཡིན་ཨང་ཀི།)རིམ་པར་ 1 རེས་གཟའ་དང་ 2 སྐར་མ། 3 འབྱུང་འཕྲོད། 4 འཕྲོད་ཆེན།(འདི་མཚམས་རྒྱུད་ལུགས་ཀྱི་འཕྲོད། འགྲུབ་སྦྱོར། འཆི་སྦྱོར། བསྲེགས་ཚེས་གསུམ་དང་དེ་རྗེས་འབྱུང་རྩིས་ལུགས་ཀྱི་བདུད་ཉི། བདུད་རྒྱལ། བཀྲིས་ཉི།  སྲེག་སྦྱོར། ཟུང་སྦྱོར། འཆི་སྦྱོར་རྣམ་འགོད།) 5 སྦྱོར་བ། (འདི་མཚམས་རྒྱུ་སྐར་གང་འཕོ་འབྲི་བས་དེ་རྗེས་སླར་འབྱུང་འཕྲོད། འཕྲོད་ཆེན། སྦྱོར་བ་སོགས་སྔར་ལྟར་འགོད།) དེ་རྗེས་བི་ཊི་རྒྱུ་དུས་དང༌། 6 རྟེན་འབྲེལ། 7 འབྱུང་རྩིས་ཉི།(ལོ་རྟ།) 8 སྤར་ཁ། 9 སྨེ་བ།(འདི་མཚམས་རཱ་ཧུ་འཆར་མིན་དང༌། ཉི་ནག ཀི་ཀང༌། པི་ལིང་སོགས་ཞག་གི་ས་བདག་གང་འཁེལ་འགོད་ལ། དེ་རྗེས་ཀླུའི་ཐེབས་བཟློག་དང༌། སྡེ་བརྒྱད་ཚེས་ལ་རྒྱུ་དུས་འགོད།) དེ་རྗེས་ 10 གནམ་སྒོ། 11 རྒྱ་རྩིས་ལུགས་ཀྱི་ཉི་ཁམས་དང༌། 12 སྤར་སྨེ།(འདི་མཚམས། དུས་རྩ་དང༌། དབྱར་ཞག དགུན་ཞག བྱ་ཞག་སོགས་རྟགས་ཕྲན་སྣ་ཚོགས་དང༌། དབུགས་ཐོབ། ཁྱིམ་སླེབས་སོགས་དུས་གཟེར་རིགས་སྒོ་ཁྱིམ་ཅན་ནང་འགོད་དོ། །)
གཉིས། དེ་དག་གི་དོན་རྒྱས་པ་དཔེར་བརྗོད་དང་བཅས་ངོ་སྤྲོད་པ་ལ། འདིར་རབ་གནས་ཆུ་ལུག་བོད་ཟླ་བརྒྱད་པའི་ཚེས་ ༧ ཚེས་ཁོངས་དཔེར་བརྗོད་པ།
0) ཚེས་གྲངས། ཚེས་ཞག་གི་གྲངས་གང་ཡིན་བཀོད་པ་སྟེ། དོན་དུ་ཡར་ངོའི་ཚེས་གཅིག་ནས་རིམ་པར་དགའ་བཟང་རྒྱལ་སྟོང་རྫོགས་ལྔ་ཡར་ངོ་མར་ངོར་ལན་གཉིས་རེ་འཁོར་བའོ། །
1) རེས་གཟའ།  ཉིན་ཞག་རེ་བཞིན་འཆར་བའི་གཟའ་གང་ཡིན་པ་དེ་དེ་རིང་ནམ་ལངས་ནས་སང་ཉིན་ནམ་ལངས་བར་རོ།།
2) སྐར་མ།  རེས་གཟའ་དང་འགྲོགས་པའི་ཟླ་བའི་སྐར་མ།
3) འབྱུང་འཕྲོད།  རེས་གཟའ་དང་ཟླ་སྐར་གཉིས་པོའི་འབྱུང་ཁམས་འཕྲད་པའི་འཕྲོད་སྦྱོར་ཏེ་འཕྲོད་ཆུང་ཡང་ཟེར།
4) འཕྲོད་ཆེན།  ཐུན་མོང་གི་འཕྲོད་རེས་གཟའ་དང་ཟླ་སྐར་འཕྲད་པའི་སྦྱོར་བ་ཏེ། ཀུན་དགའ་ལ་སོགས་གྲངས་ཉེར་བརྒྱད།
5) སྦྱོར་བ།  ཉི་ཟླའི་ལོངས་སྤྱོད་བསྲེས་པ་ལས་བྱུང་བའི་སྦྱོར་བའི་ལྷ་སྟེ། སེལ་བ་སོགས་གྲངས་ཉེར་བདུན་ནོ། །བི་ཞེས་པ་བི་ཊི་རྒྱུ་དུས་འདིར་སྤྲེལ་གྱི་ ༡ ནས་ཞེས་པ་ཉི་མྱུར་སྤྲེལ་གྱི་ལྔ་ཆ་གཅིག་ནས་ཕྱེད་ཡོལ་གླང་གི་ལྔ་ཆ་གཉིས་བར་རྒྱུ་བའི་དོན།
6) རྟེན་འབྲེལ། སྐར་རྩིས་ལུགས་ཀྱི་ཞག་ལ་འཆར་བའི་རྟེན་འབྲེལ་མ་རིག་སོགས་གྲངས་བཅུ་གཉིས།
7) འབྱུང་རྩིས་ལུགས་ཀྱི་ཉི་མ་སྟེ། ཕོ་ཟླ་དྲུག་པོ་སྟག་དང་མོ་ཟླ་དྲུག་པོ་སྤྲེལ་ཀྱིས་ཚེས་པ་ལས་འཁོར་བའི་ཉི་མ་བཅུ་གཉིས།
8) འབྱུང་རྩིས་ལུགས་ཀྱི་ཉིན་རེའི་སྤར་ཁ་སྟེ། སྟག་རྟ་ཁྱི་གསུམ་ཟླ་བར་ལི་དང༌། བྱི་འབྲུག་སྤྲེལ་གསུམ་ཟླ་བར་ཁམ། བྱ་གླང་སྦྲུལ་གསུམ་ཟླ་བར་དྭ། ཕག་ལུག་ཡོས་གསུམ་ཟླ་བར་ཟིན་ནས་སྐོར་འགོ་བཟུང་སྟེ་རིམ་པར་འཁོར་བའི་སྤར་ཁ་བརྒྱད་དོ། །
9) སྨེ་བ། འབྱུང་རྩིས་ལུགས་ཀྱི་ཞག་རེའི་སྨེ་བ་སྟེ། གཅིག་དཀར་སོགས་གྲངས་དགུའོ།། གནམ། ཞེས་པ་འབྱུང་རྩིས་ལུགས་ཀྱི་ས་བདག་གནམ་ཁྱི་རྒྱུ་བའི་དོན། ཀླུ་ཉི་ཤར། ཞེས་པ་སྡེ་བརྒྱད་ཚེས་ལ་རྒྱུ་དུས་ཏེ་འདི་མཚམས་ས་བདག་གཞན། ཀི་ཀང༌། པི་ལིང༌། ཕོ་ཉ། ཟིན་ཕུང༌། ཉི་ནག ཕུང་པོ་ཟོར་ཐོག ཧལ་ཁྱི། གཟའ་རྒོད། དབུལ་པོ་ལག་སྟོད། ངམ་ཤིང༌། བར་ཁྱི། ཀ་ཁྱུང༌། དྲ་ཆེན། རཱ་ཧུ། བ་དན་བཅས་ཞག་གི་ས་བདག་དང༌། ཐེབས་ཟློག་རིགས་ཡོད་ན་འགོད་ལ། ཀླུ་ཐེབས་འདི་ནི་ཐེབས་ཆེན་ཡིན། ཀླུ་བཟློག སྡེ་བརྒྱད་སྤྱི་ཐེབས། སྡེ་བརྒྱད་བཟློག་པ། ས་བདག་བཟློག་པ་ལ་སློགབསྐུངས་ཡིག་འདྲ།ཞེས་བྲིས་ཡོད།
10) གནམ་སྒོ། འབྱུང་རྩིས་ལུགས་ཀྱི་གནམ་སྒོ་བཅུ་སྟེ། ཚེས་ ༡ ༡༡ ༢༡ གཅིག་གསུམ་མགྲོན་དང༌། ༢ ༡༢ ༢༢ གཉིས་གསུམ་ཚོང༌། གསུམ་གསུམ་བུ། བཞི་གསུམ་དམག ལྔ་གསུམ་གཉེན། དྲུག་གསུམ་མཁར། བདུན་གསུམ་བག བརྒྱད་གསུམ་དུར། དགུ་གསུམ་ཤིད། བཅུ་གསུམ་སྤྱི་རུ་འདོད་ཅེས་པའོ། །
11  12) རྒྱ་རྩིས་ལུགས་ཀྱི་ཉི་ཁམས་སྤར་མེ།  ས་སྤྲེལ། ཉི་ཁམ། ལི་༨ སྤར་མེ། འདི་ནི་རྒྱ་རྩིས་གསར་མའི་ལུགས་ཀྱི་ཉི་ཁམས་སྤར་སྨེ་ཡིན། འདི་རྗེས་དུས་རྩ་དང༌། དབྱར་ཞག དགུན་ཞག་བྱ་ཞག་སོགས་རྟགས་ཕྲན་སྣ་ཚོགས་དུས་ཚེས་གང་ལ་འཁེལ་བའི་ཉིན་དེར་བཀོད་ཡོད་ལ། དེ་ནས་སྒོ་ཁྱིམ།  ༼    ༽ འདི་ནང་ཟླ་རེའི་དབུགས་སྒང་ཁྱིམ་སླེབས་དང༌། ལྡོག་གཉིས་རི་ཥི། དུག་ཕག་བཅས་ཀྱི་ཚད་ཕྲ་སྟེང་དུ་ཟླ་གྲངས་ཀྱི་ཨང་ཀི་བཅས་བཀོད་ཡོད། སྒོ་ཁྱིམ་ཕྱེད།  ༼  འདིའི་ནང་དམིགས་བཀར་རྒྱ་རྩིས་ལུགས་ཀྱི་དབུགས་སྒང་གི་ཁ་བྱང་དང་ཉིན་ཁམ་ཚད་ཕྲ་བཅས་འགོད་སྲོལ་ཡོད་དོ། །

ལྔ་བསྡུས་ཀྱི་རི་མོ་ངོ་སྤྲོད་པ་དང་དེ་ལ་རྟེན་ནས་ཚེས་དང་གཟའ་སྐར་སོགས་ཀྱི་འཕོ་མཚམས་བརྩི་ཚུལ་བཤད་པ།

དང་པོ། མདོར་བསྟན་ཚེས་ཁོངས་གང་ཡིན་སོ་སོའི་གཤམ་དུ་གཡས་ནས་གཡོན་དུ་བརྩི། ཨང་ཀིའི་རིམ་པ་དྲུག་བཀོད་པ་དེ་དག་ནི། གྲུབ་རྩིས་ཀྱི། 13 རེས་གཟའ་དང༌། 14 ཟླ་སྐར།  15 ཉི་དག  16 སྦྱོར་བ། 17 བྱེད་རྩིས་ཟླ་སྐར། 18 དོན་ཁྱིམ་བཅས་དང་དེ་དག་སོ་སོའི་འདས་ལུས་ཀྱི་ཡུལ་དུས་ལོངས་སྤྱོད་ཚོུད་ཆུ་སྲང་བཅས་པ་ཡིན།
གཉིས་པ། ལྔ་བསྡུས་ཀྱི་དོན་རྒྱས་པ་དཔེ་བཅས་བསྟན་པ་ལ། གོང་གི་ཚེས་ ༧ རི་མོར་གཟིགས།
13) རེས་གཟའ།  རེས་གཟའ་གང་ཡིན་དང་དེ་འོག་ཆུ་ཚོད་ནི་ཚེས་ཞག་དེའི་ལོངས་སྤྱོད་མ་འོངས་པ་ཡིན། དཔེར་ན། ༥ ནི་རེས་གཟའ་དང་དེ་འོག་   ནི་ཚེས་ཀྱི་ལོངས་སྤྱོད་ཡིན་པ་ལྟ་བུའོ། །
14) ཟླ་སྐར། རེས་འགྲོགས་ཟླ་སྐར་ཏེ་རེས་གཟའ་དང་ལྷན་གཅིག་འགྲོགས་པའི་ཟླ་སྐར་ཡིན། འདི་ལ་ཚེས་ལོངས་སྦྱིན་ན་ཚེས་འཁྱུད་ཟླ་སྐར་གྲུབ་ཅིང་དེ་ནི་ཚེས་ལོངས་རྫོགས་མཚམས་སུ་ཟླ་བ་གང་དུ་སླེབས་པའི་ཚད་སྟོན་སྐར་གནས་རྗེས་དྲངས་དང་བཅས་པ་ཡིན། ༡༧/༡༩/༤༡ འདིས་ཟླ་འཛིན་བརྟག
15) ཉི་དག ཉི་མ་རང་འགྲོས་ཀྱིས་ཁྱིམ་གང་དུ་སླེབས་པའི་ཚད་སྟོན་སྐར་གནད་རྗེས་དྲངས་དང་བཅས་དག་པ། ༡༡/༢༧/༢༠ མ་འོངས།
16) སྦྱོར་བ། ཚེས་རེར་འཆར་བའི་དུས་ལྷ་སྟེ། ཉི་ཟླའི་ལོངས་སྤྱོད་བསྲེས་པ་ལས་བརྟག་ ༡/༤༧/༡ འདས་ཟིན།
17) བྱེད་རྩིས་ཟླ་སྐར། གོང་གི་ཟླ་སྐར་དང་དོན་གཅིག
18) དོན་ཁྱིམ། དོན་ལ་ཉི་མ་ཡུལ་གང་དུ་སླེབས་པའི་ཁྱིམ་དང༌། དེར་སླེབས་ནས་ཞག་ཆུ་ཚོད་དང་བཅས་པ་ཅི་སོང་གི་ཡུན།
19) གཟའ་སྐར་སོགས་ཀྱི་གནས། དེ་ཡང་ ༡༩13 རེས་གཟའ།(འདིར ༥ ཕུར་བུ།)  ༡༩14 ཟླ་སྐར་ཏེ་རྒྱུ་སྐར་ཉེར་བརྒྱད་པོའི་གྲངས། (འདིར་ ༡༧ སྣྲོན།) ༡༩15 ཉི་སྐར་ཏེ་རྒྱུ་སྐར་གྲངས། ༡༩16 སྦྱོར་བ་ཉེར་བརྒྱད། སེལ་བ་ནས་ ༢༦ ཤ་ཁོན་བར།(འདིར་མཛའ་བོ།) ༡༩17 བྱེད་རྩིས་ལུགས་ཀྱི་ཟླ་སྐར།༡༩18 དོན་ཁྱིམ་སྟེ། (འདིར་ ༥ སེངྒེ༌།)
20) ཆུ་ཚོད་དང་ཞག་གི་གནས། ཡུན་རྩིས་ཚུལ།  ༢༠13 འདི་ནི་ཚེས་ཞག་དུས་ལོངས་ཆུ་ཚོད་ཀྱི་གྲངས་ཡིན་པས་གྲངས་ཅི་ཙམ་ཡོད་པ་དེ་ཚེས་ཞག་རེའི་ཡུན་སྟོན་ལ། ཆུ་ཚོད་དེ་ཟད་མཚམས་རེས་གཟའ་འཕོ་འགྱུར་མེད་ཀྱང་ཚེས་དེ་རྫོགས་པ་ཡིན་པས་དེ་ན་ཕྲལ་མ་ཉིད་དུ་ཚེས་ཕྱི་མ་འཇུག དཔེར་ན། སྐབས་སུ་གཟའ་འོག་ཚོུད་ ༢༥ ཡོད་པ་དེ་དེ་རིང་ནམ་ལངས་ནས་ཕྱེད་ཡོལ་ལུག་གི་ལྔ་ཆ་བར་སྡོད་ཅིང༌། ཉི་མྱུར་སྤྲེལ་གྱི་ལྔ་ཆ་གཅིག་ཚེས་ ༨ ལ་འཇུག་པ་ཡིན་པས་དེ་བསྟུན་ཚེས་ཁོངས་ནང་གི་ཚེས་ལ་འཇུག་པའི་ས་བདག་དག་ཀྱང་ལྷན་དུ་འཕོ་བ་ཡིན།
༢༠14 འདི་ནི་ཟླ་སྐར་གྱི་ལོངས་སྤྱོད་ཆུ་ཚོད་གྲངས་ཡིན་པས་གནད་དེར་ཆུ་ཚོད་ཅི་ཙམ་ཡོད་པ་དེ་ནི་ད་ནངས་ནམ་ལངས་ཕན་ལ་ཟླ་བས་སྐར་མ་དེའི་སྟེང་ནས་སྤྱད་ཟིན་པའི་ཚད་ཡིན། འདི་ནི་དུས་ཚོད་མིན་ཅིང་ཡུལ་ལོངས་ཞེས་ཉི་ཟླ་སོགས་གཟའ་རྣམས་ཀྱི་བགྲོད་ཡུལ་རྒྱུ་སྐར་རེ་ལ་དུམ་བུ་དྲུག་ཅུ་རེ་བྱས་པའི་དུམ་རེའི་ཚད་ཡུལ་གྱི་ཆུ་ཚོད་ཚད་ཡིན། འདིས་རྒྱུ་སྐར་ཆུ་ཚོད་དྲུག་ཅུར་འཕྲི་བའི་ལྷག་གི་མ་འོངས་སྟོན་པས། མ་འོངས་ལྷག་ཅི་ལུས་པ་དེ་རྫོགས་མཚམས་ཟླ་བ་སྐར་མ་གཞན་དུ་འཕོ་བ་ཡིན། སྤྱིར་ཟླ་བ་བགྲོད་པ་མྱུར་བས་རགས་རྩིས་ཉིན་རེ་ལ་སྐར་མ་རེའི་ས་ཁྱོན་འགྲོ་བ་ཡིན། དཔེར་ན། སྐབས་སུ་ཆུ་ཚོད་༩ ཡོད་པའི་དེ་ནི་ཟླ་བས་སྐར་མ་སྣྲོན་ ༡༧ གྱི་སྟེང་སྤྱད་ཟིན་པའི་ཡུལ་གྱི་ཆུ་ཚོད་(ཟླ་བ་སྐར་མ་དེ་སྟེང་སླེབས་ནས་ཚོུད་ ༡༩ འདས་པ་སྟོན།)ཡིན་པའི་དེས་རྒྱུ་སྐར་ཆུ་ཚོད་ ༦༠ ལ་འཕྲི་བས། ལྷག་ཆུ་ཚོད་ ༤༡ ལུས་པ་ནི་ལོངས་སྤྱད་རྒྱུ་ཡིན་པས་ད་ནངས་ནམ་ལངས་ནས་བརྩམས་ཏེ་ལྷག་མའི་ཆུ་ཚོད་ ༤༡ འདས་མཚམས་རྒྱུ་སྐར་ཕྱི་མི་སྣྲུབས་ཀྱི་སྟེང་འཕོ་བ་ཡིན།
༢༠15 འདི་ནི་ཉི་མས་སྐར་ཁྱིམ་ཡུལ་བགྲོད་པའི་ལོངས་སྤྱོད་ཡིན་པས། ཡུལ་གྱི་ཆུ་ཚོད་ཅི་ཙམ་ཡོད་པ་འདིས་ཉི་མ་སྐར་ཁྱིམ་དེ་སྟེང་སླེབས་ནས་ཡུལ་ལོངས་ཅི་ཙམ་འདས་པ་སྟོན་པ་ཡིན། དེ་ཡང་རགས་རྩིས་ཉི་མས་ཞག་རེས་སྐར་ཁྱིམ་སྟེང་ནས་ཡུལ་གྱི་ཆུ་ཚོད། ༤ ལྷག་ལས་མི་འགྲོ།
༢༠16 འདི་ནི་སྦྱོར་བའི་དུས་ཀྱི་ལོངས་སྤྱོད་དེ་ད་ནངས་ནམ་ལངས་ཕན་ཆད་འདས་ཟིན་པས་དེས་ཞག་གཅིག་གི་ཆུ་ཚོད་ ༦༠ ལ་འཕྲི་བས་ལྷག་༢༠17 འདི་བྱེད་རྩིས་ལུགས་ཀྱི་ཟླ་སྐར་ལོངས་སྤྱོད་ཡིན་པས་དོན་གོང་གི་༢༠14 དང་གཅིག
༢༠18 འདི་ནི་ཉི་མ་ཁྱིམ་དེར་སླེབས་ནས་ཞག་ཇི་ཙམ་འདས་པའི་གྲངས་ཡིན་པས་དེ་སྟེང་གཅིག་བསྣན་ན་ངོ་ཐོག་འགྲོ་བཞིན་པའི་ཁྱིམ་ཞག་གྲངས་ཡིན། དཔེར་ན། སྐབས་སུ་ཞག་གྲངས་ ༥ ཡོད་པ་འདིས་ཉི་མ་སེང་གེའི་ཁྱིམ་དུ་སླེབས་ནས་ཞག་གྲངས་ ༥ འདས་པ་སྟོན།
21  ཆུ་སྲང་དང་ཞག་འོག་ཆུ་ཚོད་ཀྱི་གནས།
༢༡13  14  15  16  17འདི་དག་ནི་གོང་གི་ཆུ་ཚོད་ཀྱི་ཆ་ཆུ་སྲང་ཞེས་ཡིན་པས་འདས་ལུས་སྔར་ལྟར་གཅིག
༢༡18 ནི་གོང་གི་ཞག་གི་ཆ་ཆུ་ཚོད་ཀྱི་གྲངས་ཡིན་འདི་དག་སོ་སོའི་འོག་ཏུ་ཆུ་སྲང་གི་ཆ་དབུགས་དང་དབུགས་ཆ་སོ་སོར་ཡོད་པའང་གཞུང་ལེའི་ནང་ཆུ་སྲང་གི་གནས་ཡན་ལས་བཀོད་མེད་དོ། །
གཞན་ཡང་ཚེས་ཁོངས་ནང་ཚེས་ལྷག་ན་ ༖ ཅེས་ཚེས་ཉི་ལྡབ་དང༌།   ཆད་ན་གང་ཆད་པའི་ཚེས་ཁོངས་སུ་ ༕ ཆད་ཅེས་པའི་ཡི་གེ་རྩེགས་མ་སྟེང་ཆ་དང་འོག་ཏུ་ད་ཡིན་ནོ། །


གསུམ།  སྤངས་བླངས་འབྲས་བུ་བརྩི་ཚུལ་བཤད་པ།

དེ་ལྟར་གཟའ་སྐར་འཕྲོད་སོགས་ཚེས་ཁོངས་ཀྱི་ཆ་ལག་དང༌། ཚེས་ཀྱི་འཕོ་མཚམས་བརྩི་ཚུལ་སོགས་ངོ་སྤྲོད་ཡོངས་སུ་ཟིན་ཏེ་ད་ནི་ཉིན་རེའི་དུས་ཀྱི་བླང་དོར་མི་འཛོལ་ཆེད་དེ་དག་གི་དུས་སུ་བཟང་ངན་རྟེན་འབྲེལ་གྱི་འབྲས་བུ་གང་བྱུང་བརྩི་ཚུལ་གསལ་བར་གླེང་བ་ལ་གཉིས། གཟའ་ཚེས་རྒྱུ་སྐར་གྱི་འབྲས་བུ་གཟིགས་ཚུལ་ཁ་གཞན་དུ་འཕངས་པ་དང༌། སྐབས་སུ་འབྱུང་འཕྲོད་ནས་གནམ་སྒོ་ས་བདག་བར་གྱི་འབྲས་བུ་གསལ་བར་བཀོད་པའི་འབྲས་རྩི་ངོ་སྤྲོད་པ། གཟའ་ཚེས་སྐར་སྦྱོར་འཕྲོད་སོགས་འབྲས་བུ་མི་མཐུན་པའི་སྟོབས་བརྩི་ཚུལ་གྱིས་བླང་དོར་བསྟན་དགོས་པར་གདམས་པའོ། །
དང་པོ། ཚེས་ཁོངས་ནང་འཁོད་པའི་ཚེས་གྲངས་དང༌། རེས་གཟའ། ཟླ་སྐར་གསུམ་གྱི་འབྲས་བུ་རྒྱས་པ་གཟིགས་ན་རྩིས་གཞུང་ཉིན་སྣང་སོགས་སུ་གསལ་བས་དེར་གཟིགས་ལ་སྐབས་སུ་འདིར་རགས་པ་ཚེས་ཀྱི་བཟང་ངན་ནི་དུས་འཁོར་ལས། དགའ་བཟང་རྒྱལ་སྟོང་རྫོགས་པ་རྣམས། །མཁའ་རླུངས་མེ་ཆུ་ས་ཡི་ཁམས། །ཡིན་ཕྱིར་སོ་སོའི་ཁམས་མཐུན་གྱི། །ཞི་རྒྱས་དབང་དྲག་ལས་རྣམས་བྱ། །དེ་ཡང་ཟླ་བའི་དཀར་ཕྱོགས་ཁམས། །སྐྱེ་བའི་རིམ་པས་འབྱུང་བའི་ཕྱིར། །སྐྱེ་ཞིང་འཕེལ་བའི་ལས་ལ་དགེ །ནག་ཕྱོགས་སྡུད་རིམ་གྱིས་འབྱུང་བས། ། འགོག་ཅིང་འགྲིབ་པའི་ལས་རྣམས་ཤིས། །ཞེས་གསུངས་པ་ལྟར་དང༌། དེ་བཞིན་འབྱུང་རྩིས་ལས། གཅིག་གསུམ་མགྲོན་གྱི་གནམ་སྒོ་ལ། །མགྲོན་བྱས་ཁྱིམ་དེར་གུད་པར་འགྱུར། །ཅེས་སོགས་གནམ་སྒོའི་བརྩི་ཚུལ་སོ་སོའི་སྤང་བླང་ལ་གཟིགས།
རེས་གཟའ་ནི་དུས་འཁོར་རྒྱུད་འགྲེལ་དུ། ཟླ་བ་ལྷག་པ་པ་སངས་གསུམ། །མཆོག་ཏུ་བདེ་བྱེད་ཞི་གཟའ་སྟེ། །ཞི་རྒྱས་ལས་དང་དགེ་ལས་བཟང༌། །ཉི་དམར་སྤེན་གསུམ་དྲག་གཟའ་སྟེ། ། དབང་དྲག་ལས་ལ་བཟང་བར་བཤད། །ཕུར་བུ་ལུས་དྲག་བསམ་པ་ཞི། །དེ་ཕྱིར་དགེ་བའི་ལས་ལ་བཟང༌། །ཞེས་གསུངས་པ་ལྟར་ལས་ཞི་དྲག་གང་ཡང་གཟའ་ཞི་དྲག་དང་བསྟུན་ན་སྟོབས་ཆེ་བ་དང༌། བྱེ་བྲག་སྒེར་ལྟ་བུར་རང་གི་བླ་སྲོག་གཤེད་གསུམ་གྱི་གཟའི་དར་གུད་དང་བསྟུན་སྤང་བླང་བྱ་རྒྱུ་གོང་དུ་གླེང་ཟིན་པ་ལྟར་འདིར་དམིགས་བསལ་སྤང་བྱ་ནི། ཉི་མ་དར་ཡང་ཤིད་མི་བྱ། །ཟླ་བ་དར་ཡང་ཧམ་མི་སྤོར། །མིག་དམར་དར་ཡང་གྲི་མི་འདུལ། །ལྷག་པ་དར་ཡང་དུར་མི་གདབ། །ཕུར་བུ་དར་ཡང་ཟོར་མི་འཕེན། །པ་སངས་དར་ཡང་ཕྱུགས་མི་སྐྱེལ། ། སྤེན་པ་དར་ཡང་ནོར་མི་གཏོང༌། །ཞེས་པ་ལྟར་རོ། །
ཟླ་སྐར་འབྲས་བུ་རགས་པ་སྔར་རྒྱུ་སྐར་འབྲས་བུ་ཕྱོགས་སྡེབས་སུ་བཤད་པ་ལྟར་དང་བྱེ་བྲག་སྐར་མའི་དར་གུད་དང་བསྟུན་བྱ་ལས་སྒྲུབ་པ་གནད་ཆེའོ། །
གཉིས་པ། ས་ཆུ་སོགས་གཟའ་དང་སྐར་མའི་འབྱུང་བ་འཕྲད་པའི་འབྱུང་འཕྲོད་དང༌། ཀུན་དགའ་སོགས་འཕྲོད་ཆེན་ཉེར་བརྒྱད། སེལ་བ་སོགས་སྦྱོར་བ། རྟེན་འབྲེལ། ཉི་མ། སྤར་མེ། གནམ་སྒོ། ས་བདག་བཅས་ཀྱི་འབྲས་བུ་རྒྱས་པ་ཉིན་སྣང་སྐབས་ཉེར་གསུམ་པ། རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ་ཞེས་པའི་ནང་གསེས་ལྔ་པ་ནས་བཅུ་བཞི་བར་གྱི་འབྲས་བུ་གསལ་བར་བཏུས་པ་ལྔ་པ་འཕྲོད་ཅེས་པ་ལོགས་སུ་ཡོད་པ་དེ་ལ་གཟིགས།
གསུམ་པ། དུས་སྦྱོར་ཕུད། གཟའ་ཚེས་སྐར་སྦྱོར་སོགས་ཀྱི་འབྲས་བུ་བཟང་ངན་མི་མཐུན་བྱུང་ཚེ་སྟོབས་གང་ཆེ་བརྩི་ཚུལ་ནི།    དེ་ཡང་། རཱ་ཧུ་ལ་དང་རེས་གཟའ་དང༌། །རྒྱུ་སྐར་ཚེས་དང་བྱེད་པ་སྦྱོར། །ཉི་མ་བདུན་པོ་རིམ་པ་བཞིན། །སྔ་མ་སྔ་མ་སྟོབས་ཆེ་ཞིང༌། །ཕྱི་མ་ཕྱི་མ་ནུས་པ་ཆུང༌། །ཞེས་དང༌། གཟའ་སྐར་བཟང་ངན་མ་མཚུངས་ན། །དེ་ཚེ་གཟའ་དེ་གཙོ་བོ་ཡིན། །སྐར་ཚེས་འབྲས་བུ་མ་མཚུངས་ན། །སྐར་མ་དེ་ཉིད་གཙོ་བོར་ཤེས། །སྦྱོར་བྱེད་ལས་ཐབས་མ་གཅིག་ན། །ཤིན་ཏུ་གཉན་ཕྱིར་བྱེད་པ་གཙོ། །ཉི་མ་དུས་ཚོད་མི་འདྲ་ན། །དུས་ཚོད་མཚོན་ཆ་རྣོ་བས་གཙོ། །ཐམས་ཅད་བཟང་ངན་མ་མཚུངས་ན། །གང་ཚེ་འཕྲོད་ཉིད་གཙོ་བོར་བཟུང་ཞེས་འདིར་རྒྱུད་ལུགས་ཀྱི་འཕྲོད་དེ་གཙོ་བོར་བཟུང༌། དམིགས་བསལ་མེད་ན་ཕྱོགས་སྡེབ་གཙོ། །བཟང་ངན་འབྲས་བུ་གང་དང་གང༌། །ཅིས་ཀྱང་མཚུངས་པར་མ་གྱུར་ན། །མང་ཉུང་སྟོབས་ཀྱི་ཁྱད་པར་བརྩི། །ཞེས་གསུངས་པ་ལྟར། གཟའ་སྐར་ས་བདག་སོགས་སྤྱིར་ལས་གང་ལ་གཉན་པ་དམིགས་བཀར་སོ་སོ་ནས་གསུངས་པ་ལྟར་གཙོ་ཆེ་སྟེ། དཔེར་ན། ཉི་མ་ངན་དང་ཟླ་འཁོར་ནི། །སྟོན་མོ་ལ་ནི་བརྩི་བར་བྱ། །ས་སྒོ་གནམ་སྒོ་དུར་ཉི་དང༌། །ས་བདག་ངན་ལ་མཁར་ལས་འཛེམས། །གནམ་ཁྱི་བསྟན་མ་ཐེ་ཁྱིམ་དང༌། །སྐར་མ་ངན་ལ་བག་མ་སྤངས། ། ཞེས་པ་ལྟར། ཉི་མ་ངན་པ་ཉི་ནག་དང་ཞག་ནག་གཞན་ཡང་འབྱུང་རྩིས་ཉི་མ་བྱི་གླང༌ལྟ་བུ་དམིགས་བཀར་སྟོན་མོའི་ལས་གཙོར་བརྩི་བ་ལྟ་བུ་དང༌། བྱེ་བྲག་ལས་གཅིག་སྟེང་གཟའ་སྐར་བཟང་ངན་གི་འབྲས་བུ་མ་མཚུངས་ན་གཟའ་སྟོབས་ཆེ་བས་སྐར་མ་བཟང་ངན་གང་ཡང་གཟའི་སྟོབས་ཀྱིས་འཇོམས་པས་གཟའ་གཙོར་བརྩི་དགོས་པ་དང༌། ཡང་སྐར་མ་དང་ཚེས་ཀྱི་འབྲས་བུ་མ་མཚུངས་ན་སྐར་མ་དབང་བཙན། དེ་བཞིན་སྦྱོར་བ་དང་བྱེད་པ་མ་མཐུན་ན་བྱེད་པ་གཙོར་བཟུང་དགོས་པ་དང༌། ཉི་མ་དང་དུས་ཚོད་མི་འདྲ་ན་དུས་ཚོད་མཚོན་ཆ་རྣོ་བས་གཙོར་བཟུང་དགོས་པ་ལ་གཟའ་ཚེས་སྐར་མ་འཕྲོད་སོགས་བཟང་ངན་འབྲས་བུ་ཅིས་ཀྱང་མཚུངས་པར་མ་གྱུར་ན་མང་ཉུང་སྟོབས་ཀྱི་ཁྱད་པར་བརྩིས་ཏེ་སྤང་བླང་བྱ་དགོས་སོ། །
གཞན་ཡང༌། གཟའ་སྐར་སོ་སོ་བཟང་ན་ཡང་འཕྲོད་ངན་དེ་ཡི་འབྲས་བུར་འགྱུར། གལ་ཏེ་གཟའ་སྐར་གཉིས་ངན་ཀྱང༌། །འཕྲོད་བཟང་གྱུར་ན་དེ་འབྲས་འགྲུབ། །དེ་ཕྱིར་གཟའ་དང་སྐར་ཚེས་ཀྱི། །འཕྲོད་སྦྱོར་སྤྱི་དང་ཁྱད་པར་དུ། །ཐུན་མོང་མ་ཡིན་འཕྲོད་གསུམ་གྱི། །འབྲས་བུ་ཞིབ་བརྟག་སྤངས་བླངས་གཅེས། །ཞེས་དང༌། ཡང་དམིགས་གསལ་སྤང་བྱ་ནི། འགྲུབ་སྦྱོར་བདུན་པོ་སྤྱིར་བཟང་ཡང༌། །དམིགས་བསལ་སྤང་བྱ་འདི་ཤེས་གཅེས། །ཉི་མར་ཁང་ཕུབ་ཁྱིམ་དེ་ཕུང༌། །ཟླ་བར་དམག་ཇག་ཁ་ཉེས་འབྱུང༌། །མིག་དམར་ནོར་ཕྱུགས་ཕྱིར་གཏོང་ངན། །ལྷག་པར་བག་བྱས་ཁྱོ་བོ་འཆི། །ཕུར་བུར་ཤིད་བྱས་མི་གཡང་ཉམས། །པ་སངས་བག་བླང་བུ་མི་འབྱུང༌། །སྤེན་པར་བུ་ཚ་ཕྱིར་གཏོང་ངན། ༈ ཉི་མ་རྒྱལ་པོ་ལྷའི་བླ་གཟའ། །གནམ་སྒོ་དར་ཡང་ཤིད་མི་བྱ། །ཟླ་བ་བུད་མེད་ཀླུའི་བླ་གཟའ། །ཀླུ་སྒོ་དར་ཡང་ཧོམ་མི་སྤོར། །མིག་དམར་ལྷ་མིན་དམག་དཔོན་གཟའ། །གྲི་གཟའ་དར་ཡང་གྲི་མི་འདུལ། །ལྷག་པ་སྣོད་སྦྱིན་རྒྱལ་པོའི་གཟའ། ། རབས་ཆད་དར་ཡང་དུར་མི་གདབ། །ཕུར་བུ་བློན་པོ་བནྡེའི་གཟའ། །ཤིང་གཟའ་དར་ཡང་ཟོར་མི་འཕེན། །པ་སངས་རྒྱལ་བློན་བུད་མེད་གཟའ། །ཕྱུགས་གཟའ་དར་ཡང་ཕྱུགས་མི་སྐྱལ། །སྤེན་པ་བྲན་དང་བྱིས་པའི་གཟའ། །ས་གཟའ་དར་ཡང་ནོར་མི་གཏོང༌། །རང་གཟའ་བླ་གཟའ་དར་བའི་དུས། །རང་གི་བྱ་བའི་ལས་ཀུན་བཟང༌། །ཞེས་གསུངས་པ་ལྟར་རོ། །
བཞི་པ། ཚེས་ཁོངས་སུ་འཁོད་པའི་གཟའ་ཚེས་སོགས་ཀྱི་ཆ་ལག་རྣམས་ཉིན་ཚེས་གང་གི་ཁོངས་སུ་བརྩི་དགོས་པ་ནི།
དེ་ཡང༌། རྩིས་གཞུང་ཉེར་མཁོ་བུམ་བཟང་ལས་ལེའུ་ཐོའི་ལྡེ་མིག་ནོར་བུའི་བང་མཛོད་འབྲས་རྩིས་ཉི་མའི་དཀྱིལ་འཁོར་ལས། རེས་གཟའ་དང་ནི་རྟེན་འབྲེལ་གཉིས༌། །ཉིན་ཞག་ཕྲུགས་གཅིག་དབང་བ་སྟེ། །ཞེས་དང༌། ཀླུ་སྡེའི་ཐེབས་དང་སྤར་སྨེ་དང༌། །དབུལ་ལག་ཟིན་ཕུང་པི་ལིང་དང༌། །ས་བདག་ཡན་ཀྭོང་གཉན་ཐེབས་ཟློག །ཉི་ནག་དབུལ་ཉི་ལ་སོགས་པའི༑༑ཚེས་ལ་རྒྱུ་བའི་ས་བདག་རྣམས། །གཟའ་འོག་ཆུ་ཚོད་དག་དང་བསྟུན། །བསྲེག་ཚེས་འདས་དང་མ་འོངས་གཉིས། །གཟའ་འོག་ཆུ་ཚོད་བསྟུན་པ་ཡིན། །ཉི་མ་འཕྲོད་ཆེན་ཉེར་བརྒྱད་དང༌། །འགྲུབ་སྦྱོར་བདུད་ཉི་འཆི་སྦྱོར་དང༌། །ཟུང་སྦྱོར་མི་འཕྲོད་ཉི་མ་སོགས། །གཟའ་སྐར་ཕྲད་པའི་འཕྲོད་རྣམས་ཀུན། །ཟླ་སྐར་རྗེས་སུ་འབྲངས་བ་ཡིན། །ཞེས་དང༌། ཡང༌། ཐོག་མར་གཟའ་གཙོ་དེ་ནས་སྐར། །འཕྲོད་ཚེས་བྱེད་སྦྱོར་ཉི་མ་བདུན་པོ་ནི། །རིམ་བཞིན་སྔ་མ་སྔ་མ་ནུས་སྟོབས་ཆེ། །ཕྱི་མ་ཕྱི་མ་ནུས་པ་ཆུང༌། །མི་ཤི་བ་ལ་གཟའ་ནི་གཙོ། །བག་སོགས་ལས་ཀུན་སྐར་མ་འཛིན། །བྱིས་སྐྱེས་ནོར་འཛིན་གཡང་སྐར་གཙོ། །སྟོན་བྱེད་ཉི་མ་གཙོ་བོར་འཛིན། ། ཞེས་གསུངས་པ་ལས་རྟོགས་པར་བྱའོ། །(ཆ་ཚང་རྫོགས།)

(ཨེ་པ་བསོད་ནམས་རིན་ཆེན་ལགས་ནི། བོད་གཞུང་སྨན་རྩིས་ཁང་གི་རྩིས་སྡེ་ཚན་དུ་ཕྱག་ལས་གནང་བཞིན་ཡོད།)