ལེའུ་བཅུ་དགུ་པ། རྟའི་ཚོམས།
༄༅། །ཇི་ལྟར་རྟ་བཟང་ལྕག་གིས་གཞུས་པ་ན། །སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ། །དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང༌། །ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང༌། །དབང་པོ་མཉམ་བཞག་བཟོད་ལྡན་འགྲོགས་བདེ་བ། །སྐྱོབ་པ་དེ་རྣམས་སྲིད་པ་མ་ལུས་སྤོང༌། །ཇི་ལྟར་རྟ་བཟང་ལྕག་གིས་གཞུས་པ་ན། །སྐྲག་ཅིང་ཤུགས་དྲག་འགྲོ་བྱེད་ཇི་བཞིན་དུ།། དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང༌། །ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང༌། །རིག་དང་རྐང་པར་ལྡན་ཞིང་དྲན་ལྡན་པའི། །སྐྱོབ་རྣམས་སྡུག་བསྔལ་མ་ལུས་སྤོང་བར་མཛད། །འདུལ་སྦྱོང་བྱེད་པས་ལེགས་བཏུལ་རྟ་ལྟ་བུར། །གང་ཞིག་དབང་པོ་ལེགས་པར་སྡོམ་པ་ཡིས། །ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ། །ཐུབ་དེ་རྣམས་ཀྱིས་ལྷ་ཡི་བར་དུ་མྱོང༌། །བག་ཡོད་པ་ཡིས་བག་མེད་དང༌། །མི་ཉལ་མང་པོས་གཉིད་ལོག་དང༌། །རྟ་བཟང་གིས་ནི་རྟ་རྒོད་ལྟར། །ཤིན་ཏུ་མཁས་པས་སྤངས་ནས་འགྲོ། །རྟ་བཟང་ལ་ནི་ལྕག་བཞིན་དུ། །གང་ཞིག་ངོ་ཚ་ཤེས་སྟེན་ཅིང༌། །ཤེས་རབ་ལེགས་པར་མཉམ་བཞག་པ། །དེས་ནི་སྡིག་པ་སེལ་བར་བྱེད། །དུལ་བ་འདུན་སར་འགྲོ་བྱེད་ཅིང༌། །དུལ་བ་རྒྱལ་པོ་ལྷག་པར་ཞོན། །གང་ཞིག་ཚིག་ངན་བཟོད་བྱེད་པ༑ ༑དུལ་བ་མི་ཡི་ནང་ན་མཆོག །གླང་པོའི་ནང་ན་གླང་ཆེན་དང༌། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་གང་ཡིན་པའི། །མཁས་དེས་ཞི་བ་ཐོབ་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ནས་གླང་ཆེན་དང༌། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག ། བདག་ཉིད་ལེགས་འདུལ་དྲན་ལྡན་གང༌། །དེས་ནི་སྡུག་བསྔལ་མཐར་ཕྱིན་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ནས་གླང་ཆེན་དང༌། ། སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང༌། །དེས་ནི་འགྲོ་རྣམས་སྤོང་འགྱུར་གྱི། ། བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང༌། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག ། བདག་ཉིད་ལེགས་འདུལ་གང་ཡིན་དེས། །འཆིང་བ་བཅད་ནས་འགྲོ་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །*འདུལ་སྦྱོང་བྱེད་པས་རྟ་བཟང་ལྟར། །བདག་ཉིད་ཁོ་ན་གདུལ་བར་བྱ། །བདག་ཉིད་ལེགས་པར་འདུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་བདག་གི་སྐྱབས་ཡིན་པས། །འདུལ་སྦྱོང་བྱེད་པས་རྟ་བཟང་ལྟར། །དེ་བས་བདག་ཉིད་གདུལ་བར་བྱ། །རྟ་ཡི་ཚོམས་ཏེ་བཅུ་དགུ་པའོ།། །།
(རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བསྒྲིགས་པའི་འཇར་མན་ནའིི་དཔར་མ་རུ་འོག་གི་ཤླཽཀ་འདི་དག་གོང་གི་མཚམས་སུ་འདུག)
* གླང་པོའི་ནང་ན་གླང་ཆེན་དང༌། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང༌། །སྡུག་བསྔལ་ཀུན་ལས་རབ་གྲོལ་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང༌། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང༌། །ཀུན་འབྱོར་མ་ལུས་སྤོང་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །གླང་པོའི་ནང་ན་གླང་ཆེན་དང༌། །སིན་དུའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་པ་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་དྲན་ལྡན་གང༌། །མྱ་ངན་འདས་གང་འགྲོ་འགྱུར་གྱི། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་འཐོབ་མི་སྲིད། །
ལེའུ་ཉི་ཤུ་པ། རྟ་དང་ཁྲོ་བ་བཅུའི་ཚོམས།
ཁྲོ་བ་སྤངས་ཤིང་ང་རྒྱལ་རྣམས་སྤངས་ན། །ཀུན་སྦྱོར་ཀུན་ལས་ཤིན་ཏུ་འདའ་འགྱུར་ཞིང༌། །མིང་དང་གཟུགས་ལ་ཆགས་པ་མེད་དེ་དག །ཅི་ཡང་མེད་པས་ཆགས་པའི་རྗེས་མི་ལྟུང༌། །སྐྱེས་མ་ཐག་ཏུ་ཁྲོ་བ་སྤོངས། །སྐྱེས་ནས་འདོད་ཆགས་སྤང་བར་གྱིས། །བརྟན་པས་མ་རིག་རབ་ཏུ་སྤང༌། །བདེན་པ་མཐོང་ན་བདེ་བར་འགྱུར། །ཁྲོ་བ་སྤངས་ན་བདེ་བར་ཉལ། །ཁྲོ་བ་སྤངས་ན་གདུང་མི་འགྱུར། །དགེ་སློང་ཁྲོ་བ་བདེ་འཇོམས་པའི། །དུག་གི་རྩ་བ་ཆོམ་ཞིག་དང༌། །འཕགས་པ་རྣམས་ཀྱིས་བསྔགས་འགྱུར་ཞིང༌། །དེ་བཅོམ་པ་ཡིས་མྱ་ངན་མེད། །གང་ཁྲོས་བདག་གིས་ལེགས་བྱས་ཀྱི། །མ་ལེགས་མིན་ཞེས་རབ་སྨྲ་བ། །དེ་ནི་ཁྲོ་བ་ཞི་འོག་ཏུ། །མེ་ཡིས་བསྲེགས་བཞིན་གདུང་བར་འགྱུར། །ངོ་ཚ་མེད་ཅིང་ཁྲེལ་མེད་པ། །ཁྲོ་བ་ཅན་ལ་བརྟུལ་ཞུགས་མེད། །ཁྲོ་བས་མངོན་པར་ཟིལ་ནོན་པ། །དེ་ལ་སུ་ཡང་རྟེན་མི་བྱེད། །གང་ཞིག་བྱིས་པའི་མཐུ་སྟོབས་ཅན། །དེ་ཡི་སྟོབས་ནི་སྟོབས་མེད་ཡིན། །བྱིས་པ་ཆོས་དང་བྲལ་བ་ལ། །བསྒྲུབ་པར་བྱ་བ་ཡོད་རེ་སྐན། །གང་ཞིག་སྟོབས་དང་ལྡན་གྱུར་ཀྱང༌། །སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ༑ ༑དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གང་ཞིག་གཞན་གྱི་དཔོན་གྱུར་ཀྱང༌། །སྟོབས་ཆུང་རྣམས་ཀྱི་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གཞན་གྱིས་ལྷག་པར་བརྒྱད་བཀག་ཀྱང༌། །སྟོབས་ལྡན་གང་ཞིག་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གཞན་གྱིས་ལྷག་པར་སྨད་བྱས་ཀྱང༌། །སྟོབས་ལྡན་གང་ཞིག་བཟོད་བྱེད་པ། །དེ་ནི་བཟོད་པའི་མཆོག་ཅེས་གསུངས། །ཉམ་ཆུང་བ་ལྟ་རྟག་ཏུ་སྒུར། །གང་ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ཉེ་བར་ཞི་བྱེད་པ། །དེ་ནི་བདག་དང་གཞན་དག་གི །འཇིགས་ཆེན་དག་ལས་སྐྱོབ་པ་ཡིན། །གང་ཞིག་ཕ་རོལ་ཁྲོས་རིག་ནས། །བདག་ཉིད་ཉེ་བར་ཞི་བྱེད་པ། །དེ་ནི་བདག་དང་གཞན་དག་གི། །གཉིས་ཀའི་དོན་ནི་སྤྱོད་པ་ཡིན། །བདག་ཉིད་དང་ནི་གཞན་དག་དང༌། ། གཉིས་ཀའི་དོན་ནི་སྤྱོད་དེ་ལ། །སྐྱེ་བོ་ཆོས་ལ་མི་མཁས་རྣམས། །བྱིས་པ་ཡིན་ཞེས་སེམས་ཀྱང་སྨྲ། །གཙོ་བོའི་ཚིག་ནི་འཇིགས་ཕྱིར་བཟོད་བྱེད་དང༌། །འཐབ་ཟླའི་ཚིག་ནི་འཐབ་གཅུགས་རྒྱུ་བཟོད་པས། །གང་ཞིག་དམན་པའི་ཚིག་ལ་བཟོད་བྱེད་དེ། །བཟོད་པའི་མཆོག་ཅེས་དམ་པས་རབ་ཏུ་གསུངས། །བྱིས་པ་ཁྲོས་ནས་ཚིག་རྩུབ་དག །སྨྲས་ན་རྒྱལ་བར་འགྱུར་སྙམ་སེམས། །གང་ཞིག་ཚིག་དག་བཟོད་བྱེད་པ། །དེ་ནི་རྟག་ཏུ་རྒྱལ་བ་ཡིན། །བདེན་པར་སྨྲ་བྱ་ཁྲོ་མི་བྱ། །སློང་ལ་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་གནས་སུ་འགྲོ་བར་འགྱུར། །ཁྲོ་བའི་ཟིལ་གྱིས་ནོན་པའི་མིས། །རང་གི་དོན་ཀྱང་མི་རྟོགས་པས། །འཁོར་གྱི་ནང་དུ་བག་སྐྱོང་ལ། །ཁྲོ་བ་མེད་པའི་ཚིག་སྨྲོས་ཤིག །གང་ཞིག་ཁྲོས་ལ་སླར་ཁྲོ་བ། །དེ་ནི་སྡིག་པ་ཅན་འགྱུར་བས། །ཁྲོས་ལ་སླར་ནི་མ་ཁྲོ་དང༌། །ཐུབ་པར་དཀའ་བའི་གཡུལ་ལས་རྒྱལ། །ཁྲོ་བ་མེད་པས་ཁྲོ་བ་ཐུབ། །ལེགས་པས་ལེགས་པ་མ་ཡིན་ཐུབ། །སྦྱིན་པ་ཡིས་ནི་འཇུངས་པ་ཐུབ། ། བདེན་པས་བདེན་པ་མ་ཡིན་ཐུབ། །དུལ་ཞིང་རིགས་པས་འཚོ་བ་དང༌། །ཁྲོ་བ་མེད་པ་ག་ལ་ཁྲོ། །ཡང་དག་ཤེས་པས་རྣམ་གྲོལ་བའི། །མཁས་པ་རྣམས་ལ་ཁྲོ་བ་མེད། །ཁྲོ་བ་མེད་ལ་འཚེ་མེད་ལ། ། འཕགས་པའི་སྐྱེ་བོས་རྟག་བསྟེན་ཀྱང༌། །སྐྱེ་བོ་སྡིག་ཅན་ཁྲོ་བ་དང༌། །རི་བོ་བཞིན་དུ་སྒུར་བར་བྱེད། །གང་ཞིག་ཁྲོ་བ་བྱུང་བ་དང༌། །ཤིང་རྟ་འཁྱམས་ལས་འཛིན་བྱེད་དེ། །འདུལ་སྦྱོང་མཁན་དུ་ངས་གསུངས་ཀྱི། །ཞགས་འདེབས་སྐྱེ་བོ་ཕལ་པ་ཡིན། ། ཁྲོ་བའི་ཚོགས་ཏེ་ཉི་ཤུ་པའོ། །
སྡོམ་ལ། དགེ་སྦྱོང་ལམ་དང་བཀུར་སྟི་དང༌། །འཁུ་དང་ལྔ་པ་དྲན་པ་སྟེ། །སིལ་བུ་ཆུ་དང་མེ་ཏོག་དང༌། །རྟ་དང་ཁྲོ་བ་བཅུ་པའོ།། །།
ལེའུ་ཉེར་གཅིག་པ། དེ་བཞིན་གཤེགས་པའི་ཚོམས།
འཇིག་རྟེན་འདི་ན་ཀུན་རིག་ཀུན་ཟིལ་གནོན། །འདི་ནི་ཆོས་རྣམས་ཀུན་གྱིས་མ་གོས་ཤིང༌། །ཀུན་སྤངས་སྲེད་ཟད་རབ་ཏུ་རྣམ་གྲོལ་བ། །ཉིད་ཀྱིས་མངོན་མཁྱེན་པ་ལ་སུ་ཡིས་བསྟན། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་སྟེ། །སྟོབས་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་ང༌། །བྱང་ཆུབ་བརྙེས་ནས་ཉིད་ཀྱིས་རབ་སྟོན་པ། །མཚུངས་མེད་མཉམ་མེད་ང་ལ་སུ་ཡིས་བསྟན། །ང་ནི་འཇིག་རྟེན་དགྲ་བཅོམ་སྟེ། །འཇིག་རྟེན་དག་ན་བླ་མེད་དང༌། །ལྷ་དང་བཅས་པའི་འཇིག་རྟེན་ན། །བདུད་རྣམས་ཟིལ་གནོན་རྒྱལ་བ་ང༌། །ང་དང་འདྲ་བ་མེད་པས་ན། །ང་ལ་སློབ་དཔོན་སུ་ཡང་མེད། །འཇིག་རྟེན་འདི་ན་གཅིག་པུ་ཡིས། །རྫོགས་པའི་བྱང་ཆུབ་བླ་མེད་བརྙེས། །གང་ཞིག་ཟག་པ་ཟད་བརྙེས་པ། །རྒྱལ་བ་ང་འདྲར་ཤེས་པར་གྱིས། །སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེ་འགྲོ་ང་རྒྱལ་བ། །འཇིག་རྟེན་ཡུལ་སྲེད་བརྒལ་བ་ཡི། །ཀུན་མཁྱེན་སངས་རྒྱས་མྱ་ངན་འདས། །འཇིག་རྟེན་པ་ལ་མ་བསྟན་པར། །ཀུན་ནས་འབྱུང་བ་མི་ཤེས་པས། །ཝཱ་ར་ཎཱ་སིར་སོང་ནས་སུ། །ངས་ནི་ཆོས་ཀྱིས་རྔ་བརྡུང་ཞིང༌། །འཇིག་རྟེན་སུས་ཀྱང་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱས། །དཔའ་བོ་དེ་བཞིན་གཤེགས་པ་རྣམས། ། འདི་ན་ཆོས་ཀྱིས་འདུལ་བར་མཛད། །དེ་དག་ཆོས་ཀྱིས་བཏུལ་བ་ལ། །མཁས་པ་སུ་ཡང་སྨོད་མི་བྱེད། །བརྟན་གང་ཏིང་འཛིན་ལ་ཞུགས་ཤིང༌། །ངེས་འབྱུང་ཞི་ལ་དགའ་བ་དང༌། །སྐུ་ཡི་ཐ་མ་འཛིན་པ་ཡི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །ཤེས་རབ་མྱུར་བ་དེ་དག་ལ། །ལྷ་དང་མི་རྣམས་དགའ་བར་བྱེད། །གང་དག་འདས་པའི་སངས་རྒྱས་དང༌། །གང་དག་མ་བྱོན་སངས་རྒྱས་དང༌། །གང་དག་ད་ལྟར་རྫོགས་སངས་རྒྱས། །མང་པོའི་མྱ་ངན་སེལ་མཛད་པ། །བཞུགས་པར་གྱུར་ཅིང་བཞུགས་པ་དང༌། །དེ་བཞིན་བཞུགས་པར་འགྱུར་ཀུན་གྱིས། །དམ་ཆོས་བླ་མར་མཛད་པ་འདི། །རྫོགས་སངས་རྒྱས་ཀྱི་ཆོས་ཉིད་ཡིན། །དེ་བས་འདི་ན་བདག་དགའ་ཞིང༌། ། བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་བསྟན་པ་དྲན་བྱས་ཏེ། །དམ་པའི་ཆོས་ལ་བླ་མར་བྱ། །མི་གང་སངས་རྒྱས་བསྟན་པ་ལ། །དད་པ་མ་བསྐྱེད་བྱིས་པ་དེ། །རྒུད་པའི་གནས་སུ་འགྲོ་འགྱུར་ཏེ། །སྲིན་མོ་རྣམས་ཀྱིས་ཚོང་པ་བཞིན། །མི་གང་སངས་རྒྱས་བསྟན་པ་ལ། །དད་པ་བསྐྱེད་པ་ཤེས་རབ་ཅན། །དེ་ནི་བདེ་བར་ཕ་རོལ་འགྲོ །སྤྲིན་ཤུགས་ལྡན་པས་ཚོང་པ་བཞིན། ། དེ་བཞིན་གཤེགས་པ་མཉམ་མེད་མཚུངས་པ་མེད། །བདེ་བར་རྣམ་རྟོག་དེ་བཞིན་རབ་དབེན་པའི། །རྣམ་རྟོག་གཉིས་པོ་སྤྱོད་པའི་སངས་རྒྱས་རྣམས། །མུན་བསལ་ཕ་རོལ་གཤེགས་ཤིང་གྲགས་དང་ལྡན། །དེས་ནི་བརྙེས་བྱ་བརྙེས་ཤིང་ཡིད་དབང་གྱུར། །ཀུན་གྲོལ་ཟག་ཟད་རབ་ཏུ་རྣམ་པར་གྲོལ། །རྣམ་གྲོལ་ཐུགས་ལྡན་ཐ་བ་ཟག་མེད་རྣམས། །ལུས་ཅན་འཇིག་རྟེན་རྣམས་ལ་ཕན་ཕྱིར་གཟིགས། །འགའ་ཞིག་རི་བོའི་སྤོ་ལ་འདུག་ནས་སུ། །འགྲོ་བརྣམས་ལ་ཀུན་ཏུ་ལྟ་བ་ལྟར། །དེ་བཞིན་བློ་བཟང་མྱ་ངན་བྲལ་བ་དག །ཆོས་ལས་བྱུང་བའི་ཁང་བཟང་སྟེང་གཤེགས་ནས། །སྐྱེ་བོ་སྐྱེ་རྒས་ཟིལ་གནོན་མྱ་ངན་གྱིས། །གདུངས་པ་རྣམས་ལ་ཀུན་ཏུ་སྤྱན་གཟིགས་ནས། །འཆི་བ་མེད་པའི་སྒོ་མོ་འབྱེད་མཛད་ཀྱིས། །གང་དག་ཉན་འདོད་ཐེ་ཚོམ་བསལ་བར་གྱིས། །དེ་བཞིན་གཤེགས་པའི་ཚོམས་ཏེ་ཉི་ཤུ་གཅིག་པའོ།། །།
ལེའུ་ཉེར་གཉིས་པ། ཐོས་པའི་ཚོམས།
ལེགས་པར་ཐོས་དང་ལེགས་སྤྱོད་དང༌། །ཁྱིམ་ནས་ལེགས་པར་བྱུང་བ་དང༌། །སྤོང་བར་བྱེད་པས་རབ་བསྐོར་ཅིང༌། །དགེ་སྦྱོང་གི་ནི་རྗེས་མཐུན་ལེགས། །བྱིས་པ་མི་མཁས་པ་དག་ནི༑ ༑འཆི་བ་མེད་པ་ལྟ་བུར་སྤྱོད། །མཁས་པ་དམ་པའི་ཆོས་དག་ལ། །མཚན་མོའི་ནད་པ་བཞིན་དུ་བྱེད། །ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། ། གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང༌། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཐོས་པས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །གལ་ཏེ་ཐོས་པ་མང་གྱུར་ཀྱང༌། ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང༌། །དེ་ཡི་ཐོས་པ་ཕུན་སུམ་མིན། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང༌། །དེ་ཡི་ཐོས་པ་ཕུན་སུམ་འགྱུར། །གང་ཞིག་ཐོས་པ་ཉུང་བ་དང༌། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ༑ ༑དེ་ནི་གཉིས་ཀའི་ཕྱིར་སྨད་ཅིང༌། །དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། །གང་ཞིག་མང་དུ་ཐོས་པ་དང༌། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ། །དེ་ནི་གཉིས་ཀའི་ཕྱིར་བསྔགས་ཤིང༌། །དེ་ཡིས་བརྟུལ་ཞུགས་ཕུན་སུམ་འགྱུར། །ཐོས་པ་མང་ཞིང་ཆོས་འཛིན་དང༌། །ཤེས་རབ་ལྡན་ཞིང་མཉམ་བཞག་པ། དེ་དག་སུས་ཀྱང་སྨད་འོས་མིན། །ཛམྦུའི་གླིང་གི་གསེར་རྒྱན་བཞིན། །གང་ཞིག་གཟུགས་ཀྱིས་རྗེས་དཔོག་ཅིང༌། །ང་ལ་སྒྲ་ཡིས་འཇལ་བྱེད་པ། །འདུན་པའི་འདོད་ཆགས་ལྡན་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་ཤེས། །གལ་ཏེ་ནང་ནི་རྣམ་ཤེས་ཤིང༌། །ཕྱི་རོལ་མཐོང་བར་མ་གྱུར་ན། །ནང་གི་འབྲས་བུ་མཐོང་བ་གང༌། །དེ་ནི་སྒྲ་ཡིས་དྲང་དུ་རུང༌། །གལ་ཏེ་ཕྱི་རོལ་མཐོང་གྱུར་ཅིང༌། །ནང་ནི་ཤེས་པར་མ་གྱུར་ན། །ཕྱི་རོལ་འབྲས་བུ་མཐོང་བ་གང༌། །དེ་ནི་སྒྲ་ཡིས་དྲང་དུ་རུང༌། །གལ་ཏེ་ནང་ཡང་མི་ཤེས་ཤིང༌། །ཕྱི་རོལ་མཐོང་བར་མ་གྱུར་ན། །བྱིས་པ་ཀུན་ནས་བསྒྲིབས་པ་དག །དེ་ནི་སྒྲ་ཡིས་དྲང་དུ་རུང༌། །གལ་ཏེ་ནང་ནི་རྣམ་ཤེས་ཤིང༌། །ཕྱི་རོལ་དག་ཀྱང་མཐོང་གྱུར་པ། །བརྟན་པ་ངེས་འབྱུང་ཤེས་རབ་ཅན། །དེ་ནི་སྒྲ་ཡིས་དྲང་དུ་རུང༌། །རྣ་བས་ཕལ་ཆེར་ཐོས་པ་དང༌། །མིག་གིས་མང་པོ་མཐོང་ན་ཡང༌། །བརྟན་པ་མཐོང་ཐོས་དེ་ཀུན་གྱིས། །ཡིད་ཆེས་བྱ་བའི་མི་རིགས་སོ། །ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང༌། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང༌། །གང་ཞིག་བག་མེད་རླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང༌། །དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ། །དེ་དག་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས། །ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ། །ཐོས་པའི་ཚོམས་ཏེ་ཉི་ཤུ་གཉིས་པའོ། །
ལེའུ་ཉེར་གསུམ་པ། བདག་གི་ཚོམས།
ལེགས་པར་གསུངས་ལ་བསླབ་བྱ་ཞིང༌། །དགེ་སྦྱོང་ལ་ནི་བསྙེན་བཀུར་དང༌། །དབེན་པ་དང་ནི་སྟན་གཅིག་དང༌། །སེམས་ནི་ཉེ་བར་ཞི་བར་བྱ། །སྟན་གཅིག་མལ་སྟན་གཅིག་པ་དང༌། །གཅིག་པུ་སྙོམ་ལས་མེད་སྤྱོད་ཅིང༌། །གཅིག་པུ་ནགས་ཚལ་གནས་པ་དང༌། །གཅིག་པུས་བདག་ཉིད་གདུལ་བར་བྱ། །གང་ཞིག་སྟོང་ཕྲག་སྟོང་དག་གི །མི་ཡི་གཡུལ་ལས་རྒྱལ་བ་བས། །གང་ཞིག་བདག་ལས་རྒྱལ་བྱེད་པ། །དེ་ནི་མི་ཡི་གཡུལ་ལས་རྒྱལ། །རྟག་ཏུ་སྡོམ་པ་སྤྱོད་པ་ཡི། །མི་ཡིས་བདག་བརྟུལ་གཅིག་པུ་ཡིས། །བདག་ཉིད་ལས་རྒྱལ་མཆོག་ཡིན་གྱི། །སྐྱེ་དགུ་གཞན་ལྟ་ཕལ་པར་ཟད། །ཤེས་རབ་ཀྱིས་གནས་དགེ་སློང་གིས། །རྒྱལ་བར་བྱས་ལ་བདུད་དང་ནི། །ཚངས་པར་བཅས་པས་ཕམ་མི་ནུས། །ལྷ་ཡིས་མ་ཡིན་དྲི་ཟས་མིན། །བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་ནས་གཞན་དག་བདག་བཞིན་གདུལ་བར་བྱ། །བདག་ཉིད་དང་པོར་རིགས་པར་གནས་བྱས་ན། །ཕྱི་དུས་འདུལ་ཚེ་མཁས་པ་ཉོན་མི་མོངས། །བདག་ལ་ཇི་ལྟར་བྱས་པ་བཞིན། །གཞན་དག་ལ་ཡང་དེ་ལྟར་བྱ། །བདག་ཉིད་དུལ་ཞིང་ཞི་བ་ཡིས། །གཞན་དག་བདེ་བར་གདུལ་བར་བྱ། །བདག་ལ་ཇི་ལྟར་བྱས་པ་བཞིན། །གཞན་དག་ལ་ཡང་དེ་ལྟར་བྱ། །ཀྱེ་མ་བདག་རང་ལེགས་དུལ་བ། །བདག་ཉིད་དུལ་བས་དགའ་བར་འགྱུར། །བདག་གི་དོན་ཕྱིར་གཞན་དོན་ནི། །མང་པོ་དག་ཀྱང་གཏང་བར་བྱ། །བདག་དོན་ཆེད་ཆེར་ཤེས་གྱུར་ན། །རང་གི་དོན་གྱི་མཆོག་ཏུ་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་དོན་རྣམས་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་ཆོས་རྣམས་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་གྲགས་པ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི༑ ༑གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་བདེ་བ་འཐོབ་པར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པའི། །མཁས་པས་བདེ་འགྲོ་ཐོབ་པར་འགྱུར། ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །ཡུན་རིང་མཐོ་རིས་དགའ་བར་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པ། །གཉེན་གྱི་ནང་ན་ལམ་མེར་འབར། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པ། །མྱ་ངན་ནང་ན་གདུང་མི་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །ངན་འགྲོ་ཐམས་ཅད་སྤོང་བར་འགྱུར། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །བདག་ཉིད་བདག་གིས་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་པས། །བདག་ཉིད་མགོན་དུ་འགྱུར་བ་འཐོབ། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་ཡིན་གྱི། །མྱ་ངན་འདས་ཉིད་ཉེ་བར་འགྱུར། །བདག་གི་ཚོམས་ཏེ་ཉི་ཤུ་གསུམ་པའོ།། །།
(མཆན། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་འདི་ནི། 《བཀའ་འགྱུར་》 སྡེ་དགེ་དཔར་མའི་མདོ་སྡེའི་གླེགས་བམ་ས་པའི་ནང་བཞུགས་པ་གཞིར་བཟུང་ཐོག པེ་ཅིན་ནང་བསྟན་སློབ་གླིང་གི་སློབ་དེབ་《གངས་ཅན་རིགས་བརྒྱའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་》དང། རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བསྒྲིགས་ཤིང། ༡༩༩༠ ལོར་འཇར་མན་ནིའི་དཔར་མ་གཉིས་བཅས་དཔྱད་བསྡུར་གྱིས་ཚན་བཀོད་ཞུས་ཡོད། རྩོམ་སྒྲིག་པས།)