བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག

༄༅། །རང་རེའི་ཁ་བ་ཅན་གྱི་བོད་ལྗོངས་འདིར་ལོ་རྒྱུས་རིང་ལ། རིག་གནས་ཕྱུག་པོ་ཡོད་པ་བཞིན། སྔ་མོ་བོད་ནང་ལུས་རྩལ་གྱི་རྣམ་གྲངས་དུ་མ་ཞིག་དར་ཁྱབ་བྱུང་ཡོད་པ་དཔེར་ན། བོད་མིའི་ཁ་རྒྱུན་དུ་ཕོ་རྩལ་སྣ་ཁ་དགུ་ཞེས་བཤད་སྲོལ་ཡོད། དེ་ཡང་ངོས་འཛིན་བྱེད་སྲོལ་གཉིས་ཡོད་ཁོངས་ནས་གཅིག་ལ་འཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་ལྟར་འགྲན་པ་ཞེས་ལུས་ཀྱི་རྩལ་གསུམ་དང༌། ལོ་རྒྱུས་ཀྱི་དགེ་ཐོན་པ། གཏམ་གྱིས་བཞད་གད་སློང་བ། ཤགས་ཀྱིས་ཕ་རོལ་གནོན་ཐུབ་པ་ཞེས་ངག་གི་རྩལ་གསུམ། མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ལ་གཏིང་མ་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་བཅས་ཁྱོན་ལུས་ངག་ཡིད་གསུམ་གྱི་རྩལ་གསུམ་རེ་བྱས་ཏེ་དགུ་རྩལ་ཞེས་བརྩི་སྲོལ་གཅིག་ཡོད། ཡང་གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྐྱལ་སྦེ་གསུམ་༡ཞེས་བརྩི་སྲོལ་གཞན་ཞིག་ཡོད།

རྟ་རྒྱུག་དང་མདའ་རྩལ་འགྲན་པ།

    གོང་གསལ་ལུས་རྩལ་རྣམ་གྲངས་དགུའི་ནང་ནས་མདའ་འཕེན་རྒྱུ་དེ་དབྱར་དུས་ཀྱི་ལུས་རྩལ་བྱེད་སྒོ་དང་གཞུང་འབྲེལ་གྱི་མཛད་སྒོའི་གྲས་ཤིག་ཡིན། དེ་ཡང་མདའ་འཕེན་སྟངས་ཀྱི་རྩལ་རིགས་གསུམ་ཡོད་པ་སྟེ། མདའ་རྩལ་རྒྱང་མ་འགྲན་སྡུར་དང༌། འབེན་བཙུགས་འགྲན་རྩེད། མདེལ་ཤུ་འམ་བི་ཤུ་འབེན་འགྲན་ཞེས་གསུམ་ཡོད། ལྷ་ས་ཁུལ་དུ་དེ་སྔོན་མདའ་རྩེད་རྒྱང་མ་འགྲན་སྡུར་དང༌། འབེན་རྩེད་འགྲན་སྡུར་གཉིས་ལོ་ལྟར་འཆར་ཅན་གྱི་སྨོན་ལམ་རྗེས་སུ། བོད་ཟླ་དང་པོའི་ཚེས་༢༦ ཉིན་རྫོང་རྒྱབ་ཞར་འཕེན་༢ཞེས་སྨོན་ལམ་མཛད་སྒོ་ལེགས་པར་གྲུབ་པའི་བཀྲ་ཤིས་དགའ་སྟོན་དང་ཆབས་ཅིག་གཞུང་ཞབས་རྣམ་པའི་དབྱར་སྐྱིད་སྤྲོ་གསེང་གི་གཞུང་འབྲེལ་མཛད་སྟོན་ཞིག་ཡིན། དེ་ཉིན་ལྷ་ཀླུའི་མདུན་ཐང་དུ་གུར་པས་སྔ་ས་ནས་དབུ་གུར་སྒྲོན་སར་བོད་གཞུང་གི་བཀའ་བློན་རྣམ་པ་དང་ཤོད་སྐོར་ཁོངས་གཏོགས་ལས་དཀྱུས་ཡན་གྲལ་ལ་འཁོད། དེ་ཡང་ཡ་སོར་སྤྱི་ཁྱབ་ངོ་ལས་ནས་རྟ་པ་རྣམས་སྣེ་འཁྲིད་ཀྱིས་ལྷ་ཀླུའི་མདུན་ངོས་བཅར་ཏེ་ཡ་སོར་སྤྱི་ཁྱབ་བགྲེས་པས་གཡས་རུའི་རྟ་གཞུང་བཀའ་བློན་ལྷན་རྒྱས་ཀྱི་གསོལ་ལྕོག་སྟེང་ཕུལ་ནས་ཞོལ་པ་ལས་ཁུངས་ཀྱི་ནང་གཟན་གཅིག་ནས་སྐུ་མདུན་དུ་ཞྭ་ཕུད་དེ་སྒུར་ནས་བསྡད་བཞིན་པར་བཀའ་བློན་སྐུ་བགྲེས་པས་རྟ་གཞུང་གི་རྟ་པའི་གཏོང་ཁུངས་དང་གྲངས་འབོར་བཀའ་ཁྱབ་གྲུབ་ཉིད། ནང་ཟན་ནས་སྐད་གསང་མཐོན་པོས། དཔེར་ན། གཡས་རུ་དང་པོ་སྡེ་དཔོན་དགའ་བཞི་པའི་གཟབ་འདོན་དང་བཅས་རྟ་པ་༢༥ ཞེས་བརྗོད་དེ། རྟ་ཐོག་ནས་མདའ་དང་མེ་མདའ། མདུང་གསུམ་གྱི་རྩལ་འགྲན་བྱེད་སྒོ་སྤེལ་གྱི་ཡོད། རྟ་རྒྱུག་རྩེད་སྟངས་ལ་མཚོན་ན། རྟ་པ་རྣམས་སྡེ་དཔོན་ནམ་སོ་སོའི་སྦྱིན་བདག་གཟིམ་ཤག་གི་མཚན་ཐོ་ཐོན་མཚམས། རྟ་པ་སོ་སོས་རྟ་ཐོག་ནས་མདའ་འཕེན་པ་དང་མེ་མདའ་འགྲན་རྩེད་བྱས་ཏེ་སྔ་དྲོ་ནས་གུང་ཚིགས་བར་འགོར་ཡོང༌། ཉིན་རྒྱབ་རྟ་པ་རྣམས་རྩལ་འགྲན་བཟང་ཞན་གྱི་ཐོ་གཞུང་ལྟར་བཀའ་ཤག་སྐུ་མདུན་དུ་རུ་བསྟར་བསྒྲིགས་ཏེ་བླ་ཕྱག་ལས་ཁུངས་ནས་ལེགས་དར་གནང་བ་ཕྱག་འབུལ་ཞུས་ཏེ་ཕྱིར་ལོག མཛད་སྒོ་གྲུབ་མཚམས་ཡ་སོར་སྤྱི་ཁྱབ་ངོ་ལས་དང་རྟ་པ་རྣམས་ལྷ་ཀླུའི་མདུན་ཐང་ནས་རྩེ་ཕོ་བྲང་སྐུ་རྒྱབ་མཁར་རྔ་གདོང་བརྒྱུད་སྒར་སར་དུ་རུ་བསྟར་བསྒྲིགས་ནས་ཡོང་སྐབས་ལྷ་ཞོལ་མི་མང་ལ་ལྟད་མོ་ཇི་སྙེད་ཅིག་ཡོང༌།
དམངས་ཁྲོད་དུ། བོད་ཀྱི་སོ་ནམ་ཞིང་པའི་ས་ཁུལ་ལ་འོང་སྐོར་རྟ་རྒྱུག་དང་འབྲོག་ཁུལ་དུ་ལོ་གསར་རྗེས་དང༌། འཁྲུངས་སྐར་དུས་ཆེན་སོགས་ལ་ཡུལ་མི་ཚོས་རང་སོ་སོའི་ས་ཆུ་གང་བཟང་གི་སྤང་ལྗོངས་སྟེང་གུར་ཕུབ་སྟེ། དར་རླུང་བཙུགས་ཤིང་ལྷ་གསོལ་དང་དེ་ནས་རྒྱང་ཐག་མ་ལེ་བཞི་ཙམ་བར་མགྱོགས་ཚད་འགྲན་སྡུར་དང་རྟ་ཐོག་ནས་མདའ་དང་མེ་མདའ་འཕེན་པ། རྟ་རྒྱུག་བཞིན་པར་ས་ཐོག་ནས་ཁ་བཏགས་སྒྲུག་པ། རྟའི་བྲང་འོག་དང་རྟའི་སྒང་ནས་ཡར་ལངས་པ་སོགས་ཀྱི་རྟ་རྩལ་འགྲན་ཏེ་རྟ་རྩལ་ལེགས་གྲས་རྣམས་ལ་ལེགས་དར་དང་ལེགས་ཆང་འདེགས་ཤིང༌། ཡུལ་མི་རྣམས་དེ་ཉིན་གཞས་དང་ཞབས་བྲོ་བརྒྱབ་སྟེ། ཇ་ཆང་དང་ཁ་ཟས་ལ་རོལ་ནས་སྤྲོ་སྐྱིད་གཏོང་བའི་སྲོལ་ཞིག་ཡོད་པ་ད་ཆ་ཡུལ་ལུང་ཉུང་ཤས་ཕུད་མང་ཆེ་བར་མིང་གི་ལྷག་མར་གྱུར་ཡོད་པ་རེད།
བོད་ཟླ་དང་པོའི་ཚེས་༢༧ ཉིན་གནམ་མདའ་ཞེས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཛད་སྒོ་ལེགས་པར་གྲུབ་པའི་བཀྲ་ཤིས་དགའ་སྟོན་ཆེན་མོའི་མཛད་སྟོན་ཉིན་གཉིས་པར་གོང་བཞིན་ལྷ་ཀླུའི་མདུན་གཞུང་གི་སྤྲོ་ཁང་ཟུར་ཡོད་ལ་བཀའ་ཤག་དང་ཆིབས་ཞབས་ཤོད་སྐོར་ཡོངས་རྫོགས་བཞུགས་གྲལ་ལ་འཁོད་དེ་བཀའ་ཤག་ལ་རྟེན་འབྱུང་གསོལ་ཇ་བཞེས་འབྲས་ཕུལ་ཞིང༌། ཡ་གཡོག་རྣམས་རྟ་བཞོན་ཏེ་རྒྱུག་རྩལ་ཐོག་ནས་འབེན་ལ་མདའ་འཕེན་དང་མེ་འཕེན་འགྲན་རྩེད་འགོ་བཙུགས་ནས་ཡུད་ཙམ་སོང་རྗེས། བཀའ་ཤག་གི་གཟིགས་ལམ་ཤོད་དྲུང་གཉིས་ནས་ཤིང་སྟེགས་ཤིག་གི་སྟེང་ལངས་ཏེ། སྐད་གསང་མཐོན་པོས་དབྱངས་དང་བཅས་ཏེ་འདི་ལྟར་བརྗོད་དོན། ”དཔུང་བཟང་མདའ་བའི་ཚོགས་རྣམས་ཉོན། རྒྱང་མ་ཆ་རེད། འཇུ་ཐའི་ཡ་རེད། མདའ་བཟང་པོ་རྣམས་མདའ་ཡིག་ཞུ་ལ་ཤོག་་་་་་་ཝ་ཡེ་་་་་་་་་”ཞེས་ལན་གཉིས་བརྗོད་དེ་མདའ་པ་རྣམས་ཀྱིས་མདའ་བཀའ་དྲུང་ནས་སོ་སོའི་མིང་ཡིག་བཀོད་དེ་རྒྱང་མ་རྩལ་འགྲན་བྱེད། མཚམས་འདིར་གསལ་ཁ་གཏོད་དགོས་པ་ཞིག་ལ་རྒྱང་མ་ཆ་རེད། འཇུ་ཐའི་ཡ་རེད་༣ཅེས་པ་ནི། མདའ་རྩེད་རྒྱང་མ་འགྲན་སྡུར་སྐབས་བྱཐོར་ཅོག་བྱཅེས་མདའ་ར་ནས་གོམ་ཚད་གཅིག་སྟོང་གི་སར་བཙུགས་པའི་འབེན་ལ་སྟོང་ཐོར་ཅོག་ཅེས་བརྗོད། དེར་གཞུང་ཞབས་སྡེ་ཁག་དང་ཡང་ན་སྡེ་དཔོན་གཟིམ་ཤག་སོ་སོའི་ཐོབ་ཁོངས་མདའ་པ་གཉིས་མཉམ་དུ་མདའ་རྩེད་འགྲན་པ་དེར་“རྒྱང་མ་ཆ་”ཞེས་གྲགས། ཡང་”འཇུ་”དང་”ཐའི་”ཞེས་མདའ་རྒྱང་མ་ལས་ཅུང་ལྕི་བའི་མདའ་གཉིས་ཀྱི་མིང་གི་རྣམ་གྲངས་སམ་ཐ་སྙད་ཅིག་ཡིན་ཞིང༌། དེ་ཡང་འཇུ་ཞེས་མདའ་ཡི་སྨྱུག་མ་ཅུང་སྦོམ་པ་དང་མདེའུ་ཡི་ལྕགས་རྩེ་ཅུང་རིང་པོ་ཡོད་པས་ལྗིད་ཙམ་ཡོད། ཐའི་ཞེས་མདའ་ཡི་སྨྱུག་མ་ཕྲ་སྦོམ་འཇུ་དང་ཧ་ལམ་འདྲ་ཡང་མདེའུ་ཅུང་ཐུང་བས་ཡང་ལྕི་འབྲིང་ཙམ་ཡིན། མདའ་ཐོག་མར་སྦྱོང་སྐབས་དང་པོ་འཇུ་དང༌། དེ་ནས་དཔུང་ཤུགས་དང་མདའ་ཡི་འཕྲོད་ཚད་སྦྱོང་ཆེད་ཐའི་ཞེས་པ་སྦྱང་སྲོལ་ཡོད། དེ་གཉིས་རྩེད་འགྲན་བྱེད་སྐབས་“ལྔ་ཅོག་”ཅེས་མདའ་ར་ནས་གོམ་ཚད་ལྔ་བརྒྱ་ཡོད་སར་བཙུགས་པའི་འབེན་ལ་ལྔ་བརྒྱ་ཐོར་ཅོག་ཅེས་འབོད། དེ་ལ་ཡང་གོང་ལྟར་ཐོབ་ཁོངས་སོ་སོའི་མདའ་པ་རེ་རེ་བྱས་རྩེད་འགྲན་བྱས་པ་དེར་“འཇུ་ཐའི་ཡ་”རེད་ཅེས་བརྗོད། གང་ལྟར་མདའ་རྒྱང་མ་རྩེད་འགྲན་དང་འཇུ་ཐའི་རྩེད་འགྲན་གཉིས་ཀ་རྒྱང་ཐག་རིང་ཐུང་དང་འབེན་ལ་མདའ་ཕོག་མིན་གྱི་རྩེད་འགྲན་ཞིག་ཡིན་དུས། མདའ་པ་རྣམས་ལ་མདའ་དྲང་པོ་དང་རིང་ཚད་དཔྱད་བསྡུར་བྱེད་མཁན་ཞིག་ཡོད་པ་དེ་ནི། མདའ་སྐོར་ཞེས་གཞུང་ཞབས་ཤོད་སྐོར་ནས་བྱས་ཏེ་ཨང་རིམ་ཐོ་འགོད་བྱེད། མདའ་རྒྱང་མ་དང་འཇུ་ཐའི་སོ་སོའི་རིང་ཚད་ཀྱི་ཨང་གྲངས་ཅི་ཐོབ་ཡ་སོར་གཉིས་དང༌། བཀའ་དྲུང་གཅིག་ཕེབས་ཏེ་ཨང་རིམ་མཐོ་དམའ་བཞིན་བཀོད་དེ་བཀའ་ཤག་ལྷན་རྒྱས་ལ་སྙན་འབུལ་ཞུས། དེའི་བར་བཀའ་ཤག་གུང་ཚིགས་དང་གསོལ་ཚིགས་གྲུབ་མཚམས་སླར་ཡང་ཚང་མ་སྤྲོ་ཁང་དབུ་ཡབ་ཏུ་ཕེབས་ཏེ་གསོལ་ཇ་མཆོད་པའི་དུས་དང་བསྟུན་ནས་མདའ་རྒྱང་མའི་ཨང་ཐོ་བཀའ་དྲུང་ནས་ཀློག་སྟེ་བླ་ཕྱག་ལས་ཁུངས་ནས་མཚན་གྲངས་དང་ལེགས་དར་སྩོལ།
དེ་ནས་སྔར་སྲོལ་བཞིན་མདའ་རྩལ་རྒྱང་ཐག་ཐུང་བ། མདེལ་ཤུ་འམ་བི་ཤུ་རྩེད་འགྲན་འགོ་འཛུགས་པའི་ཐོག་མར། བཀའ་བློན་སྐུ་སྐྱ་བོ་རྣམས་ཀྱི་དབུ་ཞྭ་བརྗེས་ཏེ་སོག་ཞྭ་དམར་པོ་བཞེས། ཞོལ་གཉེར་ཚང་ལས་ཁུངས་ནས་དངུལ་ཕོར་ནང་བཀའ་ཤག་ལྷན་རྒྱས་ལ་འཁྲུངས་གཡང་ཕུད་གཏོར་པུས་བཙུགས་ཀྱིས་ཞུས་ཏེ། གཞུང་ཞབས་མཆོད་ཆང་བཞེས་མི་དང་བི་ཤུ་རྩལ་འགྲན་བྱེད་མི་རྣམས་ལ་དངུལ་ཕོར་འཁྲུངས་ཞུ་མས་མཆོད་ཆང་ཡང་ཡང་ཞུ་ཞིང༌། བི་ཤུ་རྒྱག་མི་ཚོས་ྋས་དབང་བཀའ་བློན་རྣམ་པར་ནང་ཚྭ་ཕུལ་ཏེ་འབེན་ལ་ཕོག་ན་བཀའ་བློན་རྣམ་པར་མཆོད་ཆང་བཏེགས་པ་དགྱེས་མཉེས་ཀྱིས་བཞེས་དགོས་ཡོང༌། བི་ཤུ་འབེན་ལ་ཕོག་མི་རྣམས་ལ་ཐོབ་ཁུངས་བཀའ་བློན་རྣམ་པས་ཐུགས་དགྱེས་མཉེས་ཀྱིས་ལེགས་ཆང་བསྩལ་བ་འཁྲུངས་ཞུ་མས་ཆང་ཕོར་ཞུས་ཏེ་ྋས་དབང་གི་སྐུ་མདུན་པུས་མོ་བཙུགས་ཏེ་དགའ་ཞིང་སྤྲོ་བའི་ངང་ནས་ཆང་ཐིགས་པ་ཙམ་མ་ལུས་པ་གཙང་དག་འཐུང་དགོས། དེའི་མཚམས་སུ་བླ་ཕྱག་ལས་ཁུངས་ནས་འཕྲལ་འཕྲལ་ཚ་དར་སྤྲད་པ་སྐེ་རགས་ལ་གཟེར་བས་མདའ་ཚ་པོ་རྣམས་ལ་དགོང་དྲོ་ཁ་བཏགས་ཀྱི་ཤམ་ཐབས་ལྟ་བུ་ཆགས་པ་མ་ཟད། འཁྲུངས་ཞུ་མའི་ངོ་ཆང་ལ་བལྟས་ནས་བི་ཤུ་མདའ་པ་རྣམས་ར་བཟི་ནས་གཞན་གྱིས་སྐྱོར་ནས་འགྲོ་དགོས་ཀྱང་དེ་ནི་དཔའ་རྩལ་ངོམ་པའི་ཚུལ་བརྩི།
གོང་བརྗོད་བཞིན་ལྷ་ཁུལ་དུ་མདའ་རྩེད་རྒྱང་མ་དང་འབེན་རྩེད་བི་ཤུ་འགྲན་སྡུར་གཉིས་ལོ་རེ་འཆར་ཅན་རྫོང་རྒྱབ་ཞར་འཕེན་དང་དྲུང་སྐོར་རྩེད་རྒྱུག་སྐབས་དྲུང་སྐོར་ཚོས་དྲག་རྩལ་སྦྱོང་བརྡར་གྱི་ཚུལ་དང༌། དུས་སྟོན་རྗེས་དྲན་མཚོན་ཆེད་མདའ་རྩེད་དང་རྟ་རྒྱུག་འགྲན་པ་ལས་རྒྱུན་དུ་རྩེད་སྲོལ་མེད། ཡིན་ནའང༌། བི་ཤུ་ཞེས་པ་སྤྱིར་བཏང་ལྷ་སའི་གླིང་ཁའི་ནང་མི་སྣ་དྲག་གྲས་ཚོས་དབྱར་དུས་གནམ་གཤིས་ལེགས་པའི་སྐབས་བི་ཤུ་རྩེད་ཀྱི་ཡོད། བི་ཤུ་རྩེད་སྲོལ་དར་སོ་ཆེ་ཤོས་དེ་ཀོང་པོ་དང་སྤོ་མིའི་ནང་སོ་ནམ་ལོ་གསར་གྱི་མཇུག་ཏུ་རྩེད་ཀྱི་ཡོད་ལ། སྤོ་མིའི་ངག་རྒྱུན་དུ་དེ་སྔོན་མན་ཇུའི་དམག་བོད་ལ་ནང་འཛུལ་བྱེད་སྐབས། མན་ཇུའི་དམག་དཔོན་ཀྲའོ་ཨར་ཕུང་གི་དམག་མི་ཉིས་སྟོང་ཙམ་བཏང་ནས་སྤོ་མིར་བཙན་འཛུལ་བྱེད་སྐབས་སྤོ་མི་ཚོས་གྲི་དང་མདུང༌། ལྷག་དོན་བི་ཤུ་བརྒྱབ་ནས་མན་ཇུའི་དམག་མི་ཁ་ཆག་རྣ་རལ་བཟོས་ཏེ་ཕྱིར་བྲོས་བྱེད་དགོས་བྱུང་ལུགས་༤བཤད་རྒྱུ་འདུག
མདེལ་ཤུ་འམ་བི་ཤུ་ཞེས་པ་མདའི་རྩེར་མདའ་ལྕགས་ཀྱི་ཚབ་ཏུ་ཤིང་ཁོག་སྟོང་གཏོར་གཟུགས་འདྲ་བོ་ཞིག་དཀྲུག་བརྒྱབ་སྟེ་མདའ་འཕེན་སྐབས་རླུང་གི་ཁྲོད་དུ་ཤུར་ཤུར་ཞེས་སྒྲ་ཐོས་པ་ཡིན།

རྟ་རྒྱུག མི་རྒྱུག་དང་ཤུགས་ཚད་འགྲན་པ།

    མི་རྒྱུག་དང་ཤུགས་ཚད་འགྲན་སྡུར་ནི། རྡོ་འགྱོག་པ་དང་ཨབ་ཐང་བོར་རྒྱུ་སོགས་ཀྱི་ལུས་ཀྱི་རྩལ་རྣམས་འདོན་པའི་བྱེད་སྒོ་ཞིག་ཡིན། དེ་ཡང་བོད་ཟླ་དང་པོའི་ཚེས་༢༥ ཉིན་ལྷ་ལྡན་སྨོན་ལམ་ཆེན་མོའི་རྗེས་འབྲེལ་བྱམས་པ་གདན་འདྲེན་༥ ཞེས་པ་མ་འོངས་བསྐལ་བཟང་རྣམ་འདྲེན་ལྔ་པ་ྋརྒྱལ་བ་མི་ཕམ་མགོན་པོའི་བསྟན་པ་འཆར་རྒྱུའི་རྟེན་འབྲེལ་སླད་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མཆོད་ཁང་ལྷོ་མའི་རྟེན་གཙོ་བྱམས་མགོན་སྐུ་བརྙན་ཤིང་རྟ་འཁོར་ལོའི་སྟེང་དུ་གདན་དྲངས། གདུགས་དང་གཡས་གཡོན་དུ་རྒྱལ་མཚན་དང་ཕྱེ་ཕུར་སོགས་ཀྱིས་བརྒྱན་ཏེ་གདན་འདྲེན་ཞུས། ཁྱམས་རའི་སྒོ་འཕྱོར་མདུན་དུ་དགེ་སློང་བརྒྱད་གྲས་ཁྲུས་གསོལ། དེ་ནས་རྨེ་བཞིས་ཀྱི་དགེ་འདུན་ནས་མཆོད་རྫས་སྣ་ཚོགས་ཐོགས་པའི་སེར་ཕྲེང་གིས་སྔུན་བསུས་ཏེ་བར་སྐོར་དུ་གདན་ཞུ་སྐབས་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་འཚང་ཁ་ཤིག་ཤིག་གིས་ྋསྙན་དར་གྲངས་ལས་འདས་པ་འབུལ། གསུང་ཆོས་ར་བར་ཕེབས་མཚམས་རྨེ་རུ་རྙིང་པ་ནས་ཁྱམས་རའི་ལྷོ་སྒོ་བརྒྱུད་གནས་ཆུང་ཆོས་སྐྱོང་ཕེབས་ཏེ་སྙན་དར་འབུལ་གནང་མཛད། བླ་ཕྱག་ལས་ཁུངས་ནས་ཞལ་ཇ་སྒྲོན་དར་ཕུལ། བྱམས་པ་མགོན་པོའི་སྐུ་བརྙན་ས་སྤོག་སྒང་དུ་ཕེབས་མཚམས་ཀླུ་སྦུག་དང་ཞོལ། བ་མ་རི་བཅས་ཁག་གསུམ་ནས་གནམ་ལྕགས་མེ་སྒྱོགས་གསུམ་རིམ་པས་བརྒྱབ་སྟེ། མེ་སྒྱོགས་གསུམ་པའམ་མཐའ་མའི་མཚམས། འབྲས་སྤུངས་དགོན་གྱི་གཤམ་འོག་དན་འབག་མདུན་ནས་རྒྱུག་རིང་འགོ་འདོམས་སྤྱི་ཁྱབ་རིམ་བཞི་དང་ལས་བྱ་ཆིབས་ཆེ། རྒྱུག་མ་ཞལ་ངོ་བཅས་ནས་དེ་ཉིན་གྱི་མཛད་སྟོན་གཙོ་བོའི་གྲས་རྟ་རྒྱུག་མི་རྒྱུག་གི་བྱེད་སྒོ་འགོ་བཙུགས་ཏེ། གཞུང་རྟ་དང་སྒེར་རྟ་དྲག་གྲས་བདམས་ནས་བཀག་པ་རྣམས་དུས་གཅིག་ཏུ་གློད་པ་དང་བསྟུན་(ཡ་སྣའི་རི་ཟུར་ནས་མི་རྒྱུགས་སྡེ་དཔོན་དང་གཟིམ་ཤག་སོ་སོའི་ཐོབ་ཁོངས་ཁྲལ་སྐུལ་བའི་མི་སེར་ཕོ་གཞོན་ལྔ་བཅུ་ཙམ་ཞིག་ཡོད་སྐད་གློད་)བ་མ་རི་ཟུར་ནས་བར་རྒྱུག་ཅེས་མི་རྟ་རང་འགྲིག་རྣམས་བསྐྱོད་དེ་རྟ་རྒྱུག་དང་མི་རྒྱུག བར་རྒྱུག་རྣམས་རྩེ་ཕོ་བྲང་གི་མདུན་གྱི་ལམ་ཆེན་བརྒྱུད་ལྷ་སའི་གསུང་ཆོས་ར་བའི་མདུན་ནས་སྐྱོད་སྐབས། ལྷ་ལྡན་མང་ཚོགས་བརྒྱ་ཕྲག་མང་པོས་དུས་གཅིག་ཏུ་ཤུགས་རྒྱོབ། མགྱོགས་པོ་རྒྱུགས་སོགས་སྐད་ཤུགས་ཆེན་པོ་བརྒྱབ་པ་དང་མཉམ་དུ་འགའ་ཤས་ཀྱིས་འུར་སྒྲ་དང་ཤུ་སྒྲ་བརྒྱབ་པ་བཅས་དེ་ཉིན་གསུང་ཆོས་ར་བ་ནས་བར་སྐོར་ཤར་གྱི་དུང་མཚོའི་ཟུར་བར་རྟ་རྒྱུག་མི་རྒྱུག་གི་འུར་སྒྲ་དང་བཅས་ལྟད་མོ་ཆེན་པོ་ཡོང༌། དེ་ཉིན་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ཟུར་འཕྱོང་གཟིམ་ཆུང་ནང་ྋགོང་ས་མཆོག་ཞབས་འཁོད་ཀྱིས་ཆིབས་ཞབས་སུ་བོད་གཞུང་གི་གཞུང་ཞབས་ཡོངས་རྫོགས་དང་བཅས་ཕེབས་ཡོད་པ་རྣམས་ཀྱིས་རྟ་རྒྱུག་མི་རྒྱུག་ལ་གཟིགས་ཞིབ་གནང་གི་ཡོད་པས། བར་རྒྱུག་རྟ་པ་རྣམས་གཟིགས་ལམ་དུ་འབྱོར་མཚམས་རྟ་ཐོག་ནས་གུས་འདུད་མཚོན་པའི་རྟ་རྒྱུག་བཞིན་པར་རྟའི་སྒང་ནས་ལངས་པ་དང༌། རྟའི་བྲང་འོག་ནས་ཁ་བཏགས་ལེན་པ་སོགས་རྟ་རྩལ་སྣ་ཚོགས་འགྲན་ཞིང༌། ཇོ་བོ་རགས་རྒྱག་ཟུར་ནས་རྟ་པ་འབྱོར་སྔ་རྟིང་གི་ཤིང་བྱང་ཨང་ཀི་སྤྲོད་མི་སྐུ་ཚབ་ཛ་ཐའི་གཅིག ལས་བྱ། ཆིབས་ཆེ། བཀའ་ཤག་སྐུ་ཚབ་བཅས་ཕེབས་ཏེ་ཨང་རིམ་གནང༌། མི་རྒྱུག་རྣམས་ལ་བླ་བྲང་རྙིང་པའི་མདུན་ནས་ཨང་རིམ་སྤྲད་དེ་སྐུ་ཚབ་རྣམས་ནས་རྟ་ཐོ་དང༌། མི་རྒྱུག་གི་་ཐོ་གཞུང་སྙན་ཞུ་ཕུལ། སྙན་ཞུ་གཟིགས་སྦུགས་ནས་ལམ་འཕྲལ་ཐོན་རྒྱུར། དེ་མཚམས་བཀའ་ཤག་སྐུ་ཚབ་བཀའ་དྲུང་དང་གནང་ཆ་ལེགས་དར་སྤྲོད་མི་བླ་བྲང་ཕྱག་མཛོད་ངོ་ལས་བཅས་ནས་གཟིགས་ལམ་བསམ་འགྲུབ་ཕོ་བྲང་མདུན་བསྐལ་བཟང་དར་ཆེན་འཁྲིས་ཤིང་མཐོན་པོའི་སྟེང་ནས་ཞལ་ཕོ་བྲང་དུ་ཕྱོགས་ཏེ་བཀའ་དྲུང་ནས་ཐོག་མར་རྟ་ཐོ་དང༌། དེའི་མཇུག་མི་རྒྱུག་གི་ཐོ་ཀློག བླ་ཕྱག་ནས་སྔ་ལམ་གཟེངས་དར་དང་གོས་སྣའི་ཚོན་གྲངས། ཇ་འཁོར་དྲུག་སོགས་སོང་གསལ་སྤྲད་དེ་དར་ཆེན་ལ་གཡས་སྐོར་བརྒྱབ་སྟེ་ཁོངས་སོ་སོར་ལོག    རྒྱུག་རིང་སྤྱི་ཁྱབ་ནས་རྩེའི་གཟིམ་འགག་ཏུ་ཞུ་སྒོ་རྣམས་འཐུས་ཚང་བྱུང་ལུགས་སྙན་སེང་ཞུས་འཕྲལ་ཕྱག་སྲུང་བསྩལ་ཏེ་ཐུགས་རྗེ་ཆེ་ཞུའི་སྐུ་ཕྱག་ཕུལ། དེའི་སྐབས་རྟ་པ་རྣམས་ཕྱིར་ལོག་མ་འབྱོར་བའི་དབར་ཟུར་འཕྱོང་གཟིམ་ཆུང་སྤྱན་ལམ་འོག་ཏུ་གཟིམ་སྦྱོང་པ་རྐང་དམག་གཡས་རུ་དང༌། གཡོན་རུ་གཉིས་ཀྱི་མི་སྟོབས་ཤུགས་ཅན་གཅེར་ཧྲང་གཉིས་རེ་ནས་ཤུགས་རྩལ་ཨབ་ཐང་ཚད་པ་དང༌། གྱོན་ཆས་གྱོན་པ་འགའ་ཤས་མོན་དོ་གཉིས་(མོན་དོ་རེར་རྒྱ་མ་༦༠ རེ་ཡོད་)ཙམ་གྱི་ལྗིད་ཚད་ཡོད་པའི་(དེང་སང་ཀི་ལོ་གྷ་རམ་༦༠ ཙམ་གྱི་ལྗིད་ཚད་ཡོད།)རྡོ་རིལ་ཆེན་པོ་ཞིག་འཁྱེར་འགྱོགས་ཀྱིས་བསྐལ་བཟང་དར་ཆེན་ལ་སྐོར་བ་ལན་གཉིས་རེ་རྒྱག་དགོས། དེ་ནི་ཤུགས་ཚད་འགྲན་སྡུར་གྱི་རྣམ་གྲངས་ཤིག་ཡིན། རྡོ་རིལ་འཁྱེར་འགྱོགས་ལེགས་གྲས་རྣམས་ལ་གོང་ལྟར་བླ་ཕྱག་ལས་ཁུངས་ནས་གཟེངས་དར་གནང་སྲོལ་ཡོད།

གྲྭ་སའི་རྡོབ་རྡོབ་ཀྱིས་མཆོང་རྒྱག་འགྲན་སྡུར།

    མཆོང་རྒྱག་དེ་གདན་ས་སེ་འབྲས་ཁག་གཉིས་ནང་དར་ཁྱབ་ཆེ་བ་ཡོད་པ་ལས་སྤྱིར་བཏང་མང་ཚོགས་ནང་དར་སོ་མེད། དེ་ཡང་སྔར་བོད་ཀྱི་གདན་ས་ཆེ་ཁག་སེ་འབྲས་གཉིས་ནང༌། འདོན་ཁ་འདོན་བློ་འཛིན་བྱེད་པ་མ་གཏོགས། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གསན་བསམ་མི་བྱེད་མཁན་གྱི་གྲྭ་པ་གཟུགས་སྟོབས་དར་ལ། ལག་ཤུགས་ཆེ་བའི་གྲྭ་གཞོན་ཁག་ཅིག་ཡོད་པ་དེ་ཚོར་རྡོབ་རྡོབ་ཅེས་འབོད་པ་དང༌། ཁོང་ཚོས་རྒྱུན་དུ་གྲྭ་ཚང་དང་ཚོགས་ཆེན། ལྷག་པར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་སྐབས་སུ་མང་ཇ་དང་ཐུག་པ་མིང་རྟགས་བཅས་གཞོན་ཁྲལ་ལམ་ཇ་ཁྲལ་རྒྱུག་མཁན་གཙོ་བོ་ཡིན་ཞིང༌། ཇ་ཁྲལ་རྒྱུག་སྐབས་དུས་ཐོག་བང་རིམ་དང་གཉིས་ལ་སླེབས་རྒྱུར་འཚང་ཁ་ཤིག་ཤིག་གིས་དཔུང་ཤུགས་ངོམ་རེས་བྱེད་པ་མ་ཟད། རྡོབ་རྡོབ་དབར་འཆར་ཅན་ཚོགས་ཕོར་དང་སྐྱོགས་གཞུས་རེས་བཏང་སྟེ། མགོ་ལ་རྨ་རྟགས་ཀྱང་བཟོ་རེས་བཏང་ཡོང༌། རྡོབ་རྡོབ་ཁོང་ཚོར་མཆོང་རྒྱག་སྐྱིད་སྡུག་གམ་ལྟོ་ཚང་ཟེར་བའི་སྒྲིག་འཛུགས་ཤིག་ཡོད་ཅིང༌། སྒྲིག་འཛུགས་དེར་སྒྲིག་ལམ་དང་གསང་བ་དམ་པོ་ཡོད། སྐྱིད་སྡུག་དང་ལྟོ་ཚང་དེ་ཚོ་སེ་ར་བྱེས་སྨད་གཉིས་དང༌། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་གྲྭ་ཚང་ནང་ཡོད་པ་མ་ཟད། སྐྱིད་སྡུག་རེ་རེའི་ནང་གྲྭ་བ་ལྟ་བ་མཐུན་པ་གྲངས་སུམ་ཅུ་ལྷག་ཡོད། ཁོང་ཚོར་འགན་འཁུར་མཁན་གྱི་གྲྭ་པ་བཞི་ཡོད་པ་རྣམས་ལ་བགྲེས་པ་བཞི་ཞེས་མཚན་གསོལ་བ་དང༌། དེའི་འོག་ཏུ་དངུལ་གཉེར་དང་མ་རྒན་ཞེས་པ་གཉིས་རེ་ཡོད། དེའི་ནང་ཚན་ནས་བགྲེས་པ་བཞི་ཟེར་བ་རྣམས་མཆོང་རྒྱག་མཁས་པ་ཡིན་པས་ཁྱབ་ཀྱི་མེད་ཀྱང༌། སྐྱིད་སྡུག་དང་མཆོང་རྒྱག་འགྲན་སྡུར་སྐབས་དཔལ་འབྱོར་འདུ་འགོད་དང་སྒྲིག་འཛུགས་འགོ་འདོམས་བྱེད་མཁན། གཞན་ཡང་སྐྱིད་སྡུག་ཕན་ཚུན་འབྲེལ་མཐུད་བྱེད་མཁན་ཞིག་ཡིན།
སྒྲིག་འཛུགས་དེར་གསང་རྒྱ་དམ་པོ་ཡོད་ཟེར་བ་ནི། གདན་ས་ཁག་གི་གྲྭ་ཚང་སོ་སོར་གྲྭ་ཁྲིམས་གནོན་མཁན་གྱི་དགེ་བསྐོས་དང་ནང་མ་སོགས་ཡོད་པ་དེ་ཚོས་རྡོབ་རྡོབ་ཀྱི་སྐྱིད་སྡུག་དང་མཆོང་རྒྱག་ལ་དགག་བྱ་བྱེད་ཀྱི་ཡོད་སྟབས། ཁོང་ཚོས་ཤེས་རྟོགས་མི་ཡོང་ཆེད་སྐྱིད་སྡུག་དང་ལྟོ་ཚང་ཡོད་པ་གསང་བ་བྱེད་དགོས་པ་མ་ཟད། སྐྱིད་སྡུག་དང་ལྟོ་ཚང་གི་འགྲོ་གྲོན་གསོག་ཆེད་རྡོབ་རྡོབ་མི་རེ་ངོ་རེས་སྐྱིད་སྡུག་གིས་གཏན་འབེབས་བྱས་པའི་ཚོགས་དངུལ་ཀ་ཀོར་མེད་པ་དུས་ཐོག་ཏུ་འཇལ་དགོས་པ། ལྷག་པར་ལོ་རེའི་མཆོང་རྒྱག་སྐབས་རྡོབ་རྡོབ་རྣམས་སོ་སོའི་ཐོབ་ཁོངས་གྲྭ་ཚང་དང་ཁང་ཚན་བཅས་ཀྱི་གྲྭ་པས་ཤེས་རྟོགས་མེད་པར་ཡོང་དགོས། གལ་ཏེ་སུ་ཞིག་གིས་གཏམ་མ་ཚོར་བའམ་གཞན་གྱིས་ཤེས་རྟོགས་བྱུང་མཚམས་སྐབས་འཕྲལ་སོ་སོའི་སྐྱིད་སྡུག་གམ་ལྟོ་ཚང་གི་འགན་བཞེས་མཁན་བགྲེས་པ་བཞི་ལ་སྙན་གསེང་ཞུས་ཏེ་དུས་འགྱངས་སམ་མཆོང་རྒྱག་ཕྱིར་འཐེན་གྱིས་གྲྭ་ཚང་ནས་བཀའ་ཆད་མ་ཕོག་པ་བྱ་དགོས་པ་མ་ཟད། གསང་བ་ཤོར་མཁན་རྡོབ་རྡོབ་ལ་སྐྱིད་སྡུག་ནས་ཆད་པ་གཏོང་སྲོལ་ཡང་ཡོད་པ་རེད།
མཆོང་རྒྱག་མཁན་རྡོབ་རྡོབ་ཚོས་དུས་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་བྱེད་པ་དང་ལྷག་པར་དགུན་དུས་གནམ་གཤིས་གྲང་མོའི་སྐབས་ཞོགས་པ་སྔ་བོ་ཆུ་གྲང་མོར་བརྒལ་བ། བྱེ་མའི་དཀྱིལ་དུ་རྒྱུག་ཤར་གློད་པ་སོགས་དཀའ་སྤྱད་སྙིང་རུས་ཀྱིས་རྒྱུན་ལྡན་གྱི་ཤུགས་སྦྱོང་དང་གཞི་རྩའི་སྦྱོང་བརྡར་བྱེད་ཀྱི་ཡོད།
རྡོབ་རྡོབ་ཚོའི་མཆོང་རྒྱག་ལུས་རྩལ་ལ་རྣམ་གྲངས་དབྱེ་ན་ཁག་ལྔ་ཡོད་པ་སྟེ། རྒྱང་མཆོང་བྱེད་པ་ཕུད། གཞན་བཞི་པོ་དེ་ལག་ཤུགས་འགྲན་སྡུར་གྱི་ཚུལ་དུ་རྒྱང་རྡོ། ནང་རྡོ། རྒྱབ་རྡོ། རྐུབ་རྡོ་བཅས་བཞི་ཡོད།
མཆོང་རྒྱག་འགྲན་སྡུར་སྐབས། མཆོང་རྒྱག་པའི་མཆོང་ར་དེར་མཐོ་ཚད་ཁང་པ་ཐོག་བརྩེགས་གཅིག་ཙམ་ཡོད་པ་དང༌། ཁ་ཞེང་མི་ཊར་གཉིས། རིང་ཚད་མི་ཊར་ལྔ་ཡོད། མཆོང་རའི་རྒྱུག་ལམ་རིང་ཚད་ཕལ་ཆེར་མི་ཊར་ཉི་ཤུ་ཙམ་ཡོད། གྲྭ་ཚང་སོ་སོའི་མཆོང་རྒྱག་སྐྱིད་སྡུག་གི་རྡོབ་རྡོབ་ཚོས་འགྲན་སྡུར་དངོས་གཞིའི་སྐབས་སྒྲིག་ཆས་གང་འདྲ་ཞིག་གྱོན་གྱི་ཡོད་དམ་ཞེ་ན། ཁོང་ཚོའི་སྒྲིག་ཆས་ནི། ལུས་སྨད་དུ་ཆུ་རས་དཀར་པོ་ཆེན་པོ་ཞིག་གྱོན་པ་དང༌། སྟོད་ལ་སྐུད་པས་སླས་པའི་དྲ་བ་ནག་པོ་ཞིག་གྱོན་ཞིང་དྲ་བ་དེའི་སྣེ་མོ་སོ་སོར་གཡེར་ཁ་ཆུང་ཆུང་བཏགས་ཡོད་སྟབས། རྡོབ་རྡོབ་རྣམས་མཆོང་རྒྱག་གི་རྒྱུག་ལམ་ཐོག་རྒྱུག་ཡོང་དུས། སིལ་སིལ་ཞེས་གཡེར་ཁའི་སྒྲ་ཐོས་ཡོང་དུས་རྫིག་ཉམས་དོད་པོ་ཡོད།
འགྲན་སྡུར་དངོས་གཞིའི་སྐབས། སྔོན་རྒྱུག་པ་ཞེས་པ་དེ་ཚོའི་གདོང་གི་ཐོད་པའི་སྒང་ལ་མར་ཕྲན་བུ་བྱུགས་པ་དང༌། མཆོང་རྒྱག་མ་བརྒྱབ་པའི་སྔོན་གྲྭ་ཚང་སོ་སོའི་སྐྱིད་སྡུག་གམ་ལྟོ་ཚང་ནས་སོ་སོའི་མཆོང་རྒྱག་པ་རྣམས་ལ་འགྲན་སྡུར་གྱི་ཨང་དང་གཉིས་འཐོབ་རྒྱུར་དགྲ་ལྷ་གསོལ་མཆོད་དང་སྡེ་བརྒྱད་གསེར་སྐྱེམས་གཏོང་ཞིང༌། དེ་མིན་རྡོབ་རྡོབ་སྐྱིད་སྡུག་སོ་སོས་བསྟེན་པའི་ལྷ་བཙན་ལ་གསོལ་མཆོད་གཏོང་གི་ཡོད། དཔེར་ན། སེ་ར་བྱེས་སྨད་གཉིས་གཙང་རའི་བཙན་སྒང་བསྟེན་པ་དང་འབྲས་སྤུངས་རྡོབ་རྡོབ་ཚོས་སྦྱར་རགས་གླིང་ཁའི་ལྷ་བཙན་བསྟེན་གྱི་ཡོད། ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་ལེགས་པར་གྲུབ་རྗེས་གཞི་ནས་མཆོང་རྒྱག་འགྲན་སྡུར་འགོ་འཛུགས་ཀྱི་ཡོད། དེ་ཡང་སེ་ར་བྱེས་གྲྭ་ཚང་གི་རྡོབ་རྡོབ་དང་འབྲས་སྤུངས་བློ་གསལ་གླིང༌། སེ་ར་སྨད་གྲྭ་ཚང་གི་རྡོབ་རྡོབ་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རྡོབ་རྡོབ་དབར་འགྲན་སྡུར་བྱེད་ཀྱི་ཡོད། འགྲན་སྡུར་གྱི་གཙོ་བོ་ནི། རྒྱང་མཆོང་གི་རིང་ཚད་དང་མཐོ་ཚད་བལྟ་རྒྱུ་རེད། དེ་ཡང་དེང་སང་འཛམ་གླིང་ནང་སྤྱི་སྲོལ་དུ་དར་བ་ནང་བཞིན། རྒྱང་མཆོང་སྐབས་རྒྱང་རིང་དང་མཐོ་བོ་བྱུང་ཡོད་ནའང་མཆོང་རྒྱག་དུས་གཙང་མ་བྱུང་ཡོད་མིན་ལ་ཕྱོགས་གཉིས་ཀྱི་འགན་འཁུར་ལྟ་རྟོག་པས་ཞིབ་དཔྱད་དོ་ནན་བྱས་ཏེ་ཨང་ཀི་སྤྲོད་ཀྱི་ཡོད།
དེ་ནས་རྡོ་གཡུགས་སྟངས་ལ་མཚོན་ན། དང་པོ་དེར་རྒྱང་རྡོ་གཡུགས་སྟངས་ནི། འགྲན་སྡུར་བ་རྡོབ་རྡོབ་རྣམས་རེ་རེ་བཞིན་མཆོང་རའི་རྒྱུག་ལམ་ནས་བརྒྱུགས་ནས་ཡོང་སྟེ། མཆོང་རའི་སྡིངས་ཆ་བར་བརྒྱུགས་ནས་ལག་གཉིས་ཁ་སྦུབ་སློག་སྟེ། རྡོ་རྒྱང་རིང་ལ་གཡུག་གི་ཡོད། རྡོ་དེའི་གཟུགས་དབྱིབས་གྲུ་བཞི་དང་ལྗིད་ཚད་ཧ་ལམ་རྒྱ་མ་དོ་(ཀི་ལོ་གཅིག་ཡོད།) གཉིས་པ་ནང་རྡོ་ཞེས་པའི་གཡུགས་སྟངས་ནི། རྒྱུག་སྟངས་གོང་དང་གཅིག་པ་ཡིན་ནའང༌། རྡོ་གཡུག་སྐབས་ལག་པ་དེ་གནམ་ལ་བསྟན་ཏེ་རྡོ་གཡུག་གི་ཡོད། གསུམ་པ་རྒྱབ་རྡོ་ཞེས་པའི་གཡུགས་སྟངས་ནི། དང་པོ་གོང་ལྟར་མཆོང་ར་ནས་རྒྱུག་ཡོང་སྟེ། མཆོང་རའི་ཁ་བར་སླེབས་མཚམས། རྐང་པ་གཉིས་མཆོང་རའི་ཁ་ལྕགས་ལ་བཀལ། ལག་པ་རྒྱབ་ལ་བརྐྱངས་ཏེ་རྡོ་གཡུག་གི་ཡོད། བཞི་པ་རྐུབ་རྡོ་ཞེས་པ་ནི། གོང་མཚུངས་མཆོང་རའི་རྒྱུག་ལམ་ནས་བརྒྱུགས་ནས་ཡོང་སྟེ། མཆོང་རའི་ཁ་ལྕགས་སར་རྐང་པའི་རྩེ་བཙུགས་ཏེ་མགོ་རྐུབ་ལ་བཅུག་ཅིང་རྐང་པ་གཉིས་ཀྱི་བར་གསེང་ནས་ལག་པ་བརྐྱངས་ཏེ་རྡོ་གཡུག་གི་ཡོད། མཐའ་མའི་འགྲན་སྡུར་གྱི་རྒྱལ་ཕམ་དེ་རྡོ་གཡུག་མཁན་ཚོས་གཡུགས་པའི་རྡོའི་རྒྱང་རིང་ཐུང་ལྟ་བ་དང༌། གཡུགས་སྟངས་ཚད་གཞི་ལྟར་ཡོད་མིན་ལ་ལྟ་རྟོག་འགན་འཁུར་བ་ཚོས་དཔྱད་ཞིབ་བྱས་ཏེ་ཨང་ཀི་སྤྲོད་པ་གཞིར་བཟུང་ཨང་དང་གཉིས་ཐག་གཅོད་བྱེད་ཀྱི་ཡོད། བཤད་སྲོལ་ལ། ༡༩༥༩ ལོའི་གོང་སེ་ར་བྱེས་སྨད་གཉིས་ཀྱི་རྡོབ་རྡོབ་ཚོས་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གཉིས་ཀྱི་རྡོབ་རྡོབ་ལ་མཆོང་རྒྱག་ཁ་གཏད་མི་ལོན་པར་བརྟེན། སྒོ་མང་རྡོབ་རྡོབ་ཀྱིས་མཆོང་རྒྱག་རྣམ་པར་རྒྱལ་བའི་བཀྲ་ཤིས་དགའ་སྟོན་བྱས་རྗེས། འབྲས་སྤུངས་བློ་གླིང་དང་སྒོ་མང་དབར་ནང་ཁུལ་རྩེད་འགྲན་བྱེད་པ་ལས་སེ་ར་བྱེས་སྨད་གཉིས་དང་ཡང་བསྐྱར་བསྡུར་གྱི་ཡོད་སྐད་༦བྱུང་མི་འདུག་གོ །

   རྩོམ་པ་པོ། བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ནི། བོད་གཞུང་བཀའ་ཤག་གི་བཀའ་དྲུང་ཡིག་ཚང་ནང་དྲུང་ཆེ་ལས་འཕར་གྱི་ལས་གནས་ཐོག་ཕྱག་ལས་གནང་བཞིན་པ་ཡིན།

མཆན།
༡༽     དུང་དཀར་ཚིག་མཛོད་ཆེན་མོ།
༢༽     བོད་ཀྱི་དཔེ་མཛོད་ཁང་གི་དཔར་བསྐྲུན་བྱས་པའི་བོད་ཀྱི་དུས་སྟོན། ཐུབ་བསྟན་སངས་རྒྱས།
༣༽     ཁྲིམས་ཞིབ་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་ལགས་ཀྱི་ངོ་སྤྲོད་དང་དུང་དཀར་ཚིག་མཛོད་ཆེན་མོ།
༤༽     མི་རིགས་དཔར་བསྐྲུན་ཁང་གི་པར་བསྐྲུན་བྱས་པའི་བོད་ཀྱི་གསར་བརྗེའི་དྲན་ཐོ་ཞེས་པའི་ནང་གསལ།
༥༽     བོད་ཀྱི་དཔེ་མཛོད་ཁང་གི་དཔར་བསྐྲུན་བྱས་པའི་བོད་ཀྱི་དུས་སྟོན། ཐུབ་བསྟན་སངས་རྒྱས།
༦༽     གནས་ཆུང་སྐུ་ཞབས་གཉེར་པ་ལགས་དང་དབང་རྒྱལ་ལགས་གཉིས་ཀྱི་ངོ་སྤྲོད་གནང༌།
༧༽  གོང་གསལ་པར་རིས་ཁག་ཅིག་ཕྱི་དྲིལ་འགྲེམས་སྟོན་སྡེ་ཚན་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ།