ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

༄༅། །མི་རིགས་ཤིག་གི་རྒྱུན་སྲོལ་རིག་གནས་ཤུལ་འཛིན་ནམ། ཤེས་རིག་གསར་པ་དར་སྤེལ་གཏོང་བ་གང་ཞིག་ཡིན་རུང༌། ཐོག་མའི་འགག་སྒོ་ནི་མི་རིགས་དེའི་རང་གི་སྐད་ཡིག་འཕེལ་རྒྱས་ལ་རག་ལས་པ་དེ་ནི་སེམས་ཉིད་རྣལ་དུ་ཕབ་པའི་མི་སུ་ཞིག་ཡིན་ཡང་ཁས་ལེན་མི་བྱེད་ཀ་མེད་ཡིན། ཏང་གིས་བོད་ལ་འཛིན་པའི་མཛད་ཕྱོགས་དང་སྲིད་ཇུས་སྤྱི་དང་བྱེ་བྲག་གི་ཁྲིད་སྟོན་འོག བོད་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་ལ་ལོ་རེ་ནས་ལོ་རེར་བརྟན་པོའི་སྒོ་ནས་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། འོན་ཀྱང་རྒྱ་ཆེའི་ཞིང་འབྲོག་མི་དམངས་བརྒྱ་ཆ་བརྒྱད་ཅུའི་བསམ་བློ་རིག་གནས་ཀྱི་འཚོ་བ་ནི་གོང་འཕེལ་འགྲོ་ཚད་ཧ་ཅང་འགོར་པོ་ཡིན། གང་སར་ཡིག་རྨོངས་པ་མང་ལ་ཡི་གེ་ཕྲན་བུ་ཀློག་ཤེས་ན་ཡང་གོ་བ་ལོན་པ་དང་བེད་སྤྱོད་ཐུབ་མཁན་དེ་བས་ཉུང༌། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོའི་མཐོང་རྒྱ་དང་བསམ་བློའི་ངོས་འཛིན་འཕེལ་འགྱུར་ཡོང་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་པ་བཅས་མདོར་ན་མི་དམངས་མང་ཆེ་བའི་ཤེས་ཚད་ཞན་པོ་ཡིན་པ་འདི་ནི་རང་ལྗོངས་ཀྱི་གནད་དོན་ཆེན་པོ་ཞིག་ཡིན་སྙམ། དེའི་ཐད་ལ་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་སློབ་གསོའི་སྡེ་ཚན་ནས་སློབ་གསོའི་གྲོན་དངུལ་གང་ཐུབ་འཕར་སྣོན་སོགས་ཐུགས་འཁུར་ཆེན་པོ་གནང་འགོ་ཚུགས་པའི་ཆ་རྐྱེན་བཟང་པོའི་འོག རང་ཅག་རིག་གནས་སློབ་གསོའི་ལས་རིགས་ཀྱི་མི་སྣ་ཚང་མས་ཇི་ལྟར་བྱས་ཏེ་མི་རིགས་ཀྱི་སྐད་ཡིག་སློབ་གཉེར་བྱ་གཞག་འདི་གང་མྱུར་གོང་འཕེལ་ཡོང་ཐབས་སྐོར་ལ་བློ་རྩེ་གཅིག་སྒྲིམ་གྱིས་རྒྱུ་རྐྱེན་འཚོལ་ཞིབ་དང༌། ཕན་ནུས་ལྡན་པའི་བྱ་ཐབས་ཆེ་ཆུང་ལ་མ་ལྟོས་པར་གང་མང་ཞིག་འདོན་སྤེལ་གྱིས་མི་རབས་རྗེས་མ་སྐྱེད་སྲིང་གི་བྱ་གཞག་ལ་འོས་འགན་བསྒྲུབ་རྒྱུར་འབད་བརྩོན་ཆེ་བསྐྱེད་མཛད་རྒྱུའི་རེ་འབོད་ཞུ་རྒྱུ་ཡིན།
དེ་ལྟ་བུའི་རླབས་ཆེ་བའི་བྱ་བ་ནི་མི་རེ་ཟུང་གི་བསམ་ཚོད་ཙམ་དང༌། བྱ་སླ་ཚེགས་ཆུང་གི་སྒྲུབ་ཐེངས་གཅིག་ལ་འབྲས་བུ་སྨིན་པ་སོགས་རྩ་བ་ནས་འབྱུང་མི་སྲིད་པ་སྨོས་མ་དགོས་ཀྱང༌། བློ་སྡུད་དགེ་འཚོལ་གྱིས་མང་པོའི་ངོས་འཛིན་མཐུན་སྦྱོར་གྲོས་སྡུར་དང༌། ལན་བརྒྱར་ཕམ་ཡང་མི་ཞུམ་པའི་སྙིང་སྟོབས། ལག་ལེན་ངོ་མའི་ནང་གྲོག་མས་རུས་པ་འབྲད་པ་ལྟ་བུའི་རྒྱུན་འཁྱོངས་ཀྱི་འབད་བརྩོན་བཅས་བྱེད་ཐུབ་ན་འབྲས་བུ་མི་ཐོན་པ་ག་ལ་སྲིད་སྙམ། འགག་རྩ་ནི་རང་ལྗོངས་ཀྱི་འབྲེལ་ཡོད་སློབ་གསོའི་སྡེ་ཁག་ཚང་མས་བོད་མི་རིགས་ཧྲིལ་པོའི་སྤུས་ཚད་དེ་དངོས་འབྲེལ་གོང་མཐོར་གཏོང་དགོས་ན། གཙོ་གནད་ནི་མི་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་ཡན་ཟིན་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཤེས་རིག་ལ་ནུས་ལྡན་གྱི་འགྱུར་ལྡོག་མཐོང་རྒྱུ་ཡོད་པ་ཞིག་ཡོང་བ་བྱ་རྒྱུ་དེ་རང་འགན་ཉག་ཅིག་ཏུ་བརྩི་མིན་ལ་རག་ལས་ཡོད།
ད་ལྟ་ཉན་ཞིབ་བྱེད་དུས་ཞིང་གྲོང་ཁུལ་དུ་བོད་ཡིག་ཤེས་མཁན་དཀོན་ལ། འབྲི་ཀློག་གང་འཚམ་ཤེས་མཁན་གྱིས་ཀྱང༌། བོད་ཡིག་ཚགས་པར་གྱི་གོ་དོན་ཙམ་ཡང་མང་པོ་མི་རྟོགས་པའམ། ཡང་ན་ཧ་ལམ་ཤོད་མི་ཐུབ་པ་དེ་རིགས་མི་ཉུང་བ་ཡོད་འདུག དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་ལ་དཔྱོད་སྐབས། ༡ རང་རེའི་སྐད་དང་ཡི་གེའི་བར་ལ་ད་དུང་རྒྱང་ཁྱད་ཆེ་ཙམ་ཡོད་པ་དང༌། ༢ ཡུལ་ལུང་སོ་སོའི་ཁ་སྐད་ཀྱང་གཅིག་གྱུར་མེད་པ། ༣ བོད་ཡིག་འབྲི་ཀློག་སློབ་སྐབས་གོ་དོན་འགྲེལ་བཤད་བྱ་རྒྱུ་མི་འདང་བ། ༤ གྲོང་གསེབ་ལུང་ཁུག་ཏུ་མཐོང་ཐོས་ཉུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཡོད་པར་སྣང༌། དེས་ན་རང་རེས་དུས་རྟག་ཏུ་ཐོག་མར་སྐད་དང་ཡི་གེའི་བར་ཁྱད་ཇེ་རྒྱང་དུ་མི་འགྲོ་བ་དང༌། ཇེ་ཉེར་འགྱུར་ཐབས་ལ་བསམ་གཞིགས་དང་འཚོལ་ཞིབ་གང་ཐུབ་བྱ་དགོས་སྙམ། དེ་ཡང་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་ལོ་རྒྱུས་ལ་བརྟག་དཔྱད་དང༌། ཡུལ་སྐད་མི་འདྲ་བ་རྣམས་ཀྱི་གྱེས་ཚུལ་ལ་ཞིབ་འཇུག ཡུལ་སྐད་ཀྱི་ཤན་ཞུགས་པའི་ཡི་གེ་ཀློག་སྒྲ་མི་འདྲ་བ་དག་གི་དགེ་སྐྱོན་གསལ་རྟོགས་དང་འབྲེལ་ལེགས་སྤེལ་ཉེས་འགོག་གི་བྱ་ཐབས་སྤེལ་རྒྱུ་སོགས་མདོར་ན་རང་ཉིད་གནས་སའི་ལས་ཁུངས་སམ། ཡང་ན་གྲོང་ཁྱེར་དང་གྲོང་བརྡལ་གྱི་ཁོར་ཡུག་ཆུང་ངུ་ཁོ་ནར་མགོ་མ་འཁོར་བར་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་གཙོ་བོར་བཟུང་བའི་བོད་རིགས་མང་ཚོགས་ཚོས་གོ་དོན་རྟོགས་སླ་བའི་ཡི་གེའི་སྤྱི་སྲོལ་ཞིག་རིམ་བཞིན་ཆགས་གྲུབ་དང༌། དར་སྤེལ་གཏོང་ཐུབ་པའི་ཐབས་ཚུལ་ལ་ཚང་མས་གལ་ཆེར་བརྩིས་ཏེ་སེམས་འཁུར་ཕྱར་བ་གྲུ་འདེགས་ཤིག་བྱུང་ཚེ། བོད་མི་རིགས་ཧྲིལ་པོའི་ཤེས་ཚད་གོང་མཐོར་སྤེལ་རྒྱུར་ཚད་གཞི་ཆེ་ཆུང་ལ་མ་ལྟོས་པའི་ཕན་འབྲས་ངེས་ཅན་ཞིག་འབྱུང་སྲིད་སྙམ། དེའི་ཕྱིར་དུ་བདག་རང་གི་བྱིས་བློ་ལྟ་བུའི་བསམ་ཚུལ་མ་སྨིན་པ་འགའ་ཞིག་དཔྱད་གཞི་ཙམ་དུ་གང་དྲན་ཞུ་རྒྱུ་ཡིན།

གཅིག  བོད་ཀྱི་སྐད་དང་ཡི་གེའི་བར་ཁྱད་ཇེ་ཉེར་གཏོང་བའི་གནད་དོན་སྐོར།

   ཡིག་སྐད་ཀྱིས་ཁ་སྐད་ལ་བསྟུན་དགོས་སམ། ཡང་ན་ཁ་སྐད་ཀྱིས་ཡིག་སྐད་ལ་བསྟུན་དགོས། གནད་དོན་འདི་ནི་བསམ་ཞིབ་ནན་ཏན་བྱེད་དགོས་པ་ཞིག་འདུག སྔོན་ཆད་དེ་སྐོར་བདག་གི་ངོས་འཛིན་ལའང་ཁ་སྐད་ཀྱིས་ཡིག་སྐད་ལ་བསྟུན་དགོས་པ་ནི་ལྟོས་མེད་ཀྱི་བདེན་དོན་ཞིག་ཡིན་སྙམ་གྱིན་ཡོད། འོན་ཀྱང་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་ལ་བརྟག་ཞིབ་བྱེད་སྐབས་ཐོག་མར་ཡིག་སྐད་ཀྱི་ཡིག་སྲོལ་རྩ་དོན་དམ་འཛིན་གྱི་སྒོ་ནས་ཁྱབ་ཆེ་བའི་ཁ་སྐད་ལ་བསྟུན་ཐབས་བྱ་རྒྱུར་བསམ་ཤེས་བྱེད་དགོས་པ་འདུག གང་ཡིན་ཞེ་ན། གཅིག་ནས་ཡི་གེའི་རྩ་བའི་བྱེད་ནུས་སམ་ལས་འགན་ནི་སྐད་ཆ་མཚོན་པར་བྱ་རྒྱུ་དེ་ཡིན་པ་དང༌། གཉིས་ནས་ད་ཆ་བོད་ཀྱི་རིག་གནས་ཀྱི་བདག་པོ་དེ་མི་དམངས་མང་ཚོགས་ཡིན་ལ། རིག་གནས་དེས་སྒྲུབ་དགོས་པའི་ལས་འགན་ཡང་ཞིང་འབྲོག་མི་དམངས་གཙོ་བོར་བྱས་པའི་མི་རིགས་ཧྲིལ་པོའི་ཤེས་ཚད་གོང་མཐོར་གཏོང་རྒྱུ་དེ་ཡིན་པའི་རྐྱེན་གྱིས་ཡིན། དེར་བརྟེན་རང་ཅག་རིག་གནས་སློབ་གསོ་དང་དྲིལ་བསྒྲགས་གསར་འགྱུར་སོགས་འབྲེལ་ཡོད་ཚང་མས་བོད་ཀྱི་བརྡ་དག་ཡིག་སྲོལ་གྱི་རྩ་བ་དང་མི་འགལ་བའི་ཆ་རྐྱེན་འོག ཡིག་ཆ་གང་ཞིག་ཡིན་རུང་གོ་གང་བདེ་ཞིག་ཡོང་ཐབས་གཙོ་བོར་འཛིན་པའི་འབད་བརྩོན་གཟབ་ནན་གནང་རྒྱུ་དེ་དོན་ཆེན་གཅིག་ལ་བརྩི་དགོས་སྙམ། དེང་སྐབས་ང་རང་ཚུད་པའི་སྔར་གྱི་བག་ཆགས་ཀྱིས་བསླད་པའི་རྒན་རབས་ཁག་ཅིག་དང༌། དེ་བཞིན་གཞོན་སྐྱེས་ཤེས་ཡོན་ཅན་འགའ་ཤས་ཀྱིས་ཀྱང་རྩོམ་ཡིག་སོགས་ཡིག་སྲོལ་རྙིང་པ་གོ་དཀའ་བ་རྙེད་ཚད་སྤེལ་རྒྱུར་དགའ་བའམ། ཡང་ན་དེ་ནི་རང་གི་བོད་ཡིག་ཡོན་ཚད་མཐོ་བའི་རྣམ་པ་མཚོན་བྱེད་དུ་རློམ་མཁན་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་འདུག དེ་རིགས་ནི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་གོ་དཀའ་ལ་ཉན་མི་འདོད་པ་དང༌། རང་གི་རྩོམ་ཡིག་ཀྱང་ར་མ་ལུག་ལྟ་བུར་འགྱུར་བ་ལས་དགེ་མཚན་མི་མངོན་པའི་ཁར། དེ་གྲས་ཇེ་མང་དུ་གྱུར་ན་བོད་ཀྱི་སྐད་དང་ཡི་གེའི་བར་ཁྱད་ཇེ་ཆེར་འགྱུར་གཞི་མ་ཟད། ནམ་ཞིག་བོད་ཡིག་འདི་ཡང་སྔར་གྱི་སཾསྐྲིཏའི་སྐད་ལྟར་མི་ཆེས་ཉུང་ཤས་ཀྱི་སྤྱོད་ཚུལ་ཙམ་དུ་གྱུར་ཏེ་མང་ཚོགས་དང་ཁ་བྲལ་བ་ཞིག་ལས། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་འཕེལ་ལའང་ཕན་པ་འབྱུང་མི་སྲིད་པའི་ངན་འབྲས་ལ་ཚོད་དཔག་གནས་དུས་དང་མཐུན་པ་ཞིག་བྱས་ནས་རང་གཞན་ཚང་མས་བསྒྱུར་བཅོས་བྱེད་དགོས་པ་དེ་ནི་ཕྱོགས་གཅིག་ཡིན།
ཕྱོགས་གཞན་ཞིག་ནས་དེང་སང་ཚགས་པར་དང་དུས་དེབ་ལ་ལའི་ཐོག་བརྩམས་སྒྲུང་དང༌། དམངས་ཁྲོད་ཀྱི་སྒྲུང་གཏམ། གཞས་ཚིག་ཕྱོགས་བསྡུས་བྱས་པ་སོགས་ཀྱི་ཁྲོད་དུ་ས་ཁུལ་བྱེ་བྲག་པའི་ཉེ་འཁོར་མང་ཚོགས་ཚོས་གོ་སླ་བའི་ཆེད་དུའམ། ཡང་ན་ས་ཆ་དེ་རང་གི་དམངས་ཁྲོད་བཤད་ཚུལ་གཞིར་བཟུང་བ་སོགས་གང་ལྟར་ཡིག་སྲོལ་དང་མི་མཐུན་པའི་ཡུལ་སྐད་ཅི་རིགས་ཤིག་འཁོད་པའི་ལྕགས་པར་དཔེ་སྐྲུན་འགྲེམས་སྤེལ་བྱེད་བཞིན་པ་འདི་དག་རྒྱ་ཁྱབ་བོད་རིགས་སྤྱི་བྱིངས་ཀྱིས་གོ་དོན་མི་རྟོགས་པ་མ་ཟད། ཡིག་སྲོལ་དང་འགལ་བའི་རང་རང་ཡུལ་སྐད་ཀྱི་མིང་ཚིག་དག་བྱེད་འདི་ཡིན་མེད་པར་སྒྲ་ཟུར་ཐོན་ཙམ་(གཏམ་བརྗོད་ཟློས་གར་དང༌། གློག་བརྙན་ནམ་བརྙན་འཕྲིན་འཁྲབ་ཚན་སྒྲ་སྒྱུར་དགོད་བྲོའི་གཏམ་གླེང་སོགས་ཚུད་མེད)་གང་བྱུང་རང་དགར་སྤེལ་བ་འདི་རིགས་རྒྱ་ཡན་དུ་གྱུར་ན། རིམ་བཞིན་བོད་ཀྱི་ཡོངས་ཁྱབ་བརྡ་སྤྲོད་ཡིག་སྲོལ་མཐའ་དག་རྩ་ཞིག་ཏུ་གྱུར་ཏེ་མཐར་ཐུག་བོད་ཡིག་འདིའང་ཡུལ་སྐད་བྱེ་བྲག་པ་སོ་སོའི་རྗེས་སུ་འབྲངས་ཏེ་སྟོད་སྨད་ལྷོ་བྱང་ས་ཁུལ་དུམ་བུ་མང་པོར་གྱེས་ནས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བ་དང༌། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་དག་ཡིག་གམ་ཚིག་མཛོད་དག་ཀྱང་རྩ་བ་འཛིན་ཡུལ་མེད་པར་འགྱུར་ཞིང༌། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡོངས་རྫོགས་ཀྱང་མིང་གི་ལྷག་མ་ཙམ་དུ་འགྱུར་སྲིད་པ་བཅས་དེ་ལྟ་བུའི་ངན་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་དང༌། ནམ་ཞིག་སུས་ཀྱང་སྐྱོབ་ཐབས་བྲལ་བ་ཞིག་ཡོང་རྒྱུ་གདོན་མི་ཟ་བས་ད་ཕྱིན་རང་ཅག་ཚང་མས་མེ་སྟག་གིས་ནགས་རི་བསྲེགས་པའི་ཚབས་ཆེའི་ཕུགས་གནོད་ལ་བསམ་གཞིགས་ནན་ཏན་གྱིས་སྔོན་འགོག་དེ་བས་གནང་དགོས་ངེས་འདུག མདོར་ན་བོད་ཡིག་གོ་བདེར་བསྒྱུར་རྒྱུ་དེ་ཡིག་སྲོལ་གྱི་མ་མཐའི་རྩ་འཛིན་ལས་མི་འགལ་བའི་ཆ་རྐྱེན་འོག ཡུལ་དུས་འཕེལ་རྒྱས་ལ་མཁོ་བའི་ཐ་སྙད་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཟམ་མི་ཆད་པར་སྡུད་སྣོན་དང༌། ཁྱབ་ཆེ་བའི་ཁུངས་ལྡན་སྤྱི་སྐད་འོས་སྤྱོད་དར་སྤེལ་སོགས་ཅིས་ཀྱང་དགོས་པ་ནི་བརྗོད་དོན་གྱི་སྙིང་པོ་ལགས་སོ། །

གཉིས། ཁ་སྐད་དེ་རིམ་བཞིན་ཡིག་སྐད་དང་ཉེ་བའི་ཕྱོགས་སུ་འགྱུར་ཐུབ་དང་མི་ཐུབ།

    འདི་ནི་སྐད་ཡིག་རིག་པར་སྦྱངས་གོམས་རྩ་བ་ནས་མེད་པའི་རྒན་འཁོགས་བདག་ལྟ་བུས་དཔྱད་བྱའི་ཡུལ་ལས་འདས་པ་ལོས་ཡིན། འོན་ཀྱང་མཁས་མང་གི་བློ་གྲོས་རྒྱ་མཚོ་བསྲུབས་པ་དང༌། སྤྱི་ཚོགས་ཧྲིལ་པོས་འབད་པ་བྱེད་ཡུལ་དུ་འགྱུར་ཐུབ་པ་ཞིག་བྱུང་ན་རེ་འདོད་མངོན་དུ་འགྱུར་བའི་ཕན་འབྲས་འཐོབ་པའང་སྲིད་སྙམ། དེ་ཡང་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་ལོ་རྒྱུས་ལ་ཕྱིར་ལྟ་དང་ད་ཡོད་ཀྱི་གནས་ཚུལ་ལ་ཅུང་ཟད་དཔྱད་ན། དེང་སྐབས་རང་རིགས་ཀྱིས་སྤྱོད་བཞིན་པའི་བོད་ཡིག་འདི་གསར་དུ་གཏན་ལ་འབེབས་སྐབས། དུས་རབས་དེ་རང་གི་བོད་ཀྱི་སྤྱི་སྐད་ཁྱབ་ཆེ་བ་ཞིག་གི་སྒྲ་གདངས་གཞིར་བཟུང་སྟེ་ཡི་གེའི་སྒྲ་སྦྱོར་རྣམས་ལེགས་སྒྲིག་མཛད་པར་ངེས་པས་དེ་དུས་ཁ་སྐད་དང་ཡིག་སྐད་དབར་ལ་སྒྲ་གདངས་གཅིག་གྱུར་རམ། ཡང་ན་ཧེ་བག་ཆེར་མེད་པ་ནི་སྐབས་དེར་བོད་ནས་བསྐྱོད་པའི་སྲུང་དམག་གི་མི་རྒྱུད་མཐའ་མཚམས་ལུང་ཁུག་ཏུ་གནས་ཆགས་པའི་ཨ་མདོའི་འབྲོག་ཁུལ་དང༌། རྒྱལ་རོང་སོགས་ཀྱི་བོད་རིགས་ཚོས་ད་ལྟ་སྤྱོད་བཞིན་པའི་ཡུལ་སྐད་ལས་ཀྱང་ཤེས་ཐུབ་པ་སྟེ་ཁོང་ཚོའི་ཁ་སྐད་ལ་བོད་ཡིག་གི་མགོ་ཅན་དང་སྔོན་འཇུག་ཚུན་ཆད་ཀྱི་སྒྲ་ཟུར་ཇི་བཞིན་ཐོན་ཐུབ་པ་ལས་གསལ་པོར་མཚོན་གྱིན་ཡོད། འོན་ཀྱང་སྤྱི་ལོའི་དུས་རབས་དགུ་པ་ཙམ་ནས་བཟུང་བོད་ཀྱི་བཙན་པོའི་གདུང་རབས་ཕྱི་མ་རྣམས་ཀྱི་མཛད་སྤྱོད་ལམ་ལྷོངས་མ་བྱུང་བ་ལ་བརྟེན་ནས་རིམ་བཞིན་བོད་འདི་ཉམས་དམས་པའི་མཐར་སིལ་བུ་ཁ་ཐོར་དུ་གྱུར་ཅིང༌། དེ་ནས་བཟུང་དུས་ཡུན་ཧ་ཅང་རིང་པོའི་བར་སྟོད་སྨད་ལྷོ་བྱང་གང་སར་སྡེ་ཁག་མང་པོར་གྱེས་ནས་ས་ཁུལ་བཅད་བཟུང་དང༌། ཕན་ཚུན་བཀག་འགོག་གི་འཁྲུག་རྩོད་རྒྱུན་མ་ཆད་པ་བྱས་རྐྱེན་བོད་ཡོངས་གཅིག་གྱུར་ཕར་བཞག ཕན་ཚུན་འགྲོ་འོང་གི་འབྲེལ་བའང་ཇེ་ཉུང་དུ་སོང་བ་བཅས་ལ་བརྟེན་ས་ཁུལ་སོ་སོའི་ཁ་སྐད་ཀྱི་འཕེལ་འགྱུར་དོ་མི་སྙོམས་པར་གྱུར་པ་དང༌། དུས་མཚུངས་མཐའ་ཁུལ་ལ་ལའི་རང་སྐད་ལ་ཉེ་འདབས་མི་རིགས་གཞན་གྱི་སྐད་བརྡའི་ཤན་ཞུགས་ཚུལ་མི་འདྲ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བོད་རིགས་ཀྱི་ཡུལ་སྐད་སྒྲ་ཟུར་ཆག་མང་པོར་གྱེས་ནས་རིམ་བཞིན་ཧེ་བག་ཇེ་ཆེར་གྱུར་པ་དང་དུས་མཚུངས་སྐད་དང་ཡི་གེའེ་བར་ཁྱད་དེ་ཡང་ཚད་མི་འདྲ་བའི་ཐོག་ནས་རྒྱང་ཐག་ཇེ་རིང་དུ་ཕྱིན་པ་མ་ཟད། ཐ་ན་ས་ཁད་རིང་བའི་བོད་རིགས་ཕན་ཚུན་དབར་སོ་སོའི་ཡུལ་སྐད་ཀྱིས་གོ་བརྡ་མི་འཕྲོད་པར། ཡུལ་སྐད་གཉིས་ཀར་ཆ་རྒྱུས་ཡོད་པའི་མི་ཞིག་བཙལ་ཏེ་སྐད་སྒྱུར་བྱེད་དགོས་པའི་ཚད་དུ་གྱུར་ཡོད། དེ་ནི་དངོས་འབྲེལ་ཡ་མཚན་ལ་ཡི་མུག་པའི་གནས་ཚུལ་ཐབས་རྡུགས་ཤིག་ལོས་ཡིན། འོན་ཀྱང་ཕྱོགས་གཞན་ཞིག་ནས་དཔྱད་ན་དེ་བས་ངོ་མཚར་ཆེ་བ་ནི། ཕ་ཡུལ་ས་ཐག་ཅི་ཙམ་རྒྱང་བ་དང་ཡུལ་སྐད་གོ་བརྡ་རྩ་བ་ནས་མ་འཕྲོད་ནའང་གཉིས་ཀས་བོད་ཡིག་ཤེས་ཕྱིན་ཕན་ཚུན་ཡིག་ཐོག་ནས་འབྲེལ་བ་བྱེད་སྐབས། སྤྱིར་བཏང་འཚོ་བའམ་ཚོང་འཁོས་འཐབ་ལེན་སྐོར་སོགས་ཀྱིས་མི་ཚད་པར་རིག་གཞུང་དང༌། ཚན་རིག་སོགས་གཏིང་ཟབ་ལ་ཕྲ་ཞིང་ཞིབ་ཚགས་པའི་གོ་དོན་གྱི་རིགས་ཀྱང་ཕན་ཚུན་ཇི་མ་ཇི་བཞིན་བགྲོ་གླེང་ཡང་དག་པ་བྱེད་ཐུབ་ངེས་ཀྱི་མྱོང་ཚོར་ངོ་མ་འདི་ནི། དེ་བས་དགའ་སྤྲོ་དཔག་མེད་དང་སྤོབས་ཉམས་ཆེས་ཆེར་སྐྱེ་བ་ཞིག་ཡིན་ཚོར་བཞིན་ཡོད། དེའི་ཐོག་ནས་རང་རེར་གནའ་རབས་ཀྱི་ཡང་མེས་ཚོས་མི་ལོ་སྟོང་ཕྲག་ལྷག་རིང་བསགས་ནས་བཞག་པའི་ཉམས་མྱོང་སྟེ་ཡིག་སྲོལ་གཅིག་གྱུར་གྱི་འགངས་ཤིན་ཏུ་ཆེ་བའི་རྒྱུ་མཚན་དང༌། ཡུལ་སྐད་ཀྱི་དོ་འཁུར་ཆེན་པོའི་སྒོ་ནས་ཡིག་སྐད་ལ་བརྩི་བཀུར་བྱེད་དགོས་པ་ཡིན་པའི་བློ་སྐྱེད་ཅིག་འཐོབ་ཐུབ་ངེས་ཡིན།

གསུམ། ཐོག་མར་ཡུལ་སྐད་མི་འདྲ་བའི་འབྱུང་ཚུལ་ལ་ཞིབ་བཤེར་ཞིག་བྱེད་དགོས།

    རང་རེས་བོད་ཀྱི་ཁྱབ་ཆེ་བའི་རྒྱུན་སྤྱོད་ཡུལ་སྐད་མི་འདྲ་བ་གལ་ཆེ་རིགས་ལ་དེའི་འབྱུང་ཁུངས་འཚོལ་ཐབས་ཀྱི་ཞིབ་འཇུག་མང་ཙམ་བྱས་ཏེ་ཡིག་སྲོལ་གྱི་ཐོག་ནས་དབྱེ་ཞིབ་གང་ཐུབ་བྱ་རྒྱུ་དེ་ཡང༌། སྐད་ཡིག་དབར་གྱི་འབྲེལ་བ་དམ་དུ་གཏོང་རྒྱུར་ཕན་པ་ངེས་གཏན་ཡོང་སྲིད་སྙམ། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་བརྡ་བོད་སྐད་ནང་འདྲེས་རིགས་ཕུད། བོད་རིགས་རང་གི་ཁ་སྐད་ཡིན་ཕྱིན་མང་པོ་ཞིག་ཡིག་སྲོལ་གྱི་སྒྲ་དོན་ཐོག་ནས་སྐད་ཡིག་གི་འབྲེལ་བ་ངེས་ཅན་ཞིག་འཚོལ་ཐུབ་སྙམ། དཔེར་ན་བོད་རིགས་ཡོངས་ཀྱི་ཁ་སྐད་ནང་རྟག་ཏུ་སྤྱོད་མང་ཤོས་ཀྱི་”ཡིན”་དང་”མིན་”ཞེས་པའི་གོ་དོན་མཚོན་བྱེད་དེ་ལ། ལྷ་ས་ལྟེ་བར་བྱས་པའི་དབུས་ཁུལ་དང༌། བོད་བྱང་རྒྱུད་ཀྱི་འབྲོག་ཁུལ་ཆེན་པོ། ཁམས་ཕྱོགས་དང༌། མདོ་སྨད་ཀྱི་ས་ཁུལ་སོགས་བོད་རིགས་ཆེས་མང་བ་གནས་སའི་ཡུལ་སྐད་ལ་”རེད་མ་རེད་”ཅེས་ཟེར་བ་དང༌། གཞིས་ཀ་རྩེ་ལྟེ་བར་བྱས་པའི་རྒྱལ་རྩེ་སོགས་ཡར་ཆབ་གཙང་པོའི་ལྷོ་རྒྱུད་གཙང་སྨད་ཁུལ་དང༌། ལྷོ་ཁ། ཡར་འབྲོག སྙེ་མོ་སོགས་ཀྱི་ས་ཁུལ་མི་ཉུང་བ་ཞིག་གི་ཡུལ་སྐད་ལ་ནི།”འབས་མ་འབས་”སམ་”འབགས་མ་འབགས་”ཞེས་ཟེར་ཞིང༌། ཡང་ལ་སྟོད་ལྷོ་ཁུལ་དིང་རི་དང་ཤེལ་དཀར་ཁུལ། ས་སྐྱ། ལྷ་རྩེ། བོ་དོང༌། ཤབ་གཞུང་སོགས་ས་ཁུལ་ཁག་ཅིག་གི་ཡུལ་སྐད་ལ། “འདེད་མ་འདེད་”ཅེས་ཟེར་བ་ཡིན། དེ་མིན་ཀོང་པོ་ཁུལ་དང༌། སྐྱིད་གྲོང་སོགས་རོང་མཚམས་ས་ཁུལ་ཁ་ཤས་སུ། “ཡིན་”དང་”མིན་” ཞེས་ཡིག་སྐད་སོར་བཞག་སྨྲ་བའང་སྣང༌། གོ་དོན་གཅིག་མཚུངས་ཡིན་པའི་ཡུལ་སྐད་མི་འདྲ་བ་དེ་དག་ཕར་བལྟས་ན་ཕན་ཚུན་སྒྲ་སྦྱོར་ལ་འབྲེལ་བ་མེད་པ་མ་ཟད། ཐད་ཀར་དཔྱོད་སྐབས་དེ་དག་གི་ཡི་གེའི་གོ་དོན་ཡང་དོན་མཚུངས་ཤིག་འགྲེལ་དཀའ་ལ་དག་ཡིག་དང་ཚིག་མཛོད་ཀྱི་ནང་ནས་ཀྱང་ཁུངས་ལྡན་ཞིག་རྙེད་མི་ཐུབ། འོན་ཀྱང་ཞིབ་ཏུ་བསམས་ཤིང་ཡིག་སྲོལ་ཐོག་ནས་སྒྲ་དོན་ལ་རྟོག་དཔྱོད་ཀྱིས་རིགས་འདེད་བྱེད་སྐབས་ཁོ་བོའི་ངོས་འཛིན་ལྟར་ན། “རེད་མ་རེད་” ཅེས་པ་དེ་ནི་བརྡ་རྙིང་དུ་”རིགས་མི་རིགས་” ཞེས་པ་སྒྲ་ཟུར་ཆག་པ་དང༌། དེ་བཞིན་”འབས་མ་འབས་” སམ་”འབགས་མ་འབགས་” ཞེས་པ་དེའང་དང་ཐོག་ཡིག་སྐད་ལ་བྱ་བའམ་དོན་དེའི་ཐོག་ཏུ་”འབབ་མི་འབབ་”ཅེས་པ་སྒྲ་ཟུར་ཆག་ནས་བྱུང་བ། “འདེད་མ་འདེད་” བྱ་བ་དེ་ནི་གང་བརྗོད་བྱའི་དོན་དེ་ཁས་ལེན་དང་མི་ལེན་གྱི་བརྡ་མཚོན་ཞིག་སྟེ་དཔེར་ན་དེང་སང་ཡང་ཆོས་ཀྱི་རྩོད་གྲྭར་ཁས་ལེན་སྐད་”འདོད་ལགས་”ཞེས་རྗོད་བཞིན་པ་ལྟར་བརྡ་རྙིང་གི་”འདོད་མི་འདོད་”ཅེས་པ་སྒྲ་ཟུར་ཅུང་ཟད་ཆག་པ་བཅས་ཡིན་པའི་འདོད་ཚུལ་ཡོད། རྩ་བའི་མི་རིགས་ཀྱི་སྐད་ཡིག་འབྱུང་ཁུངས་གཅིག་ལས་མཆེད་པར་བརྟེན་ཡུལ་སྐད་ཕན་ཚུན་དབར་ཧེ་བག་ཆེ་ཆེ་ལྟར་སྣང་རུང༌། སྐད་བརྡ་མི་མཐུན་པ་མང་པོ་ཞིག་ཡི་གེའི་སྒྲ་དོན་ཐོག་ནས་བརྗོད་བྱ་དང་རྗོད་བྱེད་ཀྱི་འཇུག་ཡུལ་སོ་སོར་དབྱེ་ཞིབ་བསྡུར་འཚོལ་བྱ་དགོས་པ་དེ་རིགས་རྫོགས་མཐའ་མེད་པ་ཞིག་ཡོད་ཅིང༌། ས་ཁུལ་བྱེ་བྲག་པ་རེ་རེ་བྱས་ནས་ཡུལ་སྐད་ལ་ཡིག་སྲོལ་དང་འབྲེལ་ཏེ་ཞིབ་འཇུག་བྱ་རྒྱུ་ནི་དེ་བས་ཀྱང་བརྗོད་ཀྱིས་མི་ལང༌། དཔེར་ན། ལྷ་ས་ཁུལ་གྱི་ཡུལ་སྐད་ལ་ཆ་མཚོན་ན་འདྲི་ཚིག “བྱུང་ངས།” “འདུག་གས།” “སྦྱར་རས།””བཀབ་བས།” “ཉལ་ལས་”ཟེར་བ་སོགས་ནི། ཡིག་སྲོལ་གྱི་བྱུང་ངམ། འདུག་གམ། སྦྱར་རམ། བཀབ་བམ། ཉལ་ལམ་ཞེས་པའི་རྗེས་འཇུག་མ་ཡིག་ཟོར་ཡང་བར་བརྗོད་པས་སྒྲ་ཅུང་ཟད་ཉམས་པ་རྟོགས་སླ་ཞིང༌། འོན་ཀྱང་རྗེས་འཇུག་གཞན་ལྔའི་འདྲི་ཚིག་ནི་གོང་ལྟར་བརྗོད་མི་བདེ་བས་མིང་མཐར་པ་སྒྲ་བསྣན་ཏེ་རྗེས་འཇུག་པས་འདྲི་ཚིག་གོང་བཞིན་མཚོན་པར་བྱས་སྟབས། “བསྡད་པས།” “ཉན་པས།” “བཀྲམ་པས།””བྱས་པས་”ཟེར་བ་ལྟ་བུ་བྱུང་བ་ཡིན། གཞན་ཡང་བྱེད་ཚིག་ད་ལྟ་བ་ལ་”‘རྒྱག་གིད།” “གསུང་གིད།” “ཤོད་ཀིད།” “འདོན་གིད།” “ལབ་ཀིད།” “འགྲེམ་ཀིད།” “ཤར་གིད” “ཡལ་གིད།””ཤེས་ཀིད་”ཟེར་བ་འདི་རིགས་ནི་བརྗོད་བདེ་དྲངས་ནས་མྱུར་སྟབས་སུ་སྨྲ་བ་ཇེ་མགྱོགས་སུ་སོང་བའི་དབང་གིས་དོན་ལ། རྒྱག་གི༷ན་འདུག གསུང་གི༷ན་འདུག ཤོད་ཀྱི༷ན་འདུག འདོན་གྱི༷ན་འདུག་ཅེས་སོགས་ལྟ་བུ་ཡིན་པར་ཚིག་གཉིས་པའི་རྗེས་འཇུག་ན་ཡིག་དང་སྨད་འདོགས་ཡོད་རིགས་མིང་གཞིའི་ཡི་གེར་ཐིམ་ཞིང༌། ཚིག་གསུམ་པའི་སྔོན་འཇུག་དང་རྗེས་འཇུག་དབྱངས་ཨུ་བཅས་མིང་གཞི་ད་ཡིག་ལ་ཐིམ་པ་མ་ཟད། ད་ཡིག་དེ་ཚིག་གཉིས་པའི་རྗེས་འཇུག་ལྟ་བུར་མདུན་དུ་ནུར་བ་ལས་སྒྲ་དེ་ལྟར་ཐོན་པ་བཅས་དེ་རིགས་ནི་བོད་ཀྱི་སྐད་དང་ཡི་གེའི་དབར་རིམ་བཞིན་ཁྱད་པར་ཤོར་སྟངས་ཀྱི་རྒྱུ་མཚན་ངོ་མ་ཞིག་ཡིན་པའི་དཔེ་མཚོན་ཙམ་བརྗོད་པ་འདི་འདྲ་བ་རྫོགས་རྒྱུ་མེད་པ་ཞིག་མཆིས་པས་འདི་ཙམ་ཡང་བོད་ཀྱི་སྐད་ཡིག་ཞིབ་འཇུག་གནང་མཁན་ཚོར་དཔྱད་གཞི་དང་སྙན་སྐུལ་དུ་ཕན་ནམ་སྙམ། འོན་ཀྱང་བོད་ནས་ཕྱི་རྒྱལ་དུ་བྱོན་པའི་མཁས་པ་ཞིག་གིས་གོང་དུ་བཤད་མ་ཐག་པའི་ཡུལ་སྐད་དེ་ལ་”གསུང་བགྱི་འདུག””གནང་བགྱི་འདུག་”ཟེར་དགོས་པར་ངོས་འཛིན་གནང་འདུག་ཀྱང༌། ཚིག་དོན་དང་ཡིག་སྲོལ་གང་ཅི་ནས་འཐད་པར་མ་མཐོང་མོད། རྣམ་དཔྱོད་དང་ལྡན་པ་དག་གིས་དཔྱད་གཞི་མཛད་རྒྱུར་ཞུས་པ་ལགས།
གཞན་ཡང་ལྷ་སའི་ཡུལ་སྐད་ཀྱི་ཚིག་མཇུག་ཏུ་”འདུག་”ཟེར་ཚད་ལ་གོང་ལྟར་མིང་གཞི་ད་ཡིག་རྗེས་འཇུག་ཏུ་ནུར་བ་ཡང་མ་ངེས་ཏེ། དཔེར་ན། “དངོས་པོ་འདི་ཡག་གག” “འདི་ཡང་ངག” “འདི་དཀར་རག” “འདི་དལ་ལག་”ཟེར་བ་ལྟ་བུ་སྟེ། ཡག་པ་འདུ༷ག ཡང་བ་འདུ༷ག དལ་བ་འདུ༷ག དཀར་བ་འདུ༷ག་ཅེས་པའི་མིང་མཐའི་པ་བ་བསྡུས་པའི་ཚབ་ཚིག་སྔ་མའི་རྗེས་འཇུག་ལ་འདུ༷ག་ཟེར་བའི་རྗེས་འཇུག་ག་སྦྱར་ནས་སྒྲ་དེ་ལྟར་ཐོན་པ་དང༌། ཡང༌། “དྲིས་ན་ཤོད་པག” “འདི་བརྟན་པག” “བྱེད་ཐུབ་པག” “འདི་དམ་པག” “འདི་རྒྱས་པག་”ཟེར་བ་སྟེ། དོན་ལ་དྲིས་ན་ཤོད་པ་འདུག བརྟན་པ་འདུག ཐུབ་པ་འདུག དམ་པ་འདུག རྒྱས་པ་འདུག་ཅེས་པ་སོགས་མིང་མཐའི་པ་བར་ཚིག་མཐའ་མ་འདུག་གི་རྗེས་འཇུག་ག་ཡིག་སྦྱར་ནས་དེ་ལྟར་སྨྲ་བ་སོགས་མཐའ་ཡས་ཀྱང༌། ཁ་སྐད་དེ་རིགས་ལ་གང་ལྟར་ཡིག་སྐད་འགྱུར་ཚུལ་གྱི་འགྲེལ་བཤད་བྱེད་ཐུབ་པ་ལྟ་བུ་ཡིན།
དེ་མིན་ལྷ་ས་ཁུལ་དུ་ཞབས་བྲོ་ལ་”ཞབས་རོ་”དང༌། འདྲ་པོ་ལ་”ར་པོ་”ཟེར་བ་སོགས་མིང་གཞིའི་ཡི་གེ་བག་ལ་ཞ་ནས་སྨད་འདོགས་ཀྱི་སྒྲ་གཙོ་བོར་འདོན་པའམ། ཡང་ལ་ལར་དེ་ལས་ལྡོག་སྟེ་ཕྲ་པོ་ལ་”ཕ་པོ།” བྲག་ལ་”བག་”ཅེས་པ་སོགས་མིང་གཞི་ཁོ་ནའི་སྒྲ་ཕྱུངས་ཏེ་འདོགས་ཅན་བག་ལ་ཞ་བ། བྱེད་འབྲེལ་གྱི་སྨད་འདོགས་ཀྱང་དེ་དང་འདྲ་བ་དཔེར་ན། “དངུལ་གི༷་ཕོར་པ།” “གསེར་གྱི་སོར་གདུབ་ཁྱེད་ཀི༷ས་གནང༌།” “གཞན་གི༷ས་ཁྱེར།” “རྒྱབ་ཀི༷་རི་བོ།” “སྲམ་གི༷ས་ཉ་བསད་”ཟེར་བ་ལྟ་བུ་དང༌། དེ་བཞིན་ཡར་ལ་”ཡའ་”དང་མར་ལ་”མའ།” ཕར་ལ་”ཕའ།” ཚུར་ལ་”ཚུའུ་”ཟེར་བ་སོགས་རིམ་བཞིན་སྒྲ་ཟོར་ཇེ་ཡང་དུ་གྱུར་ནས་རྗེས་འཇུག་གི་སྒྲ་ནུས་འགྱུར་བ་ལ་སོགས་ཡུན་རིང་གོམས་པའི་ཤུགས་ཀྱིས་ཁ་སྐད་ནང་ཡི་གེའི་སྒྲ་ཟུར་ཉམས་པ་ཤིན་ཏུ་མང་བ་འདི་རིགས་ལ་ཡུལ་ཕྱོགས་སོ་སོའི་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་འབྲེལ་གསལ་བཤད་ངོ་སྤྲོད་རྒྱ་ཆེར་མཛད་ན། སྐད་ཡིག་གཞི་གཅིག་ལས་ཐ་དད་མ་ཡིན་པའི་འབྲེལ་བ་གསལ་རྟོགས་ཡོང་བ་དང༌། འབྱུང་འགྱུར་སྐད་དང་ཡི་གེའི་བར་ཐག་ཇེ་ཉེར་བསྒྱུར་རྒྱུའི་སྔོན་འགྲོའི་ཆ་རྐྱེན་སྐྲུན་ཐབས་སམ། མི་རྣམས་ཀྱིས་བྱ་གཞག་དེ་སྒྲུབ་ཐུབ་པའི་ཡིད་ཆེས་དང་སྤྲོ་སེམས་ལ་སྐུལ་མ་ཐེབས་པ་སོགས་ཀྱི་ཕན་ཆ་འདྲ་ཡོང་སྲིད་དམ་སྙམ།

བཞི། བོད་ཡིག་གི་ཀློག་སྒྲ་སྐྱོན་བྲལ་ཡོང་བར་ཤུགས་རྒྱག་དགོས།

    རང་རིགས་ཀྱི་ཡི་གེའི་ཀློག་སྒྲ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱིས་མི་རབས་རྗེས་མ་རྣམས་སྐྱོན་བྲལ་ངང་གསོ་སྐྱོང་ཐུབ་ཐབས་བྱ་རྒྱུ་འདི་ནི་སྣང་ཆུང་རྩ་བ་ནས་བྱ་རྒྱུ་མེད་པའི་དོན་འགངས་ཆེ་བ་ཞིག་ཡིན། ཇི་སྐད་དུ་ཡང༌། “བསླབ་ལ་བརྩོན་པའི་གང་ཟག་གིས། ཐོག་མར་ང་རོ་རྣམས་ལ་སྦྱངས་”ཞེས་གསུངས་པ་ལྟར་འདི་ནི་ཤེས་རིག་ཐམས་ཅད་ཀྱི་རྩ་བ་ལེགས་པར་འཛུགས་པ་ལ་ཁང་བཟང་བསྐྲུན་པའི་རྩིག་རྨང་ལྟ་བུ་ཡིན་པ་མ་ཟད། བོད་ཀྱི་སྐད་དང་ཡི་གེའི་རྒྱང་ཁྱད་ཇེ་ཆུང་དུ་འགྱུར་བར་ཡང་གལ་ཆེའི་ནུས་པ་ལྡན་ཡོད་སྙམ། དེང་སྐབས་བོད་རིགས་ཀྱི་ཁ་སྐད་གཅིག་གྱུར་ཡོང་ཐབས་ཀྱི་སྐོར་ལ་རང་རིགས་མང་པོས་གྲོས་འགོ་དང༌། འདོད་ཚུལ། འཆར་གཞིའི་རྩོམ་ཡིག་སོགས་མི་ཉུང་བ་ཞིག་འདོན་སྤེལ་གནང་བ་ལྟར་བོད་ཀྱི་སྤྱི་སྐད་ཚད་ལྡན་ཞིག་ཁྱབ་སྤེལ་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ཡོང་ངེས་སྨོས་མ་དགོས་མོད། འོན་ཀྱང་བྱ་བ་རླབས་པོ་ཆེ་དེ་ལྟ་བུ་མངོན་དུ་འགྱུར་རྒྱུ་ནི་དཀའ་ཚེགས་ཆེ་ལ་དུས་ཡུན་རིང་བའི་ཕུགས་འདུན་ཞིག་ཡིན་སྙམ། སྔོན་ལ་རང་རེས་བོད་ཡིག་གི་ད་ཡོད་ཀློག་སྒྲ་གང་དག་གཅིག་གྱུར་ཞིག་ཡོང་ཐབས་ལ་དོ་སྣང་དང་འབད་འཐབ་བྱ་དགོས་ངེས་ཡིན་ལ། ཐོག་མར་རང་ལྗོངས་སུ་མཚོན་ན་བྱེད་ཐུབ་པ་ཞིག་ཀྱང་ཡིན་སྙམ། དེ་ལྟར་བྱེད་པ་ལ་ཁོ་བོའི་རྨོངས་འཆར་ལྟར་ན་དང་ཐོག་ཅུང་ཁྱབ་ཆེ་བའི་ཡུལ་སྐད་མི་འདྲ་བ་སོ་སོར་ཞིབ་བཤེར་ཞིག་བྱས་ན་ཡུལ་སྐད་ཀྱི་ཤན་ཞུགས་གོམས་གཤིས་སུ་གྱུར་པའི་རྐྱེན་གྱིས་ཡི་གེའི་ཀློག་སྒྲ་དག་པར་འདོན་པ་ལ་ཤུགས་རྐྱེན་ངན་ཐེབས་རིགས་མང་ཉུང་ལ་མ་ལྟོས་པ་ཞིག་ཡུལ་སྐད་ཚང་མར་ཡོད། དེ་ནི་ལེ་ཚན་གོང་མར་བརྗོད་པའི་ཁ་སྐད་ཐོག་སྒྲ་ཟུར་ཉམས་པ་དེ་ཚོ་དང་མི་འདྲ་བར་ཡིག་སྲོལ་ལ་གནོད་འཚེ་ཡོང་གཞི་ཤ་སྟག་ཡིན། དེ་རིགས་བདག་རང་གི་དྲན་ཚོད་འགའ་ཞིག་དཔེ་མཚོན་ཙམ་དུ་ཞུ་ན། གཙང་ཁུལ་དུ་ཡུལ་སྐད་ཀྱི་ཤན་ཞུགས་པས་བལ་ལ་”བའ་”ཞེས་ཀློག་པ་དང༌། རྒྱལ་ལ་”རྒྱའ་”སོགས་མདོར་ན་རྗེས་འཇུག་ལ་སྦྱར་བ་ཚང་མར་”འ་”སྒྲ་ལྟ་བུ་འདོན་པ། ཁམས་ཁུལ་དུ་ཡུལ་སྐད་ཀྱི་ཤན་ཞུགས་ནས་ཀྱ་ཁྱ་གྱ་སོགས་ལ་”ཅ་ཆ་ཇ་”ཟེར་བ་ལྟ་བུ་འདོན་པ་དང༌། ཅི་ཞེས་པའི་སྤྱི་སྒྲ་ལ་”ཆི་”ཞེས་ཀློག་པ། འབྲོག་ཁུལ་མང་པོར་བོད་ཅེས་པར་”བོགས་”ཟེར་བ་ལྟ་བུ་འདོན་པ་དང༌། དོན་ཞེས་པ་ལ། “དའོངོ་”ཟེར་བ་འདྲ་ཞིག་འདོན་པ་སྟེ་མདོར་ན་རྗེས་འཇུག་ད་ན་ཡོད་རིགས་སྒྲ་ཇི་བཞིན་འདོན་དཀའ་བ། ཀོང་པོ་ཁུལ་གང་ཟག་གི་སྤྱི་སྒྲ་སུ་ཞེས་པར་”སི་”ཟེར་བ་ལྟ་བུ་འདོན་པ། དཔོན་པོ་ཞེས་པར་ཡང་”དཔེན་པོ་”ཟེར་བ་སོགས་ལྟ་བུ་དང༌། གཞི་རྐང་བོད་ཡིག་ལ་”བ་ཕྱེད་ཝ་རུ་འབོད་”ཅེས་པའི་སྤོམ་ཚིག་ཅིག་གྲགས་པ་ལྟར་སྤྱིར་བཏང་“བ་”ཡིག་མིང་ཚིག་གི་ཐོག་མར་བྱུང་རིགས་ལ་རང་འདོན་པ་དང་མིང་མཐར་བྱུང་ན་“ཝ་”ཞེས་འབོད་པ་ཡིན་མོད། འོན་ཀྱང་ཨ་མདོ་ས་ཁུལ་འགར་བོད་ཅེས་པ་ལའང་“ཝོད་”ཅེས་འདོན་པ་སོགས་ཡུལ་སྐད་སོ་སོའི་ཤན་ཞུགས་པས་ཡི་གེའི་ཀློག་སྒྲ་མི་དག་པ་དེ་དང་དེ་འདྲ་བའི་སྐྱོན་ཆ་ཇི་སྙེད་ཅིག་མུ་འབྱམས་སུ་གནས་པ་མ་ཟད། ཡིག་རྨོངས་སེལ་བ་དང་དུས་མཚུངས་སྒྲ་སྐྱོན་རྒྱ་ཆེར་ཁྱབ་བཞིན་ཡོད། དེང་སྐབས་ཁྱབ་ཆེ་ཤོས་སུ་འགྲོ་བཞིན་པའི་“དབུས་སྐད་”དམ་“ལྷ་སའི་སྐད་”ཅེས་པ་འདི་ལ་རྒྱལ་ཁབ་ཕྱི་ནང་ནས་ཚད་ལྡན་བོད་སྐད་དུ་བརྩི་བའི་བསྔགས་བརྗོད་དང༌། དང་ཞེན་གནང་མཁན་གང་སར་མཐོང་ཐོས་བྱུང་བ་དེ་རྒྱུ་མཚན་མེད་པ་ག་ལ་ཡིན་མོད། འོན་ཀྱང་ཡུལ་སྐད་དེ་སྨྲ་མཁན་རྣམས་ཀྱིས་སྤོབས་པ་བྱེད་འོས་ཤིག་གཏན་ནས་མེད། ལྷ་སའི་ཡུལ་སྐད་ཀྱི་ཤུགས་རྐྱེན་ཐེབས་པ་ལས་ཡི་གེ་ཀློག་སྒྲ་མི་དག་པ་འགའ་ཞིག་ཐོན་ཞིང་འཕེལ་བཞིན་པ་འདི་དག་དོ་སྣང་དེ་བས་ཆེ་ཙམ་བྱ་དགོས། དཔེར་ན་གསལ་བྱེད་སྡེ་པ་ཕྱེད་དང་བརྒྱད་ཀྱི། དང༌། གཉིས། གསུམ། ལྔ་བཅས་ཀྱི་མིང་གཞིའི་ཡི་གེ་གསུམ་པ་མོ་ཡིག་སྟེ། ག ཇ། ད། ཛ་རྣམས་འདོན་སྐབས་ལྷ་སའི་ཡུལ་སྐད་ཀྱི་ཤན་ཞུགས་པས་“རྒ། རྗ། རྡ། རྫ་”ཞེས་སྒྲ་ལྕི་བར་བཀླགས་སྟབས། ཇི་ལྟར་ལ་“རྗི་ལྟར་”དང༌། ད་ག་རང་ལ་“རྡ་ག་རང༌།” ཛ་དྲག་ལ་“རྫ་དྲག་”ཟེར་བ་སོགས་ཀྱི་སྒྲ་སྐྱོན་ཐོན་བཞིན་པ་དང༌། ཡང་མིང་གཞི་གོང་གསལ་གྱི་ཡི་གེ་རྣམས་ལ་སྔོན་འཇུག་གམ་མགོ་ཅན་སྦྱོར་སྐབས་སོ་སོའི་ཀློག་སྒྲ་ལྕི་བར་འགྱུར་དགོས་རུང༌། ལ་ལར་དེ་ལས་ལྡོག་སྟེ་སྒྲ་ཡང་བར་གྱུར་ནས་དཔེར་ན། དགྲ་བོ་ལ་”གྲ་བོ་”དང༌། སྒྲ་དག་པོ་ཞེས་པར་“གྲ་དག་པོ་”ཟེར་བ་སོགས་སྒྲ་ལྕི་ཡང་གོ་ལྡོག་པ་སོགས་ཀྱི་སྐྱོན་ཆ་དུ་མ་ཡོད་པ་རང་ཅག་ཚང་མས་ཞིབ་ཚགས་འབད་པ་ཆེ་བསྐྱེད་ཀྱིས་སེལ་ཐབས་ནན་ཏན་ངེས་པར་གནང་དགོས་པ་འདུག དེར་བརྟེན་ལྗོངས་ཡོངས་རང་བཞིན་ལྡན་པའམ། ཡང་ན་ཁུལ་ཡོངས་རང་བཞིན་ལྡན་པའི་དགེ་འོས་སློབ་གྲྭ་དང་དགེ་འོས་འཛིན་གྲྭ་སོགས་ཀྱིས་གཙོ་འགན་འཁུར་ཏེ་བོད་ལྗོངས་ཀྱི་ས་གནས་སོ་སོའི་ཡུལ་སྐད་བྱེ་བྲག་པ་རེ་རེ་བཞིན་གྱི་ཤན་ཞུགས་ལས། ཡི་གེའི་ཀློག་སྒྲ་ཡང་དག་པར་འདོན་པ་ལ་བསླད་སྐྱོན་ཐེབས་གཞིའི་རིགས་ཆེ་ཕྲར་མ་བལྟོས་པར་ཇི་ཡོད་ས་གནས་སོ་སོ་ནས་བསྡུས་པའི་དགེ་འོས་སློབ་མ་རྣམས་ཀྱི་ཀློག་སྒྲ་ལ་དམིགས་བསལ་གྱི་སྒྲ་སྐྱོན་ཆེ་ཕྲ་གང་དང་གང་མཆིས་པ་རེའུ་མིག་གསལ་འགོད་དང་འབྲེལ་ཐོག་མར་དགེ་རྒན་འོས་སྦྱོང་བ་རེ་རེ་བཞིན་ནས་རང་རང་ཡུལ་སྐད་ཀྱི་སྐྱོན་གསལ་རྟོགས་ཀྱིས་གཙང་སེལ་དང༌། སླད་ས་གནས་སོ་སོར་སློབ་ཆུང་ནས་བཟུང་ཡུལ་སྐད་ཀྱི་ཤན་ཞུགས་པའི་ཡི་གེའི་སྒྲ་སྐྱོན་སེལ་ཐབས་རྒྱུན་འཁྱོངས་བྱེད་ཐུབ་ན། འབྱུང་འགྱུར་བོད་ཡིག་གི་སྒྲ་སྦྱོར་ཉམས་ལད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་དང༌། ཡི་གེའི་ཀློག་སྒྲ་གཅིག་གྱུར་ཡོང་རྒྱུར་ནུས་པ་ཆེན་པོ་འདོན་ཐུབ་རྒྱུ་མ་ཟད། སླད་བོད་ཀྱི་ཁ་སྐད་དང་ཡི་གེའི་བར་ཁྱད་རིམ་བཞིན་ཇེ་ཉེར་འགྱུར་བ་ལའང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཕན་འབྲས་ངེས་གཏན་ཞིག་འཐོབ་ཐུབ་སྙམ་པ་བཅས་རང་བློའི་རྨོངས་འཆར་ཐོར་བུ་འགའ་ཞིག་ཟོལ་མེད་ཀྱི་ཚུལ་དུ་གསོལ་བ་ལགས་ཤིང༌། འོན་ཀྱང་རང་ཉིད་སྐད་ཡིག་རིག་པའི་སྦྱོང་བརྡར་དང༌། སྐད་ཡིག་སློབ་གསོའི་ཉམས་མྱོང་སོགས་ཅི་ཡང་མེད་ཁར། ད་ཆ་ལོ་ན་དང་ཤེས་རིག་གཉིས་ཀ་དུས་མཉམ་དུ་ཉམས་རྒུད་གྱུར་པས་དོན་ཕན་གྱྀ་འབྲས་བུ་འབྱུང་དཀའ་བ་མ་ཟད། སྐྱོན་དང་ནོར་འཁྲུལ་གྱི་ལོང་གཏམ་མི་ཉུང་བ་ཞིག་ཡོང་ངེས་ལ་སྐྱོན་བརྗོད་སློབ་སྟོན་ནན་ཏན་གནང་སྐྱོངས་ཞེས་ཞུ་རྒྱུ་ཡིན།

དཔྱད་རྩོམ་འདི་ནི། <<བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས>>ཞེས་པ་ལས་ཁོལ་དུ་ཕྱུང་སྟེ་བཀོད།

(ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ནི། སྤྱི་ལོ་༡༩༢༢ ལོར་བོད་ལྗོངས་ལྷ་རྩེ་རྫོང་དུ་སྐུ་འཁྲུངས། བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཀྱི་ཀྲུའུ་རེན་གཞོན་པའི་འགན་བཞེས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་པར་བསྐྲུན་ཞུས་ཡོད།)