ཨ་ཚོགས་བསྟན་འཛིན་འཇམ་དབྱངས།
དང་པོ། ཐོག་མའི་གླེང་བསྡུས།
༄༅། །ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་གི་གོ་ལ་འདིའི་ཐོག་སྲོག་འཚོ་གནང་བའི་ང་ཚོ་མི་ཡིན་ནོ་ཅོག་ལ། ཆོས་ལུགས་སམ་གྲུབ་མཐའ་གང་ཞིག་ལ་སྐྱབས་འཚོལ་རེ་བཅོལ་ཡོད་མེད་ཀྱི་སྡོམ་ཚིག་སྤྱིར་བཏང་བ་ཞིག་བརྒྱབ་ཚེ། བརྒྱ་ཆའི་དགུ་བཅུ་གོ་དགུ་ཆོས་ལུགས་འདྲ་མིན་གང་ཞིག་གིས་བཀོད་འདོམས་དང་སྟངས་འཛིན་འོག ལྟ་སྤྱོད་ཡུལ་གོམས་ཀྱིས་མཚོན་པའི་སྤྱི་བྱེའི་འཚོ་གནས་སོགས་ལ་འབད་སྒྲུབ་བྱེད་བཞིན་ཡོད་པ་ནི་སྤོབས་པ་གཟེངས་སུ་བཏེགས་ནས་བཤད་ཆོག དེ་ལྟའི་ཆོས་ལུགས་ཀྱི་གྲལ་རིམ་ནང་ཆོས་ལུགས་པ་དཀྱུས་མ་དག་མ་ཐེ་བའི་ཕྲ་ཞིབ་ཀྱི་རྣམ་དཔྱོད་མཐོ་བ་བྱིངས་ཀྱིས་རང་རང་གི་ལུགས་ཀྱི་སྟོན་པ་དང༌། གྲུབ་མཐའི་གནད་དོན་ཁག་གཏན་ཚིགས་ཡང་དག་དང་ལྟར་སྣང་སྟེ། གང་ལྟར་རྒྱུ་མཚན་ཞིག་གི་སྒོ་ནས་གཏན་ལ་འབེབས་ཀྱིན་ཡོད་པ་སྨོས་ཅི་དགོས། དེ་ཕྱིར། རང་རེའི་ནང་བསྟན་ཆོས་ལུགས་པ་ལྟ་བུར་མཚོན་ན། རྒྱ་གར་གྱི་ཚད་ཐུབ་མཁས་གྲུབ་སྤྱི་དང༌། ལྷག་པར་ཀླུ་སྒྲུབ་ཡབ་སྲས་དང་རིགས་པའི་དབང་ཕྱུག་སོགས་ཀྱིས་སྟོན་པ་ཚད་མར་སྒྲུབ་པའི་དྲང་བདེན་ངེས་དོན་གྱི་རིགས་པའི་རྣམ་གྲངས་ཆེས་མང་པོ་ཞིག་གསུངས་ཡོད་པ་སུས་ཀྱང་བསྙོན་དུ་མེད། ཕྱོགས་མཚུངས་བོད་རང་གི་སྔོན་བྱོན་མཁས་གྲུབ་དག་གིས་ཀྱང་འཕགས་ཡུལ་མཁས་པའི་གསུང་དེ་དག་གཞིར་བཟུང་ཐོག་མི་གསལ་བ་གསལ་བ་དང༌། མ་ཚང་བ་ཚང་བ། ཡན་ལག་ཁ་སྐོང་བ་སོགས་ཀྱིས་འཐུས་སྒོ་ཇེ་ཚང་དུ་བཏང་བའི་དཔྱད་གཏམ་དང་ཡིག་འཇོག་སྤེལ་གནང་མཛད་པའང་གྲངས་ཀྱིས་མི་ལང༌། དེ་ལྟ་ནའང་དེང་ཆར་རང་རེའི་བོད་མིའི་སྤྱི་ཡོངས་ཀྱི་བབ་ལ་གཞིགས་ཚེ་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སྦྱངས་བརྩོན་དོ་སྣང་བྱེད་པ་ནི་ཆེས་ཉུང་ཞིང༌། སྲོལ་རྒྱུན་ནང་བསྟན་རིག་པའི་གནད་དོན་ཁག་ལ་དུས་རབས་དང་མཐུན་པའི་དཔྱད་གཏམ་སྤེལ་བ་ནི་དེ་བས་ཀྱང་སྲིད་མཐའ་ཙམ་དུ་གནས་པ་མྱོང་བས་གྲུབ། གནས་ཚུལ་འདིའི་འོག་ནས་ད་དུང་སློབ་དཔོན་གྱི་གོ་གནས་འཛིན་པ་འགས། རང་གིས་འཆད་པའི་བརྟུལ་ཞུགས་ལས་དཔྱད་གཏམ་དང་ཡིག་འཇོག་སྤེལ་བ་དགག་བྱར་འཛིན་པར་མ་ཟད། གཞན་དང་གཞན་ལའང་དཔྱད་རྩོམ་མཛད་པར་དམའ་འབེབས་དང་སྔོན་འགོག་གནང་བ་ནི་རྩོམ་རིགས་དང་རྒྱལ་བསྟན་འཕེལ་རྒྱས་སུ་འགྲོ་བའི་འགལ་རྐྱེན་སྔ་ན་མེད་པ་ཞིག་སྟེ། དཔེར་ན། དེང་སང་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་སོ་སོའི་ནང་རྒྱུ་སྤུས་དག་ཚད་ལ་མ་ལྟོས་པར་དཔྱད་བརྗོད་རྩོམ་ཡིག་དང་གཙོར་འབྲེལ་གྱི་སྣ་མང་རྩོམ་ཡིག་གང་ཅི་སྤེལ་བ་ནི་སློབ་གྲྭ་དེ་དང་དེ་འཕེལ་རྒྱས་ཀྱི་རྣམ་པར་ངོས་འཛིན་གནང་བཞིན་པ་དང༌། དེ་མཚུངས་རང་ཅག་གིས་འདས་པའི་དུས་རབས་གང་ཞིག་གི་ནང༌། རྒྱལ་བསྟན་དར་བ་དང་རྩོམ་རིགས་འཕེལ་རྒྱས་སུ་སོང་ཡོད་མེད་དཔག་བྱེད་ཀྱི་དན་རྟགས་གཙོ་བོ་ནི། སྐབས་དེ་དང་དེར་ཆོས་པའི་གྲངས་ཀ་ཙམ་ལ་མི་ལྟ་བར་གཏན་འབེབས་ཀྱི་ཡིག་འཇོག་གནང་བའི་མཁས་དབང་བྱོན་མ་བྱོན་ལ་ཐུག་འདུག དེ་ཡང༌། ད་ལྟ་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པའི་གསུང་རྩོམ་བྲག་རི་ལ་འགྲན་པ་དག་གིས་ཚོད་དཔག་བྱེད་ཀྱིན་ཡོད། གླིང་ཆེན་འདིའི་ཕྱོགས་སྣེ་ཡོངས་ནས་བཤད་ན། ཚན་རིག་རིག་གནས་སོགས་དབྱར་དུས་ཀྱི་ཤ་མོ་བརྡོལ་བ་བཞིན་གཅིག་རྗེས་གཅིག་གིས་མ་ཆོད་པར་འཕེལ་རྒྱས་བླ་ལྷག་ཏུ་འགྲོ་བཞིན་པའི་དུས་འདིར། མི་རིགས་གཞན་གྱི་རིག་གནས་དང་རྩོམ་རིགས་འཕེལ་ཚད་ལ་བལྟས་ན་རང་རེའི་བོད་ཀྱི་རྩོམ་རིགས་རིག་གནས་ཀྱི་འཕེལ་ཁའི་གོམ་འགྲོས་ཆེས་དལ་ཞིང༌། ལྡབ་འགྱུར་གྱིས་རྗེས་ལུས་མུན་པའི་ཁུག་པར་ལྷུང་བ་ཆེས་ཤིན་ཏུ་གསལ། དེར་བརྟེན། རྩོམ་རིགས་དང་རིག་གནས་དར་རྒུད་ཀྱི་རང་བཞིན་ནི། ང་ཚོ་འགྲོ་བ་མིའི་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་ནུས་ཤུགས་བེད་སྤྱོད་གཏོང་ཕྱོགས་ཀྱི་དཀྱོགས་མཚམས་ལས་བྱུང་བ་ཞིག་ཡིན་པས་རང་ཅག་བོད་མི་ཡོངས་ཀྱིས། སོ་ནམ་བྱེད་ཚུལ་སོ་ནམ་གྲོང་པར་དཔེ་བལྟས། ཞེས་པ་ལྟར་དམིགས་རྒྱ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིགས་རིག་གནས་འདི་ཉིད། འཛམ་གླིང་གི་རྩོམ་རིགས་རིག་གནས་སྤྱི་འགྲོས་ཅན་ཞིག་ཏུ་བསྒྱུར་རྒྱུ་ནི་རྩམ་གཟན་བོད་མིའི་རིགས་སུ་གཏོགས་པ་ཚུན་ལའང་འོས་འགན་ཡོད་པ་ཞིག་ཡིན།
སྤྱི་འགྲོས་རང་བཞིན་ཅན་གྱི་གནས་བབ་དེར་བསྒྱུར་བཀོད་ཀྱི་ཐབས་ཚུལ་དུ་མ་ཞིག་ཡོད་པ་ལས་གལ་ཆེ་བའི་གཙོ་རྒྱུ་ཞིག་ནི། མེས་པོ་དམ་པའི་ཁྱད་ནོར་རྒྱུན་སྲོལ་རིག་གནས་འདི་འབྲེལ་གྱི་བབ་ལུགས་ལ་བློ་དྲང་གཟུར་གནས་ཀྱིས་རྒྱུས་ལོན་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་དུས་བསྟུན་བླང་དོར་གྱི་རིགས་ཅི་མངའ་སྦ་གསང་མེད་པར་འཆད་པ་དང་དཔྱད་བརྗོད་སྤེལ་བ་ལས་གཞན་མེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དབྱེ་ཞིབ་བྱེད་ཚེ། བོད་རིག་པའི་ཚོགས་ཆེན་ཞིག་གི་སྟེང༌། པཎ་ཆཻན་རིན་པོ་ཆེས་གསུངས་དོན། བོད་རིག་པར་ཞིབ་འཇུག་བྱེད་ཚེ་ངེས་པར་དུ་ནང་དོན་རིག་པ་གཞི་ལ་འཛིན་དགོས། ཞེས་བོད་རིག་པར་རྒྱུས་ལོན་མངའ་བའི་གསུང་རིན་ཐང་ཅན་བསྩལ་བ་འདི། བོད་རིག་པར་ཞིབ་འཇུག་གནང་མཁན་ཚང་མའི་སེམས་ལ་ཉར་དགོས། ནང་ཆོས་ལ་དབྱེ་ཞིབ་གཏིང་ཟབ་ཅིག་བྱེད་སྐབས་ངེས་པར་དུ་དེའི་འབྱུང་ཁུངས་དང་བརྒྱུད་རིམ་ལ་བརྟག་ཞིབ་བྱེད་རྒྱུ་སྔོན་དུ་འགྲོ་གལ་ཆེ་བ་ལྟ་བུར་མཐོང་སྟབས། དེ་འབྲེལ་གྱི་དགོས་དམིགས་སེམས་ཕུགས་སུ་བཅངས་ཏེ་ནང་དོན་རིག་པའི་འབྱུང་ཁུངས་ཀྱི་དབང་དུ་བྱས་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་གྱི་སྐོར་ལ་དཔྱད་ཞིབ་ལམ་ཙམ་བྱེད་རྒྱུ་དེ་རྩོམ་ཡིག་འདིའི་བརྗོད་གནད་ཡིན།
གཉིས་པ། སྟོན་པའི་བྱུང་རིམ་རོབ་བསྡུས།
འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་བཅོམ་ལྡན་འདས་ནི་རྒྱ་གར་གྱི་ཤཱཀྱའི་རིགས་སུ་ཡབ་ཟས་གཙང་དང་ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྤྱི་ལོ་སྔོན་གྱི་ལོ་༦༢༤ ལོར་སྐུ་འཁྲུངས་ནས་༥༤༥ ལོར་མྱ་ངན་ལས་འདས་(གནས་བརྟན་སྡེ་བའི་ལུགས་ལྟར་བཀོད་པ་ཡིན། ད་དུང་བཤད་ཚུལ་མང༌།)ཤིང༌། དེ་ཡང་ཐུབ་པའི་དབང་པོའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་མཐའ་དག་ནི་བརྗོད་ཡུལ་ལས་འདས་མོད་ཀྱང༌། སྐབས་འདིར་སྣང་ཚུལ་ཐུན་མོང་བ་གཞིར་བཟུང་སྟེ་སྟོན་པའི་བྱུང་རིམ་རོབ་ཙམ་ཐོག་མར་ཞུ་རྒྱུར། རང་ཅག་གི་འདྲེན་མཆོག་དམ་པ་འདིའི་སྐྱེ་བ་སྔོན་མར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱང་སེམས་སྐྱེ་བ་གཅིག་ཐོགས་པར་གནས་ཤིང་དག་པའི་འཁོར་ཚོགས་རྗེ་བཙུན་བྱམས་པ་སོགས་གདུལ་བྱ་གྲངས་མེད་པར་ཆོས་སྟོན་གྱིན་བཞུགས་པ་ལ། འཛམ་བུ་གླིང་བ་རྣམས་གདུལ་བའི་དུས་ལ་བབས་པར་མཁྱེན་ནས་གཟིགས་པ་ལྔ་སྟེ། ཡུལ་དང༌། རིགས། དུས། བུད་མེད། རུས་སོགས་ལ་གཟིགས་ནས་རྗེ་བཙུན་བྱམས་པ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་གནང་སྟེ། ཡུམ་སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས། དེ་ཚེ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ། ཡུམ་སྒྱུ་འཕྲུལ་ལྷ་མོའི་རྨི་ལམ་དུའང་གླང་པོ་ཆེ་མཆོག་ཅིག་ཡུམ་ཉིད་ཀྱི་གློ་གཡས་ནས་ཞུགས་པ་སོགས་རྨིས། དེ་ནས་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུར་བཞུགས་ནས་སྐུ་འཁྲུངས་པའི་དུས་སུ། ཡུམ་གྱི་གློ་གཡས་པ་ལས་སྐུ་འཁྲུངས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བདུན་སྤོས་ནས། འདི་སྐད་དུ། འདི་ནི་ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། ། འདི་ནི་ལྷོ་ཕྱོགས་ཡིན་ཏེ། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། །འདི་ནི་ནུབ་ཕྱོགས་ཡིན་ཏེ། ངའི་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བྱང་ཕྱོགས་ཡིན་ཏེ། སྲིད་པའི་མཚོ་ལས་བརྒལ་བར་བྱའོ། །ཞེས་དམ་བཅའི་ཤིས་ཚིག་ཆེད་དུ་སྒྲོག་པར་མཛད། བྱང་ཆུབ་སེམས་དཔའ་འཁྲུངས་པའི་ཉིན་དེར། ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་ལ་བུ་བཞི་དང༌། བཟང་ལྡན་སོགས་ཤཱཀྱའི་བུ་ལྔ་བརྒྱ། གྲགས་འཛིན་མ་སོགས་ཤཱཀྱའི་བུ་མོ་ལྔ་བརྒྱ། འདུན་པ་སོགས་བྲན་ལྔ་བརྒྱ། བྲན་གྱི་བུ་མོ་ལྔ་བརྒྱ་སོགས་བཙས། གཞན་ཡང་གཏེར་ཁ་ལྔ་བརྒྱའི་ཁ་ཕྱེ། ཉེ་བའི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དཔྱ་ཁྲལ་ཕུལ་བར་བརྟེན། ཡབ་ཟས་གཙང་གི་ཐུགས་ལ་གཞོན་ནུ་བཙས་པས་དོན་ཐམས་ཅད་རང་འགྲུབ་ཏུ་སོང་ན་གཞོན་ནུའི་མཚན་ལ་དོན་ཀུན་གྲུབ་པ་ཞེས་གསོལ། སྐྱེ་དགུའི་བདག་མོ་སོགས་མ་མ་སུམ་ཅུ་སོ་གཉིས་ལ་གཏད་ནས་བསྐྱེད་བསྲིང་དུ་བཅུག རྒྱལ་བུ་ཅུང་ཟད་ནར་སོན་པ་ན། ཡུལ་གྱི་གོམས་སྲོལ་ལྟར་ཤཱཀྱའི་གཞོན་ནུ་ལྔ་བརྒྱ་དང་ལྷན་དུ་ཡི་གེ་དང་རྩིས་བསླབ་པའི་གྲལ་དུ་ཞུགས། དེའི་ཚེ་བྱང་ཆུབ་སེམས་དཔས་འཇིག་རྟེན་དུ་མ་གྲགས་པའི་ཡི་གེ་དང་རྩིས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་བསྟན་པས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད། སྐབས་དེར་སློབ་དཔོན་གྱིས། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟནབཅོས་ཀུན་ལ་བསླབ་གྱུར་ཅིང༌། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གཻའི་གྲལ་ནི་བྱོན་པར་གྱུར། །ཅེས་ཀྱང་ཆེད་བསྔགས་མཛད། དེའི་རྗེས་ཤཱཀྱ་བ་རྣམས་ཀྱིས་རྒྱལ་པོའི་གདུང་རྒྱུད་མི་ཆད་པའི་སླད་གཞོན་ནུ་ལ་ཁྱིམ་ཐབ་འཛིན་པར་གསོལ་བ་ན། བྱང་ཆུབ་སེམས་དཔས་ཀྱང་སྔོན་གྱི་སངས་རྒྱས་རྣམས་དང་མཛད་པ་མཐུན་པར་བྱ་བའི་ཕྱིར་རེ་ཞིག་ཞལ་གྱིས་བཞེས་ཏེ། གཞོན་ནུ་གཞན་དང་གཞན་དག་ལ་ཆེད་དུ་ཡི་གེ་དང༌། རྩིས། མཆོང། རྐྱལ། བང༌། སྟོབས་འགྱེད་པ་སོགས་སྒྱུ་རྩལ་འགྲན་ནས་ཟིལ་གྱིས་མནན་པ་དང་ཆབས་ཅིག སྐྱོན་ལྔ་སྤངས་ཤིང་ཡོན་ཏན་བརྒྱད་དང་ལྡན་པའི་གྲགས་འཛིན་མ་དང་ས་འཚོ་མ་བཅས་ཁབ་ཏུ་བཞེས། དེ་ལྟར་འདོད་ཡོན་ལ་ཅི་དགར་རོལ་བའི་ཚེ་སིལ་སྙན་གྱི་སྒྲ་དག་ལས། སྔོན་གྱི་ཐུགས་བསྐྱེད་ཚུལ་དང༌། ཁྱིམ་ལས་ངེས་པར་འབྱུང་དགོས་པ་སོགས་རང་བྱུང་དུ་གྲགས་པས་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་བསྐུལ་ཏེ་རབ་ཏུ་བྱུང་བ་ལ་མངོན་པར་ཕྱོགས། དེ་ནས་བྱང་ཆུབ་སེམས་དཔའ་སྐྱེད་ཚལ་དུ་གཟིགས་བསྐོར་དུ་ཕེབས་ཕྱིར་ཕོ་བྲང་གི་ཕྱི་རུ་གཤེགས་པའི་ཚེ། རྒ་ཤི་ན་གསུམ་དང་བཙུན་པའི་གཟུགས་རྣམས་རིམ་བཞིན་གཟིགས་པས་ཐུགས་སྐྱོ་སྟེ། རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་སོགས་གསུངས་ནས་ཕྱིར་ཕོ་བྲང་དུ་ལོག ཡབ་ཀྱི་དྲུང་དུ་ཕེབས་ནས་རབ་ཏུ་བྱུང་བར་གསོལ་ཚེ། ཡབ་ཀྱིས་ཀྱང་ལན་གསུམ་གྱི་བར་བཟློག་ཀྱང་བཤོལ་བར་མ་ནུས་ཏེ་མཐར་གནང་མོད། ཐབས་ཀྱིས་འགོག་པར་བསྐུལ་བ་བཞིན་བཙུན་མོ་དང་བློན་འཁོར་སོགས་ཀྱིས་ཕོ་བྲང་རིམ་པ་བདུན་དུ་བསྐོར་ཞིང༌། ཉིན་མཚན་རེས་མོས་སུ་སྲུང་བཞིན་པའི་སྐབས། སྨོན་ལམ་གྱི་མཐུ་དུས་སུ་སྨིན་སྟབས། མཚན་མོར་ཐམས་ཅད་གཉིད་དུ་ཡུར་ཚེ་འདུན་པ་ལས་རྟ་མཆོག་བསྔགས་ལྡན་བླངས་ཏེ། ཤཱཀྱའི་ཡུལ་ནས་དཔག་ཚད་བཅུ་གཉིས་ཀྱི་སར་ཕེབས་ནས་འདུན་པ་ཕྱིར་བཏང༌། མཆོད་རྟེན་རྣམ་དག་གི་དྲུང་དུ་རང་བྱུང་གིས་བསྙེན་པར་རྫོགས། དེ་ནས་བྱང་ཆུབ་སེམས་དཔས་ལོ་དྲུག་གི་ཡུན་ལ་དཀའ་སྤྱོད་མཛད་རྗེས་བྱང་ཆུབ་ཤིང་དྲུང་དུ་ཕེབས་ཏེ། བདག་གི་ལུས་འདི་ཞིག་ཀྱང་རུང༌། སྐམ་ཡང་རུང་བྱང་ཆུུབ་མངོན་དུ་མ་བྱས་པར་སྟན་འདི་ལས་ལྡང་བར་མི་བྱ། ཞེས་ཡིད་དམ་མཛད་ནས་ཐུགས་དམ་ལ་མཉམ་པར་བཞག དེ་ཡང་ས་ག་ཟླ་བའི་ཚེས་བཅུ་བཞིའི་སྲོད་ལ་བདུད་དཔུང་ཟིལ་གྱིས་མནན། གུང་ལ་མཉམ་པར་བཞག་ཚེ་སྦྱོར་མཐོང་སྒོམ་གསུམ་མངོན་དུ་བྱས་ནས་ཚེས་བཅོ་ལྔའི་སྐྱ་རེངས་ཤར་བ་ཙམ་ན་མི་སློབ་ལམ་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ། ཉིན་དེར་སྲས་སྒྲ་གཅན་འཛིན་དང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་ཐམས་ཅད་སྣང་བས་ཁྱབ། དེ་ནས་བཅོམ་ལྡན་འདས་ཀྱི་དགོངས་པར་རང་ཉིད་ཀྱིས་རྙེད་པའི་ཟབ་མོ་སྟོང་པ་ཉིད་ནི་ཆེས་རྟོགས་པར་དཀའ་ཞིང་སེམས་ཅན་རྣམས་ལེ་ལོ་ཆེ་སྟབས། ཆོས་སྟོན་པ་ལས་ཐུགས་ལོག་ནས་བདུན་ཕྲག་བདུན་འདས་པ་ན། མི་མཇེད་ཀྱི་བདག་པོ་ཚངས་པས་ཆོས་གསུང་བར་གསོལ་བ་བཏབ་པར་བརྟེན། བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱིར་ཕེབས་ཏེ་ཐོག་མར་ལྔ་སྡེ་བཟང་པོ་དང༌། ལྷ་བརྒྱད་ཁྲི་ལ་བདེན་བཞིའི་ཆོས་འཁོར་བསྐོར། དེ་རྗེས་བྱ་རྒོད་ཕུང་པོའི་རིར་ཆེད་དུ་བྱ་བ་ཐེག་ཆེན་རིགས་ཅན་གྱི་དབང་དུ་བྱས་ནས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དང༌། ཡངས་པ་ཅན་དུ་རིགས་ཅན་གསུམ་གྱི་དབང་དུ་བྱས་ནས་ལེགས་པར་ཕྱེ་བའི་ཆོས་འཁོར་བསྐོར། འདི་རྣམས་རྗེ་ཙོང་ཁ་པས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་མཛད་པ་ཀུན་ལས་མཆོག་ཏུ་གྱུར་པའི་གསུང་གི་མཛད་པའི་གྲས་ཡིན། རང་རེའི་ལོ་རྒྱུས་ཐོག་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་དང༌། འཁོར་ལོ་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། འཁོར་ལོ་གསུམ་པ་ལེགས་ཕྱེས་ཆོས་འཁོར་ཞེས་གྲགས།
དེ་ལྟར་སྟོན་པ་ཐུགས་རྗེ་ཅན་གྱིས་གང་གསུངས་པ་རྣམས་ཚུར་བསྡུས་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་འདུས་ཤིང། ད་ཆ་བོད་སྐད་དུ་ཉུང་ཤས་ཤིག་འགྱུར་བ་གླེགས་བམ་བརྒྱ་ཙམ་ཡོད་པར་བཀའ་འགྱུར་ཞེས་བཏགས་པ་དེ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱིས་སྐུ་དངོས་ཀྱི་གདུལ་བྱ་རྣམས་ཡོངས་སུ་རྫོགས་པ་ན། རྒྱལ་བའི་བསྟན་པ་དང་འཁོར་རྣམ་བཞི་སོགས་གནས་བརྟན་འོད་སྲུང་ཆེན་པོར་གཏད་ནས་ཡུལ་རྩྭ་མཆོག་གྲོང་ནས་སྐུ་ལྷག་མ་མེད་པར་མྱ་ངན་ལས་འདས། སྟོན་པ་ཐུགས་རྗེ་ཅན་དེ་ལྟར་སྐུ་ཞི་བར་གཤེགས་ཟིན་ནའང་ད་དུང་ཁོང་གི་ཕྲིན་ལས་ཀྱི་འཇུག་པ་འཁོར་བ་མ་སྟོང་གི་བར་གནས་པར་གསུངས་པ་ལས། མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འགོར་བའི་ད་ལྟའི་ཆར་གནས་བཞིན་ཡོད་པ་འུ་ཅག་གི་ཆུ་བུར་མིག་ལ་མངོན་སུམ་དུ་སྣང་བ་འདི་ཡིན། ཉེ་ཆར་དུས་རབས་ཉེར་གཅིག་པ་འདིའི་ནང་སྔར་གྱི་ཁྱབ་ཁོངས་ལས་བརྒལ་ཏེ་ནུབ་ཕྱོགས་པས་མཚོན་ཡུལ་གྲུ་མང་པོ་ཞིག་ལ་རྒྱལ་བའི་བསྟན་པ་གསར་དུ་དར་བཞིན་མཆིས། ལྷག་པརྋགོང་ས་སྐྱབས་མགོན་ཆེན་པོ་འདིའི་སྐུ་ཚེ་གང་བོར་རང་དོན་བོར་ནས་གཞན་དོན་འབའ་ཞིག་བསྐྱངས་པའི་བྱམས་དང་བརྩེ་བའི་སྙིང་སྟོབས་དང༌། བཅོམ་ལྡན་འདས་ཀྱིས་འགྲོ་བའི་བདེ་རྩ་ཁོ་ནར་དམིགས་ཏེ་ཆོས་ཕུང་ཇི་སྙེད་ཅིག་བཀའ་བསྩལ་བའི་སྙིང་པོ་རྟེན་འབྱུང་གི་ལྟ་བའི་རྣམ་གཞག་སོགས་ཀྱིས་ཡིད་འཕྲོག་སྟེ་དཔྱད་བརྗོད་ཀྱི་རྩོམ་ཡིག་སྤེལ་གནང་མཛད་པའི་ཚན་རིག་པ་དང་མཁས་དབང་གྲགས་ཅན་ཆེས་མང་པོ་རྒྱལ་ཁབ་ཕྱི་ནང་གང་སར་ཐོན་དང་འཐོན་བཞིན་པ་དེས། ང་ཚོ་ལ་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་པར་མ་ཟད། ང་ཚོས་ཀྱང་གོ་སྐབས་འདི་དམ་བཟུང་གིས་རིག་གསར་ཚན་རིག་འཕེལ་ཕྱོགས་ཀྱི་འགྲོས་དང་བསྟུན་ཅི་ཐུབ་ཀྱིས་རྒྱལ་བའི་བསྟན་པ་སྔར་གྱི་ཁྱབ་ཁོངས་ལས་ཁྱབ་ཇེ་ཆེ་དང་ཡུན་རིང་བརྟན་གནས་ཀྱི་ཐབས་སུ་འབད་དགོས་པ་ལས་མཁྲེགས་བཟུང་དང་ཨུ་ཚུགས་བྱས་ནས་བསྡད་ན་དགོས་དུས་ཕན་ཐོགས་ཕྲ།
དེར་བརྟེན། སྟོན་པ་མཆོག་གི་དངོས་བྱུང་ལོ་རྒྱུས་དང༌། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱུ་མཚན་ཅི་ཞིག་གིས་སྟོན་པ་ཚད་མའི་སྐྱེས་བུར་སྨྲ་བའི་ཚུལ་སོགས་ལ་ཞིབ་འཇུག་གཏིང་ལོན་བྱ་རྒྱུ་ནི། སངས་རྒྱས་ཀྱི་བསྟན་པ་ཡུལ་གྲུ་གཞན་དང་གཞན་ལ་དར་བཞིན་པ་དང༌། འཛམ་གླིང་ཞི་བདེ་དང་ལྷིང་འཇགས་ལ་ཕྱོགས་པའི་དུས་རབས་ཀྱི་ཁུག་མཚམས་འདིར་འུ་ཅག་ལ་འཁྲི་བའི་ལས་འགན་ཉག་གཅིག་ཡིན་པར་སེམས།
གསུམ་པ། སྟོན་པ་ཚད་མར་སྒྲུབ་པའི་ཐབས་སུ་བསྟན་པ་སྐྱོན་མེད་དུ་སྒྲུབ་པའི་ཚུལ་བཤད་པ།
དཔྱོད་ལྡན་འགའ་ཞིག་གི་བསམ་ངོར་སྟོན་པ་བཅོམ་ལྡན་འདས་ཚད་མར་སྒྲུབ་པའི་ཐབས་སུ། དང་ཐོག་དེའི་བསྟན་པ་སྐྱོན་མེད་དུ་སྒྲུབ་པ་འབྲེལ་མེད་ཀྱི་བློ་དོགས་འཆར་སྲིད་ཀྱང༌། ཆེས་འབྲེལ་ཆགས་པའི་གསལ་བཤད་འོག་ནས་འཆད་འགྱུར་ལྟར་འཐད་སྒྲུབ་དངོས་སྟོབས་རིགས་པས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་བདེན་དོན་གང་ཞིག་གཏན་འབེབས་གནང་ནས་ལག་བསྟར་དང་ཁས་ལེན་གནང་རྒྱུ་དེ་ནི་ནང་བསྟན་ཚད་མ་རིག་པ་དང༌། རིག་གསར་ཚན་རིག་གཉིས་ཀྱི་མཐར་ཐུག་གི་དམིགས་གཏད་ཉག་གཅིག་ལས་བབ་ཅོལ་རྨོངས་དད་ཀྱི་དཔྱད་ཚུལ་ཞིག་གཏན་ནས་མིན་པ་བློ་ཐག་གཙང་བཅད་ཀྱིས་བརྗོད་ཐུབ། དེར་བརྟེན། སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་གཉིས་ལས་རྟོགས་པའི་བསྟན་པ་ཐོག་མར་སྐྱོན་མེད་དུ་བསྒྲུབས་ནས། དེ་རྗེས་ལུང་གི་བསྟན་པ་སྐྱོན་མེད་དུ་བསྒྲུབ་དགོས་པ་ཡིན་ཞིང༌། དེ་ཡང་རྟོགས་པའི་བསྟན་པ་ནི་ཚུར་བསྡུས་ན་བདེན་བཞིའི་བླང་དོར་དང༌། མངོན་མཐོ་ངེས་ལེགས་ཐབས་དང་བཅས་པའི་ནང་དུ་འདུ་བས་སྔོན་དུ་བདེན་བཞིའི་རྣམ་གཞག་དངོས་སྟོབས་རིགས་པས་སྒྲུབ་ཚུལ་ནི། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཚུལ་ལུགས་ཐོག་མར་གསུང་སྐབས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་ཐོབ་པར་བྱ། ལམ་སྒོམ་པར་བྱ། ཞེས་ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱི་ཆོས་ཐམས་ཅད་དོན་ཚན་འདི་བཞིའི་ནང་དུ་བསྡུས་པར་མ་ཟད། ཤེས་སྤང་ཐོབ་སྒོམ་གྱི་ཁྱད་པར་སྦྱར་ནས་གསུང་བའི་ཉམས་ལེན་གྱི་གནད་རེ་རེ་དང་བསྟན་ཚུལ་གྱི་གོ་རིམ་སོགས་ལའང་དྲང་བདེན་དངོས་གཙོ་རིགས་པའི་སྲང་ལ་འཇལ་ཐུབ་པ་ཤ་སྟག་སྟེ། ང་ཚོ་སྲོག་ལྡན་འབུ་སྲིན་ཚུན་ལ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རྐྱང་ལས་སྡུག་བསྔལ་འདོད་པ་གཅིག་ཀྱང་མེད་མོད། བདེ་སྡུག་འདོར་ལེན་གྱི་ཐབས་ཚུལ་ལ་རྨོངས་པས། བདེ་བར་འདོད་ཀྱང་གཏི་མུག་གིས། །རང་གི་བདེ་བ་དགྲ་ལྟར་བཅོམ། །ཞེས་གསུངས་པའི་ནང་དོན་ལས་མ་འདས་པར་བརྟེན། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱུ་རྐྱེན་གང་ཞིག་བསྟེན་ན་བདེ་སྡུག་གི་འབྲས་བུ་འཆོལ་མེད་འབྱུང་བའི་རྒྱུ་འབྲས་དངོས་གཤིས་རིག་པའི་བབ་ལ་གཞིགས་ནས་བདེན་བཞིའི་རྣམ་གཞག་མཛད་ཅིང༌། སྡུག་བསྔལ་གཏན་ཟད་དུ་འདོད་པ་ཚོས་ཐོག་མར་སྡུག་བསྔལ་གྱི་རང་བཞིན་དཔྱིས་ཕྱིན་པ་ཞིག་མ་ཤེས་ན་སྡུག་བསྔལ་གྱི་ཆ་འགའ་ཞིག་ལ་བདེ་བར་འཁྲུལ་ཏེ་ཟག་བཅས་ཐམས་ཅད་ཀྱི་འབྱུང་རྩ་ཀུན་འབྱུང་ལས་ཉོན་གཉིས་སྤོང་འདོད་མི་སྐྱེ་ཞིང༌། དེ་མ་སྐྱེ་ན་སྡུག་བསྔལ་གཏན་ཟད་ཀྱི་འགོག་བདེན་ཐོབ་འདོད་ཀྱི་བློ་མི་འབྱུང༌། དེ་ལྟ་ན་འགོག་བདེན་ཐོབ་བྱེད་ཀྱི་ལམ་བདེན་བསྒོམ་བྱར་མི་འཛིན་པའི་གནད་ཀྱིས། སྐབས་འདིར་བདེན་བཞིའི་རྒྱུ་འབྲས་ཀྱི་གོ་རིམ་ལྡོག་སྟེ་ཤེས་སྤོང་ཐོབ་སྒོམ་ཀྱི་ཁྱད་པར་སྦྱར་ནས་གསུངས་ཤིང༌། ད་དུང་ཤེས་སྤོང་ཐོབ་སྒོམ་གྱི་ཁྱད་པར་སྦྱར་བ་ལ་སྒྲུབ་བྱེད་ཀྱི་དཔེ་ཡང་མེད་པ་མིན་ཏེ། དཔེར་ན། སྡུག་བསྔལ་བདེན་པ་སྡུག་བསྔལ་དུ་ངོ་ཤེས་པ་ནི་རང་རེ་བདེ་བར་གཉིད་ལོག་བཞིན་པའི་སྐབས་ཤིག་ན་གློ་བུར་དུ་ཆུ་ཞིག་བྱུང་ནས་གཉིད་སད་པར་བྱས་ན་རང་ལ་མི་བདེ་བ་ཞིག་བྱུང་ལ། འདི་ཅི་ཡིན་དུ་སྙམ་དུ་བསམ་པ་ན་གྲང་རེག་གིས་ཉེན་པར་གོ་བ་དང་འདྲ་ལ། སྡུག་བདེན་གྱི་རྒྱུ་ཀུན་འབྱུང་བདེན་པ་ངོས་ཟིན་ནས་སྤོང་བྱར་འཛིན་པ་ནི་གྲང་རེག་གི་སྡུག་བསྔལ་འདི་ཉིད་རྒྱུ་རྐྱེན་གང་ཞིག་གིས་བྱས་སྙམ་དུ་བརྟག་པ་ན་ཆུས་བྱས་པར་ཤེས་ནས་སྤང་བྱ་ཆུ་དང་ཁ་འབྲལ་བར་འདོད་པ་དང་འདྲ། རྒྱུ་ཀུན་འབྱུང་སྤངས་པའི་འགོག་བདེན་ཐོབ་བྱར་འཛིན་པ་ནི་ཆུ་དང་གྲང་རེག་བྲལ་བའི་སྐམ་ས་དོན་དུ་གཉེར་བ་དང༌། འགོག་བདེན་ཐོབ་པའི་ཐབས་སུ་ལམ་བདེན་སྒོམ་པ་ནི་གྲང་རེག་དང་ཁ་བྲལ་བའི་ཐབས་སུ་ཆུ་རྐ་གཞན་དུ་བསྒྱུར་བའི་བྱ་བ་ལ་འབད་པ་དང་མཚུངས་སོ། །དེ་བཞིན་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་ནད་དང་དཔེ་སྦྱོར་ཚུལ་གྱི་རིགས་པ་འདི་དག་གིས་བདེན་བཞིའི་རྣམ་གཞག་གསུང་ཚུལ་གྱི་ཆ་རེ་ལའང་དངོས་གཙོ་ཚན་རིག་གི་ལྟ་གྲུབ་དང་འགྲོས་མཐུན་པར་འགྲེལ་བཤད་རྒྱག་ཐུབ་པར་མ་ཟད། ད་དུང་དེ་ལས་ཀྱང་ཚགས་ཇེ་ཞིབ་ཏུ་སོང་འདུག ད་དུང་བདེན་བཞིའི་རྣམ་པ་རིགས་པས་བཞག་ཚུལ་ནི།
(༡)སྡུག་བདེན་གྱི་རྣམ་པ་མི་རྟག་པ་དང༌། སྡུག་བསྔལ་བ། སྟོང་པ༌། བདག་མེད་བཞི་སྟེ་སྔ་མ་སྔ་མ་རགས་པ་དང་ཕྱི་མ་ཕྱི་མ་ཕྲ་མོར་བཞག་པའི་ཚུལ་དེ་ཡང་ཕྲ་རགས་ཀྱི་འཇོག་ལུགས་མང་པོ་ཞིག་ཡོད་པ་ལས་རྟོགས་དཀའ་སླའི་འཇོག་ཚུལ་གྱི་རིམ་པ་གཞི་ལ་བཞག་ནས་སྔ་མ་སྔ་མ་རྟགས་སུ་བཀོད་དེ་ཕྱི་མ་ཕྱི་མ་བསྒྲུབ་བྱར་བཟུང་བའི་དཔྱད་སྟངས་ལའང་དངོས་སྟོབས་རིགས་པའི་གསང་གནད་ཀྱི་བྲོ་བ་སླེབས་ཡོད་པ་འོག་ནས་འཆད་འགྱུར་བཞིན་དེ་ནི་སྡུག་བདེན་གྱི་རྣམ་པ་སོ་སོའི་གཤིས་བབ་ལ་བརྟག་ཚེ། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་ཐོག་མར་གང་ལ་དགོངས་ནས་སྡུག་བདེན་གྱི་ཚུལ་ལུགས་གཏན་འབེབས་གནང་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཉིད་ཆོས་ཅན་དུ་བཟུང་ནས་དཔྱད་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། སྐད་ཅིག་རེ་རེ་བཞིན་འཇིག་པའི་ཕྱིར། དེ་ཡང་ཡིན་ཏེ། དཔེར་ན། ཉི་འོད་ཀྱིས་བཞུས་པའི་ཁ་བའི་ཕུང་པོ་ལ་རྒྱང་རིང་དུ་བལྟས་ཚེ་ཅུང་ཟད་ཙམ་ཡང་ཁ་མ་བྲི་བར་གནས་པར་སྙམ་མོད། མིག་གི་ཁ་གཏད་ཚེ་ཁ་བའི་རྡུལ་ཕྲེང་རེ་རེ་བཞིན་ནང་དུ་རྡིབ་ནས་ཆུའི་རྒྱུན་དུ་གྱུར་ཏེ་སྐད་ཅིག་ཙམ་ཡང་སྡོད་དབང་མེད་པར་འགྱུར་ནས་འགྲོ་བ་བཞིན་ཡིན་པའི་ཕྱིར། ཡང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར། དེ་ཡང་ཡིན་ཏེ། འཕགས་པ་རྣམས་ཀྱིས་ཁྱོད་ལ་ཉེས་པར་བལྟས་ཏེ། དེ་ནས་འཁོར་བ་འཕེན་བྱེད་ཀྱི་ལས་གསར་དུ་མི་བསོག་པའི་ཕྱིར། དཔེར་ན། སྲོག་ལ་ཐུག་པའི་རྒྱལ་ཁྲིམས་ཕོག་པའི་མི་ཞིག་ཅི་སྟེ་ལན་གཅིག་དེ་ལས་ཐར་ན་ཕྱིས་སུ་སྲོག་ཁྲིམས་ཕོག་པའི་ལས་དེ་ལ་ཉེས་སྐྱོན་དུ་རྟོགས་ནས་མི་འཇུག་པ་བཞིན་ཡིན་པའི་ཕྱིར། ཡང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྟོང་པ་ཡིན་ཏེ། རང་ལས་དོན་གཞན་དུ་གྱུར་པའི་བདག་དང་བྲལ་བའི་ཕྱིར། དེ་ཡང་ཡིན་ཏེ། དཔེར་ན། ཤིང་རྟའི་ཚོགས་པ་ལས་ལོགས་སུ་ཤིང་རྟ་མེད་པ་བཞིན་ཡིན་པའི་ཕྱིར། ཡང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་མེད་པ་ཡིན་ཏེ། རང་གི་ངོ་བོའི་བདག་དང་བྲལ་བའི་ཕྱིར། དེ་ཡང་ཡིན་ཏེ། དཔེར་ན། ཤིང་རྟ་དེ་ཉིད་འཁོར་ལོ་དང་རྩུབ་ཤིང་སོགས་ལ་མ་བརྟེན་པའི་ཤིང་རྟས་སྟོང་པ་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང༌། ཚད་མ་གྲུབ་པའི་ལེའུ་ལས། དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུུངས། །ཞེས་མི་རྟག་སྡུག་བསྔལ་སྟོང་བདག་མེད་རྣམས་སྔ་མ་སྔ་མའི་རྟགས་ལས་ཕྱི་མ་ཕྱི་མ་དག་རིམ་གྱིས་སྒྲུབ་དགོས་པར་གསུངས་པ་ལྟར། མི་རྟག་པའི་རྟགས་ཀྱིས་སྡུག་བདེན་སྡུག་བསྔལ་བར་སྒྲུབ་ཚུལ་ཇི་ལྟར་ཡིན་ཞེ་ན། རྣམ་འགྲེལ་ལེའུ་གཉིས་པ་ལས། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། །ཞེས་འབྱུང་བ་ལྟར་སྐབས་འདིའི་སྡུག་བསྔལ་དེ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་ཤིང༌། དེ་ལྟར་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་གོ་དོན་ནི་ལས་དང་ཉོན་མོངས་ཀྱི་གཞན་དབང་ཅན་ལ་བྱ་དགོས་པར་སྡེ་བདུན་རྒྱན་ལས་ཆེས་གསལ་བར་གསུངས་ཤིང། དོན་གནད་འདི་དག་ལ་དཔག་ན་གཞི་གང་ཞིག་ཀ་བ་ཡིན་པར་རྟོགས་པ་ལ། གདུང་འདེགས་ཀྱི་དོན་བྱེད་ནུས་པ་རྟོགས་དགོས་པ་བཞིན་དུ་ཟག་བཅས་ཀྱི་ཕུང་པོ་འདི་ཉིད་སྡུག་བསྔལ་བར་རྟོགས་པ་ལ། ལས་དང་ཉོན་མོངས་ཀྱི་གཞན་དབང་དུ་སོང་བའི་ཚུལ་ཤེས་རྟོགས་བྱེད་དགོས་པའི་གནད་ཀྱིས། ཟག་ཕུང་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་ཀྱང་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ངོ་མ་ནི་ལས་དང་ཉོན་མོངས་པའི་གཞན་དབང་ཅན་དེ་ཉིད་ཡིན་པར་མ་ཟད། རྟགས་ལ་འགོད་རྒྱུའི་མི་རྟག་པ་ཡང་མི་རྟག་པ་རང་ལྡོག་ཙམ་མ་ཡིན་པར་རྐྱེན་ལས་སྐྱེ་བའི་ཁྱད་པར་སྦྱར་དགོས་པར་རྣམ་འགྲེལ་ལས་གསུངས་པས་གྲུབ་ལ། དེས་ན་མི་རྟག་སྡུག་བསྔལ་སོགས་རྟགས་ཀྱིས་སྒྲུབ་པའི་རིམ་པ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་སྟེ། རྐྱེན་ལས་སྐྱེ་བའི་འཁོར་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལས་དང་ཉོན་མོངས་ཀྱི་གཞན་དབང་ཅན་ཡིན་ཏེ། ལས་ཉོན་ལས་སྐྱེ་ཞིང་སྐད་ཅིག་ཀྱང་སྡོད་དབང་མེད་པའི་མི་རྟག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕུང་སོགས་ལ་མ་བརྟེན་པའི་བདག་ཡན་གར་བ་དང་རང་གིས་ངོ་བོ་ཉིད་ཀྱི་བདག་གིས་སྟོང་བ་ཡིན་ཏེ། ལས་དང་ཉོན་མོངས་ཀྱི་གཞན་དབང་ཅན་ཡིན་པའི་ཕྱིར། ཞེས་སོགས་ཀྱིས་སྡུག་བདེན་གྱི་རྣམ་པ་རིགས་པས་བཞག་པ་ཡིན་ནོ། །
(༢)ཀུན་འབྱུང་གི་རྣམ་པ་རྒྱུ་དང༌། ཀུན་འབྱུང། རབ་སྐྱེ། རྐྱེན་བཞི་ནི། སྡུག་བདེན་གྱི་རྣམ་པ་བཞིན་ཕྲ་རགས་ཀྱི་བར་ཁྱད་དང་ནང་ཕན་ཚུན་ཁྱབ་ཆེ་ཆུང་མེད་ཅིང་ཀུན་འབྱུང་བདེན་པ་དང་དོན་གཅིག་མིང་གི་རྣམ་གྲངས་སུ་གྲུབ་མོད། ལོག་རྟོག་སེལ་ཚུལ་གྱི་བྱེད་ལས་ཀྱི་ཆ་ནས་མིང་གི་རྣམ་གྲངས་བཞིར་འབྱེད་པ་ཡིན་ཞིང༌། དེ་ཡང་འཐད་སྒྲུབ་ཀྱིས་རྒྱུ་མཚན་ཞིག་གི་སྒོ་ནས་བཞག་པ་ཤ་སྟག་སྟེ། སྡུག་བསྔལ་གྱི་ངོ་བོ་བསྐྱེད་པས་རྒྱུ་དང༌། སྡུག་བསྔལ་རྫས་རིགས་ཀུན་གྱི་འབྱུང་ཁུངས་སུ་གྱུར་པས་ཀུན་འབྱུང་དང༌། སྡུག་བསྔལ་དྲག་ཏུ་བསྐྱེད་པས་རབ་སྐྱེ་དང༌། སྡུག་བསྔལ་བརྒྱུད་མར་ལན་མང་དུ་སྐྱེད་པས་རྐྱེན་ཞེས་གསུངས་ཡོད།
(༣)འགོག་བདེན་གྱི་རྣམ་པ་འགོག་པ་དང༌། ཞི་བ། གྱ་ནོམ། ངེས་འབྱུང་བཞི་ཡང་ཕྲ་རགས་སོགས་མེད་པར་ཀུན་འབྱུང་གི་རྣམ་པ་འཇོག་ཚུལ་དང་གཅིག་མཚུངས་ཡིན་ཞིང༌། དེ་ཡང་སྡུག་བསྔལ་སྤངས་པས་འགོག་པ་དང༌། ཉོན་མོངས་སྤངས་པས་ཞི་བ་དང༌། འདི་ལས་མཆོག་ཏུ་གྱུར་པའི་ཐོབ་བྱ་གཞན་མེད་པས་གྱ་ནོམ་པ་དང༌། འགོག་བདེན་དེ་ཐོབ་ནས་སླར་མི་ལྡོག་པས་ངེས་འབྱུང་སོགས་ཀྱི་མིང་གིས་བསྟན་འདུག
(༤)ལམ་བདེན་གྱི་རྣམ་པ་ལམ་དང༌། རིག་པ། སྒྲུབ་པ། ངེས་འབྱིན་བཞི་དེ་ཡང་ཐར་བར་བགྲོད་པར་བྱེད་པའི་དོན་གྱིས་ལམ་དང༌། ཉོན་མོངས་པའི་གཉེན་པོ་བྱེད་པའི་དོན་གྱིས་རིག་པ་དང༌། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པར་བྱེད་པའི་དོན་གྱིས་སྒྲུབ་པ་དང༌། ཐར་པའི་གནས་སུ་གདོན་མི་ཟ་བར་འཁྲིད་པའི་དོན་གྱིས་ངེས་འབྱིན་ཏེ། ལམ་བདེན་གྱི་རྣམ་པ་བཞི་རིགས་པས་བཞག་པ་འདི་བཞིན་བདེན་བཞིའི་རྣམ་པ་ལྷག་མ་དག་ཀྱང་དངོས་སྟོབས་རིགས་པས་བཞག་པ་གོང་སྨོས་ལྟར་ཡིན་ཞིང༌། ལྷག་པར་སྟོང་ཉིད་ཀྱི་ལྟ་བ་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོར་གྱུར་སྟབས། སྟོང་ཉིད་ཀྱི་ལྟ་བ་བརྗོད་བྱར་བྱེད་པའི་ཤེར་མདོ་ལ་རབ་དང་ཕུལ་དང་གཙོ་བོ་དང་གྱ་ནོམ་པ་ལྟ་བུར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་དེ། ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་ཤིང༌། དེ་བཞིན་རྗེ་ཙོང་ཁ་པས་ཀྱང༌། ཁྱེད་ཀྱིས་ཇི་སྙེད་བཀའ་བསྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །ཅེས་ལས་འབྲས་སྐོར་གྱི་བརྗོད་བྱ་གང་བཟུང་ནས་གསུངས་པ་ཐམས་ཅད་སྟོང་པ་ཉིད་ལ་འཇུག་ཆེད་ཁོ་ནར་གསུངས། དེ་ཕྱིར་བསྟན་པའི་སྙིང་པོ་སྟོང་ཉིད་ཀྱི་འཇོག་ཚུལ་རིགས་པས་གྲུབ་ན་ཆོས་ཀྱི་ཡན་ལག་དག་ཀྱང་རང་ཤུགས་ཀྱིས་མི་བསླུ་བར་རྟོགས་ནུས་པ་ཡིན་ཏེ། ཆོས་ཀྱི་གྲགས་པས། གཙོ་བོའི་དོན་ལ་མི་བསླུ་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་དང༌། སངས་རྒྱས་ཀྱིས་གསུང་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས་པའི་གནད་ཀྱང་དེ་ལ་ཐུག་པས་ཡིན། འོ་ན་ཅི་ཞིག་ལ་སྟོང་པ་ཉིད་ཀྱི་ལྟ་བ་ཞེས་ཟེར་ན། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ཞིག་ལ་ཟེར། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ། དོན་དམ་པར་གྲུབ་པ། བདེན་པར་གྲུབ་པ། བདག་ཏུ་གྲུབ་པ་སོགས་སྐབས་འདིར་མིང་གི་བར་ཁྱད་ཙམ་ལས་དོན་གཅིག་མཚུངས་ཡིན། གཞི་གྲུབ་ན་དེ་དག་གིས་སྟོང་པས་ཁྱབ་ཏེ། གལ་སྲིད་རང་གི་མཚན་ཉིད་ཀྱིས་གྲུབ་ན་མིང་བརྡས་བཞག་ཙམ་ལ་མ་ལྟོས་པར་ཆོས་རང་སྟེང་ནས་ཚུགས་ཐུབ་ཏུ་གྲུབ་པ་ཞིག་དགོས་པས་གནས་ཚུལ་དེ་འདྲ་ཞིག་དངོས་པོའི་གཤིས་བབ་ལ་རིགས་པས་བརྟག་ཚེ་རྙེད་རྒྱུ་ཤེས་བྱ་ལ་མི་སྲིད་པ་ཡིན། རིགས་པའི་དཔྱོད་ཚུལ་གྱི་སྒོ་དེ་ཡང་འདིར་རྩ་བའི་དོན་ཚན་གཉིས་སུ་བསྡུས་ནས་བཤད་རྒྱུ་ཡིན།
(༡)བྱ་དངོས་གང་ཞིག་ལ་མིང་གི་བཏགས་དོན་བཙལ་ནས་མི་རྙེད་པའི་ཚུལ་རིགས་པས་གྲུབ་ཚུལ་ནི། བྱ་དངོས་ཐམས་ཅད་རྣམ་རྟོག་དང་མིང་བརྡས་བཞག་པ་ཙམ་ལས་བྱ་དངོས་རང་རང་ལ་ཐ་སྙད་བཏགས་པའི་དོན་དེ་ཐ་སྙད་གདགས་གཞིའི་སྟེང་དུ་རྡུལ་ཙམ་ཡང་རྙེད་རྒྱུ་མེད་པར་ཐ་སྙད་གང་བཏགས་པ་ཚང་མ་བློ་གློ་བུར་བས་བཏགས་པ་ཤ་སྟག་ཡིན་ལ། དཔེར་ན། གཞི་ཆང་ཕོར་ལྟ་བུར་མཚོན་ན་ཆང་ཕོར་ཞེས་པའི་ཐ་སྙད་དེའི་གདགས་གཞིའི་སྟེང་དུ་ཆང་ཕོར་ཞེས་འདོགས་དགོས་པའི་རྒྱུ་མཚན་རྡུལ་ཙམ་ཡང་མེད་ཅིང༌། ཐ་སྙད་གདགས་གཞི་དེར་ཆང་ཕོར་ཞེས་བཏགས་པའི་དོན་དེ་ཆང་ཕོར་དེའི་ཕྱི་ནང་གཉིས་དང༌། སྟོད་སྨད་བར་གསུམ་དབྱིབས་ཁ་དོག་ཆ་ཤས་ཚོགས་པ་སོགས་གང་དུ་བཙལ་ཀྱང་རྙེད་རྒྱུ་མེད་མོད། འགའ་ཞིག་གི་བསམ་ངོར་ཆང་ཕོར་གྱི་ཚོགས་པ་ཉིད་ཆང་ཕོར་ལས་མ་འདས་སྙམ་ན། དེ་ལ་དཔྱད་གཞི་འདི་ཡོད་དེ། ཇ་ཕོར་དུ་བེད་སྤྱོད་གཏོང་བཞིན་པའི་ཕོར་བ་དེ་ཆང་ཕོར་ཞེས་པའི་ཐ་སྙད་གདགས་གཞི་དེའི་ཆ་ཤས་དང༌། མཐུན་པའི་རྐྱེན་སོགས་ཚོགས་ཡོད་པས་དེ་ཡང་ཆང་ཕོར་ཡིན་པར་ཐལ། ཁྱེད་ཀྱི་བསམ་ཚུལ་བཞིན་ཇ་ཕོར་དེ་ལ་ཆང་ཕོར་དུ་འཇོག་པའི་རྒྱུ་མཚན་མཐའ་དག་ཚང་བའི་ཕྱིར། འདོད་ན། ཆ་ཤས་ཀྱི་ཚོགས་པ་ལྡན་ཚད་ཀྱི་གཟུགས་ཅན་ཐམས་ཅད་ཆང་ཕོར་དུ་ཐལ་བར་འགྱུར་རོ། །ད་དུང་གཞི་ཤིང་རྟ་ལྟ་བུར་མཚོན་ན་ཤིང་རྟའི་རྩུབ་ཤིང་དང་འཁོར་ལོ་ཚོགས་པ་སོགས་གང་ཡང་ཤིང་རྟ་མ་ཡིན་པའི་ཚུལ་དེ་ཡང༌། དབུ་མ་འཇུག་པ་ལས།
ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང༌། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། ། འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །
ཞེས་གསུངས་པས་གྲུབ་ཅིང༌། འོ་ན་ཤིང་རྟ་སོགས་མེད་དམ་སྙམ་ན། གདགས་གཞི་ཤིང་ཕྲན་སོགས་ཚོགས་པའི་ངོས་ནས་མིང་རྐྱང་བཏགས་ཡོད་ཙམ་གྱི་ཤིང་རྟའམ་འཇིག་རྟེན་པ་ལ་གྲགས་ཚོད་ཀྱིས་བཞག་པའི་ཤིང་རྟ་ནི་སུས་ཀྱང་བསྙོན་དུ་མེད་པས། དཔལ་ལྡན་ཟླ་བས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་དབུ་མ་འཇུག་པར་གསུངས། དེས་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ནས་མེད་ན་མེད་གོ་མི་ཆོད་ལ། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་རྙེད་ན་ཡོད་གོ་ཆོད་དོ། །མིང་རྐྱང་བཏགས་ཡོད་ཙམ་གྱི་ཤིང་རྟ་དེ་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཙལ་ན་རྙེད་རྒྱུ་མེད་པ་ནི་གོང་དང་མཚུངས། དེ་ལྟ་ན་རིགས་པ་འདིས་འཇིག་རྟེན་གྱི་བྱ་དངོས་མཆིས་སོ་ཅོག་གི་གཤིས་ལུགས་ལ་འགྲེལ་བཤད་རྒྱག་ཐུབ་པ་སྨོས་མ་དགོས།
(༢)ཆོས་ཐམས་ཅད་རང་རང་གི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་ཕན་ཚུན་བརྟེན་པའམ་ལྟོས་པའི་སྒོ་ནས་ཡོད་ཚུལ་ནི། གཞི་ཁང་པ་ལྟ་བུ་ལ་མཚོན་ན། རང་ཉིད་ཀྱི་ལྷན་ཅིག་བྱེད་རྐྱེན་བཟོ་མཁན་གྱི་སྐྱེས་བུ་དང་ཉེར་ལེན་ས་རྡོ་ཤིང་སོགས་ལ་བརྟེན་ནས་གྲུབ་ཅིང་གནས་པ་ཙམ་དང༌། ཁང་པའི་མཐོ་དམན་དང་ཆེ་ཆུང་དག་ཀྱང་ཁང་གཟུགས་རང་ཉིད་ལས་ཆེ་བ་དག་ལ་ལྟོས་ཏེ་རང་ཉིད་ཆུང་བའི་ངོ་བོར་བཞག་པ་ཙམ་དུ་གནས་པས་གཞན་ལ་བརྟེན་པ་དང༌། གཞན་ལ་ལྟོས་པ་སོགས་མེད་པར་བྱ་དངོས་གཅིག་ཀྱང་མེད་ཅིང། དེར་བརྟེན་གཞན་ལ་མ་བརྟེན་པར་རང་དབང་ཚུགས་ཐུབ་དུ་གྲུབ་པའི་ཆོས་ཀྱིས་སྟོང་པ་དེ་ནི་སྟོང་ཉིད་དང་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་དེ་ཡིན། དེ་བཞིན་དུ་བདེན་རྫུན་དང༌། ཡིན་མིན། རྒྱུ་འབྲས། སྤང་བླང༌། འཁོར་འདས། སྣང་མུན། ཉིན་མཚན། རིང་ཐུང་སོགས་འཇིག་རྟེན་རང་ག་བའི་ངོར་གང་བཞག་པ་ཐམས་ཅད་ཀྱང་ཕན་ཚུན་ལྟོས་ནས་བཞག་ཙམ་མ་ཡིན་པར་བྱ་དངོས་རང་རང་གི་ངོས་ནས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའང་རྟོགས་ནུས་སོ། །ཞོར་དུ་དབུ་མའི་གཞུང་རྣམས་སུ་གསུང་བའི་བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་གནད་ཆེ་བ་འགའ་འགྲེལ་བཤད་དང་བཅས་འགོད་པར།
ཀ༽ ཆོས་རྣམས་ཀྱི་ངོ་བོ་ལ་དཔྱོད་པ་གཅིག་ཏུ་བྲལ་གྱི་གཏན་ཚིགས་ནི། དབུ་མ་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག ། ཡང་དག་པར་ནི་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། ། བདེན་པར་མེད་དེ་གཟུགས་བརྙན་བཞིན། །
ཞེས་གསུངས། དོན་ནི། གཞན་སྡེ་ཕྱི་རོལ་བ་དག་གིས་བདག་སྟེ་རྟག་གཅིག་རང་དབང་ཅན་གྱི་ངོ་བོར་དང༌། རང་སྡེ་དོན་སྨྲ་སྡེ་གཉིས་ཀྱིས་གཞན་ཏེ་བདེན་གྲུབ་ཀྱི་ངོ་བོར་སྨྲ་བའི་ཕལ་བའི་མིག་ལ་རྗེན་པར་སྣང་བཞིན་པའི་བྱ་དངོས་འདི་དག་ནི། དོན་དངོས་སུ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟག་ཚེ་ཡང་དག་པར་ནི་སྟེ་བདེན་གྲུབ་ཀྱི་གཅིག་དང༌། བདེན་གྲུབ་ཀྱི་དུ་མའི་རང་བཞིན་གང་དུའང་གྲུབ་པ་བྲལ་བའི་ཕྱིར་ན། བདེན་པར་མེད་པ་སྟེ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་ངོས་ནས་སྡོད་ལུགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དཔེར་ན། ང་ཚོའི་མིག་སྔར་སྣང་བའི་བྱད་བཞིན་གྱི་འདྲ་རིས་མེ་ལོང་ནང་འཕོས་པའི་གཟུགས་བརྙན་བཞིན་བདེན་བདེན་ལྟར་སྣང་ཡང་དོན་ལ་སྙིང་པོས་དབེན་པ་ལྟ་བུའོ་ཞེས་པའི་དོན་དང༌། གཏན་ཚིགས་ཀྱི་རྣམ་པར་སྦྱར་ཚེ། མྱུ་གུ་ཆོས་ཅན། བདེན་པར་མེད་དེ། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ་མ་གང་རུང་དང་བྲལ་བའི་ཕྱིར་ཞེས་པའོ། །
སྒྲུབ་ཚུལ་དེ་ཡང་ཆོས་འཐད་པ་ཡིན་ཏེ། གལ་སྲིད་གཞི་མྱུ་གུ་དེ་ཉིད་བདེན་པར་གྲུབ་ན་བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་ཐ་དད་གང་རུང་དུ་གྲུབ་དགོས་ལ། གྲུབ་ཚུལ་དེ་གཉིས་ལས་བདེན་པར་གྲུབ་ཚུལ་ཕུང་སུམ་པ་ཞིག་མེད་པ་དངོས་་པོའི་གནས་ཚད་ལ་སོང་སྟབས། མྱུ་གུ་དེ་ཉིད་རིགས་པས་བརྟགས་ཚེ་བདེན་པར་གྲུབ་ཚུལ་དེ་གཉིས་གང་དུའང་གྲུབ་མེད་པའི་གནད་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པ་ཡིན་ནོ། །
ཁ༽ དངོས་པོ་རྣམས་ཀྱི་རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས་ནི། རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། དོན་ནི། དངོས་པོ་རྣམས་རང་རང་གི་རྒྱུ་ལས་སྐྱེ་བའི་ཚུལ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟག་ཚེ། བདག་སྟེ་རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་མ་ཡིན་ཞིང༌། གཞན་ཏེ་དོན་དམ་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་ལས་སྐྱེ་བའང་མིན་ལ། གཞན་ཡང་དེ་གཉིས་ཚོགས་ལས་སྐྱེ་བ་མ་ཡིན་ཞིང༌། ཀུན་རྫོབ་རྟེན་འབྲེལ་གྱི་རྒྱུ་ཙམ་ལའང་མ་ལྟོས་པར་གཏན་མེད་ཀྱི་རྒྱུ་གཞན་ལས་སྐྱེ་བའང་མིན་པའི་གནད་ཀྱིས་དངོས་པོར་གྲུབ་པ་གང་དག་ཡུལ་དུས་གང་དུའང་སྐྱེ་བ་དུས་ནམ་ཡང་ཡོད་པ་མ་ཡིན་ཞེས་པའི་དོན་དང༌། གཏན་ཚིགས་ཀྱི་རྣམ་པར་བཀོད་ན། མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། དོན་དམ་པར་བདག་དང༌། གཞན་དང༌། གཉིས་ཀ་དང༌། རྒྱུ་མེད་སོགས་མཐའ་བཞི་གང་དུའང་མི་སྐྱེ་བའི་ཕྱིར་ཞེས་པའོ། །
སྒྲུབ་ཚུལ་དེ་ཡང་ཆེས་འཐད་པ་ཡིན་ཏེ། དཔེར་ན། གཞི་མྱུ་གུ་ལྟ་བུར་མཚོན་ན། གལ་སྲིད་མྱུ་གུ་དེ་ཉིད་དོན་དམ་པར་སྐྱེ་ན་དོན་དམ་པར་བདག་གཞན་གང་རུང་དང༌། ཡང་ན་དེ་གཉིས་ཀ་དང༌། རྒྱུ་མེད་གང་རུང་སྟེ་སྐྱེ་ཚུལ་གྱི་མཐའ་བཞི་ཅི་རིགས་ལས་སྐྱེ་དགོས་པར་སོང༌། དངོས་སྟོབས་ཀྱི་རིགས་པས་དཔྱད་ཚེ། མཐའ་དེའི་གང་དུའང་སྐྱེ་བ་མེད་སྟབས། དོན་དམ་པར་སྐྱེ་བ་མེད་ཅེས་པ་ཡིན། སྐྱེ་དངོས་ཐམས་ཅད་ཀྱང་དོན་དམ་པར་སྐྱེ་བ་མེད་པ་འདི་དང་གཅིག་མཚུངས་ཡིན་མོད། འོན་ཀྱང་དོན་དམ་པར་སྐྱེ་བ་བཀག་པའི་ཤུགས་ཀྱིས་རྟེན་འབྲེལ་ཙམ་གྱི་སྐྱེ་བ་ལ་བརྟེན་པ་ཡང་གཅིག་མཚུངས་ཡིན་པ་ཤེས་དགོས།
ག༽ འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ནི། དབུ་མ་སྣང་བ་ལས། ཡོད་པ་རྣམ་པར་མི་སྐྱེ་སྟེ། །མེད་པ་ནམ་མཁའི་པདྨོ་བཞིན། །ཞེས་པས་བསྟན་ཅིང༌། གཏན་ཚིགས་ཀྱི་རྣམ་པར་བཀོད་ན། མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། རང་གི་རྒྱུའི་དུས་སུ་ཡོད་པར་ཡང་མི་སྐྱེ། རང་གི་རྒྱུའི་དུས་སུ་མེད་པར་ཡང་མི་སྐྱེ་བའི་ཕྱིར་རོ། །དེ་ཡང་དངོས་པོའི་འབྲས་བུ་རྣམས་དོན་དམ་པར་སྐྱེ་ན་རང་གི་རྒྱུའི་དུས་སུ་ཡོད་པ་དང་མེད་པ་གང་རུང་ལས་སྐྱེ་དགོས་ལ། སྐྱེ་ཚུལ་དེ་ལས་ཕུང་སུམ་པ་ཞིག་མེད་ཅིང༌། དངོས་གཤིས་རིགས་པས་བརྟག་ཚེ་འབྲས་བུ་རྣམས་རང་གི་རྒྱུའི་དུས་སུ་ཡོད་པ་དང་མེད་པ་གང་དུའང་སྐྱེ་བ་མེད་པར་མཐོང་བས་དོན་དམ་པར་སྐྱེ་བ་མེད་པར་སྒྲུབ་པ་ཡིན་ནོ།།
ང༽ རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ནི། བདེན་གཉིས་ལས། དུ་མས་གཅིག་གི་དངོས་མི་བྱེད། །དུ་མས་དུ་མ་བྱེད་པའང་མིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་བསྟན་ཅིང༌། གཏན་ཚིགས་ཀྱི་རྣམ་པར་བཀོད་ན། མྱུ་གུ་ཆོས་ཅན། དོན་དམ་པར་མི་སྐྱེ་སྟེ། རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན། རྒྱུ་དུ་མས་འབྲས་བུ་དུ་མ་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན། རྒྱུ་གཅིག་གིས་འབྲས་བུ་དུ་མ་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན། རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན་པའི་ཕྱིར་ཞེས་པའོ། །
སྒྲུབ་ཚུལ་དེ་ནི་ཆེས་འཐད་པ་ཞིག་སྟེ། དེ་ཡང་མྱུ་གུས་མཚོན་པའི་བྱ་དངོས་ཀྱི་འབྲས་བུ་རྣམས་ནི། གལ་སྲིད་དོན་དམ་པར་རང་རྒྱུ་ལས་སྐྱེས་ན་རྒྱུ་དེས་འབྲས་བུ་སྐྱེད་ཚུལ་ལ་བརྟགས་ཏེ་རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡིན་ནམ། རྒྱུ་དུ་མས་འབྲས་བུ་དུ་མ་ཁོ་ན་དོན་དམ་པར་སྐྱེད་པ་ཡིན། ཡང་ན། རྒྱུ་གཅིག་གིས་འབྲས་བུ་དུ་མ་ཁོ་ན་དོན་དམ་པར་སྐྱེད་པ་ཡིན་ནམ། རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡིན། ཞེས་ཕྲ་ཞིབ་རིགས་པས་དཔྱད་ཚེ་སྐྱེད་ཚུལ་དེ་དག་གང་དུའང་གནས་པ་མིན་སྟབས། དེ་དག་རྒྱུ་མཚན་དུ་བཀོད་ནས་འབྲས་བུ་རྣམས་དོན་དམ་པར་རྒྱུ་ལས་སྐྱེ་བ་མེད་ཅེས་སྒྲུབ་པ་ཡིན་ནོ། །
ཅ༽ རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ནི། དབུ་མ་འཇུག་པ་ལས། དེའི་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་བསྟན་ལ། གཏན་ཚིགས་ཀྱི་རྣམ་པར་བཀོད་ན། མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པའོ། །དེ་ཡང་འདོགས་བྱེད་ལ་ལྟོས་ནས་གྲུབ་པའི་ཆོས་ནི་རྟེན་འབྱུང་གི་གོ་དོན་ཡིན་ཞིང༌། བྱ་དངོས་གང་དང་གང་ཡིན་ཀྱང་རང་རང་གི་འདོགས་བྱེད་མིང་བརྡ་ཙམ་གྱིས་བཞག་པ་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་ཤེས་བྱ་ལ་མི་སྲིད་དེ། དཔེར་ན། ཕོར་པ་ཞིག་ཆང་འཐུང་བྱེད་དུ་བེད་སྤྱོད་བཏང་ཚེ་ཆང་ཕོར་དང་ཇ་འཐུང་བྱེད་དུ་བེད་སྤྱོད་བཏང་ཚེ་ཇ་ཕོར་ཞེས་མིང་བརྡས་དབང་བསྒྱུར་བའི་དཔེ་མཚོན་གོང་སྨོས་བཞིན་དང༌། ཡང་གལ་ཏེ་མིང་བརྡས་བཞག་ཙམ་དུ་གྲུབ་པ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པ་ཡིན་ན། མིང་བརྡས་གདགས་གཞིར་ཚུགས་ཐུབ་ཏུ་གྲུབ་དགོས། དེ་ལྟར་ན་དངོས་མཐོང་ལག་ཟིན་གྱི་གཟུགས་ཅན་འདི་ཚོ་མིང་དོན་གྱི་འབྲེལ་བ་ཤེས་མིན་ལ་མ་ལྟོས་པར་ང་ཚོའི་མིག་སྔར་གཏད་པ་ཙམ་གྱིས་བྱ་དངོས་འདིའི་མིང་ལ་འདི་དང་འདིའོ་ཞེས་མིང་སྦྱོར་གྱི་ཀུན་རྟོག་འབད་མེད་དུ་སྐྱེ་དགོས་པར་འགྱུར་བའི་ཐལ་བ་ཟློག་ཏུ་མེད་པ་དང༌། འདུས་བྱས་ཀྱི་རིགས་རྣམས་རང་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་ལ་བརྟེན་པ་ཡང་ཤིན་ཏུ་མི་རུང་བར་འགྱུར་བ་འདི་བཞིན་ཤེས་བྱ་ཐམས་ཅད་མིང་བརྡས་བཞག་ཙམ་དུ་གྲུབ་པ་མིན་ན་དངོས་གཤིས་རིགས་པའི་དོན་གནད་མང་པོ་ཞིག་དང་འགལ་བར་དོགས་སོ། །དོན་གྱི་གནད་འདི་ཚོ་ལ་དགོངས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡཽད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དངོས་པོའི་གཤིས་ལུགས་ལ་དཔྱོད་པའི་རིགས་པ་དེ་དག་ལས་རྟེན་འབྱུང་གི་རིགས་པ་འདི་ནི་ཤིན་ཏུ་གལ་ཆེ་ཞིང་མཐའ་གཉིས་ཅིག་ཅར་བསལ་བའི་ནུས་སྟོབས་ལྡན་པར་མ་ཟད་རིགས་པ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་བསྔགས་པ་ཡིན་ཏཻ། དཔེར་ན། ཞབས་འོག་གི་བླུན་པོ་ཚོགས་ཀྱིས་བྱ་བའི་ཐད་ལ་གྲོས་མོལ་གཏན་འབེབས་གང་གནང་བ་ཐམས་ཅད་མཐར་རྒྱལ་པོ་ལ་སྙན་གསན་གྱིས་ཐག་གཅོད་པ་བཞིན་དུ་གཅིག་དུ་བྲལ་སོགས་རིགས་པ་གཞན་གྱིས་གང་དཔྱད་པ་ཐམས་ཅད་མཐར་རྟེན་འབྱུང་གི་རིགས་པ་འདི་ལ་གཏུག་དགོས་པའི་གནད་ཀྱིས་ཡིན་ཞིང༌། དེ་ལྟར་སངས་རྒྱས་ཀྱི་མདོ་ལས་གསུངས་པའི་བདེན་བཞིའི་འཇུག་ལྡོག་གི་རྣམ་གཞག་དང༌། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཉིད་ཀྱི་འཇོག་ཚུལ་ལ་དངོས་གཤིས་བདེན་དོན་རིགས་པས་བརྟགས་གཞིགས་གནང་ཚེ་ཡང་དག་པའི་རིགས་ལམ་དང་འགལ་བའི་ཆ་རྒྱུས་ཙམ་ཡང་མེད་པར་མ་ཟད། གནད་གང་ཡིན་ལ་རིགས་པའི་རྒྱབ་གཉེར་དང་བཅས་པར་ངེས་པ་ན། རྒྱལ་བའི་གསུང་རབ་ཀྱི་ནང་དོན་རྟོགས་པའི་བསྟན་པ་ཐབས་དང་བཅས་པ་སྐྱོན་མེད་མི་བསླུ་བར་རྟོགས་པ་ཡིན་ལ། དེ་ལས་རྒྱལ་བའི་ལུང་གི་བསྟན་པ་མི་བསླུ་བར་གྲུབ་པ་ཡིན་ཏེ། དེ་ཡང་དཔེར་ན། མིའི་གཞན་གྱི་སྐད་ཆ་བདེན་པ་ཡིན་མིན་སྐད་ཆ་དེའི་ནང་དོན་ལ་བརྟགས་ཏེ་མཐར་སྐད་ཆ་དེ་བདེན་རྫུན་ཡིན་མིན་གྱི་ཐག་གཅོད་བྱ་བ་དང་ཆེས་མཚུངས་སོ། །
(འདོན་ཐེངས་རྗེས་མར་མུ་མཐུད་འགོད་རྒྱུ།)