ཆུ་སྐྱེས་དགེ་འདུན་བསམ་གཏན།
ཆོས་དང་འཇིག་རྟེན་གང་ཡིན་ནའང་རང་རང་ཐད་ཀྱི་ལྟ་བ་རེ་ལ་བདེན་ལུགས་ཀྱི་རྒྱབ་རྫོང་ལྗིད་ཆེ་བ་རེ་བཙལ་ནས་ཞུ་དག་དང་ཞིབ་སྡུར་གཏོང་བ་ནི་ཕྱག་སྲོལ་བཟང་པོ་ཞིག་ཡིན་ལ། ལྷག་ཏུ་ཞན་ཆ་རྣམས་ཁ་གསབ་དང་མི་ལེགས་པ་བཅོས་སྒྱུར་བྱེད་རྒྱུ་དེ་དུས་རབས་གསར་པའི་ལམ་དུ་འཇུག་པའི་ཉེར་བསྡོགས་ཡིན་པས་ཤེས་རབ་ཅན་དག་གིས་གནད་དུ་བཟུང་བ་དོན་དང་མཐུན། དེ་ཕྱིར་འདིར་ཡང་ཆོས་དང་འཇིག་རྟེན་ལུགས་ཀྱི་འཇིན་སྟངས་བསྲེས་པའི་འགལ་འཁྲུལ་ལ་དོགས་སློང་ཚུལ་གྱི་གཏམ་འགའ་གླེང་བར་བྱའོ། །
དང་པོ། ཆོས་དང་འཇིག་རྟེན་ཐད་ཀྱི་གོ་རིག་སྤྱིར་གླེང་བ།
འཇིག་རྟེན་གྱི་ཁམས་འདིར་སྐྱེ་བོ་རྟོག་གེ་བ་རྣམས་ཀྱིས། རང་རང་གི་ཞེ་འདོད་ལྟར་ཐག་བཅད་པའི་གཞི་ལམ་འབྲས་བུའི་རྣམ་གཞག་སྟོན་པའི་གྲུབ་མཐའ་གྲངས་ཀྱིས་མི་ཟིན་པ་རྣམས་འདྲ་འདྲ་འགྲིག་འགྲིག་ཅིག་གི་ལམ་དུ་བསྐྱོན་པ་མང་ཞིང་། ཁྱད་པར་དུ་དེ་དག་རེ་རེའི་རྗེས་སུ་འཇུག་པའི་མཁས་དང་མི་མཁས་པའི་ཆོས་དང་འཇིག་རྟེན་པའང་ནམ་མཁའི་སྐར་མའི་ཚོགས་ལ་འཕྱ། ཡིན་ཡང་རང་རང་གི་ཞེ་འདོད་དེ་ཉིད་རིགས་པ་ཡང་དག་པའི་ལམ་གྱིས་གསལ་འདོན་བྱེད་ཐུབ་མིན་གྱིས་མིའི་རིགས་ཀྱི་ནང་བསམ་པའི་འཁྱེར་སོ་ལ་འཛིན་སྟངས་ལྗིད་ཏིག་གེ་བ་རེ་བཟོས་ཡོད་དོ། །ཞེ་འདོད་ཅེས་པའང་ལ་ལས་གནད་ཤེས་ཏེ་སྐྱོང་ཞིང་། ལ་ལས་རྨོངས་ཏེ་སྐྱོང་བ་སྣ་ཚོགས་ཤིག་ཡོད་པ་འཇིག་རྟེན་སྤྱི་ལུགས་ཡིན་པས་འགྲོ་བའི་རང་གཤིས་སུ་མཐོང་། སྤྱིར་ན་ཆོས་དང་འཇིག་རྟེན་པའི་ཁ་ཐམས་ཅད་བསམ་པ་ཡག་པོ་ཞིག་ཡོད་མེད་ལ་རྗེས་སུ་འགྲོ་ལྡོག་བྱེད་ངེས་མོད། ཚུལ་འཆོས་རང་འཇིགས་ཧེར་བའི་གཤིན་རྗེ་དང་གཉིས་སུ་མེད་པ་དེར་དྲང་བདེན་སྐྱོང་བ་མཐའ་དག་སྐྲག་ཅིང་། སྔོན་སོང་བདེན་ལུགས་སྨྲ་བ་འགའ་རེར་ཡང་འདིས་བློ་ཕམ་བཟོས་ཤིང་མཐར་སྲོག་ཀྱང་ཁྱེར་བ་མང་། དཔེ་དེ་མཐུན་གྱི་གཏམ་རྒྱུད་འཛམ་གླིང་རྒྱལ་ཁབ་ཀུན་ན་ཡོད་པས་བོད་ཁམས་གཅིག་པུའི་ལོ་རྒྱུས་ཙམ་མ་རེད། བོད་ཀྱི་དལ་འབྱོར་ཟེར་བ་འདི་ཡང་ནང་བསམ་བློ་དང་ཕྱི་སྦྱོར་བ་གཉིས་ཀ་རྫུན་མས་མ་ཁྱེར་བ་ཞིག་གི་ལམ་ནས་སྙིང་པོ་ལེན་རྒྱུ་མ་གཏོགས་རང་སེམས་རང་གིས་བཅོས་ན་དགའ་བྲོ་བ་ཙམ་གྱིས་སྙིང་པོ་ཞིག་གི་སྣེ་ཡང་ཟིན་རྒྱུ་མ་རེད་སྙམ་པའི་དོགས་པ་རྒྱུན་པར་སྐྱེ། ཆོས་འདིའི་དབང་དུ་བཏང་ནའང་སྟོན་པ་པོ་ལ་ཚད་མར་གྱུར་པ། སངས་རྒྱས། བཅོམ་ལྡན་འདས། ཤཱཀྱ་སེང་གེ དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་རྫོགས་སོགས་ཀྱི་ངོས་ནས་ངོ་མཚར་བའི་དད་པ་ཙམ་མིན་པར་བློ་ཁ་མི་འདྲ་བའི་རིགས་ཅན་གསུམ་ལ་ཆོས་ཀྱི་གནས་ལུགས་རིག་པའི་ལམ་ནས་རིམ་པ་གསུམ་དུ་བསྟན་ཞིང་། གཞན་སྡེའི་སྟོན་པ་དྲུག་ལ་སོགས་པའི་སྨྲ་བ་ལ་སྨྲ་བའི་གདོང་གཏུགས་ཏེ་སེམས་ལྡན་འདྲ་མཉམ་དང་། རིགས་རུས་འདྲ་མཉམ། ཕོ་མོ་འདྲ་མཉམ་སོགས་དང་། ནང་སྒོས་སུ་ལུང་རིག་གཉིས་ལས་རིག་པ་གཙོ། ཡིད་ཆེས་དང་དཔྱད་པ་གཉིས་ལས་དཔྱད་པ་གཙོ། མངོན་སུམ་དང་རྗེས་དཔག་གཉིས་ལས་རྗེས་དཔག་གཙོ་བའི་གོ་རིག་འདིའི་ངོས་ནས་རྒྱལ་ཁ་བླངས་པ་དེར་རྩོད་རིགས་མཁས་པའི་མི་གཉིས་འཕྲད་པའི་མཐར་གནས་ལུགས་གང་མཁས་ལ་རྒྱལ་ཁ་ཤོར་བ་ལྟ་བུའི་ཚད་དུ་མ་མཐའ་ཡང་འཛིན་དགོས་པ་ནི་གནས་ལུགས་དཔྱོད་པའི་ཁ་སྟོབས་ཡིན། ཆོས་དང་འཇིག་རྟེན་གང་ལ་མ་ཤོར་བའི་དྲང་གཏམ་ཡིན།
ཕན་པ་དང་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ཅེ་ན། དེ་བས་འདོད་བློ་མི་བདེ་ན་ཐང་ཡང་གནད་ཆེ་ས་ཞིག་མ་རེག་པའི་གོ་རིག་ལ་སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་མཁན་པོ་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དགོངས་དོན་སོ་སོར་བཀྲལ་བའི་ལུང་བརྒྱ་སྟོང་དྲངས་ཀྱང་མི་ཕན་ལ་ཧ་ཡང་གོ་རྒྱུ་མ་རེད། ཡིན་ཡང་ནང་བསྟན་པས་སྙིང་རྗེ་ཆོས་ཀྱི་སྡོམ་གཞིར་བཞག་ནས་གསུང་གང་ཡིན་གྱི་གསུང་པ་པོ་སུ་ཡིན་ལ་རྩད་གཅོད་མེད་པར་གསེར་ལ་ཇི་ལྟར་བཙོ་སྦྱངས་བྱེད་པ་ལྟར་ལེགས་པར་དཔྱད་དེ་གང་ལ་བདེན་ཁ་ཡོད་པ་དེ་ཉིད་སྐྱབས་སུ་བྱེད་པ་འདི་ནི་འཛམ་གླིང་སའི་དཀྱིལ་འཁོར་ན་སུས་ཀྱང་མ་འཇོན་པའི་ནང་བསྟན་གྱི་ཁྱད་ཆོས་ཤིག་རེད། དེ་ཕྱིར་ཕན་པ་དང་བདེ་བ་ཟེར་བ་འདིའང་རང་ཕན་དང་གཞན་ཕན། རང་བདེ་དང་གཞན་བདེ་ཐམས་ཅད་ལ་གོ་དགོས་ཤིང་། དེའི་ནང་ནས་ཀྱང་གཞན་ཕན་དང་གཞན་བདེ་གཙོ་བོ་ཡིན་པ་འདི་ལ་གནད་ཆེན་པོ་ཡོད། ནང་བསྟན་པས་བསྟན་པ་རིན་པོ་ཆེ་ཞེས་བཀུར་དོན་ཡང་རྩ་བ་དེ་ག་རང་ཡིན། འཇིག་རྟེན་གྱི་ངོས་ནས་བཤད་ནའང་གཞན་དོན་ལ་བློ་དཀར་མིན་གྱིས་མི་ཡག་པོ་ཡ་རབས་ཤིག་ཡིན་མིན་བཤད་དགོས་པ་ལས་རང་ཁོ་ན་བསམ་མཁན་ཞིག་ལ་དེ་འདྲ་མི་འོང་བ་ཀུན་གྱིས་ཤེས། རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ནའང་དམངས་ཀྱི་དོན་ཆེན་པོ་ཁུར་དུ་འཁྱེར་མཁན་དག་ལ་རླབས་ཆེན་གྱི་རྒྱལ་གཅེས་པ་དང་མི་རིགས་ཀྱི་དཔའ་བོ་ཞེས་མཚན་གྱིས་བསྟོད་པ་དོན་ལ་གནས། ནང་བསྟན་པས་རྒྱལ་བའི་སྲས། བྱང་ཆུབ་སེམས་དཔའ། ཐེག་ཆེན་པ་ཟེར་བ་སོགས་ཀྱང་དོན་གྱིས་གཞན་དོན་རླབས་ཆེན་པོ་ཁུར་དུ་ཐེག་པའི་ངོས་ནས་མཚན་དེ་ལྟར་བཏགས་པ་ཡིན། རང་དོན་རྩ་ནས་འདོར་དགོས་པ་ཞིག་ནང་བསྟན་པས་ཀྱང་བཤད་ཀྱི་ཡེ་ནས་ཡོད་པ་མ་རེད། རང་དོན་སེམས་སྐྱེད་དང་། དེ་ཡང་ས་གསེར་ཟླ་བ་མེ་སོགས་དཔེའི་སྒོ་ནས་སེམས་སྐྱེད་ཉེར་གཅིག་གསུངས་དོན་ལ་རྒྱུ་མཚན་ཡོད་པས། གང་ཡང་ཕན་བདེ་ཐམས་ཅད་རང་གཅིག་པུ་ལ་དབང་ན་སྙམ་པའི་ཧམ་སེམས་ཆེན་པོ་སྐྱེ་བོ་དམན་པའི་ལས་སུ་ཤེས་དགོས་པའི་ཆེད་དུ་ཡིན། ཆོས་དང་འཇིག་རྟེན་ཀུན་ལ་རྣམ་པ་གཅིག་ཏུ་མཚུངས།
དད་པ་ལའང་རྩ་བའི་ངོས་ནས་རྨོངས་བྲལ་གྱི་དད་ལུགས་དང་རྨོངས་པའི་དད་ལུགས་གཉིས་ཡོད་པ་ཤེས་དགོས། ཡུལ་གང་ལ་དད་ནའང་དེའི་རྩ་ཉག་ཐམས་ཅད་ཁུངས་བཙལ་ནས་བློ་འགྲོ་ས་ཞིག་ཏུ་ཆགས་པ་དེ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་དང་། རྩ་ཉག་གང་ལ་རྒྱུས་མི་འཚོལ་བར་ཡིད་ཆེས་པ་དང་། ཞེན་ཁ། ཟེར་སྒྲོས་ཙམ་གྱི་དབང་འབའ་ཞིག་ཏུ་འགྲོ་བ་དེ་ལ་དབང་རྟུལ་དད་པའི་རྗེས་འབྲངས་ཟེར། ཕྱི་མ་འདིའི་དབང་དུ་སོང་བའི་དད་ལུགས་ཀྱིས་བོད་པའི་མི་སེར་མང་པོ་ཞིག་རྫབ་འདུག
འགོ་ཁྲིད་དང་རྒྱལ་ཁབ་ཁག་དང་སྲིད་ལུགས་ཀུན་ལ་ཐམས་ཅད་ཀྱིས་བློ་དཀར་སེམས་དཀར་ཞིག་འོང་རྒྱུའི་རྩ་བའང་གཙོ་བོ་ཡིད་ཆེས་མི་ཆེས་ལ་རག་ལས་པས། འཇིག་རྟེན་འདིའི་བདེ་དགེ་མཐའ་དག་ཁྱོད་ཀྱིས་བྱིན། ལེགས་ཚོགས་ཐམས་ཅད་ཁྱེད་ཀྱིས་གནང་བས་བཀའ་དྲིན་ཆེ་སྙམ་པ་དེའང་ཡིད་ཆེས་བརྟན་པོའི་མཐུ་ལས་བྱུང་བ་ཡིན་ཆེ། ཡང་ན་འཇིག་རྟེན་འདིར་མི་ཞིག་གི་སྐྱེ་བ་བླངས། སྨྲ་ཤེས་ཤིང་དོན་གོ བླང་དོར་གྱི་གནས་ལ་བསམ་བློ་ཙམ་གཏོང་ཤེས་པ་འདི་རིགས་ཕ་མ་བཀའ་དྲིན་ཅན་དང་དགེ་རྒན་བཀའ་དྲིན་ཅན་དག་གིས་གནང་བ་ཡིན་སྙམ་པའི་ཡིད་ཆེས་བརྟན་པོ་དེ་ཉིད་ཀྱང་དད་པའི་ཟུར་ཞིག་གི་ཡོང་སྒོ་མ་ཡིན་ནམ། དེ་འདྲའི་ཡིད་ཆེས་རང་ལས་ཉོན་གྱི་བསྐྱེད་ཁུངས་ཤིག་ཏུ་བཅོལ་ཚེ་བུ་ནར་སོན་པའི་བུ་རྟགས་ཤིག་ཨེ་རེད། རྒྱ་གར་གྱི་རྒྱལ་བུ། བོད་ཀྱི་སྟོན་པས་ཀྱང་ལན་མ་ཐེབས་པར་ལུས་པའི་གནད་དོན་ཞིག་ཡིན་ཡང་ཐང་། ཕ་མའི་ཞལ་གྱི་འཛུམ་དཀར་དྲོན་མོ་གསེར་ཞུན་འཁྱིལ་བའི་རིན་ཐང་དེའང་ཚན་རིག་པ་ཞིག་གི་བཀའ་དྲིན་ལས་ཐོབ་པ་རྩ་ནས་མི་འདོད།
བོད་ཀྱི་ཚན་རིག རྒྱའི་ཁུ་ཞའོ། ཕྱི་གླིང་གི་སན་ཡན་སི་སོགས་གོ་བ་གཅིག་ཏུ་འབབ་དགོས་མོད། བོད་པ་འགའ་རེས་གོ་བ་ལྟར་འཕྱུག་མེད་ནོར་མེད་མཁས་པ་འབུམ་ཕྲག་མང་པོས་ལོ་ངོ་སྟོང་ཕྲག་ཕྱེད་ལ་ཉིན་མཚན་དུས་དྲུག་ཏུ་དཔྱད་སྡུར་གང་ལེགས་ཀྱིས་གཏན་ལ་ཕབ་པའི་ཚན་རིག་ཅིག་ཏུ་འདོད་པ་བདེན་ན་དེ་ལྟར་གདོང་ཐུག་རྒྱག་འདོད་པའི་ནང་བསྟན་དེ་ཡང་ཞོར་གྱིས་ཕམ། དགེ་ཆོས་རིན་པོ་ཆེས་གསུངས་པ་བཞིན་སན་ཡན་སི་ལ་རིག་པ་གསར་པ་ཞེས་གོ་རིག་པད་མའི་སྦུབས་སུའང་སྦྲང་མའི་སྦྲང་སྐྱག་ཅིག་བཏང་ཡོད་ལས་ཆེ། རིགས་པ་གསར་པ་འདི་སྐབས་དོན་ལ་ལྟོས་ནས་འཇོག་རྒྱུ་མ་གཏོགས་མཐའ་གཅིག་ཏུ་རིགས་པ་ཡང་དག་ཅིག་ག་ལ་ཡིན་དགོས། སྔོན་གྱི་ཞིང་ལས་གསར་བརྗེའི་སྐབས་སྣོད་ཐམས་ཅད་ཞིང་ས་གཤིན་པོ་ཞིག་ཏུ་གཏོང་འདོད་པའི་སྙིང་སྟོབས་དེའང་དུས་དེར་ཚན་རིག་དང་མི་མཐུན་ཞེས་སུས་ཀྱང་བཤད་མི་ཕོད་ལ། ཡིད་མི་ཆེས་པའང་གཅིག་ཀྱང་མ་བྱུང་། དེང་དུས་རི་སྒང་ས་ཁམས་ཀུན་ལ་སྐྱེ་དངོས་ཅི་རིགས་ཀྱིས་རྒྱན་གོས་གཏོང་བ་ཚན་རིག་དང་མི་མཐུན་ཞེས་སྨྲ་ཕོད་པ་ཡང་མེད་སྙམ། དེ་དེ་བཞིན་དུ་ལོ་ངོ་དུ་མའི་སྔ་རྗེས་གཉིས་སུ་ཚན་རིག་དང་མཐུན་མིན་གྱི་རྩོད་གཡུལ་བཤམས་ན་བཤམས་རྒྱུ་གྲངས་ཀྱིས་མི་དཔོག་པས་སྐབས་དང་སྐབས་སུ་ཚན་རིག་དང་མཐུན་པ་བཤད་མ་དགོས་པ་ཞིག་རེད། ནང་གཞུང་དུ་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་སྒོམ་ལུགས་ཤིག་གསུངས་པའང་ཐད་ཀའི་གོ་བ་ཞིག་གི་དབང་དུ་མི་འགྲོ་བར་སྣོད་འདི་ཡང་རང་ཅག་གི་ལུས་ལྟར་གཅེས་དགོས་པའི་བཀའ་བཞག་དམ་བཞག་གི་ཚིག་དོན་བཀྲོལ་ཤེས་པ་ཞིག་ཏུ་སྨོན་ལམ་འདེབས་འཚལ།
ཁ་ཅིག་ཆོས་འདིས་བོད་ཀྱི་འབྱོར་བ་ཐམས་ཅད་མུན་ཁུང་དུ་བསྐྱུར་འདུག་སྙམ་པའི་དོགས་པ་ཞིག་ཡོད་མོད། ཆོས་མ་གོ་བས་ཁག་མི་འདུག སེར་སྣ་དེ་ཡང་ཆོས་དོན་ལ་བརྡར་ཤ་མ་ཆོད་པའི་བོད་ཀྱི་སྡུག་གྱོང་རང་རེད། ནང་བསྟན་གྱི་ཆོས་དངོས་ན་ཆོས་ཟབ་མོ་ལ་འབྱོར་བས་ཕན་རླབས་ཤིག་རྩ་ནས་གསུང་གི་ཡོད་པ་མ་རེད། ཟང་ཟིང་གི་ཆོས་ཞེས་ཐ་མལ་བའི་ཟློས་གར་ཙམ་ལ་ཟེར་གྱི་ཡོད། ཆོས་པའི་གཏམ་དུའང་། ཆོས་ཟབ་མོར་མི་མཁས་ཟང་ཟིང་མཁས་ཞེས་པ་འདི་བདེན། གནད་འདི་ལ་དོགས་པ་ཅན་རྣམས་ཀྱང་འབྱོར་མེད་སྡུག་གླུའི་ངར་སྐད་ཙམ་ལས་ཆོས་ངོ་དོན་འཕྲོད་ཀྱི་གསུང་ཟུར་ཙམ་ཡང་མེད་པ་ཨེ་མ་མཚར།
སྔོན་གྱི་ཆོས་ལ་དབང་འབྱོར་བ་རྣམས་ཀྱིས། རི་བོའི་གཏོས་དང་མཉམ་པའི་གཙུག་ལག་ཁང་ཆེན་པོ་ཞིག་བརྩིགས་པ་ལས། བསྟན་པ་ལ་ཕན་པའི་སྐྱེས་བུ་གཅིག་བསྐྱངས་ན་རབ་ཀྱི་གསུང་གནང་མང་པོ་བཞུགས་པར་མ་མཇལ་བ་དེ་ལ་ཡིད་མཐའ་གཉིས་སུ་མ་ལྷུང་བར་མཇལ་ཁ་ཞིག་ཞུ་བར་མཁྱེན།
གཉིས་པ། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་འཇོག་མཚམས་གླེང་བ།
སྤྱིར་ཟུང་འབྲེལ་ཞེས་པའི་མིང་ཚིག་འདི་བཀོལ་ཡོད་ས་ཤིན་ཏུ་མང་ཞིང་། མདོར་ན་ཕྱོགས་གཉིས་གཅིག་གཅིག་ལ་འབྲེལ་བའི་དོན་ཡིན་པས། མདོ་སྔགས་ཟུང་འབྲེལ་ཞེས་པ་ལྟ་བུ་ལ་མཚོན་ན། མདོ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། སྔགས་ལ་འབྲས་བུ་རྡོ་རྗེ་ཐེག་པ་ཞེས་བསྟན་དོན་ཡང་སྤྱི་ལུགས་ཀྱི་གོ་བའི་དབང་དུ་བྱས་པ་སྟེ། སྔགས་ཀྱི་མྱུར་ལམ་ལ་བརྟེན་ནས་འཚང་རྒྱ་བ་ལ་མདོ་ཕྱོགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་གྱིས་རྒྱུ་བྱས་པ་ལ་བརྟེན་ནས་འགྲུབ་དགོས་པའི་དོན་ཡིན་ཞིང། ཐུན་མོང་མ་ཡིན་པའི་ལུགས་ལ། རང་ལམ་རྐྱང་བས་འཚང་རྒྱ་ནུས་པར་ཡང་འདོད། ཐུན་མོང་དུ་ཟབ་མོ་སྔགས་ཀྱི་ལྟ་བ་ལ་མདོ་ཕྱོགས་ཀྱི་ལྟ་བས་སྣོན་པ་ཐེབས་ལུགས་དང་། མདོ་ཕྱོགས་ཀྱི་ལྟ་བ་ལ་ཟབ་མོ་སྔགས་ཀྱིས་སྣོན་པ་ཐེབས་ལུགས་གཉིས་ཡོད་པས། གཅིག་གཅིག་གི་གྲོགས་སུ་སོང་བའི་ངོས་ནས་ཟུང་འབྲེལ་དུ་གོ་བ་ལེན་དགོས་པ་ཡིན། དེ་མིན་གཞུང་གཉིས་ཀའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཚང་མ་ཉ་དང་ཉུང་མ་བསྲེས་པ་བཞིན་ཟུང་དུ་འབྲེལ་ལུགས་ཤིག་གང་ནས་ཀྱང་མ་གསུངས་སོ། །དེ་བཞིན་ཞི་ལྷག་ཟུང་འབྲེལ་ཞེས་པ་དེ་ཡང་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་གྱིས་ཟིན་པའི་ཏིང་ངེ་འཛིན་དུ་གྱུར་པའི་ཞི་གནས་དང་དེའི་ངང་ནས་རང་གི་དམིགས་པ་ལ་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་ཤེས་རབ་ནམ་ཐོབ་པ་ལྷག་མཐོང་ཐོབ་པར་འཇོག་པས། ལྷག་མཐོང་གི་སྐབས་སུ་ཤིན་སྦྱངས་ཀྱིས་མ་བཏང་བ་ཞིག་དང་། ཞི་གནས་ཀྱི་སྐབས་སོ་སོར་དཔྱོད་པའི་ཤེས་རབ་ཀྱིས་མ་བཏང་བ་ཞིག་བྱུང་ན་ཞི་ལྷག་ཟུང་འབྲེལ་ཐོབ་པར་འཇོག་དགོས་སོ། ། དེ་ཡང་གཅིག་གྲོགས་གཅིག་གིས་ཟིན་པའི་ཆ་ནས་བཞག་པ་ལས་རྩམ་ཉོག་ལྟར་རྫུས་པའི་འབྲེལ་བ་ལྟ་བུ་ཞིག་ག་ལ་ཡིན།
ཆོས་སྲིད་ཟུང་འབྲེལ་ཞེས་པའང་སྔར་མུས་བཞིན་ཆོས་གྲོགས་ལ་སྲིད་དང་། སྲིད་གྲོགས་ལ་ཆོས་སོང་བའི་ཆ་ནས་ཏེ། དམ་པའི་ཆོས་ཀྱི་ལེགས་ལམ་ཐམས་ཅད་ཀྱིས་འཇིག་རྟེན་སྲིད་ལུགས་ལ་རྒྱབ་སྐྱོར་དང་སྟོབས་ཤུགས་བསྐྲུན་ཐུབ་པ་ཞིག་དང་། འཇིག་རྟེན་སྲིད་ལུགས་ཀྱི་སྟོབས་ཤུགས་ཀྱིས་དམ་པའི་ཆོས་ཀྱི་འཕྲིན་ལས་སྤེལ་ཐུབ་པ་ཞིག་བྱུང་ན་ད་གཟོད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡིན་པས་ཆོས་མིན་སྲིད་མིན་གྱི་ཕུང་གསུམ་པ་ཞིག་ལ་གོ་བ་ལེན་པར་མི་རིགས་པའི་ཕྱིར། དེར་ཐལ། སྲིད་སྐྱོང་བ་ཞིག་ཡིན་ན་ཆོས་རྣམ་དག་ཅིག་མི་འོང་བ་དང་། ཆོས་སྒྲུབ་མཁན་ཞིག་ཡིན་ན་སྲིད་དོན་མཐའ་འཁྱོལ་ཞིག་མི་འོང་བ་ཆོས་ཉིད་ཡིན་པའི་ཕྱིར། བོད་འདིའི་ཆོས་སྲིད་ལ་ཐུགས་གཞིགས་གནང་མཁན་གྱི་དམ་པ་གོང་མ་རྣམས་ཀྱིས་ཀྱང་སྔོན་ཆོས་སྲིད་གཉིས་ལས་ཆོས་དབང་བཙན་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ནོར་འཕྱུག་ཆེན་པོ་ཞིག་རེད་ཅེས་ཡང་ཡང་གསུངས་ཡོད་པ་དེ་བཞིན་རེད། དེ་ཕྱིར་ལོ་རྒྱུས་གོང་མ་རྣམས་དང་དམ་པའི་ཆོས་ཀྱི་ནང་རྒྱུས་གསལ་པོ་ཞིག་མ་ལོན་པར་གང་དྲན་ཁ་ནས་ལབ་རྒྱུ་དེ་འགྲིག་ལམ་མེད་པའི་རྟགས་ཀྱང་ཡིན་ལ། བཀུར་ས་དང་སྐྲག་ས་མེད་པའི་མགོ་སྟོང་འཁྱམ་པོ་བའི་རང་བཞིན་ཞིག་ཏུའང་མཐོང་བས། ཕ་ངོ་དགྲ་འཛིན་གྱི་དཔའ་རྒོད་དེ་མི་རིགས་གཞན་གྱིས་འཕྱ་དམོད་བྱེད་ས་ཞིག་ཏུ་མི་འགྱུར་གྲང་།
ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་བརྟེན་ནས་རྒྱལ་དོན་གཉེར་བ་འཛམ་གླིང་ན་ཤིན་ཏུ་མང་ཞིང་། སྔོན་ཐོན་རྒྱལ་ཁབ་ཀྱི་གྲལ་ནའང་རང་རང་གི་ཆོས་ལུགས་དེ་རྒྱལ་ཆོས་སུ་བརྩིས་ནས་བརྩི་མཐོང་ཆེ་ཞིང་། སྲིད་སྐྱོང་བ་དག་གིས་ཀྱང་སྲིད་འགན་དང་ལེན་བྱེད་དུས་ཆོས་ཀྱི་ཆོ་ག་ལ་བརྟེན་ནས་རྒྱལ་ཁབ་སྤྱི་དང་དམངས་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུའི་ཁས་བླངས་དམ་བཅའ་བརྟན་པོ་བྱེད་པ་སོགས་ཆོས་དང་འབྲེལ་བའི་ལེགས་མཛད་མང་དུ་ཡོད་པ་དེ་རིགས་ཀྱང་ཆོས་སྲིད་ཟུང་དུ་འབྲེལ་བའི་རྟགས་ཡིན་པས་རང་ཆོས་དེ་དུག་ལྟ་བུར་སུས་ཀྱང་བརྩིར་མ་མཐོང་ངོ་། །
རྩ་བའི་གོ་རིག་མ་ནོར་བ་ཞིག་ཡོང་རྒྱུ་ནི་སུ་ལའང་གལ་ཆེ་མོད། ཁྱད་པར་དུ་མང་མང་གི་མདུན་ས་ནས་ཀུན་ཕན་གྱི་བྱ་བ་ཞིག་ལ་སྤར་འཇུ་བྱེད་བསམ་ན། རྩ་བའི་ཀུན་སློང་ཡག་པོ་ཞིག་གཞིའི་གདན་དུ་བཏིང་ནས་རང་གིས་གཅིག་གཅོད་ཀྱི་ཨུ་ཚུགས་རིང་དུ་དོར་ཏེ་ལྟ་རྒྱ་དང་ཐོས་རྒྱ་མང་དུ་བསགས། ལུང་རིག་ཟུང་གི་རྒྱབ་ལྗོངས་དུས་ཀྱི་མེ་ལོང་ལྟ་བུས་སྣ་དྲངས་ཏེ་སྐད་ཆ་གཅིག་བཤད་ནའང་བཤད་ངོ་ཡོད་ཅིང་རྩ་ཆེ། དེ་མིན་ཕྱོགས་ལྷུང་དང་ང་རྒྱལ། ཕྲག་དོག་དང་འགྲན་སེམས་སོགས་ཀྱིས་བསམ་སྦྱོར་ཡོངས་སུ་སྦགས་ཏེ་མགོ་སྔ་མི་ཚང་བའི་སྨྱོ་ལབ་བྱུང་རྒྱལ་དུ་སྨྲ་བ་ནི་རང་ཚོད་རང་གིས་མ་ཟིན་པའི་གཏམ་འབའ་ཞིག་ལས་གཞན་མེད་པས། སྦལ་བ་ན་ཁུང་དུ་བསམ་པ་གླིང་དཀར་སྟོད་ལ་གཡེང་སྟེ་གླུ་བླངས་པ་དང་གཉིས་སུ་མེད་དོ། །
ཆོས་ལ་འདྲིས་པ་ཙམ་ཕར་ཞོག་ཞེན་ཁ་ཙམ་ཡང་མེད་པའི་རིགས་ལ་ཆོས་འདིའི་ལེགས་ཉེས་འབྱེད་པའི་མཐུ་ཞིག་རྒྱུ་མེད་གློ་བུར་དུ་བྱུང་བ་ལ་དོན་གྱིས་ཆ་འཇོག་ཅི་ཡང་མི་འདུག་ཀྱང་། བོང་རྒན་གསེར་སྒ་ཅན་དང་ཁྱི་ཕག་དངུལ་སོ་ཅན་ད་ལྟ་ཁ་དར་བས་རྟེན་འབྲེལ་མི་ལེགས་པའི་ཐན་ལྟས་སུ་ཤེས་པའི་མཐོང་རྒྱ་ཅན་དག་གིས་ཁ་དྲང་གྲག་ཅིག་བྱེད་བསམ་པའི་བློ་རྒྱ་འདྲ་ཡོད་ན་མི་རིགས་འདིར་ཕན་པའི་ལམ་སྟོན་གྱི་སྒྲོན་མེ་དེ་སྔར་ལས་ཇེ་གསལ་དུ་གཏོང་བའི་རྒྱུན་མི་འདོར་བ་ཤིན་ཏུ་གལ་ཆེ། ཆོས་ཀྱི་འགྲིག་ལམ་དང་བར་ཐག་ཤིན་ཏུ་རིང་པོ་ཞིག་གི་ལམ་ན་རང་ལ་རང་གིས་འདུལ་བའི་བཅའ་ཁྲིམས་གསར་པ་ཞིག་བཟོས་ཏེ་ཆོས་ཟབ་མོ་བྱེད་ཁུལ་བ། རྨོངས་པ་བློ་འབྲིད་ཀྱི་བསམ་སྦྱོར་ཡ་མ་ཆ་དེ་རིགས་གོང་གི་དོགས་པ་ཐམས་ཅད་ཀྱི་རུལ་རྩི་ཡིན་པས་ཐམས་ཅད་ཆོས་ཀྱིས་རྫབ་འདུག་པར་འདོད་པའང་ཁག་མི་འདུག ཆོས་སྲིད་ཟུང་དུ་འབྲེལ་བས་ལམ་ཡག་པོ་མ་བྱུང་བསམ་པའམ་དོགས་པ་དེ་ཡང་གཞི་རུལ་རྩི་དེ་ལ་ཐུག་འདུག་པས། ཐར་འདོད་ཀྱི་འཇུག་ངོགས་དེ་རུ་ཆོས་ཀྱི་འགྲིག་ལམ་དང་མི་མཐུན་པའི་རང་དབང་གང་འདོད་ཀྱི་རྟུལ་ཞུགས་ཅན་རྣམས་ནམ་ཡང་གནས་བཅའ་བར་མ་བྱས་ཚེ་ད་ལྟའི་ལོ་ཆུང་རྣམས་ཀྱིས་ཤ་ཚའི་ནན་བཤད་ཀྱི་ཆོས་ལ་ཁ་གཏོང་བ་དེ་ཡང་འོང་དོན་མེད་དོ་སྙམ། དེའི་རྩ་བར་བླ་མར་བླ་མ་མ་འོང་། བཙུན་པར་བཙུན་པ་མ་འོང་། ཆོས་པར་ཆོས་པ་མ་འོང་བའི་འགག་མདོ་དེར་བལྟས་ཙམ་གྱིས་ཆོས་སྲིད་གཉིས་རྩམ་ཉོག་ལྟར་བསྲེས་འདུག་སྙམ་པའི་ཡིད་གཉིས་སུ་འགྲོ་བ་དེ་རེད། ཕྱོགས་འདིའི་དྲང་གཏམ་མང་པོ་ཞིག་སྐུ་བཞིའི་རྣམ་བཞག་སྤྱིར་བསྟན་ནས་སྤྲུལ་སྐུའི་བྱུང་བར་རགས་ཙམ་དཔྱད་པ་བདེན་གཏམ་འོ་མའི་ཆུ་རྒྱུན་དུ་བཤད་པ་དེ་ལྟར་རོ། །
གསུམ་པ། ནང་བསྟན་གྱི་རྩ་བའི་གོ་རིག་ཙམ་གླེང་བ།
ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ལ། བྱེ་མདོ་གཉིས་དང་། དབུ་སེམས་གཉིས་བཅས་བཞི་བྱུང་བ་འདི་ཡང་། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པ་ལྟར་གྱི་དགོངས་པ་ལ་གཞི་བཅོལ་ནས་ས་མཚམས་གསལ་ཐག་གེ་བ་ཞིག་བཟོས་ཡོད། རྒྱུ་མཚན་ཡང་ནང་པ་སངས་རྒྱས་པ་འདི་སྐྱབས་འདི་དང་རྩ་བ་འདིའི་སྒོ་ནས་ངོས་འཛིན་དགོས་ཞེས་འཇོག་བྱེད་ཡང་དག་ཅིག་བཀོད་པ་ཡིན་ལ། འཇོག་བྱེད་རང་ཆོས་ཀུན་ལ་ཡོད་དགོས་པས། གཏད་སོ་མེད་པའི་རྒྱ་ཡན་པ་ཞིག་ལ་སུ་ཞིག་གིས་ཡིད་ཆེས། དཔེར་ན་མི་སུ་ཡིན་རུང་བསམ་སྦྱོར་གང་ལས་བརྩམས་པའི་ལས་ཀུན་ལ་རབ་བྱུང་ན་རྒྱུ་མཚན་ཡང་དག་ཅིག་ཡོད་རྒྱུ་རེད། དེའི་ངོས་ནས་འཛིན་སའི་ལོང་བུ་དང་འཇོག་སའི་ཞབས་ར་ཞིག་བཙལ་བ་མ་ཡིན་ནམ། འགྲིག་ལམ་ཟེར་བའང་དོན་གྱིས་རང་ལ་གཏད་སོ་ཡོད་པ་ཞིག་གི་ཆེད་དུ་ལེགས་ཉེས་ལ་ས་མཚམས་ཤིག་བཟོས་པ་དེ་རེད། དེས་རང་དབང་བཀག་པ་དང་བསམ་སྦྱོར་ལ་ཚད་བཀག་བྱས་པ་ཡེ་ནས་མ་རེད།
ནང་པའི་ལྟ་ཚུལ་ནི་གསར་གཏོད་ཀྱི་ནུས་པ་དང་གསར་བརྗེའི་སྟོབས་ཤུགས་གཉིས་འཛོམས་ཤིག་ཡིན་ཞེ་ན་ཕྱོགས་ཞེན་གྱི་དབང་དུ་སོང་བའི་གཏམ་རེད་ཟེར་ན་ཐང་ཡང་། བདེན་ལུགས་ཀྱི་རྒྱ་ཁ་ལ་བཞག་སྟེ་ཚད་ན། གྲུབ་མཐའ་སྨྲ་བའི་མཁས་པ་རིམ་བྱོན་གྱིས་བློ་རིག་ལ་འགྱུར་ལྡོག་བྱུང་བར་བརྟེན་གྲུབ་མཐའ་འོག་མ་ནས་གོང་མར་འཇུག་པ་དང་། འོག་མ་འོག་མ་རྣམས་གོང་མ་གོང་མ་རྣམས་ཀྱིས་རིག་པའི་ལམ་གྱིས་དགག་སྟེ་སུན་དབྱུང་བའི་རྒྱུ་མཚན་ཡང་སྔ་མ་རྣམས་དོར་ནས་གོང་མའི་ལྟ་བ་གསར་པ་ཞིག་ལ་བསྙེགས་པ་ཡིན་ནོ། །མི་འདོད་པ་ཞིག་དོར་ནས་འདོད་ས་ཞིག་ཁས་ལེན་པ་འདི་མིའི་རང་གཤིས་ཡིན་ལ། གྲུབ་མཐའི་དོན་དུའང་ལུང་རིག་གང་རུང་ལ་བརྟེན་ནས་ཁས་བླངས་པའི་དོན་དེ་ཉིད་རང་གི་བློ་ངོར་ཡང་དེ་ལྟར་དམ་བཅའ་ཞིང་མི་འདོར་བའི་ཚུལ་དེ་ལ་ཟེར་ཞིང་། དེའི་ངོས་ནས་རང་ཚུགས་ཟིན་མིན་དང་བློ་རིག་རྣོ་མིན་གྱི་སྡོམ་ཚིག་འཇོག་དགོས་པ་ཡིན། མི་རང་ག་བ་ཞིག་ལ་མཚོན་ནའང་གཏན་ཚིགས་ཤིག་ཡིན་ན་ཀུན་གྱིས་བརྩི་མཐོང་ཆེ་ཞིང་། གྱང་ཁའི་རྩྭ་ལྟར་རླུང་གར་གཡུག་གི་རྗེས་སུ་འགྲོ་བ་ལྟ་བུའི་མི་མདོ་མེད་ཅིག་ལ་སུས་རེ་ཆེ། བར་གསེང་གི་རང་དབང་དེ་ཡང་དེ་འདྲའི་བསམ་བློ་ཞིག་མིན་འཚལ། གསེར་རི་ལྟ་བུའི་སྐྱེས་ཆེན་དག་གིས་གསུངས་པ་རྣམས་རྡོ་ལ་ཕུར་བུ་བཏབ་པ་བཞིན་འགྱིང་ངེར་བཞུགས་འདུག་པ་དེའང་རང་ཚུགས་ཟིན་པའི་རྟགས་ཡིན། དཔྱད་ཕོད་པ་དང་དགག་ཕོད་པའི་སྐྱེས་བུ་བུ་རྒོད་འདྲ་བྱོན་ན་ལམ་དེར་ལྷ་དར་གྱི་བསུ་བ་དང་བཅས་ཏེ། ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གླུ་ལ་དྲངས་ཏེ་སྟོན་པ་འཁོར་དང་བཅས་པས་སྒུག་འདུག
ཆོས་པའི་རྣམ་འགྱུར་འཛིན་པ་སྐོར་ཞིག་གི་ཚུལ་ལ་བརྟེན་ནས་ཆོས་ལ་སྡོམ་ཚིག་མི་གཏོང་བར་པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པ་རྣམས་ལ་དག་ཐེར་གྱིས་ཆོས་ཡང་དག་པ་འདི་སྐྱོང་ཐུབ་པའི་ཆོས་པ་རྣམ་དག་ཅིག་འོང་རྒྱུ་དེ་གལ་ཆེ་ཞེས་པའི་དགོངས་པ་འདི་ལྟ་བུ་ལ་གཞི་བཅོལ་ནས་དུས་རབས་དང་འཚམ་པའི་བོད་ཀྱི་མ་འོངས་པའི་ལམ་ཞིག་འཚོལ་དགོས་པ་ཡིན། བོད་གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་ནས་བཟུང་། རྒྱལ་བློན་མཁས་པ་རྣམས་དང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་ནོར་དང་ལོངས་སྤྱོད་ལྟ་ཅི། ལུས་དང་སྲོག་ལའང་མི་ལྟ་བའི་དཀའ་སྤྱད་དང་སྡུག་རུས། སྙིང་སྟོབས་དང་བརྩོན་པ་དྲག་པོས་རྒྱ་བལ་ཁ་ཆེ་སོགས་ཀྱི་ཡུལ་གྲུ་དུ་མར་བྱོན་ཏེ་རྩོད་མེད་ཡོངས་གྲགས་ཀྱི་པཎྜི་ཏ་དང་། གྲུབ་པའི་དབང་ཕྱུག་ཆེན་པོ་དག་ལ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས། ཆོས་ཀྱི་གདམས་ངག་མང་དུ་གསན་ཞིང་། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཇི་སྙེད་ཅིག་བོད་སྐད་དུ་བསྒྱུར་ཏེ་གདན་དྲངས་པ་རྣམས་ལ། མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་མདོ་རྒྱུད་བསྟན་བཅོས་དུ་མའི་དགོངས་དོན་ལེགས་པར་བཀྲལ་བ་དང་བྱིན་རླབས་ཀྱི་རྒྱུན་མ་ཆད་པའི་གདམས་ངག་ཉམས་སུ་བཞེས་པའི་ཉམས་མྱོང་ལྟར། རང་རང་གི་བུ་སློབ་རྣམས་ལ་ཇི་ལྟར་གདམས་པའི་ཚུལ་ལས་ལྟ་བའི་གོ་བ་འཚོལ་ལུགས་དང་། སྤྱོད་པ་གཙོ་བོར་གྱུར་པའི་གདམས་ངག་ཉམས་སུ་ལེན་ཚུལ་སོགས། གསང་སྔགས་གསར་རྙིང་ལས་བྱུང་བའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལ་བཞེད་ཚུལ་མི་གཅིག་པ་དང་། ཐ་སྙད་སྦྱོར་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བ་ལ་བརྟེན་ནས་གྲུབ་མཐའ་རིགས་མི་འདྲ་བ་དུ་མ་ཞིག་བྱུང་ཞིང་། དེ་དག་ཀྱང་རྙིང་མ་ལྟ་བུ་དུས་ཀྱི་སྒོ་ནས་དང་། བཀའ་གདམས་པ་དང་རྫོགས་ཆེན་པ། ཞི་བྱེད་པ་ལྟ་བུ་གདམས་ངག་གི་སྒོ་ནས་དང་། ཕག་གྲུ་པ་དང་ཀརྨ་བཀའ་བརྒྱུད་པ་ལྟ་བུ་སློབ་དཔོན་གྱི་མིང་དང་། ས་སྐྱ་བ་དང་དགེ་ལྡན་པ་ལྟ་བུ་གནས་ཀྱི་མིང་ལ་བརྟེན་ནས་གྲུབ་མཐའ་སོ་སོའི་མིང་འདོགས་ལུགས་ཀྱང་སྣ་ཚོགས་པ་ཞིག་བྱུང་ནའང་། གྲུབ་མཐའ་དེ་དག་གི་ནང་དུ། སྐྱབས་འགྲོ་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་གཅིག་ཀྱང་མེད། ཅེས་གསུངས་པ་ལྟར་ལྟ་སྤྱོད་ཀྱི་བཞེད་ཚུལ་འདྲ་མིན་ཅི་རིགས་པ་དེ་དག་ཀྱང་། རང་སྡེ་རྩ་བའི་གྲུབ་མཐའ་སྨྲ་བ་བཞི་པོ་གང་རུང་གི་ལུགས་ལས་མི་འདའ་ཞིང། ཁྱད་པར་དུ་ཐེག་ཆེན་སྤྱི་དང་། རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་སོགས་རང་རང་གི་རྒྱུད་དང་རྒྱ་གཞུང་ཅི་རིགས་ཀྱི་ཁུངས་ལ་བརྟེན་པ་དང་། བླ་མའི་མན་ངག་དང་ཉམས་མྱོང་། གདུལ་བྱའི་དགོས་དབང་ལ་བརྟེན་ནས་འཆད་པ་ཤ་སྟག་ཡིན་པས། མན་ངག་ཟབ་མོའི་གཏེར་དུ་མ་གྱུར་པ་གཅིག་ཀྱང་མེད་ཅེས་བླུན་པོ་ང་ལྟ་བུས་ཀྱང་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་བར་སྤོབས་ཀྱང། འགའ་ཞིག་གི་འདོད་པ་ལྟར་དོན་ལ་བཅོས་སྒྱུར་ཅིག་བྱེད་དགོས་ཚེ་མན་ངག་ཟེར་བ་འཁྱམ་པོའི་སྡུག་སྐད་དུ་མི་འགྱུར་བའི་ངེས་པ་ག་ལ་ཡོད། ལྷ་དང་བླ་མའི་བྱིན་རླབས་འདྲ་ཁས་མི་ལེན་ནའང་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་ལག་དཔེ་ཆ་དང་མ་བྲལ་བ། མིག་དཔེ་ངོ་དང་མ་བྲལ་བ། ཡིད་དཔེ་དོན་དང་མ་བྲལ་བར་མི་ཚེ་གང་བོར་བསྒྲུབས་པའི་ལག་རྗེས་ཟབ་མོ་ཉིད་ལོ་འགའི་རྣ་ཐོས་རྒུམ་འབུ་ཙམ་གྱིས་ཆོས་རྒྱག་ཏུ་སོང་བ། སུམ་རྟགས་ཀྱི་མགོ་མཇུག་གཙང་མ་ཞིག་ཀྱང་མི་འགྲོ་བའི་རིགས་ཀྱིས་ཞུ་དག་གཏོང་འདོད་པ་ནི་དགོད་བྲོ་བ་དང་སྙིང་རྗེ་བ་ཞིག་ཀྱང་རེད། ཡིན་ཡང་ཆོས་དང་ཆོས་པའི་ཁྱད་པར་མ་མཐོང་བའི་ལྟད་མོ་བའི་མིག་ཏུ་སྣང་བ་ནི་ཆོས་ཀྱི་ཕྱི་གོས་གྱོན་པའི་སྒྱུ་འཕྲུལ་མཁན་པོའི་རྣམ་ཐར་རོ། །
ཆོས་རྒྱུས་སྤུ་ཙམ་མེད་པའི་ཆོས་གཏམ་དང་། །
གཞན་རྒྱུས་ཏིལ་ཙམ་མེད་པའི་ཨུ་ཚུགས་གཉིས། །
གཏད་མེད་སྡུག་གླུའི་གར་ལ་འཆམ་མོད་ཀྱང་། །
དཔྱད་པ་དོན་དུ་འཁྲིལ་རྣམས་སུ་ཡིས་བལྟ། ། ཞེས་ཀྱང་སྨྲའོ། །
ཡིན་ཡང་ཆོས་དང་ཆོས་པའི་ཁྱད་པར་མི་འབྱེད་པར་ཆགས་སྡང་ཕྱོགས་ལྷུང་གི་གཏམ་ངན་དང་སྒྲོ་འདོགས་བྱུང་རྒྱལ་དུ་སྨྲ་བ་ནི་སྡིག་པའི་ལས་ཚབས་པོ་ཆེ་བསགས་པ་ལས་གཞན་མེད་པས། ཆོས་ལ་འདྲིས་ཆ་ཙམ་ཡོད་ན། རྒྱུད་བླ་མ་ལས། །ཉོན་མོངས་རྨོངས་དག་རྣམས་ཀྱིས་འཕགས་ལ་སྐུར་བ་དང་། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །ཞེས་པ་ནས། གང་ཞིག་ཆོས་ལ་སྡང་བ་དེ་ལ་ཐར་བ་ག་ལ་ཡོད། ། ཅེས་དང་། དབུ་མ་སྙིང་པོ་ལས། ཕྱོགས་སུ་ལྷུང་བས་སེམས་གདུང་བས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་དང་། དཔལ་ལྡན་ཟླ་བས། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །ཅེས་དང་། བུ་སྟོན་ཐམས་ཅད་མཁྱེན་པས། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག། །མི་ཤེས་མཐོང་བ་མེད་པ་རྒྱུ་བཞི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། །ཆོས་ལ་བརྙས་སྨོད་ཐུབ་པའི་གཞུང་ལས་བཀག། །ཅེས་གསུངས་པ་ལྟར། ཆོས་ལ་བརྟེན་པའི་ཕྱོགས་ལྷུང་ཆོས་སྤོང་གི་ལས་སུ་འགྲོ་བ་དང། དེའི་ཉེས་དམིགས་ཤེས་པར་བྱས་ནས། ཇི་སྐད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། ། ཞེས་དང། །རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པ་ལྟར། ད་རེས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལན་གཅིག་ཙམ་སྟབས་ལེགས་ཀྱི་དབང་གིས་ཐོབ་པའི་སྐབས་འདིར། ཆགས་སྡང་དང་ཕྱོགས་ལྷུང་གི་དབང་གིས་ཆོས་ལ་བརྟེན་པའི་ཉེས་དམིགས་ཀྱི་རྒྱུ་མི་སྒྲུབ་པར། དམ་པའི་ཆོས་ཀྱི་གྲུབ་མཐའ་དག་ལ་ཕྱོགས་ལྷུང་དང་བྲལ་བའི་དག་སྣང་སྦྱོང་བ་དང་། གཟུ་བོར་གནས་པའི་བློ་གྲོས་ཀྱིས་ལེགས་པར་དཔྱད་དེ་བསྟན་པ་ཐམས་ཅད་འགལ་མེད་དང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཉམས་ལེན་འདྲ་མེད་ནའང། སྔོན་གྱི་མེས་པོ་བཀའ་དྲིན་ཅན་དག་གིས་བོད་འདིའི་དོན་དུ་དཀའ་ལས་འདི་འདྲ་བརྒྱབ་པས་རང་གིས་མི་ཤེས་རུང་དགའ་བ་དང་ཡི་རང་བྱེད་དགོས་སྙམ་པ་ཞིག་མ་མཐའ་ཡང་མི་སྐྱེའམ། དེ་ལྟར་དུ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་ཆེན་རྩ་བའི་གཞུང་ལམ་དུ། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། གོང་ས་ཆེན་པོས། རིས་མེད་གྲུབ་མཐའི་བུར་ཤིང་འོ་མ་སོགས། །འདྲ་མིན་མངར་བའི་ཁྱད་པར་ཤིན་ཏུ་ཆེ། །ཞེས་གསུངས་པ་ལྟར། གྲུབ་མཐའ་སོ་སོའི་རྩ་བའི་མཁན་པོ་རང་རང་གི་རྟོགས་པའི་ཉམས་མྱོང་གི་སྟེང་ནས་གང་གི་ཆེད་དུ་བྱ་བའི་གདུལ་བྱའི་བློ་དང་འཚམ་པར་ཐུན་མོང་མ་ཡིན་པའི་འཆད་ཚུལ་སྣ་ཚོགས་པ་རེ་ཡོད་པ་དེ་དག་ཀྱང་། གཟུར་གནས་མཁས་པས་རིགས་པས་དཔྱད་ན་གོ་བ་ལེན་ཚུལ་དང་། ཐ་སྙད་ཀྱི་མིང་འདོགས་ལུགས་མི་འདྲ་བ་ཙམ་མ་གཏོགས་མཐར་ཐུག་གི་དགོངས་པའི་གནད་གཅིག་ཏུ་འབབ་པར་གསུངས་པ་འདི་ལ་གོ་རྒྱུ་ཧ་ཅང་ཆེ་བས་ངེས་པར་ཤེས་དགོས་ཤིང་། མ་ཤེས་པའི་དབང་གིས་ཆོས་དང་འཇིག་རྟེན། ཆོས་དང་ཆོས་པའི་རྣམ་འགྱུར་སོགས་མཉམ་དུ་བསྲེས་ཏེ་ཕྱོགས་ཞེན་གྱི་སྡུག་གཏམ་ལུང་བ་གང་སྨྲ་བ་དེ་རིགས་མི་འོས་སོ། །
སྤྱིར་གཞུང་ལུགས་མཐའ་དག་གི་གོ་བ་ལེན་ཚུལ་གྱི་སྟེང་ནས་བཤད་ཚུལ་མི་མཐུན་པ་གྲུབ་མཐའ་སོ་སོར་མ་ཟད་གྲུབ་མཐའ་གཅིག་ལའང་ནང་གསེས་ཀྱི་གསུང་ཚུལ་མི་མཐུན་པ་དུ་མ་ཡོད་པས། དེ་ཙམ་གྱིས་བྱ་རོག་དང་འུག་པའི་དཔེར་འགྲོ་མི་རུང་སྟེ། རྒྱལ་བའི་གསུང་ལ་ཡང་ཐེག་པ་ཆེ་ཆུང་གི་གསུང་ཚུལ་མི་འདྲ་བ་དང་། དེ་ལ་མཆོག་དམན་གྱི་ཁྱད་ཡོད་པ་རྒྱལ་བ་རང་གིས་གསུངས་པ་དང་། རྒྱལ་བའི་གསུང་ལ་དྲང་ངེས་འབྱེད་ཚུལ་གྱི་རྣམ་གཞག་འཐད་པ་དང་། རང་སྡེ་རྩ་བའི་གྲུབ་མཐའ་བཞི་ཡང། རང་རང་གི་གཞི་ལམ་འབྲས་བུའི་རྣམ་གཞག་འདོད་ཚུལ་གྱི་སྟེང་ནས་མཆོག་དམན་དང་གོང་འོག་གི་ཁྱད་པར་ཡོད་པས། གོང་མ་གོང་མས་འོག་མ་འོག་མ་རྣམས་ཀྱི་གྲུབ་མཐའི་འདོད་ཚུལ་ཁས་མི་ལེན་པར་འགོག་པར་བྱེད་ཀྱང་། འོག་མ་འོག་མའི་ལྟ་བ་དེ་གོང་མ་གོང་མའི་ལྟ་བ་གོ་བའི་ཐབས་སམ་སྟེགས་སུ་འགྲོ་བར་གསུངས་པའི་དོན་ཤེས་དགོས། འོན་ཀྱང་། འཇམ་མགོན་ས་པཎ་གྱིས། བསྟན་བཅོས་འཁྲུལ་དང་མ་འཁྲུལ་བ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས། །འདི་ཡི་ལེགས་ཉེས་དཔྱོད་པ་ལ། །སྡང་ཞེས་སྨྲས་ན་རང་སྐྱོན་ཡིན། །ཞེས་གསུངས་པ་ལྟར་བླུན་པོ་ཆུ་སྣ་གར་ཁྲིད་དང་། ཁྱི་རྒྱགས་ཀུ་ཅོའི་རྗེས་འདེད་ཀྱི་དཔེར་མ་སོང་བར། གྲུབ་མཐའ་སོ་སོའི་བསྟན་བཅོས་ཀྱི་དོན་ལའང་། ཕྲ་ཞིབ་ཀྱི་རིགས་པས་བརྟགས་ཤིང་དཔྱོད་པ་དང་། རྒྱབ་བརྟེན་གྱི་ལུང་གང་ལ་གཏུགས་པ། དེའི་དགོངས་པ་ཇི་ལྟར་འགྲེལ་བའི་ཚུལ། དགོངས་པ་ལྟར་དུ་སོང་མ་སོང་། སྒྲུབ་བྱེད་ཀྱི་རིག་པ་ཡང་དག་ཏུ་སོང་མ་སོང་བའི་ཚུལ་སོགས་ལ། ཕྱོགས་ལྷུང་གི་གཡའ་མ་ཞུགས་པར་ཡང་ཡང་དཔྱད་ནས་ལེགས་བཤད་དང་ཉེས་བཤད་ཀྱི་ཁྱད་པར་འབྱེད་དགོས་ཏེ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང། མཉམ་མེད་ཇོ་བོ་ཆེན་པོས། །ཀླུ་སྒྲུབ་ལུགས་ཀྱི་བདེན་གཉིས་བཀོད་པ་འདི། །གསེར་གྱི་རྒྱལ་པོའི་ངོར་ནི་བྱས་འདི་ལ། །གལ་ཏེ་དེང་སང་སྐྱེ་བོ་དང་གྱུར་ཀྱང་། །ལེགས་པར་བརྟགས་ལ་བླང་བར་བྱ་བ་ཡིན། །དད་པ་ཙམ་དང་གུས་པ་ཙམ་གྱིས་མིན། །ཞེས་དང་། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས། །ཞེས་སོགས་གསུངས་པ་ལྟར་དང་། གཞན་ཡང་། བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོའི་ཞལ་ནས། དམ་པའི་ཆོས་ནི་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་སྒྲུབ་པའི་ཐབས་གཅིག་པུ་ཡིན་གཤིས་ལེགས་ཉེས་དང་། འཁྲུལ་མ་འཁྲུལ་ཞིབ་མོར་དཔྱད་ནས་མ་ནོར་བ་ལ་འཇུག་དགོས་ཀྱི། མི་ཟབ་དགུ་ཟབ་མི་སྙན་དགུ་སྙན་དུ་མིང་བཏགས་པའི་ཁ་ཕོ་རྣ་བར་ལྷུང་བས་མགོ་འཁོར་ཏེ། ཐུན་མོང་ལམ་སྦྱང་སོགས་གང་ཡང་མི་དགོས་པར། ད་ལྟ་རང་སངས་རྒྱས་ཀྱི་ས་ལ་སྟག་མཆོང་བས་ན་སྙམ་དུ་རེ་བའི་བློ་ཅན་དང་། མིག་བཙུམ་ནས་འཇིག་རྟེན་པའི་ཆགས་སྡང་གིས་ཆོས་ལུགས་གྲུབ་མཐའི་ཁ་འཛིན་བྱེད་པ་མང་དུ་སྣང་བ་དེ་རྣམས་ཁོང་རུལ་ཡིན་པས་རང་གིས་རང་ལ་གཅེས་པ་མ་ནོར་བར་མཛད་དུ་གསོལ། ཞེས་ཐལ་མོ་སྙིང་གར་སྦྱར་ནས་ཞུའོ། །ཞེས་གཟུར་གནས་མཁས་པའི་ཞལ་ཆེམས་འོ་མའི་ཉིང་ཁུ་ལྟ་བུ་འདི་རིས་མེད་ཀྱི་གྲུབ་མཐའ་སྨྲ་བ་དག་གི་སྙིང་དབུས་སུ་གཟུང་བར་བྱའོ། །
བཞི་པ། ཆོས་དང་འཇིག་རྟེན་བར་ནས་ངོས་ཟིན་དགོས་པའི་གོ་རིག་འགའ་གླེང་བ།
རིག་པ་ཅན་གྱི་ཕྱི་རབས་པ་དང་ཆོས་ལ་ཞེན་ཆེ་བའི་དྲང་གཏམ་པ་དག་གཞི་གཅིག་ལ་འདུས་ཏེ་གླེང་བཞིན་པའི་བོད་དོན་ཉིད་ཡག་པོ་ཞིག་འབྱུང་དགོས་ན་རང་རང་ས་ནས་གང་བབ་ཀྱི་འགན་གཙང་མ་གཙང་རྐྱང་ཧུར་ཐོན་པ་ཞིག་བྱུང་། དེའི་སྟེང་ཚང་མ་གྲོས་འཆམ་གྱི་སྟོབས་ཤུགས་གཅིག་ཏུ་འབྲེལ་ཏེ་རྒྱལ་ཁབ་ཕྱི་ནང་གི་གང་མཁོའི་ཚན་རིག་གམ་རིག་གསར་གྱི་ལྟ་བ་དང་ལག་འབྲེལ་ཐུབ་པ་ཞིག་བྱུང་ན་ཕ་བུ་དགྲར་འཛིན་གྱི་ཆག་སྒོ་བློ་ཕམ་དེ་ཡང་ངང་གིས་ཞི་འགྲོ་ཞིང་། དུས་རབས་དང་འཚམ་པའི་ཡར་བསྐྱེད་ཀྱི་ལྗོན་པ་དེར་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་ངེས་པས། ཀུན་ལ་འཇིག་རྟེན་བཟང་པོ་དང་། ཟབ་མོ་ཆོས་ཡག་པོ་ཞིག་ཀྱང་འགྲུབ་ཐུབ་རྒྱུ་རེད་སྙམ། ལོ་རྒྱུས་སྔོན་མ་དག་ནས་གསུངས་པ་ལྟར་ན་བོད་འདི་བརྩོན་འགྲུས་ཆེ་ཞིང་གཞུང་རྒྱུད་དྲང་བའི་མི་རིགས་ཤིག་ཡིན་ཞེས་བསྟོད་ཆེ་བ་མང་ཡང་། དོན་གྱིས་སྒྱིད་ལུག་གི་བཟོ་ཞིག་ཡོད་པ་འདྲ། རྒྱུ་མཚན་མང་མང་ཞིག་ལས་ལ་ཁ་འཕངས་ཏེ་ལྟོ་རྒྱབ་ཙམ་ཡང་རང་དང་འབྲེལ་མེད་ཀྱི་ལས་ཀྱིས་བྱིན་པར་བསམ་གྱི་ཡོད། དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མ་རེད། ལས་ཟེར་བ་ནི་རང་གིས་ལས་ཀ་ལས་མ་ལས་ཞེས་པ་དང་དཔེ་དོན་མཚུངས་པས། ཆོས་སྒྲུབ་མཁན་ཞིག་ཡིན་ནའང་འདྲ། ཞིང་ལས་པ་ཞིག་ཡིན་ནའང་འདྲ། ཕྱུགས་འཚོ་མཁན་ཞིག་ཡིན་ནའང་འདྲ་། རྒྱུ་ལས་ཀ་དེ་ཉིད་རང་གིས་ཡག་པོ་ཞིག་མ་ལས་ན་གཞན་གྱིས་ལས་པ་ཞིག་གི་འབྲས་བུ་ཁྱོད་ལ་ཅི་ལྟར་དབང་། རང་ཉིད་སྒྱིད་ལུག་ཏུ་སོང་བ་མི་བཤད་པར་ལས་ཀྱིས་མནར་བ་གང་ནས་ཡིན། རང་དང་འབྲེལ་མེད་ཀྱི་གནམ་རྡོ་མགོ་ལྷུང་ལྟ་བུའི་ལས་ཤིག་གཞུང་ལུགས་གང་ནས་ཀྱང་མཇལ་དུ་མེད་ལ། བསྐལ་བའི་བར་དུ་ཡོད་རྒྱུ་མ་རེད། དེ་ལྟའི་མྱ་ངམ་གྱི་ཐང་ཆེན་པོར་སྒྱིད་ལུག་གི་རླུང་གིས་བསྐྱོད་པ་སྒར་གྲོང་ཀུན་ན་རིག་རྒྱུ་མང་། རང་སྡུག་རང་གིས་ཉོས་པའི་རྟགས་ཚད་མ་ཉིད་དུ་བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་དུ་ནན་གྱིས་གླེང་བ་དེ་ཡིན། ཡིད་བཞིན་གསུང་ལས་སྡུག་གྱོང་རེད་ཅེས་པ་ལ་གནད་ཆེན་པོ་ཡོད་པས། དད་པ་མེད་ནའང་བདེན་ལུགས་དེ་དཔྱད་བཟོད་པའི་སྙིང་གཏམ་ཡིན་ནོ། །གང་ལ་ཁ་འཕངས་ཀྱང་དོན་གྱིས་རང་ཉིད་རང་གི་མགོན་ཡིན་པ་སོགས་ཀྱི་དོན་ལ་འབབ་པས། ལམ་རིམ་དུའང་། འགྱེལ་བས་འགྱེལ་བ་ལ་བརྟེན་པས་ཅི་ཡང་མི་འོང་གསུངས་པ་དེ་བཞིན་གང་བྱེད་རང་གིས་ཡག་པོ་ཞིག་བསྒྲུབས་ན་འབྲས་བུ་གཞན་གྱིས་འཕྲོག་མི་སྲིད་པའི་མཛོད་ཆེན་པོ་ཡིན། ཡར་བླ་མ་དཀོན་མཆོག་ལ་ཡིད་གཏོད་ནའང་གཏོད་ལུགས་ཤིག་ཡོད་པས་རང་གིས་གང་ཡང་མ་གཉེར་གང་ཡང་མ་བསགས་པར་སྒྱིད་ལུག་རྣམ་གཡེང་ལ་བསྐུར། མཐར་བྲང་རྡུང་སོ་ཐམ་བྱས་ནའང་དཀོན་མཆོག་གིས་ཀྱང་སྐྱོབ་ཐབས་ཡོད་པ་མ་རེད། སྔོན་ནས་ཚོགས་གཉིས་ཀྱི་འགན་འཚམ་པ་རེ་གནང་ཡོད་པས་དེ་དེ་ལྟར་དུ་བརྩིས་ན་ཡིད་གཏོད་བྱས་པའི་རྟགས་ཡིན་པ་ལས་ཡེ་ཤེས་ཡོན་ཏན་གྱི་ཚོགས་ཀྱང་མེད། འཇིག་རྟེན་བསོད་ནམས་ཀྱི་ཚོགས་ཀྱང་མེད་པར་ལག་སྟོང་སེམས་སྟོང་དུ་སངས་རྒྱས་ལ་དངོས་སུ་མཇལ་ཡང་དགོས་པ་མེད་དོ། །ཧ་གོ་རྒྱུ་ནི་ཚོགས་བསགས་ཀྱི་འབྲས་བུ་དེ་རང་གཞན་གཉིས་ཀར་ཕན་པའི་དོན་ལྡན་གྱི་ལས་ཀའི་འབྲས་བུ་ཡིན་པས་དེ་འདྲའི་གོས་ཀྱིས་གཟབ་མཆོར་ལྟ་མི་ངོམས་པ་ཞིག་འོང་ན་སངས་རྒྱས་ལ་དད་པའང་དོན་དུ་སོང་ངོ་། །དཔེར་ན། ཕ་མས་བུ་ལ་རེ་བཅའ་བ་ལྟར་ཡོན་ཏན་བཟང་པོ་ཞིག་དང་། །འཇིག་རྟེན་ཡག་པོ་ཞིག་བྱུང་ན་ཕ་མས་བསྐྱངས་པའང་རིན་ཐང་ཆེ་ཞིང་། བུ་ཡང་འཇོན་ཐང་ཆེ་བས་དོན་མགོ་བྱུང་བ་ལྟ་བུ་རེད།
མཇུག་བསྡུའི་གཏམ།
དེ་ཡང་འཇིག་རྟེན་གཏམ་དུ། རྡོ་རྗེ་གོད་ཁ་ལྷུང་ན། བུ་ཆུང་གི་རྩེད་ཆས། ཟེར་བ་ལྟར་བོད་འདི་རུ་བཀའ་དྲིན་ཆེ་བའི་མེས་པོ་གོང་མ་རྣམས་ཀྱིས་ལོ་རབས་ནས་ལོ་རབས་མང་པོར་ལུས་སྲོག་གང་ལ་མ་འཛེམ་པར་དཀའ་བ་མང་དུ་བསགས་ཏེ་ཡང་ཡང་དཔྱད་པ་དང་ཞིབ་སྡུར་ཟབ་མོ་གནང་བའི་ནང་བསྟན་གྱི་རིག་གནས་འདི་ད་ལྟ་བསམ་མ་ཤེས་པའི་བུ་ཆུང་གི་སྡིགས་ཡུལ་ལྟ་བུར་གྱུར་འདུག་པ་ནི་ཤིན་ཏུ་མི་འོས་མོད། རི་བོང་ཅལ་འདྲོགས་འགའ་རེ་མ་གཏོགས་དུས་རབས་གསར་པའི་དཔྱོད་ལྡན་དམིགས་རྒྱང་རིང་བ་ཞིག་ཡིན་ན་ཕྱོགས་གང་ཐད་ལ་བསམ་བློ་ཞིབ་ཏུ་གཏོང་བའི་ནུས་པ་ལྡན་ཞིང། རྫུན་མའི་རྫུན་ཁུངས་འདེད་ཤེས་པའི་རིག་པ་ཀུན་ལ་མི་དམན་པས་ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་དང། ཆོས་ཀྱི་ཕྱི་གོས་གྱོན་པ་བླ་གཟུགས་བཙུན་གཟུགས་འགའ་རེར་གཞི་བྱས་ནས་ཆོས་ལ་སྡོམ་ཚིག་མི་འཇོག་པར་བརྟག་ཅིང་དཔྱད་ནས་ཁ་དྲང་གྲག་ཅིག་གི་ལམ་དུ་འཇུག་པ་གལ་ཆེ། དགེ་ཆོས་རིན་པོ་ཆེས་གསུངས་པ་ལྟར། རང་རེའི་སྟོན་པའི་ཆོས་ལུགས་འདི་ལ་གཞིའི་གནས་ལུགས། ལམ་གྱི་བགྲོད་ཚུལ། འབྲས་བུའི་ཡོན་ཏན་སོགས་བཤད་པའི་ཆ་གང་ནས་ས་ཡན་སིའི་རིག་པ་ལ་ངོ་གནོང་དགོས་པ་ཞིག་ནི་ངེས་པར་མེད། དེར་མ་ཟད་གནད་གང་ཡིན་ལ་ས་ཡན་སིའི་རིག་པ་རྩིག་རྨང་དུ་བྱེད་པའི་ནུས་པ་ཡོད། ཅེས་པ་ནི་གཟུ་བོའི་དྲང་གཏམ་ཡིན་པས། གོ་འཛོལ་གྱི་ཨུ་ཚུགས་ལ་མི་རེ་བར་ངེས་པ་དོན་གྱི་ཤེས་ཡོན་ཅན་ཞིག་གི་ནང་རུས་མི་སྟོང་བ་གནས་ཀྱི་རྩ་བ་ཡིན། དེའི་ངོས་ནས་ཀུན་སློང་གཙང་ཞིང་མི་རིགས་འདིར་ཕན་ཁེ་ཆེ་བ་ཞིག་གི་ལམ་དུ་བསྐྱོད་པར་མི་རབས་འདིའི་ཤེས་ཡོན་ཅན་རྣམ་པར་རེ་ཆེ་བ་ང་འདྲས་ཞུ་མ་དགོས་པའི་དོན་ཆེན་ཞིག་ཡིན་ནོ། །