(དེབ་གོང་མའི་འཕྲོ།) བྱམས་པ་ཟླ་གྲགས།

ནོ་བྷེལ་གཟེངས་རྟགས་ཀྱི་ལམ་སྲོལ་ལ་དུས་བསྟུན་ལེགས་བཅོས་ཀྱི་རྣམ་པ་གསར་པའི་རེ་བ།

    ཕྱི་ལོ་ ༢༠༠༠ ལོར་གསོ་རིག་དང༌། རྫས་འགྱུར། དངོས་ཁམས་རིག་པ་བཅས་ཚན་རིག་དང་འབྲེལ་བའི་གཟེངས་རྟགས་འདི་དག་བཞེས་མཁན་གྱི་མཚན་ཐོ་གསལ་བསྒྲགས་མ་གནང་བའི་ཉིན་གཅིག་གི་སྔོན། སུ་ཌན་གྱི་ཚན་རིག་གཙུག་ལག་སློབ་གཉེར་ཁང་ནས་གལ་གནད་ཆེ་བའི་གསལ་བསྒྲགས་ཤིག་གནང་སྟེ། ནོ་བྷེལ་ཚོགས་ཆུང་གིས་ཕྱིས་འབྱུང་ཚན་རིག་གཟེངས་རྟགས་འབུལ་ཕྱོགས་ཐད་བསྐྱར་དུ་དུས་བསྟུན་ལེགས་བཅོས་ཀྱི་བསམ་གཞིགས་ནན་པོ་ཞིག་བྱ་རྒྱུའི་དགོངས་འཆར་ཡོད་ཚུལ་གསལ་བསྒྲགས་དེའི་ནང་གསལ་པོར་བརྗོད་ཡོད། དེ་ལྟ་བུའི་གསལ་བསྒྲགས་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ད་ལྟའི་ཆར་ནོ་བྷེལ་ཚོགས་ཆུང་གིས་མིང་འདོན་གནང་བའི་གསོ་རིག་དང༌། རྫས་འགྱུར་རིག་པ། དངོས་ཁམས་རིག་པ་བཅས་གསུམ་པོ་འདིས། དེང་དུས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ཕན་རླབས་ཆེ་བའི་ཚན་རིག་གི་ཡན་ལག་མང་པོ་ཡོད་པ་དེ་དག་ཐམས་ཅད་འདི་གསུམ་གྱིས་མཚོན་ཐུབ་ཐབས་ཡེ་ནས་མེད་ཀྱང། ཚོགས་ཆུང་ནས་ད་བར་དུས་བསྟུན་བསམ་གཞིགས་ཀྱིས་གཟེངས་རྟགས་གསར་གཏོད་བྱ་རྒྱུར་ཐུགས་སྣང་འབད་བརྩོན་རྩ་བ་ནས་གནང་མེད་པར་མ་ཟད།  གཟེངས་རྟགས་རྣམས་མཁས་དབང་གསུམ་ལས་མང་བ་ཟུང་སྦྲེལ་དུ་གནང་མི་ཆོག་པའི་ལམ་སྲོལ་དེར་ཡང་མང་ཚོགས་ནས་སྐྱོན་བརྗོད་དགོངས་འཆར་ཤུགས་ཆེ་ཡོང་བཞིན་པ་རྣམས་ལ་ནོ་བྷེལ་ཚོགས་ཆུང་ནས་ཐུགས་སྣང་དགོངས་བཞེས་ཀྱིས་འབྱུང་འགྱུར་ལེགས་བཅོས་གནང་འཆར་ཡོད་ཅེས་གསལ་བསྒྲགས་གནང་ཡོད་ནའང༌། ད་བར་ཚོགས་ཆུང་ནས་ཚིག་སྐམ་སྟོང་བཤད་ཙམ་ལས་དོན་དམ་མི་མང་གི་རེ་འདུན་གཞིར་བཟུང་ནོ་བྷེལ་གཟེངས་རྟགས་འབུལ་ཕྱོགས་ལམ་སྲོལ་ཐད་ལེགས་བཅོས་གནང་ཡོད་པ་ཞིག་ཕལ་ཆེར་མ་ཚོར། ཡིན་ནའང༌། ཀུན་གྱིས་ད་དུང་ཁ་བཤད་དོན་ལ་གནས་པ་ཞིག་ཡོང་བར་རེ་བ་བྱེད་བཞིན་ཡོད།

 

ནོར་ཝེ་ཇིན་ནོ་བྷེལ་གཙུག་ལག་སློབ་གཉེར་ཁང༌།

    (Norwegian Nobel Institute)རང་དབང་ལྡན་པའི་ཉམས་ཞིབ་གཙུག་ལག་སློབ་གཉེར་ཁང་འདི་ནོར་ཝེ་ཇིན་(Norwegian)ནོ་བྷེལ་ཚོགས་ཆུང་དང༌། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འགན་འཛིན་རྣམ་པས་དགོས་མཁོ་དང་བསྟུན་ཏེ་ཕྱི་ལོ་ ༡༩༠༤ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་རེད། སློབ་གཉེར་ཁང་འདིའི་སྒྲིག་གཞི་ནང་གསལ་གྱི་ལས་འགན་གཙོ་བོ་ནི། རྒྱལ་སྤྱིའི་འབྲེལ་ལམ་ཁག་ཡར་རྒྱས་གཏོང་རྒྱུའི་ཐད་ལ་དམིགས་བསལ་གྱི་དོ་སྣང་དང༌། དེའི་ཐོག་སྦྱོང་བརྡར་ཡང་མཛད་དགོས་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཕན་ཚུན་དབར་གོ་རྟོགས་ལེགས་སྒྲུབ་དང་བརྩི་མཐོང་གོང་འཕེལ་ཡོང་ཐབས་སུ་ཁོར་ཡུག་གི་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུའི་ཞབས་འདེགས་ཞུ་དགོས་པ་དེ་ཡིན། ལས་འགན་དེ་དག་དོན་དམ་ལག་ལེན་དུ་འཁྱོལ་ཆེད། ལོ་མང་རིང་སློབ་གཉེར་ཁང་འདིས་ནོར་ཝེ་ཡུལ་གྱི་མཁས་དབང་རྣམས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཉམས་ཞིབ་མཁས་དབང་ཚོའི་དབར།  རྟག་ཏུ་མཐུད་མཚམས་ལྟ་བུའི་ཕྱག་ལས་མུ་མཐུད་དེ་གནང་ཡོད་པར་མ་ཟད། ཡུ་རོབ་དམག་འཐབ་ཀྱི་དུས་ངན་སྐབས་སུའང་སློབ་གཉེར་ཁང་འདི་ཁྱིམ་མཚེས་ཡུལ་གྲུ་ཁག་གི་སྐྱབས་བཅོལ་མཁས་དབང་ཚོ་འཛོམས་སའམ། དེ་དག་དཀའ་ངལ་གྱི་སྐབས་སྐྱབས་བཅོལ་སའི་བསྟི་གནས་ལྟ་བུར་གྱུར་ཡོད།
ད་ལྟའི་སློབ་གཉེར་ཁང་གི་ཁང་པ་འདི་ཕྱི་ལོ་ ༡༨༦༧ ལོར་ཐོག་མར་གསར་བཟོ་གནང་ཞིང༌། ཨོས་ལོའི་རྒྱལ་སའི་དཀྱིལ་ཏེ། ནོར་ཝེའི་རྒྱལ་ཁང་དང༌། དེའ་ིལྡུམ་རའི་ཉེ་འགྲམ་ཞིག་ཏུ་ཆགས་ཡོད། ཕྱི་ལོ་ ༡༩༠༤ ལོར་ནོར་ཝེ་ཇིན་ནོ་བྷེལ་གཙུག་ལག་སློབ་གཉེར་ཁང་དེས་ཁང་པ་འདིའི་ནང་ཐོག་མར་འགོ་འཛུགས་གནང་བ་ནས་བཟུང༌། ཕྱི་ལོ་ ༡༩༨༥ དང། ༡༩༩༠     ༡༩༩༡ ལོ་སོ་སོར་ཁང་པ་འདིར་ལེགས་བཅོས་དང་རྒྱ་བསྐྱེད་བྱ་རྒྱུའི་ཕྱག་ལས་ཧ་ཅང་རྒྱ་ཆེན་པོ་ཞིག་གནང་ཞིང༌། ད་ཆ་སློབ་གཉེར་ཁང་འདིའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཉམས་ཞིབ་པ་རྣམས་ཀྱི་ཆེད་ཀམ་པུཊར་སོགས་དེང་དུས་ཀྱི་ཆ་རྐྱེན་ཆ་ཚང་ལྡན་པའི་ལས་ཁུངས་ཁང་མིག་གསར་པ་མང་དག་ཅིག་གསར་དུ་གོ་སྒྲིག་གནང་ཡོད།
ནོ་བྷེལ་སློབ་གཉེར་ཁང་འདིས་ལོ་ལྟར་”ནོ་བྷེལ་བགྲོ་གླེང༌”ཞེས་པའི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་མུས།  བགྲོ་གླེང་འདིའི་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་སྤུས་དག་ཅིག་ཡོང་ཐབས་སུ་འཛམ་གླིང་ཡུལ་གྲུ་ཁག་ནས་མཁས་དབང་སྙན་གྲགས་ཅན་གདན་ཞུ་མཛད་པར་མ་ཟད། སྤྱིར་བཏང་མཁས་པའི་ཚོགས་འདུ་དང༌། མཁས་པ་ཁག་གི་གསུང་བཤད་ཀྱང་དུས་དུས་སུ་ཟུར་དུ་གོ་སྒྲིག་ཞུ་བཞིན་ཡོད། ཕྱི་ལོ་ ༡༩༦༠ ལོ་ནས་འདས་པའི་ལོ་མང་རིང་གཙུག་ལག་སློབ་གཉེར་ཁང་འདིས་འཛམ་གླིང་གི་གནས་སྟངས་ཀྱི་དགོས་མཁོར་གཞིགས་ཏེ། གནད་ཆེའི་དམིགས་བསལ་བརྗོད་གཞིའི་ཐོག་བགྲོ་གླེང་ཐེངས་མང་གོ་སྒྲིག་ཞུས་ཁོངས། ཕྱི་ལོ་ ༡༩༩༠ ལོར་འཁོན་སེམས་ཀྱི་བྱེད་ལས་ཞེས་པ་དང༌། དེ་རྗེས་འདས་པའི་གྲང་དམག་ཅེས་པའི་བརྗོད་གཞི་འདི་གཉིས་ནི་དམིགས་བསལ་གྱི་གྲགས་ཆེ་ཤོས་བྱུང་ཡོད། ནོ་བྷེལ་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་ནང་མི་སུ་འདྲ་ཞིག་ཡིན་རུང་རང་དབང་གིས་ཕེབས་ཆོག་པ་ཡིན།

 

དཔེ་མཛོད་ཁང༌།

    དཔེ་མཛོད་ཁང་འདིའི་ནང་ཞི་བདེའི་བརྗོད་གཞི་དང་འབྲེལ་བའི་དཔལ་འབྱོར་རིག་པ་དང༌། རྒྱལ་སྤྱིའི་ཆབ་སྲིད་རིག་པ་སོགས་ཀྱི་སྐོར་དེབ་གྲངས་ ༡༥༠༠༠༠ ལྷག་ཡོད། དེའི་ནང་ནས་ཀྱང་དམིགས་བསལ་ཕྱི་ལོ་ ༡༩༠༠ ནས་ཉི་ཤུའི་བར་གྱི་རྒྱལ་རབས་ལོ་རྒྱུས་དང༌། ཞི་བདེའི་ལས་འགུལ་ཁག་གི་ལོ་རྒྱུས། རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་བརྗོད་གཞིའི་སྐོར་གྱི་དེབ་ཕོན་ཆེན་པོ་ཡོད་པར་མ་ཟད། དཔེ་མཛོད་ཁང་འདི་ནི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དང༌། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ཡིག་ཆ་ཁག་འཇོག་སའི་བང་མཛོད་ལྟ་བུ་ཞིག་ཀྱང་ཡིན་པར་གྲགས་སོ། །

 

ཉམས་ཞིབ་སློབ་ཡོན་གྱི་མཐུན་རྐྱེན།

    ཉམས་ཞིབ་སློབ་ཡོན་གྱི་འཆར་གཞི་འདི། ཕྱི་ལོ་ ༡༩༩༢ ལོར་གཙུག་ལག་སློབ་གཉེར་ཁང་འདིའི་ནང་ཐོག་མར་ཉམས་ཞིབ་ཀྱི་སྡེ་ཚན་བཙུགས་པ་དང་མཉམ་དུ་འགོ་འཛུགས་གནང་བ་ཞིག་རེད། སློབ་ཡོན་གྱི་འཆར་གཞི་འདིའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་སྤྱིའི་ལོ་རྒྱུས་དང་ཆབ་སྲིད། ཁྲིམས་བཅས་ཀྱི་བརྗོད་གཞིའི་ཐོག་ནོར་ཝེ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཉམས་ཞིབ་མཁས་དབང་ཚོའི་བར་མཁྱེན་ཡོན་བརྗེ་ལེན་གྱི་གོ་སྐབས་བཟང་པོ་ཞིག་སྐྲུན་ཐབས་བྱ་རྒྱུ་དེ་ཡིན། ལོ་ལྟར་ཉམས་ཞིབ་སློབ་གཉེར་པ་བཞི་ནས་དྲུག་བར་འཛམ་གླིང་ཡུལ་གྲུ་ཁག་ནས་འདེམ་སྒྲུག་གནང་སྟེ། སློབ་ཡོན་གྱི་འཆར་གཞི་དུས་ཡུན་ཟླ་བ་བཞི་ནས་ལོ་གཅིག་གི་བར་ཡིན་ལ། སློབ་ཡོན་གྱི་འཆར་གཞི་འདིའི་ཁོངས་ཕྱོགས་རིས་མེད་པར་རྒྱལ་ཁབ་དང་ཤེས་ཡོན་གྱི་རྣམ་པ་གང་མང་མཚོན་ཐབས་ཀྱི་འབད་བརྩོན་ཞུ་བཞིིན་ཡོད་དོ། །

 

བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་པའི་རྒྱུ་རྐྱེན་ལ་དཔྱད་པ།

དེ་ཡང་ཇི་སྐད་དུ།  བློ་སྦྱོང་མཚོན་ཆ་འཁོར་ལོ་ལས།
གང་ལྟར་བྱས་ཀྱང་ཆགས་སྡང་འཁྲུགས་པའི་ཚེ། །མ་རུང་རྒྱུད་ངན་རེངས་སུ་བཅུག་པ་ཡིས། །
ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ང་ཁྱོད་དྲུངས་ནས་དབྱུང་བར་བྱ། །ཞེས་གསུངས་པ་ལྟར། རང་རེའི་སེམས་འདི་ཚེ་རབས་གྲངས་མེད་པ་ནས་ཆགས་སྡང་སོགས་ཉོན་མོངས་པས་རེངས་པར་གྱུར་བའི་རྐྱེན་གྱིས། རྟག་ཏུ་དགྲ་འདུལ་གཉེན་སྐྱོང་དང༌། རང་རྒྱལ་གཞན་ཕམ་གྱི་ལས་ངན་འཁོར་བའི་བྱ་བཞག་ཁོ་ནར་རྨོངས་ཤིང་བརྩོན་ལ། ད་དུང་ཡང་མུ་མཐུད་ཤེས་བཞིན་དུ་རང་རྒྱུད་རེངས་སུ་བཅུག་པའི་རྐྱེན་གྱིས། ཀུན་གྱིས་བསྔགས་ཤིང་གཟེངས་སུ་བསྟོད་པའི་ནོ་བྷེལ་གཟེངས་རྟགས་ཁག་གནང་ཕྱོགས་ཀྱི་ཐོག་ལའང་ཀླན་ཀ་མི་ཉུང་བ་ཞིག་བྱུང་ཡོད་པའི་ཁོངས། ད་རེས་འདིར་ཁོ་བོས་དམིགས་བསལ་རྒྱ་གར་གྱི་མེས་པོ་དམ་པ་གཱནྡྷཱི་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་པའི་རྒྱུ་རྐྱེན་ལ་ཅུང་ཙམ་དཔྱད་ཐབས་ཀྱི་འབད་བརྩོན་ཞུ་རྒྱུ་ཡིན། དེ་ཡང༌། ནོ་བྷེལ་ཞི་བདེའི་ཚོགས་ཆུང་ནས་ད་བར་ཇེན་ཨ་ཌམ་སེ་(Jane Addams)དང༌། མར་ཊིན་ལུ་ཐར་ཀིང།(Martin Luther King Jr.) མཱ་ཐར་ཊི་རེ་ས།(Mother Teresa) ཨར་ཅི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་(Archbishop Desmond Tutu) མཆོག་དང༌། ཕྱི་ལོ་ ༡༩༨༩ ལོར་ྋསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོགས་འོས་ཤིང་འཚམ་པའི་འཛམ་གླིང་སྐྱེས་ཆེན་མཛད་རྗེས་ཅན་མང་དག་ཅིག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་གནང་མཛད་ཐུབ་པ་དེ་ནི་ཨལ་ཕེཌ་ནོ་བྷེལ་དམ་པ་དེ་ཉིད་ཀྱི་ཞལ་ཆེམས་ལ་ཆེ་མཐོང་བརྩི་བཀུར་དང༌། ནོ་བྷེལ་ཚོགས་ཆུང་གིས་འདས་པའི་འཐུས་ཤོར་གྱི་གནས་ཚུལ་རྣམས་ལ་དྲང་བདེན་གྱི་ཡོ་བསྲང་བྱ་རྒྱུའི་འབད་བརྩོན་གྱི་མཛད་རྗེས་བཟང་པོ་ཞིག་ཡིན་པས་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་དུས་རབས་ཉི་ཤུ་པའི་ནང་ཡོངས་སུ་གྲགས་པའི་ཞི་བདེའི་དེད་དཔོན་ཆེན་པོ་གཱནྡྷཱི་དམ་པ་མཆོག་སྐུ་འཚོ་བཞུགས་རིང་དང༌། སྐུ་གཤེགས་པའི་རྗེས་ལོ་མང་པོ་འདས་ཟིན་ནའང་དམ་པ་འདི་ཉིད་ཀྱི་མཚན་ཐོག་ཏུ་ནོ་བྷེལ་ཞི་བདེའི་གཟེགས་རྟགས་ད་བར་གནང་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་མིན་ལ་ཅུང་ཙམ་དཔྱད་ཐབས་ཀྱི་འབད་བརྩོན་ཞུས་ན།
དོགས་གཞི་འདིར་ཕྱོགས་གཉིས་ནས་གསལ་བཤད་ཞུས་ན་མི་འགྲིག་པ་མེད། དེ་ལ་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ཆ་དང༌། སྤྱིར་བཏང་སྤྱི་ཚོགས་ནང་མི་སོ་སོའི་ཚོད་དཔག་འོག་རྒྱུ་རྐྱེན་འདི་འདྲ་ཞིག་མིན་ནམ་སྙམ་པའི་འོལ་ཚོད་ཀྱི་བསམ་ཚུལ་གཉིས་པོ་དེ་རེད།
ལོ་རྒྱུས་ཀྱི་ཆ་ནས་ཞུས་ན་ནོ་བྷེལ་གཟེངས་རྟགས་ཕྱི་ལོ་ ༡༩༠༡ ལོར་ཨལ་ཕེཌ་ཞིང་གཤེགས་དམ་པ་མཆོག་གིས་ཐོག་མར་དབུ་བཙུགས་སྲོལ་བཏོད་ནས་བཟུང༌། ཕྱི་ལོ་ ༡༩༡༣     ལོར་རྒྱ་གར་གྱི་རྩོམ་རིག་པ་མཁས་དབང་རཱཝིནྡར་ནཱཐ་ཊེགྷོར་མཆོག་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ། ལོ་ངོ་ཧྲིལ་པོ་བཅུ་གཉིས་ཀྱི་རིང་ཨེ་ཤི་ཡའི་གླིང་ཆེན་གྱི་མི་རིགས་ཤིག་ལ་ནོ་བྷེལ་གཟེངས་རྟགས་ཐོབ་པ་ལོ་རྒྱུས་ན་ཐོག་མ་དེ་ཆགས་ཡོད། སྤྱིར་བཏང་ནོ་བྷེལ་གཟེངས་རྟགས་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ། གཟེངས་རྟགས་འདིའི་ཐོབ་ཐང་དང་འོས་བབ་རྣམས། སྐབས་དེ་དུས་ཕལ་ཆེར་ཨ་རི་བ་དང༌། ཨིན་ཡུལ་གཙོས་པའི་ཡུ་རོབ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་འབའ་ཞིག་གི་མཁས་དབང་རྣམ་པ་ཚོར་མ་གཏོགས། དེ་མིན་ཨེ་ཤི་ཡ་དང༌། ཨཕ་རི་ཀ གཞན་ཡང་ལ་ཊིན་ཨ་མེ་རི་ཀའི་མི་རིགས་སོགས་ཀྱི་མཁས་དབང་རྣམ་པར་ཕལ་ཆེར་གནང་ཆོག་གི་མེད་པ་ལྟ་བུ་ཞིག་ཡོད། ནོ་བྷེལ་ཚོགས་ཆུང་གཉིས་ཀའི་ངོས་ནས་ཀྱང་གླིང་ཕྲན་འདི་དག་གི་རྨད་བྱུང་མཛད་རྗེས་ཅན་གྱི་མཁས་དབང་རྣམས་ལ་བར་སྐབས་ཤིག་རིང་ཁོང་ཚོའི་དོ་སྣང་ཙམ་ཡང་ཡེ་ནས་བསླེབས་ཐུབ་མེད་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་ཕྱིས་སུ་ནོ་བྷེལ་ཚོགས་ཆུང་ཁག་གིས་འདས་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ལམ་འཐུས་ཤོར་དེ་དག་ལ་དྲང་བདེན་གྱི་ཡོ་བསྲང་དང་གུན་གསབ་ཅིག་བྱ་རྒྱུའི་ཀུན་སློང་བཟང་པོ་ཞིག་གི་ཐོག ཨེ་ཤེ་ཡ་དང་གླིང་ཕྲན་གཞན་གྱི་མཁས་དབང་མཛད་རྗེས་ཅན་གང་མང༌། ནོ་བྷེལ་གཟེངས་རྟགས་ཁག་གི་འོས་གཞིའི་ཁོངས་སུ་སླེབས་ཐབས་ཀྱི་དོ་སྣང་སྔར་བས་ཆེ་རུ་གཏོང་རྒྱུའི་དགོངས་བཞེས་འབད་བརྩོན་ཞུས་ཡོད་ཀྱང༌། ད་དུང་ཕྱི་ལོ་ ༡༩༠༡ ནས་ ༡༩༩༡ བར་གྱི་གཟེངས་རྟགས་ཕུལ་བའི་རེའུ་མིག་རྣམས་ལ་གཟིགས་ཞིབ་གནང་ཚེ། མི་ལོ་ཧྲིལ་པོ་ ༩༠ ཐམ་པ་དེའི་རིང་ཨེ་ཤེ་ཡ་ལ་སོགས་པའི་གླིང་ཕྲན་གཞན་གྱི་མཁས་དབང་ཁོངས་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་བཅུ་ཙམ་ལས་བྱུང་མེད་པ་དེ་ནི་ཧ་ཅང་ཡིད་མི་ཆེས་ཞིང་ཡ་མཚན་བྱ་འོས་པའི་གནས་ཚུལ་ཞིག་ཡིན་པར་ཐེ་ཚོམ་ཅི། ཨེ་ཤེ་ཡ་དང༌། ཨ་ཕི་རི་ཀ ལ་ཊིན་ཨ་མི་རི་ཀ་བཅས་འཛམ་གླིང་མི་འབོར་གྱི་ཆ་ཤས་ཤིན་ཏུ་ཆེ་བའི་གླིང་ཆེན་དེ་དག་གི་ནང་གཟེངས་རྟགས་ཆེད་འོས་ཤིང་འཚམ་པའི་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་གཞན་དྲིང་མི་འཇོག་པའི་ཞི་བདེའི་འཐབ་རྩོད་པ་དང༌། རྩོམ་རིག་མཁས་པ། ཚན་རིག་གི་གསར་འཚོལ་རིག་པ་བཅས་ཀྱི་མཁས་པ་རྩེར་ཐོན་ཞིག་ལོ་ངོ་དགུ་བཅུ་ཐམ་པ་སྟེ། ལོ་ཡུན་རིང་པོ་དེའི་ནང་བཅུ་ཙམ་ལས་བྱུང་མེད་པ་ག་ལ་སྲིད་དེ། མི་སྲིད་པ་ཞིག་རེད། ཡིན་ནའང༌། ཕྱོགས་གཞན་ནས་བལྟས་ཚེ་ད་བར་གཟེངས་རྟགས་བཅུ་ཙམ་ཞིག་ཐོབ་པ་དེར་ཡང་ང་ཚོས་དགའ་སྒོམ་ཆོག་ཤེས་བྱ་རྒྱུ་ཙམ་ལས་ཐབས་གཞན་འགའ་ཡང་ཕལ་ཆེར་ཁོ་བོའི་ཡིད་ངོར་མི་འཆར། དྲང་པོར་ཞུས་ན་གཱནྡྷཱི་དམ་པར་ད་བར་ཞི་བདེའི་གཟེངས་རྟགས་ཕུལ་མ་ཐུབ་པ་ནི་ནོ་བྷེལ་ཞི་བདེའི་ཚོགས་ཆུང་གི་འཐུས་མི་རྣམས་རང་བཞིན་གྱིས་ཁ་སྐྱེངས་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྐད། དཔེར་ན། རྒྱ་གར་གྱི་མེས་པོ་དམ་པ་གཱནྡྷཱི་མཆོག་ལ་ཐོག་མར་ཕྱི་ལོ་ ༡༩༣༧ དང༌། དེ་རྗེས་ཡང་བསྐྱར་ཕྱི་ལོ་ ༡༩༤༧ ལོར་ཞི་བདེའི་གཟེངས་རྟགས་ཀྱི་མཐའ་མའི་འོས་གཞིའི་མཚན་གཞུང་ནང་ཐེངས་གཉིས་བསླེབས་ཐུབ་པ་ཁོ་ན་གཟི་བརྗིད་རེད་སྙམ། དེ་ནི་གཙོ་བོར་ཁོང་གིས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས་མི་གསོད་ཁྲག་སྦྱོར་གྱི་དྲག་པོའི་ལྟ་བ་དུག་ལྟར་སྤངས་ཏེ། འཚེ་མེད་ཞི་བ་དང༌། བདེན་པའི་ཨུ་ཚུགས་ལྟ་བུའི་གཟི་བརྗིད་ལྡན་པའི་ཐབས་ལམ་གྱི་ནུས་ཤུགས་ཁོ་ནར་བརྟེན་ནས་མཐར་རྒྱ་གར་རང་བཙན་གྱི་རྒྱལ་ཁའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཐུབ་པ་དེར། འཛམ་གླིང་སྐྱེ་རྒུ་ཡོངས་ཀྱིས་ཁོང་གི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མཛད་རྗེས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་དང༌། ངོས་ལེན་གཙང་མ་ཞུས་པའི་རྟགས་མཚན་གསལ་པོ་ཞིག་རེད་བསམ་གྱི་འདུག དེར་མ་ཟད། སྐབས་དེ་དུས་ཡུ་རོབ་དང་ཤར་ཨེ་ཤི་ཡའི་ཁུལ་དུ་ཨིན་ཇུའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་བཞིན་དུའང༌། ད་དུང་རྒྱབ་སྐྱོར་དེ་ཙམ་ཐོབ་པ་དེས་གདོན་མི་ཟ་བར་འཛམ་གླིང་མི་མང་གི་བསམ་བློའི་ནང་འཚེ་མེད་ཞི་བ་དང༌། བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་འདིར་རྒྱབ་སྐྱོར་དང་དགའ་ཞེན་ཆེ་ཆུང་ཅི་ཙམ་ཡོད་མེད་ཀྱང་ཚོད་དཔག་གསལ་པོ་བྱེད་ཐུབ་པ་ཞིག་རེད། གཱནྡྷཱིའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཐབས་ལམ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཁག་གི་རང་བཙན་འཐབ་རྩོད་པ་ཚོས་ཀྱང་ཆེས་ནུས་ཤུགས་ལྡན་པའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་ཏུ་མཐོང་བ་མ་ཟད། ཕྱིས་སུ་གཱནྡྷཱི་མཆོག་གི་འཚེ་བ་མེད་པའི་ལྟ་གྲུབ་འདི་ཉིད་ཀྱི་ལམ་ནས་རང་དབང་འཐབ་རྩོད་གནང་མཁན་ཌོག་ཊར་མར་ཊིན་ལུ་ཐར་ཀིང་དང༌། (Dr Martin Luther King Jr.) སི་ནི་ཡོར་ཨེ་ཌོལ་ཕོ་ཕེ་རིཛ་ཨེས་ཀི་ཝེ། (Senior Adolfo Pérez Esquivel)  མཆོག་གཉིས་ལའང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། འོན་ཀྱང༌། འཚེ་བ་མེད་པའི་ལྟ་གྲུབ་འདི་ཉིད་ཐོག་མར་སྲོལ་བཏོད་ལག་བསྟར་མཛད་མཁན་བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་ལ་ཞི་བདེའི་གཟེངས་རྟགས་ད་བར་མ་ཐོབ་པའི་རྒྱབ་ལྗོངས་སུ་ངེས་པར་མངོན་གསལ་མེད་པའི་སྲིད་དོན་གྱི་གནོན་ཤུགས་ཤིག་མེད་དམ་སྙམ།  དེ་མིན་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་ལ་ད་དུང་དགའ་ཞེན་དང་བརྩི་བཀུར་ཅི་ཙམ་ཡོད་མེད། གཱནྡྷཱིའི་རྣམ་ཐར་ལས་རྒྱ་གར་རང་བཙན་འཐབ་རྩོད་དང་འབྲེལ་བའི་གློག་བརྙན་དེར་ཨ་རིའི་གློག་བརྙན་གྱི་གཟེངས་རྟགས་ཆེ་ཤོས་”ཨོས་ཀར་”ཞེས་པ་ཐེངས་ཁ་ཤས་ཐོབ་ཡོད་པ་དེས་ཀྱང་གསལ་པོར་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
ཕྱི་ལོ་ ༡༩༤༧ ལོར་གཱནྡྷཱི་མཆོག་སྐུ་རྐྱང་ངམ། ཡང་ན་ཟུང་སྦྲེལ་གང་ཡང་རུང་བ་ཞིག་གི་ལམ་ནས་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་ཧ་ལམ་ཐུགས་གཏན་ཁེལ་ཏེ། གསལ་བསྒྲགས་གནང་ལ་ཉེ་སྐབས། སྟབས་མི་ལེགས་པ་ཞིག་ལ། རྒྱ་གར་རང་བཙན་ཐོབ་རྗེས་ཧིན་དུ་དང༌། ཁ་ཆེའི་མི་རིགས་དབར་ཕན་ཚུན་ཡུལ་ལུང་གནས་སྤོས་བྱེད་སྐབས་མི་གསོད་འཕྲོག་བཅོམ་གྱི་ཡ་ང་བའི་གནས་ཚུལ་ཐབས་རྡུགས་བློ་ཡུལ་དུ་མི་ཤོང་བ་དེ་དག་བྱུང་སྐབས། ཛ་དྲག་གི་གནས་སྟངས་དེ་འཕྲལ་མར་བཟློག་ཐབས་སམ། ཞི་འཇམ་དང་བསྐྱར་གསོ་བྱ་རྒྱུར་དབུས་གཞུང་ནས་དྲག་པོའི་དམག་མི་བེད་སྤྱོད་བྱས་ཡོད་པ་དེ་དག་ཕལ་ཆེར་གཱནྡྷཱི་དམ་པ་ཁོང་གིས་ཐད་ཀར་བཀོད་ཁྱབ་ལམ་སྟོན་འོག་བྱས་པ་ལྟ་བུའི་སྐྱོན་བརྗོད་ཀྱི་གནས་ཚུལ་སྐབས་དེར་འཛམ་གླིང་གསར་ཤོག་ཁག་གི་ནང༌ཤུགས་ཆེར་ཐོན་པའི་ཉེར་ལེན་གྱིས། ནོ་བྷེལ་ཞི་བདེའི་ཚོགས་ཆུང་གིས་དེ་མ་ཐག་གནང་སྟངས་མ་བདེ་བའི་གནས་སྟངས་ཤིག་བྱུང་བར་བརྟེན། འདིའི་སྐོར་དངོས་ཡོད་གནས་ཚུལ་གང་ཡིན་མིན་ནོ་བྷེལ་ཚོགས་ཆུང་གིས་ཞིབ་འཇུག་བྱ་རྒྱུར་བསྙད་དེ། གཟེངས་རྟགས་ཀྱི་མཐའ་མའི་འོས་གཞིའི་ཁོངས་ནས་གནས་སྟངས་ལ་གཞིགས་ཏེ་གཱནྡྷཱི་མཆོག་གི་མཚན་གནས་སྐབས་ཕྱིར་འཐེན་བྱ་རྒྱུར་འཐུས་མི་ཡོངས་ཀྱིས་བློ་ཕམ་ངང་འདི་ལྟར་ཐག་གཅོད་མི་གནང་ཀ་མེད་བྱུང།
འགལ་རྐྱེན་གྱི་གནས་ཚུལ་འདི་དག་གི་རྒྱབ་ལྗོངས་སུ་རྒྱལ་ཁབ་དང་ཡང་ན་ཚོགས་པའམ་གང་ཟག་སྒེར་བ་འགའ་ཞིག་གིས་བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུར་བསམ་བཞིན་དུ་འགལ་རྐྱེན་བཟོ་རྒྱུའི་ལྐོག་ཇུས་གཏིང་ཟབ་ཅིག་བཏིང་ཡོད་པའི་དོགས་གཞི་ཧ་ཅང་ཆེན་པོ་ཡོད་རུང༌། བྱུས་ཉེས་དེ་བྱུང་རྗེས་རྒྱ་གར་སྤྱི་ཚོཊ་ནང་གནས་ཚུལ་འདིའི་ཐོག་དམིགས་བསལ་གྱི་ཐུགས་སྣང་དང་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་གནང་མཁན་ཕལ་ཆེར་བྱུང་མེད་སྟབས། འགལ་རྐྱེན་གྱི་གནས་ཚུལ་འདི་དག་དོན་དམ་གང་འདྲ་ཞིག་ཡིན་མིན་ད་ལྟའང་ང་ཚོར་ལྐོག་གྱུར་གྱི་རང་བཞིན་ཉིད་དུ་གནས་ཡོད།
ཕྱི་ལོ་ ༡༩༤༧ ལོའི་ཞི་བདེའི་གཟེངས་རྟགས་ཀྱི་མཐའ་མའི་འོས་གཞིའི་ཁོངས། ༡) གཱནྡྷཱི་མཆོག་དང༌། ༢) ཨ་རི་བ་ཨོ་ལིན་ རོས་ཝེལཊ་དང༌། ༣) ཧཱར་བྷཊ་ལེཧ་མེན། Herbert Lehman  ༤) ཅེ་ཀོ་ས་ལོ་ཝ་ཀའི་ཡུལ་ནས་ཡིན་པ་ཨེཌ་ཝཱཌ་བྷིན་སེ་མཆོག Edward Benes བཅས་བཞི་པོ་ཡོད་ཀྱང།  ཚོགས་ཆུང་ལ་ཕྱིས་འབྱུང་གླེང་རྙོག་མི་འབྱུང་ཆེད་ལོ་དེའི་གཟེངས་རྟགས་ཀྱང་གོང་གསལ་འོས་གཞི་མཐའ་མའི་ཁོངས་སུ་བསླེབས་པའི་མཁས་དབང་རྣམ་པ་སུ་ལའང་མ་གནང་བར། མཇུག་མཐར་ཨ་རི་བའི་གྲོགས་པོའི་ལྷན་ཚོགས། (American Friends’ Service Committee, USA) དང༌།    ཨིན་ཡུལ་སྲི་ཞུ་བའི་གྲོགས་པོའི་ལྷན་ཚོགས། (Friends’ Service Council, U.K.)  ཞེས་པ་གཉིས་ལ་ཟུང་སྦྲེལ་ཐོག་གནང་དགོས་བྱུང་ཡོད།
ནོ་བྷེལ་ལམ་སྲོལ་ལྟར་གཟེངས་རྟགས་རྣམས་གང་ཟག་གཉིས་སམ་གསུམ་ལས་མང་བ་ཟུང་སྦྲེལ་དུ་གནང་མི་ཆོག་ཅིང༌། གལ་ཏེ་ཟུང་སྦྲེལ་དུ་གནང་བར་ཆ་བཞག་ཀྱང༌། གཱནྡྷཱི་མཆོག་ཁོང་བཞི་པོའི་ནང་ནས་མཚན་རིམ་དང་པོར་བསླེབ་རྒྱུར་ཐེ་ཚོམ་མེད་པ་ཞིག་རེད། གལ་སྲིད་གསར་ཤོག་སྟེང་གླེང་རྙོག་དེ་དག་བྱུང་མེད་ཚེ། ཕྱི་ལོ་ ༡༩༤༧ ལོའི་ཞི་བདེའི་གཟེངས་རྟགས་དེ་གཱནྡྷཱི་དམ་པ་མཆོག་སྐུ་རྐྱང་ངམ། ཡང་ན་གཉིས་སམ་གསུམ་ལ་སྦྲེལ་བ་གང་ཡང་རུང་བ་ཞིག་གི་ཐོག་ནས་གཱནྡྷཱི་མཆོག་ལ་ཐོབ་ངེས་ཀྱང༌། གོང་སྨོས་བསམ་ཡུལ་ན་མེད་པའི་འགོག་རྐྱེན་དེས། གཱནྡྷཱི་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཆེད་དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་སྐྱེ་བོ་ཚང་མའི་ཡིད་ལ་བརྣག་པའི་རེ་བ་དང༌། འབད་བརྩོན་ཀུན་དོན་ཐོག་ལ་སྨིན་པའི་ལམ་ལྷོངས་མ་བྱུང།  གནས་ཚུལ་འདི་དག་གཅིག་བྱས་ན། སྐབས་དེ་དུས་རྒྱ་གར་ཨིན་ཇིའི་མངའ་འོག་ཏུ་ཡོད་པ་དང༌། ཨིན་ཇིའི་རྒྱལ་པོ་དང༌། ནོར་ཝེ་རྒྱལ་རྒྱུད་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་སྟབས། ཨིན་གཞུང་གི་གནོན་ཤུགས་གྱིས་གཟེངས་རྟགས་ཕུལ་མ་ཐུབ་པ་ཡིན་པའང་སྲིད་པའི་བསམ་ཚུལ་འདི་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་ཧ་ཅང་གི་ཤུགས་ཆེན་པོ་ཡོང་སྲིད་པ་ཞིག་ཡིན་ལ། སྐབས་དེ་དུས་རྒྱ་གར་གྱི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་ཏེ་བསམ་ཚུལ་འདིར་རྒྱུ་མཚན་དང་རྨང་གཞི་མེད་པ་ཞིག་མཐོང་གི་མི་འདུག་པས། དེ་ལྟར་དངོས་འབྲེལ་ཡིན་པའང་སྲིད་མདོག་ཁ་པོ་རེད། རིམ་བཞིན་ཐུགས་སྣང་ཅན་རྣམ་པས་འབྲེལ་ཡོད་ལོ་རྒྱུས་ལ་ཞིབ་དཔྱོད་གནང་ཚེ་མཁྱེན་རྟོགས་ཡོང་ངེས།
རྗེས་སུ་སེམས་ཤུགས་མ་ཆག་པར་ཕྱི་ལོ་ ༡༩༤༨ ལོའི་ཞི་བདེའི་གཟེངས་རྟགས་ཀྱི་ཆེད། ཕྱི་ལོ་ ༡༦༤༧ ལོར་ཇོརཇ་ཕོཀ་སེ་ཞེས་པས་གསར་འཛུགས་གནང་བའི་ཀོ་ཡེ་ཀརསེ(Quakers) ཡང་ན་(Society of Friends) སྤྱི་ཚོགས་ཀྱི་གྲོགས་པོའི་ཚོགས་པ་ཞེས་ཡུ་རོབ་ནང་གྲགས་ཆེ་བའི་ཚོགས་པ་འདིས་སླར་ཡང་གཱནྡྷཱི་མཆོག་གི་མཚན་བསྐྱར་དུ་འོས་གཞིའི་ཆེད་མཚན་འདོན་རྒྱབ་སྐྱོར་བྱས་ཡོད་ཀྱང༌། ཡིད་ཕངས་པ་ཞིག་ལ་ལོ་དེའི་ཕྱི་ཟླ་དང་པོའི་ནང་གཱནྡྷཱི་མཆོག་ཧིན་དུ་ཡི་ཆོས་བརྒྱུད་འཛིན་པའི་གྷོཌ་སེ་ཞེས་པའི་མི་ཞིག་གིས་མེ་མདའ་བརྒྱབ་སྟེ་སྐུ་བཀྲོངས།
སྐུ་བཀྲོངས་པའི་རྗེས་སུའང་སྐུ་གཤེགས་གཱནྡྷཱི་དམ་པ་དེའི་མཚན་ཐོག་ཏུ་ལོ་དེའི་ཞི་བདེའི་གཟེངས་རྟགས་འབུལ་ཐབས་སུ། ཞི་བདེའི་ཚོགས་ཆུང་ནས་བསྐྱར་དུ་འབད་བརྩོན་གྱིས། ཕྱི་ལོ་ ༡༩༤༨ ལོའི་ཞི་བདེའི་གཟེངས་རྟགས་དེ་གཱནྡྷཱི་དམ་པ་མཆོག་དང༌། སུ་ཌན་གྱི་རྒྱལ་སྲས་བྷརན་ཌོལ་ཕི་(Prince Bernadolfe of Sweden) གཉིས་ཟུང་སྦྲེལ་དུ་གནང་རྒྱུའི་དགོངས་བཞེས་གནང་སྟེ། ཕྱི་ལོ་ ༡༩༣༡ ལོར་སུ་ཌན་གྱི་རྩོམ་རིག་པ་སྐུ་གཤེགས་ཨི་རིཀ་  ཨེག་སེལ་ ཀཱརལ་ཕེཌ་(Erick Axel Karlfeldt)མཆོག་གི་མཚན་ཐོག་རྩོམ་རིག་གཟེངས་རྟགས་ཕུལ་གནང་བ་དེ་དཔེ་མཚོན་དུ་བཀོད་དེ། གཱནྡྷཱི་དམ་པ་མཆོག་གི་མཚན་ཐོག་ཏུའང་དེ་མཚུངས་གཟེངས་རྟགས་ཕུལ་ན་འགྲིག་མིན་གྱི་དགོངས་འཆར་ལམ་སྟོན་དང་རྒྱབ་སྐྱོར་ཆེད་ཕྱག་བྲིས་ཤིག་ནོ་བྷེལ་ཞི་བདེའི་ཚོགས་ཆུང་ནས། སུ་ཌན་གྱི་ནོ་བྷེལ་ཚོགས་ཆུང་ལ་ཕུལ་ཡོད་ཀྱང། ཕྱག་བྲིས་དེའི་བཀའ་ལན་ཁ་གསལ་པོ་དང། ཐག་གཅོད་གནང་སྟབས་བདེ་བ་ཞིག་བསྩལ་མེད་པའི་རྐྱེན་གྱིས། ནོ་བྷེལ་ཚོགས་ཆུང་ངོས་ནས་གནང་བའི་འབད་བརྩོན་དེ་ཡང་རེ་བ་ལྟར་གྲུབ་འབྲས་མ་ཐོན་སྟབས། ནོ་བྷེལ་ཚོགས་ཆུང་ནས་ཕྱི་ལོ་ ༡༩༤༨ ལོའི་ཞི་བདེའི་གཟེངས་རྟགས་དེའི་འོས་གཞི་ཚད་ལྡན་མ་རྙེད་པའི་རྒྱུ་མཚན་དུ་བསྙད་དེ་ལོ་དེའི་གཟེངས་རྟགས་གནང་རྒྱུ་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད།
སྲོང་པོར་ཞུས་ན། ཕྱི་ལོ་ ༡༩༦༡ ལོར་ནོ་བྷེལ་ཞི་བདེའི་ཚོགས་ཆུང་རང་ནས་ཚེ་འདས་སྐུ་ཞབས་ ཌེག ཧར་མར་ས་ཇོལཌ་ མཆོག་གི་མཚན་ཐོག་ལ་ཞི་བདེའི་གཟེངས་རྟགས་གནང་ཡོད། སྐབས་དེ་དུས་ཚེ་འདས་མཁས་དབང་ཁོང་གི་མཚན་ཐོག་གཟེངས་རྟགས་འབུལ་ཆེད།  ནོར་ཝེ་ནོ་བྷེལ་ཞི་བདེའི་ཚོགས་ཆུང་གིས། སུ་ཌན་གྱི་ནོ་བྷེལ་ཚོགས་ཆུང་ལ་སྔར་བཞིན་དགོངས་སྐོར་ལམ་སྟོན་གྱི་ཞུ་ཡིག་ཕུལ་བའི་གནས་ཚུལ་ཞིག་ཕལ་ཆེར་བྱུང་མི་འདུག གལ་ཏེ་ནོ་བྷེལ་ཞི་བདེའི་ཚོགས་ཆུང་གིས་ཕྱི་ལོ་ ༡༩༦༡ ལོར་རང་ཐག་རང་གཅོད་ཀྱིས་ནོ་བྷེལ་ལམ་སྲོལ་ལས་ལྡོག་སྟེ་ཚེ་འདས་སྐུ་ཞབས་ཌེག་མཆོག་གི་མཚན་ཐོག་ཞི་བདེའི་གཟེངས་རྟགས་འབུལ་གནང་མཛད་ཆོག་ན།  ཕྱི་ལོ་ ༡༩༤༨ ལོར་གཱནྡྷཱི་ཞིང་གཤེགས་དམ་པ་མཆོག་གི་མཚན་ཐོག་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་འབད་བརྩོན་གནང་སྐབས། སུ་ཌན་གྱི་ནོ་བྷེལ་ལྷན་ཚོགས་ལ་ལམ་སྟོན་ཞུ་མི་དགོས་པར་དེ་མཚུངས་ཀྱི་ཐད་ཀར་ཐག་གཅོད་ཅིག་གནང་ན་མ་འཐུས་པ་མེད་རུང། དེ་ལྟར་མ་གནང་བ་དེས་མེས་པོ་དམ་པ་གཱནྡྷཱ་ིམཆོག་ལ་དགའ་ཞེན་དང་བརྩི་བཀུར་ཅན་གྱི་སྐྱེ་བོ་ཚང་མས་བསམ་གཞིགས་བྱ་དགོས་པའི་གནད་དོན་ཞིག་ཏུ་མི་མཐོང་ངམ།
ལམ་སྲོལ་ལྟར་ན་སྐུ་ཚེ་མ་ཟིན་པའི་མཁས་དབང་ཆེ་གེ་མོའི་མཚན་ཐོག་གཟེངས་རྟགས་འབུལ་རྒྱུ་ལྟ་ཞོག་དེ་རིགས་ནོ་བྷེལ་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུའང་མཚན་འདོན་བྱེད་མི་ཆོག་ཀྱང༌། བར་ལམ་ནོ་བྷེལ་ཚོགས་ཆུང་འགའ་ཞིག་ནས་རང་སྣང་གང་དྲན་གྱིས་གཏན་འབེབས་ལམ་སྲོལ་རྣམས་བརྩིས་མེད་རྡོག་རོལ་གྱིས། བརྩི་བཀུར་ཚུལ་བཞིན་མ་བསྒྲུབས་པ་དེར་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱུང་བར་བརྟེན། ཕྱི་ལོ་ ༡༩༧༤ ལོར་ནོ་བྷེལ་གཟེངས་རྟགས་ཀྱི་བཅའ་ཡིག་དེར་གལ་ཆེའི་སྒྱུར་བཅོས་ཤིག་གནང་སྟེ། ད་ནས་བཟུང་གཟེངས་རྟགས་གསལ་བསྒྲགས་བྱེད་སྐབས་མཁས་དབང་ཆེ་གོ་མོ་དེ་འཚོ་བཞུགས་ཡིན་པ་ཞིག་ངེས་པར་དགོས་ཞེས་ཐག་གཅོད་གཏན་འབེབས་གནང་ཡོད། དེ་ནི་ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་བཟང་ཕྱོགས་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱ་འོས་པ་ཞིག་རེད་ལ། སླད་ནོ་བྷེལ་ཚོགས་ཆུང་ཁག་གི་འཐུས་མི་རྣམས་ནས་འདས་པའི་ནོར་འཁྲུལ་རྣམས་ཕྱིས་འབྱུང་བསྐྱར་ཟློས་མི་ཡོང་ཆེད་ནོ་བྷེལ་བཅའ་ཡིག་དང༌། ཨལ་ཕེཌ་ནོ་བྷེལ་དམ་པ་དེའི་ཞལ་ཆེམས་རྣམས་ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ལྷོད་མེད་ཚུལ་བཞིན་ཞུ་རྒྱུའི་རེ་སྐུལ་དང་འབོད་སྐུལ་ཞུ་གི་ཡོད།
མཐའ་དོན། ནོ་བྷེལ་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་ནང་གཱནྡྷཱི་དམ་པའི་མཚན་མེད་པ་དེས། ནོ་བྷེལ་ཞི་བདེའི་ཚོགས་ཆུང་གི་འཐུས་མི་རྣམ་པར་བློ་ཕམ་ཡོད་པ་ཞིག་ཡིན་ཡང༌། ཕྱི་ལོ་ ༡༩༨༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེས། དོན་གྱིས་ྋགོང་ས་མཆོག་བརྒྱུད་གཱནྡྷཱི་མཆོག་ལ་ཡང་དྲན་གསོ་ཞུ་བ་དང་ཆབས་ཅིག་ཁོང་ལ་གུས་བཀུར་ཆེ་བསྟོད་ཞུ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་ལྟ་བུར་ནོ་བྷེལ་ཚོགས་ཆུང་ནས་ངོས་འཛིན་བྱེད་ཀྱི་ཡོད་པར་སྣང་ངོ༌། ། སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་མགུར་ལས། ཕྲག་དོག་ཁོང་ཁྲོའི་དུག་རྒྱས་ཤིང༌། །ཉོན་མོངས་མེ་ཡིས་རང་གཞན་སྲེག །ཞེས་གསུངས་པ་ལྟར། ཁོ་བོ་ཅག་གི་སྡིག་སེམས་འདི་ཚེ་རབས་དཔག་ཏུ་མེད་པ་ནས་ཉོན་མོངས་དུག་གསུམ་གྱིས་གཞན་དབང་དུ་སོང་བའི་གོམས་གཤིས་ངན་པ་དེ་ཧ་ཅང་ཤས་ཆེ་ཞིང༌། དེའི་རྩ་བའང་ཤིན་ཏུ་བརྟན་ཆེས་དྲགས་པའི་རྐྱེན་གྱིས་ང་ཚོས་སྤྱི་སྒེར་འཁོར་བའི་བྱ་བཞག་ཆེ་ཕྲ་མཐའ་དག་ལ་ཀུན་གྱིས་ཡིད་རྟོན་བྱེད་པ་ལྟར་དྲང་བདེན་ཞིག་མི་མཛད་པར། མཐར་འཕྲལ་ཕུགས་སུ་རང་དང་གཞན། སྤྱི་དང་སྒེར་གཉིས་ཀ་ཕོངས་པའི་ཕྱག་ལས་ཁོ་ནའི་དབང་དུ་ཡིད་ཕྱོགས་པ་འདི་ནི། ཡིད་སྐྱོ་བའི་གནས་མ་ཡིན་ནམ། །

 

གཟེངས་རྟགས་ཀྱི་འོས་གཞིའི་འདེམ་སྒྲུག་གི་ཐད་དྲང་བདེན་མིན་པའི་རྩོད་གཞི་ཅན་གྱི་གནས་ཚུལ་མང་དག་ཅིག་བྱུང་བའི་ཁུངས་རགས་བསྡུས་ཤིག་ཞུས་ན།

    རང་རེའི་བོད་གངས་ཅན་པའི་ཆོས་བརྒྱུད་རིས་སུ་མ་ཕྱེས་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བཀའ་གདམས་དགེ་བཤེས་རྣམས་ཀྱི་གསུང་སྒྲོས་སུ། དྲང་པོ་ཚིག་གསུམ་མ་སྨྲས་ན། ལེགས་ཉེས་ཀྱི་ཤན་མི་ཕྱེད་ཅིང༌།  །ཞེས་གསུངས་པ་ལྟར། ཁོ་བོས་འདིར་ནོ་བྷེལ་ལྷན་ཚོགས་ཁག་ནས་ད་བར་འཛམ་གླིང་མི་མང་གིས་རེ་བཅོལ་དང་ཡིད་ཆེས་ཞུས་པ་ལྟར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་གཙོས་པའི་ནོ་བྷེལ་གཟེངས་རྟགས་ཁག་གི་འོས་གཞིའི་འདེམ་སྒྲུག་གནང་ཕྱོགས་ཐད་འབྲེལ་ཡོད་འགན་འཛིན་ལྷན་ཚོགས་ཁག་གིས་དྲང་བདེན་ཅི་ཙམ་ཞིག་གནང་ཡོད་མེད། འདས་པའི་ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་ལ་གཞི་བཅོལ་ཏེ་ཅུང་ཞིག་འགྲེལ་བརྗོད་ཞུ་བར་སྤྲོའོ། །
སྤྱིར་བཏང་སྐུ་གཤེགས་དམ་པ་ཨལ་ཕེཌ་ནོ་བྷེལ་མཆོག་གིས་ནོ་བྷེལ་གཟེངས་རྟགས་རྣམས་ཐོག་མར་གསར་གཏོད་མཛད་སྐབས་ཁོང་གི་འདུན་པའམ་ཀུན་སློང་ལ་རྒྱལ་ཁབ་དང༌། མི་རིགས་སོགས་ཀྱི་ཕྱོགས་རིས་དང་འཐེན་འཁྱེར་གྱིས་ཡིད་མ་བསླད་པར་འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་ཀྱི་ཆེད་དུ་ཆ་རྐྱེན་སྒྲུབ་ཐབས་དང༌། གླིང་ཕྲན་སོ་སོའི་ནང་བདེ་སྐྱིད་ཀྱི་རྨང་གཞི་ནི་གཙོ་བོ་ཞི་བདེ་ལྷིང་འཇགས་ཤིག་དགོས་སྟབས། ཨལ་ཕེཌ་དམ་པ་མཆོག་གིས་གཞི་རྒྱ་ཆེ་བའི་ཞི་བདེའི་ལས་འགུལ་ཞིག་སྤེལ་ཐབས་ཁོ་ནར་དམིགས་པའི་དགོངས་ཚུལ་གྱི་ལྷག་བསམ་རྨ་མེད་པ་ཞིག་ཡོད་པ་བཞིན། ནོ་བྷེལ་གཟེངས་རྟགས་རྣམས་ཀྱི་ངོ་བོ་དང་ཁྱད་ཆོས་ཀྱང་དེ་མཚུངས་ཀྱི་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཐེ་ཚོམ་ཟ་མི་འོས་པ་ཞིག་རེད། འོན་ཀྱང༌། ནོ་བྷེལ་གཟེངས་རྟགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཕྱོགས་གཉིས་ཀར་ཕྱི་མིག་ཅིག་བལྟས་ཚེ། ང་ཚོས་ནོ་བྷེལ་གཟེངས་རྟགས་ཀྱི་འགན་འཛིན་རྣམས་ཀྱིས་གཟེངས་རྟགས་ཁག་གི་འོས་གཞིའི་འདེམ་སྒྲུག་གནང་ཕྱོགས་ཐད་དྲང་བདེན་གྱི་ཐབས་ལམ་ཅི་འདྲ་གནང་ཡོད་མེད་ཧ་ལམ་གསལ་པོར་མཁྱེན་རྟོགས་ཐུབ་པ་ཞིག་ཡོང་གི་རེད་སྙམ།
རང་རེའི་ཁ་རྒྱུན་དུའང༌། བྱང་སྐྱི་བསེར་རླུང་བུ་མ་བརྒྱབ་ན།  །ལྷོ་ཙནྡན་ཤིང་ནགས་འགུལ་མི་ཡོང༌། །ཞེས་པའི་དཔེ་ལྟར། གལ་ཏེ་ནོ་བྷེལ་གཟེངས་རྟགས་ཀྱི་འགན་འཛིན་རྣམ་པས་དཀོན་མཆོག་དཔང་བཙུགས་ཀྱིས་གཟེངས་རྟགས་ཀྱི་འོས་གཞིའི་འདེམ་སྒྲུག་བྱེད་ཕྱོགས་ཐད་དྲང་བདེན་ཡིད་ཆེས་འཕེར་བ་ཞིག་གནང་ཡོད་ཚེ།  དོན་མེད་ཀླན་ཀའི་གཞི་མེ་མེད་པར་རྙོག་དྲའི་དུ་བ་ཞིག་ལང་ག་ལ་སྲིད་དེ། མི་སྲིད་མོད།  ཡིན་ན་ཡང། གཟེངས་རྟགས་རྣམས་ཀྱི་འགན་འཛིན་མི་སྣ་སྒེར་པ་དག་ཉེ་རིང་ཕྱོགས་ཞེན་གྱི་ལས་ལ་མོས་དྲགས་པས་ནོ་སྦེལ་གཟེངས་རྟགས་རྣམས་དགྲ་འདུལ་གཉེན་སྐྱོང་གི་ལག་ཆ་ལྟ་བུར་བསྟུད་མར་བེད་སྤྱོད་ལོག་པ་བྱས་པའི་བྱ་སྤྱོད་ནི།  ནོ་བྷེལ་མཆོག་གི་འདུན་པའམ་ཞལ་ཆེམས་དང་ཕྱོགས་ཀུན་ནས་འགལ་བ་ཞིག་ཡིན་པ་སྨོས་མེད་ཁར། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཡིད་ཆེས་ལ་རྡོག་རོལ་བཏང་བ་དང༌། མིའི་བཟང་སྤྱོད་དང་སྒོ་ཀུན་ནས་འགལ་བའི་བྱ་སྤྱོད་ཧ་ཅང་ཐབས་རྡུགས་ཤིག་ཀྱང་ཡིན་པས།  ཚང་མས་མགྲིན་གཅིག་ཏུ་སྐྱོན་བརྗོད་བྱ་འོས་པའི་གནས་ཚུལ་ཞིག་ཆགས་མི་འདུག་གམ།
ད་བར་ནོ་བྷེལ་གཟེངས་རྟགས་ཚང་མའི་འོས་གཞིའི་འདེམ་སྒྲུག་གི་ལོ་རྒྱུས་ནང་དྲང་བདེན་མིན་པའི་ཡུལ་ལུང་ཕྱོགས་རིས་འཐེན་འཁྱེར་གྱི་རྩོད་རྙོག་མང་དག་ཅིག་བྱུང་ཡོད། དཔེར་ན། རྒྱ་གར་གྱི་མེས་པོ་དམ་པ་གཱནྡྷཱི་མཆོག་གིས་རྒྱ་གར་རང་བཙན་བསྐྱར་གསོའི་ལས་འགུལ་སྤེལ་སྐབས་དངོས་ཤུགས་བརྒྱུད་གསུམ་ནས་གཟི་བརྗིད་ལྡན་པའི་འཚེ་མེད་ཞི་བ་དང༌། བདེན་པའི་ཨུ་ཚུགས་ལྟ་བུའི་ཐབས་ལམ་ཁོ་ན་གཞི་རྩར་བཟུང་སྟེ། རང་བཙན་འཐབ་རྩོད་གནང་བ་དང༌། རང་གཞན་ཀུན་ལ་བག་ཕེབས་ཞི་བདེའི་ཐབས་ལམ་འདི་འཛམ་གླིང་ཡུལ་གྲུ་ཁག་གི་རང་བཙན་འཐབ་རྩོད་པ་ཚོས་ཀྱང་ཆེས་ནུས་ཤུགས་ཅན་གྱི་ལག་ཆ་ཞིག་ཏུ་མཐོང་སྟེ། ཕྱིས་སུ་གཱནྡྷཱི་མཆོག་གི་འཚེ་བ་མེད་པའི་ལྟ་གྲུབ་འདི་ཉིད་ཀྱི་ལམ་ནས་རང་དབང་འཐབ་རྩོད་གནང་མཁན་མར་ཊིན་ ལུ་ཐར་ཀིང་(Dr Martin Luther King Jr)  དང༌། སིནི་ཡར་ ཨ་ཌོལཕོ་ ཕེ་རིཛ་ ཨེས་ཀི་ཝེལ (Senior Adolfo Pérez Esquivel) གཉིས་ལ་ཞི་བདེའི་གཟེངས་རྟགས་ཀྱང་ཐོབ་ཡོད། ཡིན་ནའང༌། ཡ་མཚན་པ་ཞིག་ལ། འཚེ་བ་མེད་པའི་ལྟ་གྲུབ་འདི་ཉིད་ཐོག་མར་སྲོལ་བཏོད་ལག་བསྟར་མཛད་མཁན་བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་ལ་ཞི་བདེའི་གཟེངས་རྟགས་ད་བར་ཐོབ་མེད་ལ། མ་ཐོབ་པའི་རྒྱུ་མཚན་ཡང་གཙོ་བོ་ནི། སྐབས་དེར་རྒྱ་གར་ཨིན་ཇུའི་མངའ་འོག་ཏུ་ཡོད་པ་དང༌། ཨིན་ཇུའི་རྒྱལ་པོ་དང་ནོར་ཝེ་རྒྱལ་བརྒྱུད་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ཨིན་གཞུང་གི་གནོན་ཤུགས་གྱིས་གཟེངས་རྟགས་ཕུལ་མ་ཐུབ་པ་མིན་ནམ་སྙམ་ཞིང༌། སྐབས་དེའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་ན་བསམ་ཚུལ་འདིར་མཐའ་གཅིག་ཏུ་བདེན་པ་མིན་ཞེས་བརྗོད་རྒྱུའང་ཧ་ཅང་ཁག་པོ་རེད་སྙམ།
གོང་སྨོས་ལྟར།  ནོ་བྷེལ་གཟེངས་རྟགས་ཀྱི་སྒྲིག་གཞིར། སྐུ་ཚེ་མ་བརྟན་པའི་མཁས་པ་སུ་འདྲ་ཞིག་ཡིན་རུང་ཕྱིས་སུ་དེའི་མཛད་རྗེས་ལ་གཟིགས་ཏེ། མཁས་དབང་དེའི་མཚན་ཐོག་ཏུ་ནོ་བྷེལ་གཟེངས་རྟགས་འབུལ་རྒྱུའི་ལམ་སྲོལ་ཡེ་ནས་མེད་ཀྱང༌། སུ་ཌན་གྱི་ཚེ་འདས་སྐུ་ཞབས་ཨི་རིཀ་ ཨེག་སེལ་ ཀཱལ་ཕེཌ་ (Erik Axel Karlfeldt) མཆོག་གི་མཚན་ཐོག་ཏུ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དང༌། ཡང་ཕྱི་ལོ་ ༡༩༦༡ ལོར་ཚེ་འདས་སྐུ་ཞབས་ཌོག་ ཧར་མསཀ་ ཇོལཌ (Dag Hammarskjöld) མཆོག་གི་མཚན་ཐོག་ཏུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གནང་ཡོད། གལ་ཏེ་འདི་ལྟར་གནང་ཆོག་པའི་ལམ་སྲོལ་གསར་པ་ཞིག་མཆིས་ཚེ།  བདག་ཉིད་ཆེན་པོ་གཱནྡྷཱི་མཆོག་གི་མཚན་ཐོག་ཏུའང་དེ་མཚུངས་ཀྱི་ཞི་བདེའི་གཟེངས་རྟགས་ཕུལ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མིན་ནི་དཔྱད་པའི་གཞི་ཞིག་ཏུ་གྱུར། འདིའི་སྐོར་གོང་དུ་”བདག་ཉིད་ཆེན་པོ་གཱནྡྷཱིམཆོག་ལ་ཞི་བདེའི་གཟེངས་རྟགས་མ་ཐོབ་པའི་རྒྱུ་རྐྱེན་ལ་ཅུང་ཙམ་དཔྱད་པ”ཞེས་པའི་དཔྱད་གཏམ་ཐུང་ངུ་ཞིག་ཟུར་དུ་བྲིས་ཡོད་པས་གཟིགས་ཞིབ་གནང་རོགས།
ཞི་བདེའི་གཟེངས་རྟགས་ལན་གཅིག་ཨུ་རུ་སུའི་རྡུལ་ཕྲན་རྫས་འགྱུར་རིག་པར་མཁས་པ་སཱ་ཁཱ་རོཝ་(Sakharov) མཆོག་ལ་གནང་བའི་རྒྱབ་ལྗོངས་ཀྱི་ཀུན་སློང་ལ་ཅུང་ཟད་དཔྱད་ན། དེའང་ཆབ་སྲིད་ཀྱི་ངན་ཇུས་ཁོ་ན་ཡིན་པར་མ་ཟད། གཙོ་ཆེར་ཨུ་རུ་སུའི་དཔོན་རིགས་རྣམས་ཞེ་སུན་པོ་བཟོ་ཐབས་ཁོ་ན་ལ་དམིགས་པ་ཞིག་མ་གཏོགས། ཨལ་ཕེཌ་དམ་པ་དེ་ཉིད་ཀྱི་ཞལ་ཆེམས་ལ་ཞེ་ཐག་པ་ནས་བརྩི་བཀུར་ཞུས་པ་ཞིག་ཧ་ལམ་ཨེ་ཡིན་སྙམ།
ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་གླེང་རྙོག་སྐོར་ཞུས་ན། དུས་རབས་དེའི་ནང་གི་ཆེས་སྙན་གྲགས་ཆེ་བའི་མཁས་དབང་ཊོལ་སེ་ཊོའི་(Tolstoy) དང༌། མཱརཀ་ ཊི་ཝིན་(Mark Twin) ལྟ་བུར་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་མ་གནང་བར། དུས་རབས་དེའི་མཁས་པའི་ཁྲོད་དུ་མཚན་སྙན་དེ་ཙམ་མེད་པའི་སྐུ་ཞབས་གྷེབ་རེ་ལ་ མིས་ཏྲལ་(Gabriela Mistral) དང། གྷར་ཛིཡ་ ཌེལ་ཌ་(Grazia Deledda) ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱིས་ཆེ་བསྟོད་མཛད་པ་དེས་ནོ་བྷེལ་ལྷན་ཚོགས་ཀྱི་འགན་དབང་ལྡན་པའི་འཐུས་མིའི་ནང་ཕྱོགས་རིས་ཀྱི་རྣམ་པ་ཅི་ཙམ་ཡོད་མེད་མངོན་གསལ་ཆེ་རུ་ཕྱིན་ཡོད།
དེ་མཚུངས་རྒྱ་གར་ནང་མཁས་པའི་དཀྱིལ་འཁོར་གྱི་དབུས་སུ་གཞན་དྲིང་མི་འཇོག་ཅིང་དོ་ཟླ་མེད་པའི་མཁས་དབང་ར་ཝིནྡར་ནཱཐ་ ཊེ་གྷོར་(Rabindranath Tagore) མཆོག་ལ་ཕྱི་ལོ་ ༡༩༡༣ ལོར་ཁོང་གི་ལྗགས་རྩོམ་ཁོངས་ཧ་ཅང་གྲགས་ཆེ་བའི་དེབ་ གྷིཏནྗཱ་ལི་སྟེ། བོད་སྐད་དུ་གླུ་ཐལ་སྦྱར་མར་གྲགས་པ་དེ་ནི།  སྐབས་དེའི་མཁས་དབང་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་མཛད་པའི་དེབ་དེར་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་ཡོད་མོད། འོན་ཀྱང། ཡུ་རོབ་ཀྱི་མཁས་དབང་ཤས་ཆེ་བས་ནོ་བྷེལ་འགན་འཛིན་གྱིས་ཐག་གཅོད་འདིར་བློ་ཡིད་མ་ཚིམས་པ་དང་མི་འདོད་པའི་རྣམ་འགྱུར་དངོས་སུ་བསྟན་ཡོད། དཔེར་ན། སྐབས་དེའི་ཡུ་རོབ་ཀྱི་མཁས་དབང་སྙན་གྲགས་ཅན་ཝའི་ བྷི་ ཡིཊ་(Y.B.Yeat) མཆོག་གིས་ཊེ་གྷོར་མཆོག་ལ་གཟེངས་རྟགས་མ་ཐོབ་གོང། ཁོང་གི་གླུ་ཐལ་སྦྱར་མའི་ཨིན་སྒྱུར་དེབ་དེར་སྔོན་གླེང་ཧ་ཅང་རྒྱས་པོ་དང་ཡག་པོ་ཞིག་བྲིས་གནང་མཛད་ཡོད་ཀྱང༌། ཕྱིས་སུ་ཊེ་གྷོར་མཆོག་གི་ གྷིཏནྗཱ་ལིའི་དེབ་དེར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་སྐབས། ཡིཊ་མཆོག་གིས་ཁོང་ལ་དགྱེས་ཚོར་གྱིས་རྣམ་པ་མཚོན་པའི་བསྔགས་བརྗོད་ཀྱི་འཚམས་འདྲི་ཙམ་ཡང་ཞུས་མེད་པ་དེས་གསལ་པོར་མཚོན་ཐུབ།
ཡང་གསོ་རིག་གི་གླེང་རྙོག་སྐོར་དཔེ་མཚོན་ཙམ་ཞུས་ན།  སྔོན་གྱི་གནས་ཚུལ་ལས་ཀྱང་ཆེས་ཡ་མཚན་ལ་དགོད་བྲོ་བ་བྱུང་ཡོད། ཕྱི་ལོ་ ༡༩༢༦ ལོའི་ནོ་བྷེལ་གསོ་བ་རིག་པའི་གཟེངས་རྟགས་དེ་ཌེན་མཱཀ་གི་སྐུ་ཞུབས་ཇོཧ་ནེས་ ཕེ་བེ་གྷར་(Johannes Fibiger) མཆོག་ལ་གནང་ཡོད་ཀྱང༌།  ཕྱིས་སུ་ཕེ་བེ་གྷར་(Fibiger) གྱི་གསོ་རིག་ཉམས་ཞིབ་ཀྱི་ཡིག་ཆ་ཁག་ལ་དོགས་གཞི་དང་རྩོད་གཞི་ཆེན་པོ་ཞིག་བྱུང་བར་བརྟེན། ནོ་བྷེལ་ལྷན་ཚོགས་ནས་གཟེངས་རྟགས་གནང་ཟིན་པའི་རྗེས་སུ། ཁོང་གི་ཉམས་ཞིབ་དེར་བསྐྱར་ཞིབ་མཛད་དགོས་བྱུང་ཡོད། བསྐྱར་ཞིབ་བྱེད་སྐབས་ཁོ་བོའི་ཉམས་ཞིབ་ཧྲིལ་པོ་རྫུན་གཏམ་སྟོང་བཤད་འབའ་ཞིག་ལས་དོན་དམ་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པ་གསལ་པོར་ར་འཕྲོད་ཐུབ་པ་བྱུང་ཡོད། གལ་ཏེ་གཟེངས་རྟགས་ཀྱི་འོས་གཞིའི་འདེམ་སྒྲུག་ཐད་ཡུལ་ལུང་ཕྱོགས་རིས་ཀྱི་འཐེན་འཁྱེར་ཤུགས་ཆེ་ཞིག་མེད་ན། མིག་མེད་ཅིག་གིས་ཀྱང་ནོར་འཁྲུལ་འདི་ལྟ་བུ་ཧ་ལམ་ཡོང་མི་སྲིད་པ་ཞིག་རེད་བསམ་གྱི་འདུག ཀུན་གྱིས་ཆེ་མཐོང་དང་གཟི་བརྗིད་ལྡན་པའི་ནོ་བྷེལ་གཟེངས་རྟགས་ཁག་གི་གནང་ཕྱོགས་ཐད་ཕྱོགས་ཞེན་དང་ཕྱོགས་རིས་ཁོ་ནས་ཡིད་མྱོས་པའི་ཉེར་ལེན་གྱིས། སྐབས་འགར་གཟེངས་རྟགས་ཀྱི་ལོ་རྒྱུས་ནང་བློ་ཡུལ་དུ་མི་ཤོང་བའི་རྒོད་བྲོ་བའི་གནས་ཚུལ་འདི་དང་འདི་འདྲ་བའང་བྱུང་ཡོད་དོ། །
ཡང་ང་རང་ཚོའི་དུས་རབས་འདིའི་ནང་ཨང་རྩིས་ཀྱི་རིག་པར་དོ་ཟླ་བྲལ་བ། དེང་སང་ཀམ་པུཊར་འཕྲུལ་ཆས་ཀྱི་རིག་པའི་ཐོག་མའི་སྲོལ་གཏོད་པར་གྲགས་པ་མཁས་དབང་ (Johann Von Newmann) མཆོག་ཀྱང་ནོ་བྷེལ་གཟེངས་རྟགས་ཀྱི་མཐོ་རིམ་འགན་འཛིན་པ་ཚོས་གཟེངས་རྟགས་ཀྱི་འོས་བབ་ཏུ་མི་གཟིགས་པ་འདི་ཡང་ཧ་ཅང་གི་ཁྱད་མཚར་བའི་གནས་ཤིག་མ་ཡིན་ནམ།
ང་ཚོས་ཕྱི་ལོ་ ༡༩༠༡ ནས་བརྩིས་པའི་ལོ་ངོ་དྲུག་ཅུ་ཐམ་པའི་རིང་གི་གཟེངས་རྟགས་ཀྱི་རེའུ་མིག་ལ་བལྟས་ན། གཟེངས་རྟགས་ཐོབ་མཁན་ཁོངས། ནོར་ཝེ་དང༌། སུ་ཌན། ཌེན་མཱག་དང༌། སུ་ཌན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཇཱར་མཎ་བཅས་པར་གཟེངས་རྟགས་མང་ཤོས་ཐོབ་ཡོད། དུས་རབས་བཅུ་ཕྲག་འགའ་ཞིག་གི་རིང་འཛམ་གླིང་ཡུལ་གྲུ་ཆེན་པོ་འདིའི་ནང་ཡུ་རོབ་རྒྱལ་ཁབ་དང་ཨ་རི་མ་གཏོགས།   ཨེ་ཤི་ཡའི་གླིང་ཆེན་པོ་འདི་ལྟ་བུའི་ནང་ནོ་བྷེལ་གཟེངས་རྟགས་ལ་འོས་ཤིང་འཚམ་པའི་སྐྱེ་བོ་མ་སྐྱེས་པའམ་མ་ཐོན་པ་ཞིག་ག་ལ་སྲིད་དེ། མི་སྲིད་པ་ཞིག་རེད་བསམས།  གནས་ཚུལ་འདི་ཙམ་ལ་གཟིགས་ནའང་ནོ་བྷེལ་གཟེངས་རྟགས་ཀྱི་འགན་འཛིན་པ་རྣམ་པས་དྲང་བདེན་ཅི་ཙམ་གནང་ཡོད་མེད་ཚོད་དཔག་གནང་མི་ཐུབ་པ་མེད་ངེས།
ད་བར་ནོ་བྷེལ་གཟེངས་རྟགས་ཀྱི་རྩོད་རྙོག་ཅི་བྱུང་ལ་སྡོམ་ཞིག་བརྒྱབ་ན། གཟེངས་རྟགས་རྣམས་ཀྱི་ནང་ནས་ཚན་རིག་དང་གསོ་བ་རིག་པའི་གཟེངས་རྟགས་རྣམས། རྩོམ་རིག་དང་ཞི་བདེའི་གཟེངས་རྟགས་ལ་གཞིགས་ཏེ་ཅུང་ཟད་རྙོག་གླེང་ཆུང་བ་བྱུང་ཡོད། འོན་ཏེ། རྩོམ་རིག་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གཉིས་ནི།  རྟག་ཏུ་རྙོག་དྲའི་སྒམ་ཆུང་ལྟ་བུ་དང༌།  གླེང་གཞིའི་གཞི་རྩ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ཀྱང༌། ང་ཚོས་ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་ལ་ཞིབ་ཏུ་དཔྱད་ཚེ། འོས་གཞིའི་འདེམ་སྒྲུག་གི་ལས་དོན་བྱ་ཕྱོགས་ཐད་སྐབས་འགར་དྲང་བདེན་ཞིག་རྩ་བ་ནས་གནང་མེད་པར་མ་ཟད། ནོ་བྷེལ་མཆོག་གི་ཡིད་ལ་བརྣག་པའི་འདུན་པ་དང༌། ཁོང་ཉིད་ཀྱིས་གཏན་འབེབས་ལམ་སྲོལ་རྣམས། བསམ་བཞིན་དུ་རྡོག་རོལ་ཏུ་གཅིག་རྗེས་གཉིས་མཐུད་དུ་བཏང་བ་ལ་བརྟེན་ནས། ནོ་བྷེལ་གཟེངས་རྟགས་ཁག་གནང་ཕྱོགས་ཀྱི་སྐོར་འཆར་ཅན་སྐྱོན་བརྗོད་ཅིག་མུ་མཐུད་དེ་ཡོང་བཞིན་ཡོད། ད་བར་རྩོད་གཞི་ཅན་གྱི་ཀླན་ཀའང་མང་དག་ཅིག་བྱུང་ཡོད་ཀྱང༌། སྐྱོན་བརྗོད་དང་རྩོད་རྙོག་དེ་དག་གིས་དམ་པ་དེ་ཉིད་ཀྱི་རྣམ་དཀར་ལྷག་བསམ་ལས་འཁྲུངས་པའི་ནོ་བྷེལ་གཟེངས་རྟགས་ཀྱི་ཆེ་མཐོང་དང༌། མཚན་སྙན། གཟི་བརྗིད་བཅས་ལ་ཉམས་དམས་ཏིལ་འབྲུ་ཙམ་ཡང་ཕལ་ཆེར་ཕྱིན་མེད་པར་མ་ཟད། ད་དུང་ནོ་བྷེལ་གཟེངས་རྟགས་ནི་འཛམ་གླིང་མཁས་དབང་གི་དབུས་དང༌། སྐྱེ་བོ་མཆོག་དམན་ཀུན་གྱིས་རྟག་ཏུ་བརྣབ་སེམས་ཀྱི་འགྲམ་ཆུ་ལྡང་དགོས་པའི་ཡུལ་ཞིག་ཏུ་ཆགས་ཡོད་ལ། གཟེངས་རྟགས་ཐོབ་མཁན་རྣམས་ལའང་འཛམ་གླིང་སྐྱེ་རྒུ་ཡོངས་ཀྱིས་སྔར་བཞིན་བསྔགས་ཤིང༌གཟེངས་སུ་བསྟོད་པ་དང༌། ཆེ་མཐོང་ཚད་མེད་པ་ཞུས་དང་ཞུ་བཞིན་པ་འདིས་གསལ་པོར་མངོན་ཐུབ་པ་ལགས་སོ། །
ད་བར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་དང༌། དེ་བཞིན་ཨ་རི་བ་དང་ནུབ་ཕྱོགས་པའི་ཡུལ་མི་རྣམས་གནས་ཚུལ་འདིའི་རིགས་ལ་དོ་སྣང་སྔ་ས་ནས་བསླེབས་ཡོད་ངེས་ཀྱང༌། རང་རེའི་སྤྱི་ཚོགས་ནང་སྤྱིར་བཏང་ནོ་བྷེལ་གཟེངས་རྟགས་ཞེས་པའི་མིང་ཡང༌།  ཕྱི་ལོ་ ༡༩༨༩ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་ཀྱི་བར། ཁོ་བོའི་ཧམ་བཤད་དུ་མ་སོང་ན། ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་ལྟ་ཞོག ནོ་བྷེལ་གཟེངས་རྟགས་ཞེས་པའི་མིང་ཡང་ཕལ་ཆེར་རང་རེའི་སྤྱི་ཚོགས་ནང་ཡོངས་སུ་མ་གྲགས་ཤིང༌། ལྐོག་གྱུར་གྱི་གནས་ཚུལ་ལྟ་བུ་ཞིག་ཆགས་ཡོད། ༸གོང་ས་མཆོག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པ་ནས་བཟུང༌། རང་རེའི་སྤྱི་ཚོགས་ནང་གཞུང་འབྲེལ་ཐོག་ལོ་ལྟར་ནོ་བྷེལ་གཟེངས་རྟགས་ཀྱི་དུས་དྲན་བརྩི་སྲུང་ཞུ་མུས་ལ་བརྟེན་ནས་ནོ་བྷེལ་གཟེངས་རྟགས་ཀྱི་ལོ་རྒྱུས་སྐོར་ཡང་མཁྱེན་འདོད་ཡོད་མཁན་མང་པོ་ཞིག་ཡོང་སྲིད་པས།
ད་རེས། ཐོས་ཆུང་ཉམས་མྱོང་མེད་པའི་བླུན་པོ་ངས། །མི་འཇོན་འཇོན་མདོག་འབྲི་རྒྱུའི་འབད་པ་འདིས། །  གཞན་གྱི་རྣམ་དཔྱོད་སྒོ་བརྒྱ་ཕྱེ་བ་ལ། །ཅུང་ཞིག་ཕན་ཡང་སྲིད་སྙམ་འདིར་སྤེལ་ལོ། །རྒྱུན་གཏན་རྩོམ་རིགས་ཐོག་དོ་སྣང་དང་ཉམས་མྱོང་དེ་ཙམ་མེད་སྟབས། རྗོད་བྱེད་ཚིག་གི་ཉམས་ཀྱི་ཐད་ནས་ཀློག་པ་པོའི་ཡིད་དབང་འཕྲོག་ཐུབ་པ་ཞིག་བྱུང་མིན་མ་ཤེས་ཀྱང༌། རང་རེའི་གཏམ་དཔེར། ཧ་ཅང་མང་ན་མགོ་བོ་ཉོག། །ཧ་ཅང་ཉུང་ན་དོན་མི་གོ །ཞེས་བཤད་སྲོལ་ཡོད་པ་ལྟར། ད་རེས་གུས་པའི་རྩོམ་འདི་རྒྱས་བསྡུས་འཚམ་པ་ཞིག་བྱུང་ཡོད་པར་མ་ཟད། བརྗོད་གཞི་འདི་ཉིད་ཀྱི་སྐོར་གོ་སྐོན་གསེད་གྲོལ་ཐུབ་ཙམ་ཞིག་དང༌། ཚང་མར་བློ་སྐྱེད་ཕྲན་ཙམ་རེ་བྱུང་ཡོད་པའི་རེ་བ་དང་ཡིད་ཆེས་ཀྱང་ཞུ་གི་ཡོད། །   ། ། (རྗོགས་སོ།)