ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

༄༅། །བོད་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་ཁུངས་བཙན་ཞིག་བྱ་དགོས་ན། གཙོ་བོ་ཤེས་རིག་གི་ཚན་ཁག་གཉིས་ལ་ནན་ཏན་གྱིས་གསལ་རྟོགས་ཡོང་ཐབས་བྱེད་པ་ཁོ་ན་ལས་ཐབས་གཞན་མེད། ཚན་ཁག་དང་པོ་ནི་གནའ་རྫས་རྟོག་ཞིབ་རིག་པ་ཡིན།
དེ་ཡང་བོད་རིགས་འདུས་སྡོད་ས་ཁུལ་ལ་ཆ་མཚོན་ན་མི་ལོ་ཁྲི་ཚོ་དང་འབུམ་ཕྲག་དུ་མའི་སྔ་རོལ་གྱི་སྐྱེ་དངོས་སམ། སྲོག་ཆགས་རིགས་ཀྱི་འགྱུར་རྡོ་སྣ་ཚོགས་དང། ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་བྲག་བརྐོས་རི་མོ་ངོ་མཚར་ཅན་ནམ། གནའ་རབས་ཀྱི་བང་སོའི་ཁྱུ་ཚོགས་རབས་དང་རིམ་པ། དེ་བཞིན་གནའ་མིའི་མཁར་ཤུལ་དང། རྡོ་ཆས་ཀྱི་ལག་ཆ། རྫ་ཆས། རུས་པ་ལས་བཟོས་པའི་ཁབ་དང་རྒྱན་ཆས་སོགས་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆས་རྣམ་པ་སྣ་ཚོགས་བཅས་བོད་ཡུལ་སྟོད་སྨད་ལྷོ་བྱང་གང་ས་ནས་རྙེད་དང་རྙེད་བཞིན་ཡོད། དེའི་རིགས་ལ་ད་ལྟ་རྟོག་ཞིབ་ཀྱི་བྱ་གཞག་ཚུགས་ཙམ་ཡིན་རུང། གནའ་རྫས་ཁག་ཅིག་ལ་ཐོག་མའི་ཚན་རིག་གིས་དཔྱད་ཞིབ་བྱས་པ་བརྒྱུད། འཛམ་གླིང་གི་རྩེ་མཐོ་བོད་ཡུལ་འདིར་མ་མཐར་ཡང་མི་ལོ་སྟོང་ཕྲག་བཞི་ལྔའི་གོང་རོལ་ནས་འགྲོ་བ་མིའི་རིགས་འཚོ་ཞིང་གནས་ཡོད་པ་མ་ཟད། སྐབས་དེའི་བོད་ཀྱི་གནའ་མི་ཚོའི་འབྲོག་ལས་དང། ཞིང་ལས། ལག་ཤེས་བཟོ་རྩལ་སོགས་ཐོན་སྐྱེད་གང་ཅིའི་ཆུ་ཚད་ཀྱང་མཐོ་ཙམ་དུ་བསླེབས་ཟིན་པ་ས་འོག་གི་གནའ་རྫས་རིག་དངོས་སྣ་ཚོགས་ལ་དཔྱད་ཞིབ་བྱས་པ་བརྒྱུད་ཚན་རིག་གི་ཁུངས་སྐྱེལ་བྱས་ཡོད་ཅིང། གནའ་མི་དེ་དག་གི་ཐོག་མའི་འཕེལ་རིམ་ལ་ཡར་འདེད་ཀྱི་ཚོད་དཔག་བྱས་ན་བོད་མིའི་གདོད་མའི་ལོ་རྒྱུས་དེ་མི་ལོ་ཁྲི་ཕྲག་གི་བར་དུ་བསླེབ་ཐུབ་པའི་དཔྱད་གཞི་འཛད་མཐའ་མེད་པ་ཞིག་འཚོལ་ཞིབ་བྱ་རྒྱུ་ཡོད་སྙམ་རུང། རང་ཉིད་ལ་གནའ་རྫས་རྟོག་ཞིབ་ཀྱི་རིག་ལམ་འདིའི་ཐད་ཆ་རྒྱུས་ཅི་ཡང་མེད་པར་བརྟེན་ས་བཅད་མ་སྟོང་ཙམ་གྱི་ཞུ་མཚམས་འདི་གར་འཇོག་རྒྱུ་ཡིན།
རིག་པའི་ཚན་ཁག་གཉིས་པ་དེ་ནི། གོང་དུ་བརྗོད་པ་བཞིན་བོད་འདིར་འགྲོ་བ་མིའི་རིགས་བྱུང་ཞིང་འཕེལ་ནས་དུས་ཡུན་དཔག་ཏུ་མེད་པ་ཞིག་འདས་པའི་རིང་ལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་རིམ་བཞིན་གོང་འཕེལ་ཆེན་པོ་བྱུང་བའི་རྨང་གཞིའི་ཐོག  མི་རིགས་ཀྱི་རིག་གནས་འཚོ་བ་ཡང་དེ་དང་བསྟུན་ནས་འཕེལ་རྒྱས་བྱུང་བའི་ནང་།  རིམ་གྱིས་ཐོག་མར་མི་རིགས་རང་ཉིད་ཀྱིས་ཕན་ཚུན་ཐུན་མོང་དུ་སྤྱོད་པའི་བོད་སྐད་བྱུང་བ་དང།  དེ་ནས་སླར་ཡང་དུས་རིམ་མང་པོ་བརྒྱུད་མཐར་བོད་སྐད་དེ་ཉིད་མཚོན་པར་བྱེད་པའི་བོད་ཀྱི་ཡི་གེ་བྱུང་ཞིང་འཕེལ་བ་དེ་ནས་བཟུང་རིམ་བཞིན་མི་རིགས་འདི་རང་གི་གནའ་བོའི་ཡིག་རིགས་ཀྱི་ཐོག་ནས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང། འཚོ་བ། ཀུན་སྤྱོད། ལམ་ལུགས། ཡུལ་སྲོལ། གོམས་གཤིས་སོགས་གང་དང་གང་ཡོད་པ་དེ་དང་དེ་དག་རགས་པ་ནས་ཞིབ་མོའི་བར་དངོས་ཤུགས་བརྒྱུད་གསུམ་ནས་མཚོན་པར་བྱེད་པ་ཡིན། དེ་ལྟ་བུའི་གནའ་བོའི་བོད་མིས་བྲིས་པའི་ཡིག་རྙིང་ངོ་མ་ཕྱིས་འབྱུང་གི་མི་ཚོས་བཟོ་བཅོས་ཀྱི་སྨྱུག་རྩེས་མ་རེག་པ་ཐོག་མའི་རྣམ་པ་ཇི་མ་ཇི་བཞིན་པ་དེ་དག་ལ་གནའ་ཡིག་ཅེས་བྱ་བ་ཡིན་ནོ། །དེ་ཡང་གསལ་པོར་བཤད་ན་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བརྐོས་པའི་རྡོ་རིང་ཁག་དང་བྲག་བརྐོས་ཀྱི་ཡི་གེ་རྣམས་དང།  ཅོང་དྲིལ་སོགས་ལྕགས་རིགས་ལུག་མའི་ངོས་ཀྱི་གནའ་ཡིག   བསྟན་འགྱུར་ནང་བཞུགས་པའི་<<སྒྲ་སྦྱོར་བམ་གཉིས་པ།>>  <<ཆོས་འབྱུང་མཁས་པའི་དགའ་སྟོན>>་ནང་དྲངས་པའི་བསམ་ཡས་དཀོར་མཛོད་ལས་བྱུང་བའི་<<གཙིགས་ཀྱི་ཡི་གེ་ཞིབ་མོ>>་ཁག   ཁྱད་པར་རང་རྒྱལ་གྱི་ཏུན་ཧོང་ས་ཕུག་ནས་ཐོན་པའི་བོད་ཀྱི་གནའ་ཡིག་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་པ་རྣམས་དང།   དེ་བཞིན་ཤིན་ཅང་ཨན་ཞིའི་ཁུལ་གནའ་བོའི་བོད་ཀྱི་མཁར་ཤུལ་ནས་ཐོན་པའི་ཤིང་གི་བྱང་བུའི་ངོས་ཀྱི་གནའ་ཡིག་ལ་སོགས་པ་མདོར་ན་གོང་གསལ་བོད་ཀྱི་གནའ་ཡིག་དེ་རྣམས་དང་བརྡ་དག    ཚིག་སྦྱོར།    ཡིག་གཟུགས་སོགས་ཀུན་ནས་མཚུངས་པའི་བོན་གྱི་གནའ་དཔེ་ལ་སོགས་ཡིག་རྙིང་སྟེ།     ད་ཕན་མི་ལོ་སྟོང་ཚོ་ལྷག་སོང་བའི་སྐབས་དེའི་བོད་མི་རང་གིས་སུག་བྲིས་གནའ་ཡིག་བཟོ་བཅོས་ཀྱི་བསླད་སྐྱོན་མ་ཕོག་པ་དེ་རྣམས་ལགས་སོ། །
འདིར་གླེང་བྱ་གཙོ་བོ་ནི་བོད་ཀྱི་གནའ་བོའི་ཡིག་རྙིང་དེ་དག་ལ་གོ་བ་ལེན་ཐབས་ཀྱི་སྐོར་རང་གི་བསམ་ཚོད་ཞུ་རྒྱུ་དེ་ཡིན། དེ་ཡང་ད་བར་ལོ་རྒན་སྟོང་ཕྲག་གིས་རྒྱང་ཐག་ཆོད་པའི་གོང་རོལ་གནའ་དུས་ཀྱི་ཡི་གེའི་གོ་དོན་དེ་དེང་རབས་ཀྱི་མི་ཚོས་ལོན་པར་བྱེད་པ་ལ་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་ངེས་ཡིན་པ་ནི། འཛམ་གླིང་མི་རིགས་སོ་སོའི་སྐད་ཡིག་འཕེལ་འགྱུར་གྱི་ལོ་རྒྱུས་ཐོག་ནས་ཚང་མས་ཤེས་རྟོགས་བྱེད་ཐུབ་པ་ཞིག་ཡིན། བོད་ཀྱི་གནའ་ཡིག་གི་སྐོར་ལ་ཉེ་རབས་སུ་བྱོན་པའི་མཁས་པ་ཡོངས་ཀྱི་གཙུག་རྒྱན་དགེ་འདུན་ཆོས་འཕེལ་མཆོག་གིས། “བོད་ཡིག་གི་སྲོལ་གསར་དུ་ཕྱེས་ནས་བཟུང། ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་བར་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད།”ཅེས་གསུངས་པ་དེས་གཙོ་བོ་སྒྲ་སྦྱོར་གྱི་མ་ལག་ཆ་ཚང་ཙམ་ཡོད་པའི་བོད་ཀྱི་ཡི་གེ་འདིའི་དགེ་མཚན་བསྟན་ཏེ་གནའ་ཡིག་དེའི་རིགས་ཀྱིས་མི་ལོ་སྟོང་ཕྲག་གོང་གི་ལོ་རྒྱུས་དང། རིག་གནས་རྣམས་དེང་རབས་ཀྱི་བོད་མི་ཚོ་ལ་བརྒྱུད་སྤྲོད་རགས་ཙམ་བྱེད་ཐུབ་པའི་དྲང་ཕྱོགས་ཀྱི་དོན་སྙིང་ཆེན་པོ་དེ་གསལ་སྟོན་མཛད་པའི་ཆེད་དུ་ཡིན་པ་སྨོས་མ་དགོས་ཤིང། འོན་ཀྱང་ཞིབ་ཏུ་དཔྱད་ན་འདིར་”ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས་”ཞེས་གསུངས་པ་དེ་ལས། བརྡ་དང་ཡིག་གཟུགས་གང་སར་ཆུང་རྩག་གི་འགྱུར་བ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པ་ཤུགས་ལ་བསྟན་ཅིང། དུས་མཚུངས་”ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་”བྱ་བ་དེ་ལས་ཀྱང་ཚིག་དང་དོན་གང་གི་ཐད་ནས་ཀྱང་ཕྲ་ཞིང་ཞིབ་པ་ཞིག་ནི་རྟོགས་དཀའ་བའང་རང་བཞིན་གྱིས་གསལ་སྟོན་མཛད་པར་མ་ཟད། ཚིག་དོན་རགས་རིམ་ཙམ་གོ་ཐུབ་པའི་ཆ་རྐྱེན་དེ་ཡང་ལོ་རབས་བཞི་བཅུ་པའི་སྐབས་ཀྱི་”བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད་”ཅེས་གསུངས་པའི་ཚད་གཞི་དེ་ཡང་ལས་སླ་པོ་ཞིག་མ་ཡིན་པ་ནི། ཆེད་ལས་ཁག་གི་བྱ་བ་ངོ་མའི་ཐོག་ནས་ར་སྤྲོད་བྱེད་ཀྱིན་ཡོད། དེར་བརྟེན་མི་རབས་རྗེས་མ་ཚོས་བོད་རིག་པ་ཤེས་རྟོགས་དང་ཞིབ་འཇུག་གི་བྱ་གཞག་ལ་ཕན་པ་ཅུང་ཟད་ཡོང་རེས་བོད་ཀྱི་གནའ་ཡིག་ལ་གོ་བ་ལེན་ཐབས་དང་འབྲེལ་ཡོད་རང་ཉིད་ཀྱི་མྱོང་དྲན་འགའ་ཞིག་ཞུ་རྒྱུར་གཤམ་གསལ།

 

གཅིག

     ༡། ད་ལྟའི་མི་ཚོས་གནའ་ཡིག་མཐོང་སྐབས་ཐོག་མ་ཁོ་ནར་ཡི་གེའི་སྦྱོར་ཚུལ་མང་པོ་ཞིག་བཀས་བཅད་སྔ་ཕྱི་དང་སུམ་རྟགས་ཀྱི་གཞུང་དང་འགལ་ཞིང། ཐ་ན་ཡིག་སྲོལ་ནང་མཐོང་མྱོང་མེད་པ་ལྟ་བུ་སྟེ། དཔེར་ན། མཅིད་ཤགས་དང་མཅིས་བྲང་། གཆིག བཆོས་པ། གཐུམ་པ། མྱི་བཐུབ་ཅེས་པ་ལྟ་བུ་ལ་སོགས་པ་མཐོང་དུས་འདི་འདྲ་བ་སྦྱོར་ཀློག་ཀྱང་བྱེད་མི་ཤེས་ན་གོ་བ་ལེན་ཐབས་དེ་བས་ཀྱང་མི་འདུག་སྙམ་པ་འཆར་སླ་བ་ཡོད། འོན་ཀྱང་དེ་རིགས་ལ་ཞིབ་ཏུ་དཔྱོད་སྐབས་དེ་དུས་ཡི་གེའི་སྐྱེ་གནས་གཅིག་མཚུངས་ཡིན་པའི་ཀ་སྡེ་གཅིག་གི་ནང་ཁུལ་ཡི་གེ་རྣམས་ཕན་ཚུན་ཅི་བདེར་བརྗེས་ནས་འབྲི་སྲོལ་ཆགས་ཡོད་པ་ཤེས་སླ་ཞིང། དེའི་རྒྱུ་མཚན་ནི། སྤྱིར་ན་སྐབས་དེར་སུམ་རྟགས་ཀྱི་ཁྲིད་རྒྱུན་རྒྱ་ཁྱབ་ཀྱི་དར་སྲོལ་ཆགས་མེད་པ་དང། དེར་བརྟེན་ཡི་གེ་འབྲི་སྐབས་ཡིག་མཁན་སོ་སོའི་ཡུལ་སྐད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མིང་གཞིའི་ཡི་གེ་ཕོ་མོ་མ་ནིང་སོགས་རང་རང་གི་ང་རོ་འདོན་ཚུལ་ཏེ། དབུགས་སྟོབས་ཆེ་ཆུང་དང་མགྲིན་པ་དམ་ལྷོད་སོགས་ཀྱི་དབྱེ་བ་ཡང་དག་པར་འབྱེད་མ་ཐུབ་པར་མ་ཟད། ཐ་ན་གོ་ལྡོག་ནས་འདོན་པར་བྱེད་སྟབས། མཆིད་ཤགས་ལ་མཅིད་ཤགས་དང། མཆིས་བྲང་ལ་མཅིས་བྲང་ཞེས་འདོན་ཞིང། ཡང་ལ་ལས་དེ་ལས་ལྡོག་སྟེ་གཅིག་ལ་གཆིག་དང། བཅོས་པ་ལ་བཆོས་པ། དེ་བཞིན་གཏུམ་པ་ལ་གཐུམ་པ་དང། མི་བཏུབ་པ་ལ་མྱི་གཐུབ་པ་ལྟ་བུ་བྲིས་པ་འདི་རིགས་ཧ་ཅང་མང་བས་ཡོངས་རྫོགས་བརྗོད་ཀྱིས་མི་ལངས་ཤིང། ད་དུང་བཙན་པོ་ལ་བཙད་པོ་དང། གང་ལ་གག ཞབས་འབྲིང་ལ་ཞམ་རིང་བྱ་བ་ལྟ་བུ་རྗེས་འཇུག་གི་ཡི་གེ་གོང་བཞིན་བརྗེས་པའང་ཡོད་པ་བཅས་ཀྱི་ཡོང་རྐྱེན་དང་གནས་ལུགས་དེ་དག་ལེགས་པར་རྟོགས་ན། གཅིག་ཤེས་ཀུན་གྲོལ་ལྟ་བུར་ཚིག་འགྲོས་དང་བསྟུན་ནས་གོ་བ་ལེན་བདེ་ཙམ་ཡོང་ཐུབ། གཞི་ནས་རང་རེས་ད་ཡོད་ཀྱི་ཡུལ་སྐད་འགའ་ཞིག་ལ་དཔྱད་ནའང། དབུས་གཙང་ཁུལ་དུ་ཐེ་ཚོམ་གྱི་དྲི་བར་ཅི་ཡིན། ཅི་ཡོད་ལྟ་བུར་མདོ་ཁམས་དང་བྱང་འབྲོག་ཁུལ་གྱི་མི་ཚོས་ད་ལྟའང་ཁ་ནས་ཆི་ཡིན་དང་ཆི་ཡོད་ཅེས་བརྗོད་བཞིན་པ་དེ་ལས་ཡུལ་སྐད་མི་འདྲ་བའི་ཤན་ཞུགས་ཚུལ་གསལ་པོར་རྟོགས་ཐུབ་ཅིང། དེ་མིན་བརྗོད་བདེ་འདྲེན་པ་བག་ལ་ཞ་བ་ཡང་ད་དུང་དངོས་སུ་འདྲེན་རྒྱུ་ཡོད་དེ་དཔེར་ན་སྟོང་གཅིག་གམ། ཁྲི་གཅིག འབུམ་གཅིག་སོགས་ལ་ཆིག་སྟོང་ངམ། ཆིག་ཁྲི། ཆིག་འབུམ་ཞེས་སྔོན་འཇུག་ག་ཡིག་དེ་བསྐུངས་པ་ཙམ་ལས། གཅིག་ལ་ཆིག་ཟེར་བ་ཡོངས་གྲགས་ཚུལ་མཐུན་དུ་རྩི་བཞིན་པ་སོགས་ལས་དཔགས་ན་དེ་རིགས་ལ་ཧ་ལས་དགོས་དོན་ཅི་ཡང་མ་མཆིས་པ་བཅས་གཙོ་བོ་ནི་གང་ལའང་མི་རྣམས་ཀྱི་རྒྱུན་སྲོལ་བག་ཆགས་དེ་ཤུགས་ཆེན་པོ་ཡོད་པ་མཚོན་གྱིན་ཡོད།
༢། གཞན་ཡང་གནའ་ཡིག་བརྡ་རྙིང་གི་ཡི་གེ་རྐང་པ་འ་མཐའ་ཅན་དང་ད་དྲག་གི་ཡང་འཇུག་ཅན། གི་གུ་ལོག་པ་སོགས་དང། དེ་མིན་དྲི་བསུང་ལ་”དྲི་བརྩུང་”དང། སེལ་བ་ལ་”སྩེལ་བ།” འཇའ་ཚོན་ལ་”གཞའ་ཚོན།” ལྗོངས་ལ་”གཞོངས།” ཡོད་པ་ལ་”འོད་པ་”ཞེས་པ་ལྟ་བུ་ལ་སོགས་པ་དང། གཞན་ཡང་འགྲོ་བ་མི་ལ་”མྱི་”དང་འབར་བའི་མེ་ལ་”མྱེ།” མེས་པོ་ལ་”མྱེས་པོ།”དགག་སྒྲ་མི་མེད་མིན་སོགས་ལ་མྱི་དང་མྱེད་མྱིན་ཞེས་འབྲི་སྲོལ་ཡོད་པ་འདི་དག་གིས་ཀྱང་ཀློག་པ་པོ་ཚོར་གོ་མི་བདེ་བའི་སྣང་བ་སྦྱིན་གྱི་ཡོད་མོད། འོན་ཀྱང་འདི་རིགས་ནི་བོད་ཡིག་བརྡ་རྙིང་གི་བྱེ་བྲག་ཡིན་པར་རྟོགས་ན་གོ་དོན་ལ་གནོད་པ་ཅི་ཡང་མེད་ལ། གནའ་ཡིག་གི་ཉམས་འགྱུར་ཐོན་པས་ཅི་ཙམ་འདྲིས་ན་དེ་ཙམ་གྱིས་ཀློག་འདོད་པར་འགྱུར་རོ། །<<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་>>གི་ནང་དུ། ”མྱེད་མྱིན་སོགས་ཡ་བཏགས་པ་དང། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ་”ཞེས་གསུངས་འདུག་ཀྱང། མ་ལ་ཡ་བཏགས་པ་གོང་གསལ་དག་ནི་གནའ་ཡིག་ངོ་མ་ཕལ་མོ་ཆེ་ལ་གསལ་བས་ཁོ་བོ་ནི་བརྡ་རྙིང་གི་གྲས་སུ་འདོད་ཀྱང་དཔྱད་པར་འཚལ་ལོ། །
༣། སྐུང་ཡིག་ནི་བོད་དུ་གནའ་དུས་ནས་དར་ཁྱབ་ཡོད་ལ་བོད་སིལ་བུའི་དུས་སུ་འཕེལ་རྒྱས་ཇེ་ཆེར་སོང་ཞིང་། དུས་རབས་བཅོ་ལྔ་པའི་རྗེས་སུ་ཤིང་པར་གྱི་དར་སྲོལ་ཇེ་ཆེར་གྱུར་པ་ནས་བཟུང་རིམ་བཞིན་སྐུང་ཡིག་ཇེ་ཉུང་དུ་སོང་བར་བརྟེན། དེང་སྐབས་གནའ་བོའི་སྐུང་ཡིག་དེ་རྣམས་ཀྱང་ལྟ་ཀློག་མི་བདེ་ཞིང།  ལ་ལ་གོ་དོན་ལོན་དཀའ་བའི་རྒྱུ་རྐྱེན་གྱི་གྲས་སུ་གྱུར་ཡོད། ཁྱད་པར་བར་སྐབས་འབྲི་སྲོལ་རྩ་བ་ནས་ཆད་པའི་སྐུང་ཡིག་དཔེར་ན། q.T.༡༠༧༧ ཕྲེང་ ༤༦ པར།  ”ཁྲའྀ་ཁྲིན་རྨ་བའྀ་གཐྲ་”ཞེས་གསལ་བའི་གོ་དོན་ནི་ ”ཁ་མཆུ་སྨྲ་བའི་གཏའ་མར་”ཞེས་ཟེར་རྒྱུའི་”གཏའ་”ཡི་མིང་གཞི་”གཐའ་”ལ་བརྗེས་པ་དང། ལ་དོན་གྱི་རྗེས་འཇུག་ར་ཡིག་དེ་ཡང་རྩེག་མར་བསྐུངས་པས་སྨད་འདོགས་སུ་འཁྲུལ་སླ་བ་ལྟ་བུ་དང། ཡང་ཡིག་རྙིང་དེ་རང་གི་ཕྲེང་ ༩༨ པར་ ”བློན་མཚོ་བཞྲེ་” ཞེས་མཚོ་བཞེར་བྱ་བའི་རྗེས་འཇུག་རྩེག་མར་བྲིས་རྐྱེན་ཆ་རྒྱུས་མེད་ན་རྟོགས་དཀའ་བ་གོང་དང་མཚུངས། ཡང་ q.T༡༠༧༡ པའི་ཕྲེང་ ༤༤༦ པར་”སྔ་མདའ་ནི་ཕགསྤ་”ཞེས་འཁོད་པ་མདའ་སྔ་མ་རྒྱག་མཁན་ལ་པགས་པ་དབང་ཟེར་རྒྱུ་ཡིན་ཡང་མིང་གཞི་པ་དེ་ཕ་ལ་བརྗེས་ཐོག ཡང་འཇུག་ས་དང་མིང་མཐའི་པ་གཉིས་རྩེག་མར་བྲིས་ཏེ་བར་ཚེག་བསྐུངས་པས་ཀློག་དཀའ་བ་ཞིག་ཆགས་པ་སོགས་འདིར་དཔེ་མཚོན་ཙམ་ལས་ཞིབ་རྒྱས་འབྲི་བར་མ་ཁོམ་ཞིང། འདི་དག་བོད་ཀྱི་སྐུང་ཡིག་འབྲི་སྲོལ་དང་གནའ་ཡིག་ལ་རྩེག་མའི་འབྲི་རྒྱུན་ཡོད་པ་སོགས་འདྲིས་ཤིང་བྱང་བར་གྱུར་ན་རིགས་འདེད་དང། གཅིག་ཤེས་མང་གྲོལ་གྱི་གནད་ཅིག་མཆིས་པས་དོན་དངོས་ལ་དཀའ་ཚེགས་དེ་ཙམ་མེད།

 

གཉིས།

     དཀའ་ངལ་ལམ་རྙོག་འཛིང་ཆེ་ཤོས་ནི་གནའ་ཡིག་ནང་གི་མིང་ཚིག་ཧ་ཅང་མང་པོ་ཞིག་དེང་སྐབས་ཡིག་ཐོག་དང། ངག་རྒྱུན་གཉིས་ཀར་བརྗོད་སྲོལ་རྦད་དེ་ཆད་ཟིན་པའམ། ཡང་ན་རྒྱུན་གཏན་མཐོང་ཐོས་ཀྱི་ཡུལ་ལས་འདས་པ་ཇི་སྙེད་ཅིག་འཕྲད་ཀྱིན་ཡོད་པ་དེ་དག་རང་གིས་རྟོགས་མི་ཐུབ་ལ། གཞན་ལ་འདྲི་ཡུལ་ཡང་མི་རྙེད་པ་དེ་ཡིན། འདིའི་ཐད་ལ་དེ་སྔའི་ཀྲུང་དབྱང་མི་རིགས་སོླབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཝང་ཁྲེན་རྣམ་གཉིས་ཀྱིས་ཐུགས་འཁུར་ཟབ་བཞེས་ཀྱིས་བོད་ཀྱི་གནའ་ཡིག་ཁག་ཅིག་ཕྱོགས་བསྒྲིགས་ཐོག བོད་རིགས་མཁས་དབང་བགྲེས་གྲས་ལ་སློབ་ཞུ་དང་འབྲེལ་དེབ་ལ་ལར་གོ་དཀའ་བའི་མིང་ཚིག་ལ་མཆན་འགྲེལ་དང། ཡང་དེབ་ལ་ལར་ལེ་ཚན་སོ་སོར་གོ་བདེ་བའི་འབྲུ་འགྲེལ་འགོད་པ་སོགས་གནང་སྟེ་སྔ་རྗེས་སུ་དཔེ་སྐྲུན་འགྲེམས་སྤེལ་མཛད་པ་ནི་རང་ཅག་ཀློག་པ་པོ་ཡོངས་དང། ཁྱད་པར་ཆེད་ལས་དོན་གཉེར་ཅན་རྣམས་ལ་ཕན་གསོས་ཆེན་པོ་བྱུང་ཡོད་པར་བརྟེན་ང་ཚོས་སྐུ་དྲིན་རྗེས་དྲན་ཚད་མེད་ཞུ་རྒྱུ་ཡིན། འོན་ཀྱང་”དཀའ་བ་སྤྱོད་ཐེངས་གཅིག་ལ་སངས་རྒྱས་པ་”ལྟ་བུ་ནི་ག་ལ་ཡོང་སྲིད་དེ། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་པའི་ཏུན་ཧོང་གི་གནའ་ཡིག་འབོར་ཆེན་ཞིག་ལ་དཀའ་གནད་གསལ་བཤད་ཀྱི་མཆན་འགོད་བྱ་རྒྱུར་བསྡད་ཡོད་པ་དང། ད་ཕན་ཕྱོགས་བསྒྲིགས་ཀྱིས་དཔེ་སྐྲུན་གནང་ཟིན་པའི་གནའ་ཡིག་དེབ་རྣམས་ཀྱི་ནང་དུའང་གོ་དཀའ་བའི་མིང་ཚིག་མང་པོར་ད་དུང་མཆན་འགོད་བྱུང་མེད་པ་སོགས་ལ་བརྟེན། མདོར་ན་དེང་སང་གནའ་ཡིག་ལ་ཐུག་སྐབས་ད་ཕན་གོ་ཐུབ་པ་དག་ནི་ཀུན་གྱིས་ཤེས་པ་དང། བརྗོད་དོན་གོ་མི་ཐུབ་པ་རྣམས་ནི་ཧ་ལམ་རང་གཞན་ཚང་མས་མི་ཤེས་པ་ལྟ་བུ་འདིའི་མུར་ལུས་པ་ཡིན་ན། མཁས་པའི་ཁྱུ་མཆོག་དགེ་འདུན་ཆོས་འཕེལ་གྱི་རྗེས་སུ་རང་ཅག་ཁ་བ་རི་པ་རྣམས་ལ་བུ་མ་སྐྱེས་པ་ལྟ་བུར་མི་འགྱུར་གྲང། འདི་ནི་ལྷག་བསམ་གྱི་གདུང་སེམས་དྲག་པོ་ཞིག་གིས་བསྐུལ་ཏེ་རང་རིགས་ཀྱི་དཔྱོད་ལྡན་མཁས་པ་ཀུན་ལ་འབོད་སྐུལ་གྱི་ཚུལ་དུ་ཐལ་བ་ལས། རྨོངས་རྒན་བདག་རང་གི་ཤེས་འཁོས་ལ་དཔགས་ན་ཁ་ཕོ་དེ་ལྟར་སྒྲོག་པའི་བབ་ཐོབ་དང་གདེང་ཚོད་ཏིལ་ཤུན་ཙམ་ཡང་མེད་ཐག་ཆོད་ཡིན། འོན་ཀྱང་རྗེ་ས་པཎ་གྱིས་”མཁས་པ་བརྩད་ཅིང་མ་དྲིས་ན། །དེ་ཡི་བར་དུ་གཏིང་མི་དཔོག །རྔ་ལ་དབྱུག་གུས་མ་བསྣུན་ན། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་གསུངས་པའི་དགོངས་དོན་ཡིད་ལ་བཅངས་ཏེ་བོད་ཀྱི་གནའ་ཡིག་བརྡ་རྙིང་ལ་གོ་བ་ལེན་ཐབས་ཀྱི་རྐང་ལམ་ཕྲ་མོ་ཞིག་རིམ་བཞིན་འཚོལ་བའི་དོན་དུ་རང་གི་མ་སྨིན་པའི་ཚོར་སྣང་འགའ་ཞིག་ཐོག་མའི་གྲོས་གཞི་ལྟ་བུར་མཁས་པ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན།
དང་པོ། ངས་བསམ་ན་ཐོག་མར་རང་རེས་ད་ཕན་ཕྱོགས་བསྒྲིགས་དང་མཆན་འགོད་རགས་ཙམ་གནང་ཟིན་པའི་གནའ་ཡིག་གི་ཁྲོད་ནས་ནང་དོན་རང་རང་ཞིབ་འཇུག་གི་ཆེད་ལས་དང་འབྲེལ་བ་ཡོད་ལ། འགོ་མཇུག་ཅུང་ཟད་ཆ་ཚང་བ་གང་རུང་ཞིག་རང་གི་འདོད་མོས་ལྟར་བདམས་ཐོག དེའི་ནང་དོན་རྣམས་གནའ་བོའི་བརྗོད་བྱ་གང་ཞིག་ཡིན་པ་དེ་ལ་འགྱུར་བ་མི་འགྲོ་བའི་རྩ་དོན་འོག་རྗོད་བྱེད་ཀྱི་ཚིག་སྦྱོར་དག་དེང་རབས་ཀྱི་ཡིག་སྲོལ་ལྟར་སྤྱིར་བཏང་གི་ཤེས་ཡོན་ཅན་ཚོས་གོ་ཐུབ་པའི་བརྒྱུད་རིམ་ལྡན་ལ་བརྗོད་དོན་ཧྲིལ་པོ་ཚང་བའི་འབྲུ་འགྲེལ་གང་ལེགས་ཤིག་འབྲི་བའི་བྱ་བ་ངོ་མའི་ནང་གཞུག་དགོས་པའི་ཚེ་གནའ་ཡིག་གི་མིང་ཚིག་གི་གོ་དོན་ལོན་དཀའ་བ་དག་འཕྲད་སྐབས་ཐོག་མར་རང་ནུས་ཀྱི་བསམ་ཞིབ་གང་ཐུབ་བྱས་ཏེ་གོ་བ་ལེན་ཐབས་བྱ་དགོས་ཤིང། ཅིས་ཀྱང་གོ་དོན་མ་རྟོགས་ན་ལེ་ཚན་དེ་རང་གི་མཆན་འགྲེལ་ནང་བལྟས་ནས་འཚོལ་རྙེད་ཐུབ་ཚེ་མཆན་འགྲེལ་གྱི་མིང་ཚིག་དེ་བཞིན་དུ་འགྱུར་ན་བརྗོད་དོན་གསལ་རྟོགས་ཐུབ་མིན་དང་སྔ་རྗེས་ཀྱི་ཚིག་གྲོགས་རྣམས་ཕན་ཚུན་འབྲེལ་ཆགས་ཇི་ལྟར་ཡོང་བ་སོགས་ནན་བསྡུར་བྱ་དགོས། གལ་ཏེ་མིང་ཚིག་ལ་ལ་གོ་དོན་མི་མཐུན་པའམ་ཡང་ན་མཆན་འགྲེལ་ནང་རྩ་བ་ནས་གསལ་མེད་ན་ཅི་བྱ་གཏོལ་བྲལ་གྱི་ཡིད་ཐང་ཆད་པའི་རིགས་གཏན་ནས་བྱ་མི་རུང་སྟེ། སྤྱིར་ན་རང་རེ་བོད་ཀྱི་ཡེ་གེ་ནི་སྒྲ་སྦྱོར་གྱི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་པས་བར་སྐབས་མི་ལོ་སྟོང་ལྷག་གི་རིང་ལ་ས་ཁུལ་སོ་སོའི་ཡུལ་སྐད་ལ་འཕེལ་འགྱུར་ཚད་མི་འདྲ་བ་ཅི་རིགས་ཤིག་བྱུང་ཡོད་ཁར་བོད་ཡིག་འབྲི་སྲོལ་ལའང་འགྱུར་བ་ངེས་ཅན་ཞིག་ཆགས་མོད། འོན་ཀྱང་རྩ་བའི་སྐད་ཡིག་གི་འབྱུང་གཞི་གཅིག་ཡིན་པར་བརྟེན་ཡི་གེའི་སྐྱེ་གནས་དང། བརྡའི་སྦྱོར་ཚུལ་སོགས་ལ་ཁུངས་དང་རིགས་འདེད་བྱ་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པ་དང་ལྷག་པར་བསྟན་པ་ཕྱི་དར་གྱི་རྗེས་སུ་དུས་རབས་རིམ་པར་བྱུང་བའི་བརྡ་དག་གི་བསྟན་བཅོས་དང། ཚིག་མཛོད་སོགས་མི་ཉུང་བ་ཞིག་གི་ནང་བརྡ་རྙིང་གི་མིང་ཚིག་འཚོལ་ཞིབ་བྱ་ཡུལ་འཛད་མཐའ་མེད་པ་ཞིག་ཡོད་པ་བཅས་གཙོ་བོ་རང་ཉིད་ཀྱི་འབད་རྩོལ་ལ་བརྟེན་དགོས། འདིར་རང་རེས་གོ་དཀའ་བའི་གནའ་ཡིག་གི་མིང་ཚིག་དུ་མ་ཞིག་སྔ་རབས་དང་ཉེ་རབས་ཀྱི་བརྡ་དག་བསྟན་བཅོས་ནང་ནས་འཚོལ་རྙེད་ཐུབ་པའི་དཔེ་མཚོན་རེ་ཟུང་ཙམ་ཞུས་ན། ཐོག་མར་<<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་>>ཞེས་པ་ལས་དཔེར་ན། གནའ་ཡིག་ནང་གི་སྤྱོམ་པ་ཞེས་ནི་”སྤྱོམས་པ ངོམ་པའམ་བདག་བསྟོད་དེ་སྤྱོམས་དང་བཅས་པ་མི་བྱའོ་”ཞེས་པ་ལྟ་བུ་དང་། ཡང་གནའ་ཡིག་ཕོ་ཐེག་ཆེ་བ་ལྟ་བུར་”ཕོ་ཐེག་ཆེ་བ་ཁེངས་པ་སྟེ་ལྟ་བ་མཐོ་བའི་དོན་”ཞེས་གསལ། ཡང་བསྟང་པ་ཞེས་པར་བསྟང་པ་ནི་”མགོན་ནམ་གྲོགས་ཏེ་མངོན་རྟོགས་རྒྱན་དུ་བསྟང་པས་ཡོངས་སུ་མ་བཟུང་དང།”ཞེས་པ་ལྟ་བུ། གནའ་ཡིག་ན་སྤྱོ་བ་དང་བརྒྱད་པ་ཞེས་པར་”སྤྱོ་བ་(བརྒྱད་པ་)འཐབ་པའམ་སྨད་པ་”ཞེས་དང་ཡང་བརྒྱད་བཀག་ཅེས་པར་”བརྒྱད་བཀག་ཁ་སྨྲས་སམ་བཀྱོན་པ”ཞེས་གསལ། ཆུ་གང་ཞེས་པར་”ཆུ་གང་སྙིང་སྟོབས་”ཞེས་དང་། བླ་ཞེས་པ་ནི་”བླ་ནི་རུང་ངམ་བཟོད་དམ་ཆོག་”ཅེས་པ་ལྟ་བུ་ལ་སོགས་པ་མདོར་ན་བརྡ་དག་གི་བསྟན་བཅོས་དེ་གཅིག་པུའི་ནང་དུའང་བརྡ་རྙིང་གི་མིང་ཚིག་བརྒྱ་ཕྲག་བརྒྱད་ལྷག་ཙམ་(མཚམས་འདི་ཆད་ཡོད་པ་འདྲ།)དུ་ཡོད། འོན་ཀྱང་རྩོད་སྒྲུབ་ཀྱི་ཆོས་ཉིད་ལྟར་མཆན་འགྲེལ་ནང་གང་འཁོད་པ་ཐམས་ཅད་ཡོངས་སུ་ཡང་དག་པ་ཞིག་ནི་སུས་བྱས་ནའང་ཡོང་མི་སྲིད་པར་བརྟེན་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་དབྱེ་ཞིབ་བྱ་རྒྱུ་དེ་ཡང་གལ་ཧ་ཅང་ཆེན་པོ་ཡིན། འདིར་དཔེ་མཚོན་རེ་ཟུང་ཙམ་བརྗོད་ན། p.T.༡༢༨༣ པའི་ནང་གསེས་དྲིས་ལན་ ༡༠ པར་”གསྩུགི་ནོར་མཐོང་ན་འདྲེ་མཐོང་བ་ལྟར་མྱི་དགའ་བར་བརྩིའོ”་ཞེས་པའི་མཆན་འགྲེལ་ལ་”གསྩུག་བཙོག་པ ཨ་མདོའི་ཡུལ་སྐད་ལ་བཙོག་པ་ནི་མི་གཙང་བའི་དོན་ཡིན་”ཞེས་བསྐྱར་འགྲེལ་ཞིག་ཀྱང་བཀོད་འདུག  དེ་ལྟར་ན་མི་གཙང་བ་ནི་ཕྱི་ས་ཡིན་ཏེ་གོ་བདེ་བར་བཤད་ན་”སྐྱག་པའི་ནོར་མཐོང་ན་”ཞེས་ཟེར་དགོས་པས་གནའ་ཡིག་གོ་དོན་དང་ག་ལ་འབྲེལ་ཐུབ། དོན་ངོ་མ་ནི”གསྩུག”ཅེས་པ་བརྡ་རྙིང་སྟེ་”གསུག་”ཟེར་བ་ཡིན། དེ་ལ་<<དག་ཡིག་གསར་བསྒྲིགས་>>ནང་”གསུག་ལྐོག་རྔན་ནམ་ལྐོག་རྫོངས་ལ་བྱིན་པའི་རྒྱུ་ནོར་གྱི་མིང་སྟེ་ཆེན་པོ་རྣམས་ལ་གསུག་ཟོས་པའི། །ཉེན་གྱིས་བརླག་པར་འགྱུར་བ་མང། །”ཞེས་པའི་ལུང་དྲངས་འདུག་པ་ལྟར་”ལྐོག་རྔན་གྱི་རྒྱུ་ནོར་མཐོང་ན་གདུག་འདྲེ་ཐུག་པ་ལྟ་བུར་བརྩི་དགོས་སོ་”ཞེས་འགྲེལ་ན་གོ་བདེ་ལ་དོན་དང་མཐུན་པ་ལྟ་བུ་ཡིན་ཡང་གོང་གསལ་གནའ་ཡིག་དེ་རང་གི་དྲིས་ལན་ ༤༣ པའི་ནང་”སྲིད་དང་ནོར་གྱིས་བཤུགསུ་རུང་སྟེ་བདག་མྱི་འཁྲེན་བྱོས་ཤིག་”ཅེས་པའི་འཁྲེན་ཟེར་བར་མཆན་འགྲེལ་ནང་”འཁྲེན་ཞེས་པ་རང་ལ་གཞན་གྱིས་འཁོན་འཛིན་བྱས་པ་ཞེས་གསལ་ཡང། བོད་ཀྱི་བརྡ་དག་ཚིག་མཛོད་སོགས་ཀྱི་ནང་གཞན་གྱི་འཁོན་འཛིན་ལ་གོ་བའི་དཔེ་གཞི་ཁོ་བོས་མ་མཇལ་ཞིང་དག་ཡིག་གསར་བསྒྲིགས་སུ་ནི་”འཁྲེན་ཆགས་ཞེན་ཆེ་བའི་བརྡ་རྙིང་སྟེ་ཁྱིམ་ལ་འཁྲེན་པ། ཟས་ལ་འཁྲེན་པ་ཞེས་པ་ལྟ་བུ་”ཞེས་འཁོད་པ་ལྟར་འབྲུ་འགྲེལ་བྱེད་སྐབས་”སྲིད་ཐབས་དང་རྒྱུ་ནོར་གྱིས་བརྗེས་ནའང་རུང་སྟེ་རང་ལ་ཆགས་ཞེན་མེད་པར་གྱིས་ཤིག་”ཅེས་བྲིས་ཚེ་དོན་དང་འབྱོར་བ་ལྟ་བུར་མཐོང། དེ་བཞིན་ཡང་ཏུན་ཧོང་གི་གནའ་ཡིག་ཕྱོགས་བསྒྲིགས་དེབ་དང་པོ་དེའི་ནང་”བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་”ཞེས་པའི་ལེའུ་གསུམ་པར་ཟིང་བོ་རྗེའི་སྐོར་བཤད་སྐབས་”མྱི་འཛངས་པ་དྲང་མཁྲང་བྱེད་པ་དང་། དཔའ་བོ་ཆུ་གང་བྱེད་པ་ལ་སྡང་སྟེ་རི་མོ་བསྐྱུངས་ཞེས་པ་དེའི་མཆན་འགྲེལ་ནང་རི་མོ་བསྐྱུངས་ལ་རིང་མོ་བསྐྱུངས་ཞེས་རི་ལ་རྗེས་འཇུག་ང་ཡིག་ཅིག་བསྣན་ནས་བཞག་འདུག། གལ་ཏེ་ཞར་དུ་མོ་ལའང་རྗེས་འཇུག་ར་ཡིག་ཅིག་བསྣན་ན་མི་བཟང་པོ་དེ་ཚོ་རྒྱང་ཐག་རིང་མོར་དོར་བའི(སྤྱུགས་པའི)གོ་དོན་ཙམ་ཡོད་རུང། འདིར་ནི་དེ་ཡང་མིན་པར་དངོས་པོ་རིང་མོ་ཞིག་སྤངས་པའི་དོན་ལས་གོ་རྒྱུ་གཞན་ཅི་ཡང་མ་རྙེད།  བདག་གི་རྨོངས་ཚོད་ལྟར་ན་དེ་ནི་གནའ་ཡིག་ཆད་ནོར་གྱི་གནད་དོན་མ་ཡིན་པར་ཚིག་གྲོགས་ལ་གཞིགས་སྐབས་རི་མོ་བསྐྱུངས་བྱ་བ་དེ་རང་ལ་གོ་བ་ལེན་དགོས་པར་འདུག  དཔེར་ན་<<དག་ཡིག་གསར་བསྒྲིགས>>་ནང་རི་མོ་ཞེས་པའི་འགྲེལ་བཤད་ལ་”མཆོད་པར་ཕུལ་བའི་དངོས་རྫས་ཀྱི་བརྡ་རྙིང་”ཞེས་གསལ་བ་ལྟར་ཟིང་པོ་རྗེས་”མི་མཛངས་པ་དྲང་པོར་ཤོད་མཁན་དང་དཔའ་བོ་ཤ་ཞེན་བྱེད་མཁན་རྣམས་ལ་སྡང་པོ་བྱས་ཏེ་སྔར་གྱི་བདག་རྐྱེན་མེད་པར་བྱས་པའི་དོན་དུ་གོ་དགོས་སྙམ་པ་ལྟ་བུ་བཅས་ནི་ཕན་ཚུན་སོ་སོའི་ལྟ་སྟངས་བགྲོ་གླེང་བྱེད་པའི་དཔེ་མཚོན་ཁོ་ནར་དྲངས་པ་ལས་མཆན་འགྲེལ་ལ་དགག་པ་རྒྱག་པ་ནི་རྩ་བ་ནས་མ་ཡིན་པར་གནའ་ཡིག་ནི་གོ་བ་དཔོག་དཀའ་བ་དང་བོད་ཡིག་གི་མིང་ཚིག་ཁག་ལ་ལ་གནའ་དེང་བར་གྱི་གོ་དོན་ལ་འགྱུར་བ་ཆེ་བ་སོགས་ལ་བརྟེན་རང་གཞན་ལ་མ་ལྟོས་པར་དེང་རབས་ཀྱི་མི་སུས་མཆན་འགྲེལ་བྱས་ནའང་དེའི་ཁྲོད་དོགས་གཞི་ཡོད་རིགས་ལ་ཚང་མས་བསྐྱར་ཞིབ་ནན་ཏན་གྱིས་དཔྱད་གཞི་གསར་འདོན་དང་དོགས་སློང་བགྲོ་གླེང་སྤེལ་བ་སོགས་བགྱི་རྒྱུ་ནི་མ་དག་རྒྱུན་འབྱམས་ཀྱི་སྐྱོན་ཆ་སེལ་བའམ་གནའ་ཡིག་གི་གོ་དོན་ཡང་དག་པ་ལོན་ཐབས་ལ་ཕན་པ་ཞིག་ཡིན་སྙམ་ནས་བྲིས་པ་ཡིན་ནོ། །
གསུམ་པ། དོ་སྣང་བྱེད་དགོས་པ་ཞིག་ནི་གནའ་ཡིག་གི་མིང་ཚིག་གོ་དཀའ་བ་འགའ་ཞིག་བོད་ཀྱི་བརྡ་དག་བསྟན་བཅོས་དང་ཚིག་མཛོད་སོགས་ཀྱི་ནང་ནས་མ་རྙེད་པ་དེ་འདྲ་བོད་རིགས་སྡོད་ཁུལ་མཐའ་མཚམས་སམ་ཡང་ན་ལུང་ཁུག་བྱེ་བྲག་པ་ལ་ལའི་ཡུལ་སྐད་ཀྱི་ཁྲོད་ནས་ཡང་དག་པར་རྙེད་རྒྱུ་འདུག་པའི་དཔེ་མཚོན་ཙམ་བརྗོད་ན།
༡། ཏུན་ཧོང་གི་གནའ་ཡིག་p.T༡༢༨༣ པའི་ནང་གསེས་དྲིས་ལན་ ༡༦ ་ནང་སྙིང་རྗེ་འེ་ཞིང་དངན་ཆན་མྱེད་ཅེས་པའི་མཆན་འགྲེལ་དུ”དངན་ཆན། དངན་ཅན། ཞེ་སྡང། འཁོན་འཛིན”ཞེས་གསལ་བ་ཚིག་འགྲོས་དང་བསྟུན་ན་ཕྱོགས་མཐུན་ལྟ་བུ་ཡང་དོན་ལ་དེ་ལྟར་མིན་ཏེ་བདག་གི་སྐྱེ་ཡུལ་གཙང་སྟོད་ལྷ་རྩེ་ཁུལ་གྱི་ཡུལ་སྐད་ལ་རྒྱུ་མཚན་མེད་པར་མི་གཞན་གྱིས་ཉེས་རྡུང་གཤེ་གཤེའམ་འཕྲོག་བཅོམ་སོགས་བརྙས་བཅོས་དབང་ཡོད་ཕོག་ན་ང་ལ་དངན་ཅན་བྱས་བྱུང་ཞེས་ད་ལྟའང་བཤད་སྲོལ་ཡོད་པ་ལྟར་དེ་ནི་གནའ་ཚིག་འཁྲུལ་མེད་ཅིག་ཡིན་པ་ར་འཕྲོད་ཅིང། ”སྙིང་རྗེ་ཆེ་ཞིང་བརྙས་བཅོས་མེད་”ཅེས་འགྲེལ་ན་འོས་པ་ལས། ཞེ་སྡང་ངམ་འཁོན་འཛིན་ལ་ནི་སྔོན་འགྲོའི་རྒྱུ་རྐྱེན་ཞིག་ཡོད་དགོས་པས་བརྙས་བཅོས་དང་ཁྱད་ངེས་ཅན་ཞིག་མཆིས་པ་ལྟ་བུའོ། །
༢། ཡང་p.T.༡༠༧༡ པའི་ཕྲེང་ ༡༠ པར”་་་་་་་་མི་སྟོང་སྲང་ཁྲི་བབ་སྟེ་ཡུས་བདག་དང་འདམ་པོ་ཕྱེད་མར་དབང་ངོ་”ཞེས་གསལ་བའི་ནང་གི་འདམ་པོ་ཞེས་པ་དེའི་གོ་དོན་ཡང་གོང་བཞིན་ཡིག་ཐོག་ནས་རྙེད་དཀའ་བས་མཆན་འགྲེལ་དུ་”འདམ་པོ་ལྐོག་ཏུ་ཉེས་སྐྱོན་ཐེར་འདོན་བྱེད་མཁན། འབྲོག་པའི་གཏམ་དཔེར་རྐུ་མ་ཤོར་འདོད་རེད། འདམ་པོ་ཤི་འདོད་རེད་ཅེས་ཟེར་སྲོལ་ཡོད་”ཅེས་གསལ་བའི་ཁུངས་ཀྱང་བྱང་ཁུལ་འབྲོག་པའི་ཡུལ་སྐད་ལ་གཏུགས་འདུག །
༣། དེ་བཞིན་ p.T ༡༠༨༣ པའི་ཕྲེང་ ༢ པར་”རྒྱ་ཤ་ཆུ་པའི་བུ་སྲིང་་་་”ཞེས་པའི་མཆན་འགྲེལ་ལའང་བུ་སྲིང་དེ་ལ་”བུ་སྲིང་ནི་བུད་མེད་སྲིང་མོ་བྱ་བ་སྟེ། མཚོ་སྔོན་པོའི་ཕལ་སྐད་དུ་བུད་མེད་སྤྱིའི་མིང་ལ་བུ་སྲིང་མར་འབོད་<<དེབ་ཐེར་དཀར་པོ>>་པར་གཞིའི་ཤོག་ལྷེ་༡༡་པར་གསལ་ཞེས་འཁོད་པ་དེའང་ཨ་མདོའི་ཡུལ་སྐད་ལ་གཏུགས་པ་ལྟ་བུ།
༤། P.T.༩༩༠ པའི་ཕྲེང་ ༦༡ ་པར་”མྱི་ཁྱོད་ནི་བཏོག་ཅིང་བལ་བའི་རིགས”་ཞེས་པའི་མཆན་འགྲེལ་ལའང་བལ་བ་ནི་བཀོག་པའམ་འདོན་པའི་དོན། ད་ལྟ་ཁམས་སྐད་དུའང་སོ་བཀོག་པ་ལ་སོ་བལ་ཞེས་ཟེར་”ཞེས་གསལ་བ་ཁམས་ཀྱི་ཡུལ་སྐད་ལ་ཁུངས་གཏུགས་མི་འདུག་གམ།
༥། ཏུན་ཧོང་གི་གནའ་ཡིག་ཕྱོགས་བསྒྲིགས་དེབ་དང་པོ་དེའི་ནང་”བཙན་པོ་རིམ་བྱུང་གི་ལོ་རྒྱུས”་ལེའུ་བརྒྱད་པར་”པུ་ནས་ནི་ཁུས་འདེབས་པའ།”ཞེས་པའི་མཆན་འགྲེལ་ལའང་”ཁུས་འདེབས་པའ་སྐད་ཆེན་པོ་བཏང་བ་ཨ་མདོའི་ཡུལ་སྐད་”ཅེས་དོན་ལ་རྒྱང་མ་ནས་སྐད་རིང་བཏང་སྟེ་འབོད་པའི་དོན་དུ་གོ་དགོས་པ་ལྟ་བུ་ཡིན། ད་དུང་དེ་དང་དེ་འདྲ་མང་པོ་ཞིག་ཐོན་རྒྱུ་ཡོད་པ་ལ་ཡ་མཚན་རྒྱུ་ཅི་ཡང་མེད། དེའི་ཐོག་ནས་བོད་ཀྱི་གནའ་ཡིག་ནི་སྐབས་དེའི་ཡུལ་སྐད་གཞིར་བཟུང་ནས་བཟོས་པ་དང། བརྡ་རྙིང་གི་མིང་ཚིག་ཕལ་མོ་ཆེ་སྤྱིར་ན་བོད་ཡུལ་དུ་སྐད་ཡིག་འཕེལ་འགྱུར་དུས་རབས་ཀྱི་རླབས་ཕྲེང་གིས་རིམ་བཞིན་ཤུལ་མེད་དུ་དེད་ན་ཡང་ས་མཐའ་ལུང་ཀྱོག་དང་རི་ཁུག་ཁག་ཅིག་ཏུ་ད་དུང་གནའ་བོའི་ཡུལ་སྐད་ལ་ལ་མུ་མཐུད་རྒྱུན་འཛིན་བྱས་ཡོད་པའི་ར་འཕྲོད་སྔར་བས་ལྷག་པ་བྱུང་ཡོད། དེར་བརྟེན་རང་རེས་གནའ་ཚིག་གོ་དཀའ་ལ་ཡིག་ལམ་ནས་འཚོལ་རྙེད་མི་ཐུབ་པ་ལ་ལ་ཨ་མདོ་དང། རྒྱལ་རོང། བོད་བྱང་ཐང་སོགས་རི་ཁུག་གི་འབྲོག་ཁུལ་དང་ཡང་ན་བོད་ཀྱི་མཐའ་མཚམས་མོན་ཁུལ་རོང་ཁུག་སོགས་ཀྱི་ཡུལ་སྐད་རྙིང་པ་དག་གི་ཁྲོད་དུ་འཚོལ་ཞིབ་བྱ་རྒྱུ་ཡོད་པ་འདིའང་ངོ་མཚར་ཆེ་ལ་ངེས་པ་རྙེད་པའི་བྱ་ཐབས་ཐུན་མོང་མ་ཡིན་པའི་མྱོང་གྲུབ་མན་ངག་ཅིག་ལགས་སོ། །
བཞི་པ། བཤད་ན་ཡ་མཚན་པ་ཞིག་ནི་གནའ་ཡིག་ཁྲོད་ཀྱི་མིང་ཚིག་མི་ཉུང་བ་ཞིག་ཁྱེད་ཀྱིས་གཟིགས་མ་ཐག་དེ་ནི་གོ་དཀའ་བ་གང་ཡང་མིན་པར་ཧ་ཅང་འདྲིས་ཆེ་ཞིང་གོ་དོན་ཡང་ཐོགས་པ་མེད་པར་བརྗོད་ཐུབ་པ་ལྟ་བུ་ཞིག་ཡོད། འོན་ཀྱང་ཁྱེད་ཀྱིས་རྟོགས་པའི་གོ་དོན་ལྟར་བྱས་ན་གནའ་ཡིག་དུམ་བུ་དེའི་འགོ་བར་མཇུག་གསུམ་གྱི་ཚིག་གྲོགས་རྣམས་དང་སྦྱོར་ཐབས་རྩ་བ་ནས་མེད་པའམ། ཡང་ན་ཁ་རྒྱུ་གོ་རྒྱུ་མེད་པ་ཞིག་ཆགས་འགྲོ་ངེས་ཡིན། དེ་རིགས་ཡོངས་རྫོགས་བརྗོད་ཀྱིས་མི་ལངས་ཀྱང་གལ་ཆེ་བ་འགའ་ཞིག་དཔེ་མཚོན་དུ་བརྗོད་ན་གསལ་པོར་མཁྱེན་སྲིད། དཔེར་ན།  ༡། ཆོས་ཞེས་པ་འདི་གནའ་ཡིག་གི་ཁྲོད་དུ་ཡང་ཡང་འཕྲད་རྒྱུ་ཡོད། དེང་སྐབས་སྤྱིར་བཏང་ཡོངས་ཁྱབ་ཀྱི་ངོས་འཛིན་ལ་དེ་ནི་ཆོས་ལུགས་ཀྱི་མིང་ངམ་ཐ་ན་ནང་པ་སངས་རྒྱས་པའི་ཆོས་ཁོ་ནར་གོ་བ་ལྟ་བུར་བྱེད་ཀྱང། དེའི་གོ་དོན་ནམ་འཇུག་ཡུལ་ནི་སྐབས་དང་ཚིག་གྲོགས་སོགས་ལ་བསྟུན་ནས་གོ་བ་ལེན་དགོས་པ་ལས་ལམ་སེང་འདི་དང་འདི་ཞེས་ཚིག་ཐག་གཅོད་མི་ཐུབ་སྟེ།  རྣམ་བཤད་རིགས་པ་ལས་”ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའང། །”ཞེས་གསལ་བ་དང་ཡང་དག་ཡིག་ནང་”ཕྱི་རོལ་ཡུལ་ན་ཡོད་པ་ཐམས་ཅད་ཀྱི་སྤྱི་མིང་ལ་ཆོས་ཟེར་”ཞེས་དང་”མི་རྣམས་ཀྱི་གོམས་འདྲིས་དང་ཡུལ་སྲོལ་གྱི་མིང་སྟེ་ཡུལ་ཆོས་དང་གྲོང་པའི་ཆོས། མི་ཆོས་ཞེས་པ་ལྟ་བུ་”ཞེས་སོགས་གསལ་བ་ལྟར་ཁྱབ་ཤིན་ཏུ་ཆེ་བས་སྐབས་སོ་སོའི་དོན་དང་ཚིག་གི་གནས་ལུགས་སོགས་ལ་བསམ་གཞིགས་ཀྱིས་གོ་བ་ལེན་དགོས། གནའ་ཡིག་ཁྲོད་ཀྱི་ཆོས་ཞེས་པ་ནི་དེང་དུས་ཀྱི་ལུགས་སམ། སྲོལ། ཚུལ། ཆོས་ཉིད་སོགས་ལ་འཇུག་པ་ཅུང་མང་བ་ལས། ཆོས་ལུགས་རང་ལ་ཐད་ཀར་སྦྱར་བ་ནི་ཧ་ཅང་ཉུང་བ་ལྟ་བུར་མངོན། སངས་རྒྱས་ཆོས་ལུགས་ལ་སམ་སྐྲིཏའི་སྒྲ་ཐད་སྒྱུར་གྱི་དར་མའམ་ངྷརྨ  དེ་མིན་དམ་པའི་ཆོས་ཞེས་གསལ་འབྱེད་བྱས་པ་མང་ངོ་། །
༢། སྲིད་ཅེས་པ་འདིའང་དེང་རབས་ལྟར་ན་གཙོ་བོ་ཆབ་སྲིད་དང་ཆོས་སྲིད་གཉིས་ཀྱི་སྲིད་ལྟ་བུར་གོ་བ་མང་ཡང་དོན་ལ་འཇུག་ཡུལ་ཁྱབ་ཆེ་སྟེ་སྔར་གྱི་དག་ཡིག་དང་ཚིག་མཛོད་ཀྱི་ནང་སྲིད་པ་སྟེ་འཇིག་རྟེན་འཁོར་བ་དང་སྐྱེ་བ་ལའང་འཇུག་ཅིང། ལས་ཚིག་རྗེས་མཐུན་པ་སྟེ་སྲིད་མི་སྲིད་དང་ཚབ་ཚིག་དུས་དང་ཚད་ངེས་ཅན་སྟོན་པ་སྟེ་ཇི་སྲིད། དེ་སྲིད་ལྟ་བུ། སྲིད་གཞུང། སྲིད་དོན། སྲིད་དབང། སྲིད་ཇུས་སོགས་ནི་གོ་སླ་ཞིང་དེ་མིན་དངོས་རྫས་ཀྱི་རིང་ཐུང་ལ་འཇུག་པ་སོགས་བཤད་ཡོད། ད་དུང་གནའ་ཡིག་ནང་གི་མང་པོ་ཞིག་ནི་གོང་གསལ་ཙམ་དུ་མ་ཟད་ཁྱིམ་སྲིད་དམ། ཡང་ན་མི་སྒེར་གྱི་མངའ་ཐང་ངམ་དབང་ཐང་། ཐ་ན་རང་སྒེར་གྱི་གཏམ་དོན་ལ་རྒྱ་ལྟ་བུར་གོ་དགོས་པ་སོགས་ཀྱང་སྣང་བས་བསམ་ཞིབ་རྒྱ་མ་ཆུང་བ་བྱེད་དགོས་པ་ལྟ་བུར་སྣང།
༣། མདོ་ཞེས་པ་འདི་ཡང་འཇུག་ཡུལ་མི་ཉུང་བར་སྣང་སྟེ་དཔེར་ན་<<དག་ཡིག་གསར་བསྒྲིགས་>>ནང་མདོ། ༡ ལུང་པའམ་ཆུ་བོ་སོགས་འདྲེས་པའི་མཚམས་ཀྱི་མིང་སྟེ་ལུང་མདོ་ཆུ་མདོ། ལམ་མདོ་ཞེས་པ་ལྟ་བུ། ༢ རྩ་དོན་ནམ་གནད་དོན་བསྡུས་ནས་བཤད་པའི་བསྟན་བཅོས་ཀྱི་མིང་སྟེ་གསོ་རིག་སྨན་གྱི་མདོ། བརྟག་པ་རྩ་ཆུའི་མདོ། སྒྲ་རིག་པའི་མདོ་ཞེས་པ་ལྟ་བུ། མདོ་ཙམ་ནི་སྤྱི་ཁོག་བསྡུས་པའི་དོན་ཏེ་སྐད་ཆ་མདོ་ཙམ་བཤད་ལྟ་བུ།      ༣ སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ལ་མདོ་རྒྱུད་རིགས་གཉིས་ཡོད་པའི་མདོ། ༤ མཐའ་མའི་སྤྱི་སྡོམ་སྟེ་ཚིག་བརྒྱ་བཤད་པའི་མདོ་ཞེས་པ་ལྟ་བུ། ༥ མདོ་མེད་ནི་ཕུགས་བསམ་མེད་པ་སྟེ་མི་མདོ་མེད། ཕོ་མདོ་མེད་ཅེས་པ་ལྟ་བུ་ཞེས་གསལ་ཞིང་གནའ་ཡིག་ནང་བཀོད་པ་མང་པོ་ཞིག་ནི་གོང་གི་གཉིས་པ་དང་བཞི་པའི་ཁོངས་སུ་གཏོགས་པ་སྟེ་བསྡུས་དོན་དང་སྙིང་དོན་ཞེས་པ་ལྟ་བུའི་གོ་དོན་ལྡན་པར་སྣང་ལ། འོན་ཀྱང་དེ་ཡིག་ཐོག་ཏུ་བཀོད་པའི་མཚོན་དོན་ཞིག་ཀྱང་མངོན་པ་ནི་དཔེར་ན། ལྷ་སའི་དབོན་ཞང་དབུ་སྙུང་རྡོ་རིང་ཤར་ངོས་ཀྱི་ཡིག་ཕྲེང་ ༡༠/༡༡ པར་འཇའ་དུམ་གྱི་གཙིགས་ཀྱི་མདོ་རྡོ་རིངས་ལ་བྲིས་པའོོ་ཞེས་གསལ་བ་དང་། P.T.༡༢༨༣ ཕྲེང་      ༥ ་པར”་་་་བཏམས་ཤིང་། བསྟན་པའི་མདོ་ཞེས་འཁོད་པ་སོགས་ལས་གསལ་པོར་མཁྱེན་ཐུབ་པ་བཅས་དེ་དག་ནི་དཔེ་མཚོན་ཙམ་ཡིན་ཅིང། ད་དུང་གནའ་ཡིག་ནང་གི་གཞུང་དང་ལུགས། ཚུལ བླ དྲོད བློན ལྩི གཟུངས་ཞེས་པ་ལ་སོགས་དེ་དང་དེ་འདྲ་བ་ཇི་སྙེད་ཅིག་མཆིས་པ་ལྟར་བོད་ཀྱི་སྐད་ཡིག་ནང་མིང་གཅིག་དོན་མང་ལ་འཇུག་པ་མང་བ་དང་ཁྱད་པར་གནའ་དེང་དབར་སྐད་ཡིག་འཕེལ་འགྱུར་ཆེན་པོ་ཞིག་བྱུང་ཟིན་པ་དེས་ཀྱང་གནའ་ཡིག་གི་གོ་དོན་ངོ་མ་ཇི་བཞིན་ལེན་རྒྱུར་འཁྲུལ་གཞི་དང་དཀའ་ངལ་སྣ་ཚོགས་བཟོ་བཞིན་ཡོད། དེ་སེལ་བའི་ཐབས་མཆོག་ནི་བོད་སྐད་ཀྱི་བརྡ་དག་ཚིག་མཛོད་སོགས་གང་མང་ལ་འདྲིས་པ་ཆེ་ཙམ་ཡོང་བའི་འབད་བརྩོན་དང་འབྲེལ་སྐབས་བསྟུན་བསམ་ཞིབ་ནན་ཏན་བྱ་དགོས་པ་དེ་ལགས་སོ།  །
ལྔ་པ། གནའ་ཡིག་གོ་དོན་ལེན་དཀའ་བའི་གནད་དོན་སེལ་ཐབས་གཞན་ཞིག་ནི་བོད་ཀྱི་གཏམ་དཔེར་”མེས་ཚིག་མེར་གཏུགས་”ཞེས་པ་ཞིག་ཡོད་པའི་བྱ་ཐབས་སྤྱོད་རྒྱུ་དེ་ཡིན། དེའི་སྐོར་དཔེ་མཚོན་གྱི་ཉམས་མྱོང་ཞིག་ཞུས་ན། ཉེ་ཆར་ཁོ་བོས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་གི་ཁྲོད་ནས་ p.T. ༡༢༨༣ པ་སྟེ་<<ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་>>ཞེས་པའི་གནའ་བོའི་འཇིག་རྟེན་ལུགས་ཀྱི་བསླབ་བྱ་ནང་དོན་ཕུན་སུམ་ཚོགས་པ་དྲི་བ་དང་དྲིས་ལན་བསྡོམས་དོན་ཚན་བདུན་ཅུ་དོན་དགུ་ཡོད་པ་ཞིག་འདུག་པ་དེ་དོན་ཚན་རེ་རེ་བཞིན་མ་དཔེ་ཇི་མ་ཇི་བཞིན་བཀོད་པའི་གཤམ་དུ་གོ་བདེ་བའི་ནང་དོན་འབྲུ་འགྲེལ་རེ་ཤན་སྦྱར་དུ་བཀོད་པའི་དེབ་ཆུང་ཞིག་རྩོམ་འབྲི་བྱེད་སྐབས་དཀའ་གནད་འདི་འདྲ་ཞིག་ཕྲད་བྱུང་སྟེ་དོན་ཚན་དྲུག་ཅུ་རེ་བདུན་པར་”ནུ་ན་རེ  ཡོན་པོར་མྱི་འགྱུར་བར་ནོར་ཚོ་རུང་བ་ཆི་མཆིས། ཕུ་ན་རེ་དེ་རྣམ་པ་ལྔ་ཡོད་དེ། གཆིག་ནི་ངོན་ཐོན་གྱི་ངོ་འཕྲལ་ཚོལ་བའོ། གཉིས་ནི་ངོན་ཐོན་གྱི་ཕྱུགས་སྤེལ་བའོ། གསུམ་ནི་ངོན་ཐོན་གྱི་བཚེམ་མའོ། བཞི་ནི་ངོན་ཐོན་གྱི་ཚོང་བྱེད་པའོ། ལྔར་ནི་ངོ་ཐོན་གྱི་ཞིང་རྨོ་བའོ།”ཞེས་གསལ་བ་ལྟར་གཤམ་གྱི་ཕྱུགས་ལས་སྤེལ་བ་དང་མི་གླག་རྒྱུག་པ། ཚོང་བྱེད་པ། ས་ཞིང་རྨོ་འདེབས་བཅས་གོ་སླ་ཡང་དེ་དག་ཚང་མའི་ཐོག་མ་ཁོ་ནར་བཀོད་པའི་”ངོ་འཕྲལ་འཚོལ་བ”་ཞེས་པ་དེའི་གོ་དོན་ཅི་ཡིན་དག་ཡིག་དང་ཚིག་མཛོད་སོགས་རྙེད་ཚད་ནང་འཚོལ་ཞིབ་དང་ཕྱོགས་གང་སར་སློབ་སྟོན་བརྩད་འདྲི་ཞུས་རུང་ཤེས་གསལ་གྱི་ཕྱོགས་ཆ་ཙམ་མ་ཐོབ་པར་བྱ་བརྒྱ་ཐབས་ཟད་ཀྱི་མཚམས་སུ་གྱར་ཞིང། འོན་ཀྱང་ཞེ་བློ་མ་བདེ་བར་གནའ་ཡིག་གི་དཔེ་དེབ་གཞན་དག་བསྐྱར་སློག་གིས་མིང་ཚིག་དེ་ཉིད་འཚོལ་ཞིབ་ནན་ཏན་བགྱིས་པ་ཡིན། སྟབས་ལེགས་པ་གཅིག་ལ་<<ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་>>ཞེས་པའི་ནང་ P.T.༡༢༡༧ མཆིད་ཡིག་གི་ཟླ་དཔེ་”ཞང་ལོན་ཆེན་པའི་འདུན་ས་ཙོང་ཀ་རྩིས་སྐྱང་དགུར་ནས་འབྲུག་གི་ལོའི་དཔྱིད་སླ་ར་བ་འི་ངོ་ལ་བཀྱེ་འི་ཕྱག་རྒྱ་ཕོག་སྟེ། ཏ་རིག་བྲ་ཤས་གསོལ་བ་བདག་ངན་པས་སྔ་སླད་ཆབ་སྲིད་ཀྱི་འདབ་དུ་་་་་དབེན་པ་་་ཞོ་ཤ་ཕལ་པའི་ངོ་འཕྲལ་གྱི་ཡི་གེ་སྟག་གི་ཟར་ཅེན་གནང་བ་ཙམ་ཞིག་འོག་དཔེ་ཕྱག་རྒྱ་འགའ་འཅང་བར་ཅི་གནང་ཞེས་གསོལ་བ་ལས་ཕྱག་རྒྱ་གཆིག་རྩལ་ཆོག་ཆེས་ཞང་ལོན་ཆེན་པོ་དང་ཞང་ལོན་ཆེན་པོ་ཡོ་གལ་འཅོས་པའི་མཆིད་ཀྱིས་བཆད་དེ། བཅད་མདོ་དཀར་ཅག་དང་གཤུགས་ན་ཏ་རིག་བྲ་ཤས་བཙན་པོ་སྐུ་ཅུང་སྟེ་འབངས་འབལ་ཅོག་གློ་བ་རིངས་པ་འི་དུས་སུ། སྟོད་ཕྱོགས་མན་ཆད་དབེན་པ་འི་རྗེ་བླས་ཆེར་བགྱིས་པ་འི་ཡོན་གྱིས་དངུལ་གྱི་ཡི་གེ་ཆུང་ངུ་དང་སྟག་གི་ཟར་ཆེན་རྩལ་ཏོ་ཞེས་ཞང་ལོན་ཆེན་པོ་དང་ཞང་ལོན་ཆེན་པོ་ཡོ་གལ་བཅོས་པ་ཆོགས་པའི་མཆིད་གྱིས་བློན་བཙན་སྒྲ་འདུས་དཔལ་དང་བློན་ལེགས་སུམ་རྗེ་དཔལ་འདུས་ཀྱི་སུག་རྒྱ་འོག་ནས་གཐད་དེ་བཆད་མདོ་དཔེ་ཕྱག་རྒྱ་འཅང་དུ་རྩལད་པ། ཞེས་འཁོད་འདུག་པའི་མཆན་འགྲེལ་དུ་ ”ངོ་འཕྲལ་བྱ་དགའ་” ཞེས་པ་བྲིས་འདུག་ཀྱང་ཡང་དེབ་གོང་གསལ་དེ་རང་གི་ནང་ p.T. ༩༨༦ པའི་ཡིག་ཕྲེང་ ༥༩ པར། བདག་གི་བསམས་པའི་དོན་བསྒྲུབ་དགོས་སོ། དེ་ལ་སྲོག་ཕོངས་མ་བྱས་ཏེ་ངོ་འཕྲལ་ལ་ཐུག་པ་ནི་བྱ་དགའ་ཆེར་སྦྱིན་ཞེས་གསལ་བ་ལྟར་ན་ངོ་འཕྲལ་དང་བྱ་དགའ་ནི་གཅིག་པ་མ་ཡིན་པ་གསལ་པོར་མཚོན་ཞིང། གོང་གསལ་གནའ་ཡིག་དེ་གཉིས་ཀྱི་ཚིག་འགྲོས་ལ་དཔགས་ན་ངོ་འཕྲལ་ཚོལ་བ་བྱ་བ་དེ་ནི་རྒྱལ་ཐབས་ཆབ་སྲིད་ཀྱི་བྱ་བར་ལག་རྗེས་བཞག་སྟེ་བདག་རྐྱེན་འཐོབ་ཐབས་བྱེད་པའི་གོ་དོན་ཡིན་པ་གསལ་པོར་རྟོགས་ཐུབ་པ་ལྟ་བུ་ཡིན། འདི་ནི་དེ་དང་དེ་འདྲའི་གོ་དཀའ་བའི་གནའ་ཡིག་མིང་ཚིག་ཁག་ཅིག་ལ་གོ་བ་ལེན་ཐབས་ཀྱི་མྱོང་ཚོར་མན་ངག་ཅིག་ཏུ་བརྩི་ཆོག་པ་ཡིན་སྙམ་མོ། །
མདོར་ན་བོད་ཀྱི་གནའ་ཡིག་ལ་གོ་བ་ལེན་ཐབས་སྐོར་རང་གི་དྲན་ཚུལ་དང་མྱོང་ཚོར་སོགས་ཐོག་མའི་འཆར་སྣང་རགས་པ་ཙམ་གྲོས་གཞིའི་ཚུལ་དུ་གླེང་བ་འདིའང་ཉེ་ཆར་ཁོས་བོས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་<<ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པར་ཐོག་མའི་འབྲུ་འགྲེལ་ཙམ་བགྱིས་པའི་སྐོར་>>ཞེས་བྱ་བའི་རྩ་འགྲེལ་ཤན་སྦྱར་གྱི་དེབ་ཆུང་ཞིག་བསྒྲིགས་ཤིང་དེའི་གཤམ་དུ་འབྲུ་འགྲེལ་བྱེད་རིང་གོ་དཀའ་བའི་གནའ་ཡིག་སྣ་ཚོགས་དངོས་སུ་ཕྲད་པའི་དཀའ་ངལ་དང། དེ་དག་སེལ་ཐབས་ཇི་ལྟར་བགྱིས་པ། ད་དུང་གོ་དོན་གསལ་རྟོགས་མ་ཐུབ་པ་འགའ་ཞིག་ནང་དོན་ཧྲིིལ་པོ་དང་ཚིག་གྲོགས་སྔ་ཕྱི་སོགས་ལ་བསམ་གཞིགས་གང་ཐུབ་བྱས་མཐར་རེ་ཞིག་གོ་བདེ་བའི་ཚབ་ཚིག་འདི་དང་འདི་ཞེས་ཚོད་འགོད་བྱས་པ་སོགས་ལ་ཚང་མས་དཔྱད་ཞིབ་སློབ་སྟོན་ཡོང་བ་བཅས་ཀྱི་གསལ་བཤད་ཞིབ་ཕྲ་ཞིག་སྡེབ་སྦྱར་དུ་འགོད་རྩིས་ཡོད་པ་དེ་དག་ལས་གནའ་ཡིག་སྤྱིའི་གོ་བ་ལེན་ཐབས་དང་འབྲེལ་ཡོད་གལ་ཆེ་བ་འགའ་ཞིག་བཏུས་པ་ཡིན། འབྱུང་འགྱུར་གལ་སྲིད་དེབ་ཆུང་དེ་ཉིད་རྩོམ་སྒྲིག་ལམ་དུ་ལྷོངས་ཤིང། དཔེ་སྐྲུན་གྱི་ཆ་རྐྱེན་སོགས་འཛོམས་ན་རིམ་བཞིན་ཀློག་པ་པོའི་སྤྱན་ལམ་དུ་འགྱུར་བའང་ཡོང་སྲིད། འོན་ཀྱང་བདག་རང་སྐྱེས་སྦྱངས་ཀྱི་ཤེས་ཡོན་གཉིས་ཀས་ཕོངས་ཤིང་ཁྱད་པར་གསར་རྙིང་བརྡ་དག་གི་གཞུང་ལ་ཁྲིད་སྦྱོང་གི་ཉམས་མྱོང་ཧ་ཅང་ཞན་པར་བརྟེན་གོང་དུ་བཤད་པའི་ནང་ལོ་རྒྱུས་ཀྱི་དོན་དངོས་དང་མི་འཚམ་པའམ། གནད་དུ་མ་ཁེལ་བ་དང་ཐ་ན་ལ་ལ་དག་པ་སུན་འབྱིན་དུ་གྱུར་པ་སོགས་ཀྱི་འགལ་ནོངས་ཀྱང་ཡོང་སྲིད་པར་བརྟེན་གནའ་ཡིག་གི་གོ་དོན་ལ་ཞིབ་འཇུག་གི་བྱ་བར་དྲང་ལྡོག་གང་ཐད་ནས་ཕན་པ་འབྱུང་བའི་སླད། མཁས་དབང་རྣམ་པ་ཚོས་དགེ་སྤེལ་སྐྱོན་སེལ་གྱི་སློབ་སྟོན་ལྷུག་པོར་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་བ་ལགས་སོ། །