བསྟན་འཛིན་ཀླུ་སྒྲུབ།

རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་བསྡུས་པའི་བཅུད། །ཡིད་ལ་བསམ་པ་བཞིན་དུ་སྟེར་བའི་ནོར། །
བུ་སློབ་འགྲོ་བ་ཡོངས་ལ་ཕན་བདེའི་མགོན། །མི་ཤིགས་གདུལ་བྱའི་ཁམས་སུ་རྟག་བརྟན་ཅིང༌། །

སྣང་སྟོང་སྒྱུ་མའི་གཤིས་ཀྱི་གར་སྟེགས་སུ། །སྣ་ཚོགས་ཆོས་ཀུན་ཤར་བའི་རྟེན་འབྲེལ་གནད། །
ལེགས་ཉེས་སྣ་མང་བརྩི་བའི་སྲོལ་རྒྱུན་གྱི། །སྐྱེས་སྐར་མཛད་སྒོ་དགེ་བའི་ཚུལ་འགའ་གླེང༌། །

ཞེས་ཚིག་སྦྱོར་བཟང་པོས་སྣ་དྲངས་ཏེ། སྐབས་སུ་བབ་པ་གང་བཤད་པར་བྱ་བ་ནི། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅངས་ཀྱིས། ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་ཡ་རབས་བཟང་པོའི་ལུགས་སྲོལ་དང་འབྲེལ་བའི་སྐྱེས་སྐར་སྲུང་བརྩི་ཞུ་ཚུལ་གྱི་སྐོར་ལ་མདོར་བསྡུས་ཤིག་བརྗོད་ན། ཐོག་མར་འདི་ཉིད་གང་དུ་བྱུང་བའི་ཁུངས་དང་ལོ་རྒྱུས་གླེང་བར་བྱ་བ་ལ། མདོ་དང་སྐྱེས་རབས་སོགས་ལས་རིགས་ལྡན་གྱི་ཡབ་ཡུམ་འདི་དང་འདི་ཞེས་བྱ་བ་ལ་སྲས་ངོ་མཚར་དང་ལྡན་པ་འདི་ཞེས་བྱ་བ་ཞིག་བྱུང་སྟེ་བཙས་སྟོན་ཉིན་མང་པོར་བྱས་སོ་ཞེས་པ་དང༌། ཕྱི་ལོ་མ་བྱུང་བའི་སྔོན་དུ། ཡབ་ཤཱཀྱའི་རིགས་རྒྱལ་པོ་ཟས་གཙང་མ་དང༌། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ལ་སྲས་གཞོན་ནུ་དོན་གྲུབ་སྐུ་བལྟམས་པ་ནས་བཟུང་ད་བར་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་རིང་གོང་གི་འཁྲུངས་ཚེས་ཉིན་ལ། ཕྱི་ནང་གི་ནང་པའི་རྒྱལ་ཁབ་དང་མི་རིགས་མང་པོས་གལ་ཆེན་གྱི་དུས་ཆེན་ཞིག་ལ་ངོས་འཛིན་གནང་སྟེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་དང༌། དེ་དག་ལ་རྩ་བའི་བརྒྱུད་པ་པོ་སློབ་དཔོན་མི་འདྲ་བའི་དབང་གི་དུས་ཚོད་སྔ་ཕྱི་ཅུང་ཟད་ཙམ་ཡོད་པའི་ནང་ནས། ང་ཚོས་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ས་ག་ཟླ་བའི་དུས་ཆེན་ཞེས་ནང་ཆོས་ལ་དད་གུས་ལྡན་པའི་བོད་རིགས་ཡོད་དོ་ཅོག་གིས་སངས་རྒྱས་སྐུ་བལྟམས་པའི་དུས་ཆེན་ལ་སྲུང་བརྩི་ཞུ་བ་དང༌། དམིགས་བསལ་རྣམ་དཀར་ཆོས་མཐུན་གྱི་ལས་ལ་བརྩོན་ཞིང་རླབས་ཆེན་གྱི་ཚོགས་མཆོད་རྒྱ་ཆེན་སྤེལ་གྱིན་ཡོད་པ་དེ་དག་ནི། ང་ཚོ་བོད་མི་རྣམས་ཀྱིས་ནང་པའི་ཆོས་དང་འབྲེལ་བའི་སྐྱེས་སྐར་སྲུང་བརྩི་ཞུ་ཚུལ་གྱི་ཁུངས་དང་ལོ་རྒྱུས་རིང་ཤོས་ཤིག་ཡིན་ལ།
དེ་བཞིན་བོད་ཀྱི་བླ་ཆེན་ཁག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཚུལ་ལ། དཔེར་མཚོན་ན། འདི་ལ་གཞུང་འབྲེལ་གྱི་མཛད་སྒོ་དང༌། གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་ཞུ་ཚུལ་གཉིས་ཡོད། དང་པོ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ནམ་འཁེལ་ལ་གཞུང་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་གནང་མཛད་ཀྱིན་ཡོད་པ་དེའི་ལོ་རྒྱུས་ནི། ཤེས་རིག་ལྷན་ཁང་གིས་ཕྱོགས་བསྒྲིགས་གནང་བའི་དེབ་རིགས་གཞན་དུ་གསལ་བས་འདི་བསྐྱར་བརྗོད་མ་བྱས། ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་གཞུང་འབྲེལ་གྱི་མཛད་སྒོ་དང་བླ་ཆེན་གཞན་རྣམས་ལ་དེ་ལྟར་མི་མཛད་པའི་རྒྱུ་མཚན་ནི། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ྋགོང་ས་མཆོག་གཅིག་པུ་ཡིན་པས་ཆ་ནས་དེ་ལྟར་གནང་གི་ཡོད་པ་རེད། གཉིས་པ། གཞུང་འབྲེལ་མ་ཡིན་པའི་བླ་ཆེན་ཁག་གི་སྐུའི་འཁྲུངས་སྐར་མཛད་སྒོ་ཇི་ལྟར་བྱ་བའི་རིམ་པ་ལ། བླ་ཆེན་གང་ཞིག་གི་སྐུའི་འཁྲུངས་ཚེས་ཉིན་དེར་འབྲེལ་ཡོད་དད་ལྡན་སློབ་མ་དང༌། སྦྱིན་བདག་མཉམ་འཛོམས་ཀྱི་བླ་ཆེན་དེ་ཁྲི་ལ་འཁོད་པ་དང༌། དགེ་འདུན་རྣམས་ཀྱིས་ཞལ་འདོན་དབུ་འཛུགས་ཀྱིས་ཐོག་མར་མལ་རྟེན་གསུམ་འདེགས་འབུལ་ཞུ་གི་ཡོད། རྟེན་གསུམ་ནི། སངས་རྒྱས་ཀྱི་སྐུའི་རྟེན་ལ་སྐུ་འདྲ་ཞིག་འབུལ་གྱི་ཡོད། དེས་མཚོན་དོན་ནི། གདུལ་བྱའི་དོན་དུ་སྐུ་ཚེ་ཡུན་རིང་བཞུགས་པ་དང༌། གསུང་རྟེན་ལ་དཔེ་ཆའི་གླེགས་བམ་ཞིག་འབུལ་གྱིན་ཡོད་པ་དེས་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་ཡུན་རིང་དུ་སྐོར་བ་མཚོན་ལ། ཐུགས་ཀྱི་རྟེན་ལ་མཆོད་རྟེན་ཞིག་འབུལ་གྱིན་ཡོད་པ་དེས་སངས་རྒྱས་ཀྱི་ཐུགས་དགོངས་ལྟར་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པ་བཅས་མཚོན་གྱིན་ཡོད། མལ་གྱིས་མཚོན་དོན་རྒྱས་པར་བརྗོད་ན་འཇིག་རྟེན་གྱི་ཆགས་ཚུལ་ཡོངས་རྫོགས་བརྗོད་དགོས་པས་འདིར་མང་བས་འཇིགས་ནས་མ་བྲིས་ལ། མདོར་བསྡུས་ནི། ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པ་མཚོན་གྱིན་ཡོད། དགེ་འདུན་རྣམས་ཀྱིས་གསུང་རྒྱུའི་ཞལ་འདོན་ནི་སྐྱབས་འགྲོ་སེམས་བསྐྱེད་དང་འབྲེལ་བའི་མལ་རྒྱས་བསྡུས་གང་རུང་ཞིག་དང༌། བླ་མའི་སྐུ་ཚེ་བརྟན་པའི་ཞབས་བརྟན་དང་མཛད་པ་ལྷུན་གྲུབ་ཡོང་བའི་སྨོན་ལམ་དུ། གནས་བཅུ་སོགས་གསུང་གནང་གྲུབ་རྗེས། འདུས་དམངས་ཡོངས་ལ་གསོལ་ཇ་དང༌། འབྲས་སིལ་སོགས་འདེགས་འབུལ་གྱི་སྤྲོ་སྐྱིད་ལྡན་པའི་འཚོ་བར་རོལ་གྱིན་ཡོད། འབྲས་སིལ་ནི་བོད་པས་རྟེན་འབྲེལ་བཟང་པོའི་རྟགས་མཚན་བཀྲ་ཤིས་པའི་རྫས་ལྟ་བུ་བྱེད་ཀྱིན་ཡོད་ལ། དེ་ནས་རིམ་བཞིན་གཞས་དང་ཞབས་བྲོ་སོགས་གཟིགས་འབུལ་ཚར་རྗེས། བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་མཇུག་སྡོམ་གནང་སྟེ་མཛད་སྒོ་གྲོལ་གྱིན་ཡོད་པ་རེད། ཚུལ་དེ་ལྟ་བུའི་སྲོལ་རྒྱུན་ཡང་མ་ཉམས་པར་ད་ལྟའི་བར་དུ་གནས་ཡོད་པ་མ་ཟད། སྔ་མོ་བོད་ཀྱི་སྐུ་དྲག་ཆེ་ཁག་འགའ་ཡི་འཁྲུངས་ཚེས་སྐབས་སུ་ཡང་མཛད་སྒོ་རྒྱས་སྤྲོས་ཀྱི་རྣམ་པ་དེ་ལྟ་བུ་བྱེད་ཀྱིན་ཡོད་པར་མངོན་ཞིང༌། དམངས་ཁྲོད་དུ་དེ་ཙམ་གྱི་སྐྱེས་སྐར་སྲུང་རྩི་ཞུ་སྲོལ་ཆེར་མ་དར་ཡང༌། སྐྱེས་སྐར་གྱི་དགའ་སྟོན་རྟེན་འབྲེལ་བྱེད་པའི་ལུགས་སྲོལ་གཏན་ནས་མེད་པ་མ་ཡིན་ཏེ། མི་ཚང་འགའ་ཤས་ཀྱི་ནང་དུ་སོ་སོའི་བུ་དང་བུ་མོ་སྐྱེས་ཚེས་ཀྱི་ཉིན་དེར། དེ་རིང་ང་ཚོའི་བུ་འདི་དང་བུ་མོ་འདི་སྐྱེས་པའི་ཉིན་མོ་ཡིན་ཟེར་ནས་དམིགས་བསལ་གྱིས་དགོན་སྡེ་ཁག་ལ་མཆོད་མཇལ་འགྲོ་བ་དང༌། དགེ་འདུན་ལ་བསྙེན་བཀུར་ཞུ་ཞིང༌། ས་མཐོ་དང་རི་མཐོའི་སྒང་ལ་རླུང་རྟ་དར་འཛུགས་དང༌། བསང་གསོལ་སོགས་བྱེད་ཀྱིན་ཡོད་ལ། ང་ཚོ་བོད་མི་རྣམས་ལ་ཚུལ་དེ་ལྟ་བུའི་སྐྱེས་སྐར་སྲུང་རྩི་ཞུ་ཚུལ་ཐུན་མོང་མ་ཡིན་པ་ཡོད་བཞིན་དུ། དེང་གི་ཆར་གསར་ཞེན་ཆེ་བའི་བོད་རིགས་རྣམས་ཀྱི་ནུབ་ཕྱོགས་པའི་སྤྱོད་པ་རྐྱང་རྐྱང་ལད་མོ་བྱས་པའི་རྐྱེན་གྱིས། སྐྱབས་བཅོལ་བའི་སྤྱི་ཚོགས་ནང་དུ་གཞོན་སྐྱེས་རྣམས་ཀྱིས་སོ་སོའི་སྐྱེས་སྐར་གྱི་དགའ་སྟོན་རྟེན་འབྲེལ་ལ། རང་གི་ལུགས་སྲོལ་རྒྱང་རིང་དུ་དོར། ནུབ་ཕྱོགས་པའི་ལུགས་སྲོལ་ཁོ་ན་དང་དུ་བླངས་ཏེ། མདུན་དུ་བཞུ་མར་གང་མང་ཞིག་སྤར་ནས་གསོད་པ་དང༌། མགོ་ལ་ཤོག་ཞྭ་གཡོགས། ཁ་ནས་དབྱིན་གཞས་གཏོང་བ་སོགས་མ་གཏོགས། བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ཏིལ་འབྲུ་ཙམ་ཡང་མེད་པར་བརྟེན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ལ་དྭགས་བུ་ཁྱིམ་དགེ་སློབ་རྣམས་ལ། མ་འོངས་བོད་ཕྲུག་རྣམས་ཀྱི་སྐྱེས་སྐར་སྲུང་བརྩི་ཞུ་ཚུལ་གྱི་སྐོར་ལ་བཀའ་སློབ་ཟབ་མོ་གནང་བ་དང༌། རང་གཞུང་ཤེས་རིག་ལས་ཁུངས་ནས་ཀྱང༌། གསུང་འཕྲིན་དེ་གཞུང་སྒེར་གཏན་ཉིན་སློབ་གྲྭ་ཁག་ཚང་མ་ལ་བཀྲམས་ཡོད་ཀྱང༌། ད་བར་ལག་ལེན་བྱེད་མཁན་ནི་ཆེས་ཉུང་ཤས་ཙམ་མ་གཏོགས་མཐོང་རྒྱུ་མེད་པ་འདི་ལ་ང་ཚོ་བློ་ཕམ་དགོས་པའི་གནས་ཤིག་དང༌། མ་འོངས་པར་འདི་མུས་ཕྱིན་པ་ཡིན་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མ་ཉམས་རྒྱུན་འཛིན་ཐུབ་རྒྱུ་ཧ་ཅང་ཁག་པོར་མཐོང་ཞིང༌། ང་ཚོ་བོད་མི་རིགས་ཀྱི་ངོ་བོ་འཚོ་གནས་ཡོད་དང་མེད་ཀྱི་བླ་སྲོག་གཅིག་པུ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཉག་གཅིག་ཡིན་ལ། རིག་གཞུང་དེ་ཉིད་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་མི་རེ་ངོ་རེས་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་དགོས་པ་མ་གཏོགས། བོད་མི་ཉུང་ཤས་ཤིག་གིས་བོད་ཀྱི་རིག་གཞུང་ཡོངས་རྫོགས་སྲུང་སྐྱོབ་བྱ་ཐུབ་ཐབས་མེད་པར་བརྟེན། མ་འོངས་པར་གཞོན་སྐྱེས་རྣམས་ཀྱིས་སྐྱེས་སྐར་སྲུང་རྩི་ཞུ་ཚུལ་དེ་ཡང༌། ནུབ་ཕྱོགས་པར་ལད་མོ་བྱས་པ་ཙམ་མ་ཡིན་པར་རང་གི་རིག་གཞུང་ད་ང་འབྲེལ་བ་ཡོད་པ་ཞིག་བྱ་དགོས་ལ། དེ་ལྟར་མ་བྱས་པར་ད་ལྟ་ནང་བཞིན་བོད་རིགས་གཞོན་སྐྱེས་བརྒྱ་ཆ་བརྒྱད་ཅུ་ཡས་མས་ཀྱིས་ནུབ་ཕྱོགས་པའི་སྤྱོད་པ་དང་གཉིས་སུ་མེད་པའི་སྐྱེས་སྐར་སྲུང་བརྩི་ཞུས་པ་ཡིན་ན། སོ་སོའི་རིག་གཞུང་ཉམས་རྒུད་དུ་འགྲོ་བ་དང༌། མདུན་ལ་བཞུ་མར་སྤར་ནས་གསོད་པ་སོགས་ནི་རྟེན་འབྲེལ་ངན་པར་བརྩི་བས་མི་རིགས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རྒྱས་པར་གནང་ཟིན་པས་དེ་ལ་ངེས་པར་གཟིགས་དགོས། དེ་བཞིན་ཤོག་བུའི་ཞྭ་མོ་གཡོགས་པ་ཡང༌། རྟེན་འབྲེལ་ལ་མི་རུང་སྙམ། གང་ཡིན་ཞེ་ན། སྔར་མི་ནག་ཅན་ལ་རྒྱལ་པོ་ཁྲིམས་ཆད་ཕོག་སྐབས། སྐེ་ལ་སྒོ་ཞེས་པ་དང༌། མགོ་ལ་ཤོག་ཞྭ་གཡོགས་ཏེ་རྒྱང་ཕུད་དུ་གཏོང་བ་དང༌། ནང་མི་ལ་ན་ཚ་བྱུང་སྐབས་ཞབས་རིམ་དུ་གླུད་ཅེས་པ་མི་གཟུགས་བརྙན་ཞིག་གི་མགོ་ལ་ཤོག་ཞྭ་གཡོགས། ཚོན་སྣ་འདྲ་མིན་སྣ་ཚོགས་ཀྱི་སྐུད་པས་བརྒྱན་ཏེ་རྒྱང་རིང་དུ་དོར་བའི་ལུགས་སྲོལ་དང་མཐུན་པས་རྟེན་འབྲེལ་ངན་པར་སེམས།
འོ་ན། བོད་ཀྱི་རིག་གཞུང་དང་འབྲེལ་ཞིང༌། རྟེན་འབྲེལ་བཟང་པོར་བརྩི་བའི་སྐྱེས་སྐར་སྲུང་རྩི་ཞུ་ཚུལ་ཇི་ལྟར་ཡིན་ཞེ་ན། སོ་སོའི་སྐྱེས་སྐར་འཁེལ་བའི་ཉིན་དེར། ཕ་མ་དང༌། སྤུན་གྲོགས་རྣམས་མཉམ་འཛོམས་ཀྱི་ཐོག་མར་སྐྱེས་སྐར་འཁེལ་བའི་ཕྲུ་གུ་དེས་མཆོད་བཤམས་ནང་གི་རྟེན་གསུམ་ལ་མཇལ་དར་དཀར་གཙང་ཞིག་དང༌། མཆོད་མེ་རང་གི་ལོ་གྲངས་སམ། དེ་ལས་མང་བ་གང་འབྱོར་ཞིག་ཕུལ་ཏེ་ལྷག་བསམ་དང་བས་ཀུན་སློང་གིས་འདི་ཕྱི་ལེགས་ཚོགས་རྒྱས་པའི་གསོལ་འདེབས་དང་སྨོན་ལམ་ཡང་ཡང་བྱ་ཞིང༌། རབ་བྱུང་ན། ཤེས་རབ་སྙིང་པོ་དང༌། སྒྲོལ་མ་རྒྱས་བསྡུས་གང་ཤེས་ཤིག་འདོན་དགོས། དེ་ལྟར་བྱས་པ་ཡིན་ན་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ཞིང་བྱ་བ་ལམ་དུ་འགྲོ་བ་དང༌། ཁྱད་པར་དུ་དཀོན་མཆོག་ལ་མཆོད་མེ་ཕུལ་བའི་བསོད་ནམས་ཀྱིས་རང་ཉིད་ཀྱི་ཤེས་རྒྱུད་མ་རིག་པའི་མུན་པ་བསལ་ཏེ་ཤེས་རབ་ཀྱི་སྣང་བ་རྒྱས་པ་སོགས་ཀྱི་དགོས་པ་དུ་མ་ཡོད་ཅིང༌། དེའི་རྗེས་བོད་པའི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ལྟར་སྐྱེས་སྐར་འཁེལ་བའི་ཕྲུ་གུ་དེ་ལ་སྙན་དར་གཡོགས་སྐབས་ཚང་མས་མཉམ་དུ། ཀྱེ་ཀྱེ་ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤེས་བདེ་ལེགས་ཞུ། ཀྱེ་ཀྱེ་ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཀྱེ་ཀྱེ་ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཞེས་པའི་གཞས་འདི་དང༌། ཡང་ན། ཁོ་བོས་བྲིས་པའི་གཤམ་གྱི་གཞས་དེ་གཏོང་ན་མཐུན་ཞིང༌། དེ་དང་མཉམ་དུ་རྔན་པ་ཡོད་རིགས་རྣམས་སྤྲད་དེ་མཉམ་ཟ་མཉམ་འཐུང་གི་སྤྲོ་སྐྱིད་ལྡན་པའི་འཚོ་བ་ལ་རོལ་དགོས། དེ་དག་ནི་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་སྐྱེས་སྐར་གྱི་དགའ་སྟོན་རྟེན་འབྲེལ་བྱ་ཚུལ་ཡིན་ལ། དེའི་ནང་ནས་སྙན་དར་གཡོགས་པའི་ལུགས་སྲོལ་འདི་ནི། མི་རིགས་གཞན་སུ་ཞིག་ལ་མེད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང༌། མཚོན་དོན་གྱི་ཆ་ནས་ཀྱང་བཟང་པོར་བརྩི་རྒྱུ་ཡོད་དེ། སྙན་དར་དཀར་གཙང་དྲི་མས་མ་གོས་པ་འཇམ་པ་དེས་སྒོ་གསུམ་གྱི་སྤྱོད་པ་སྐྱོན་གྱིས་མ་གོས་པར་ཤེས་རྒྱུད་འཇམ་པ་དང༌། དར་སྐུད་སྣ་རིང་བ་དེས་ངང་རྒྱུད་རིང་བ་སོགས་མཚོན་གྱིན་ཡོད་ལ། སྙན་དར་ཕལ་ཆེར་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཡོད་ཅིང༌། དེ་དག་གིས་མཚོན་དོན་རྒྱས་པ་ནི་གཞན་དུ་གཟིགས་དགོས་ལ། མདོར་བསྡུས་ནི། བཀྲ་མི་ཤིས་པའི་མཚན་མ་ངན་པ་དང་བྲལ་ཏེ་བཀྲ་ཤིས་པའི་བྱ་བ་ལོ་ལེགས་ཡོང་བའི་མཚོན་དོན་ཡོད། ཚུལ་དེ་ལྟ་བུ་སྐྱེས་སྐར་སྲུང་བརྩི་ཞུ་ཚུལ་ཞིག མ་འོངས་པར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ལག་ལེན་བསྟར་བ་ཡིན་ན། སོ་སོའི་རིག་གཞུང་མ་བརླགས་པ་དང༌། རྟེན་འབྲེལ་དང་སྨོན་ལམ་བཟང་པོའི་མཐུ་ལ་བརྟེན་ནས་བྱ་བ་ལམ་སློངས་ཡོང་བ་སོགས་ཀྱི་དགོས་པ་ཁྱད་པར་ཅན་དུ་མ་ཡོད་པ་སྨོས་མ་དགོས་ཤིང༌། བོད་རིགས་རྣམས་ཀྱི་སྐྱེས་སྐར་གྱི་རྟེན་འབྲེལ་སྐབས་སུ་དབྱིན་གཞས་འདོན་མ་དགོས་པར། སོ་སོའི་རིག་གཞུང་དང་འབྲེལ་བ་ཡོད་པའི་གཞས་ཤིག་འདོན་དགོས་པ་ནི་གལ་ཆེ་བར་བརྟེན། གོང་དུ་བཀོད་པའི་ཀྱེ་ཀྱེ་ཞེས་སོགས་གཞས་དང༌། ཡང་ན་གཤམ་དུ་ཕྲན་གྱི་བྲིས་པའི་གཞས་འདི་ལྟ་བུ་ཞིག་ཚང་མས་དགའ་མོས་ངང་འདོན་པའི་རེ་བ་ཡོད།

སྐྱེས་སྐར་གྱི་བཀྲ་ཤིས་བསྟོད་གཞས།

དེ་རིང་བཀྲ་ཤིས་ཉི་མ་འདིར། །རང་ཉིད་རྟེན་བཟང་མིར་སྐྱེས་ནས། །
ལོ་བདུན་འཁོར་བའི་དགའ་སྟོན་ལ། །འཛོམས་པའི་སྤུན་གྲོགས་ལྷན་རྒྱས་ཚོ། །

ཚེ་མཇུག་དོན་ལྡན་ཡོང་བ་དང༌། །ཚེ་བསོད་སྙན་གྲགས་འབར་བ་ཡི། །
བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང༌། །མ་ཉམས་རྟག་ཏུ་འཛོམས་པར་ཤོག །

ཞེས་གཞས་གདངས་དང་བཅས་ཏེ། བཀྲ་ཤིས་སྨོན་ལམ་བྱ་ཞིང༌། སྐྱེས་སྐར་གང་འཁེལ་བའི་ཕྲུ་གུ་དེའི་མིང་བརྗོད་ན། དཔེར་ན། མིང་བསྐལ་བཟང་ཚེ་རིང་ཞེས་པ་ཞིག་ཡིན་ན། ཚིགས་བཅད་དང་པོའི་རྐང་པ་གཉིས་པར། བསྐལ་བཟང་ཚེ་རིང་མིར་སྐྱེས་ནས། །ཞེས་དང༌། ལོ་བརྒྱད་འཁོར་བ་ཡིན་ན། རྐང་པ་གཉིས་པར། ལོ་བརྒྱད་འཁོར་བའི་དགའ་སྟོན་ལ། །ཞེས་དང༌། ལོ་བཅུ་གཉིས་འཁོར་བ་ཡིན་ན། བཅུ་གཉིས་འཁོར་བའི་དགའ་སྟོན་ལ། ། ཞེས་ལོ་བཅུ་གསུམ་དང༌། བཅུ་བཞི། བཅོ་ལྔ། ལོ་བརྒྱ་འཁོར་བའི་བར་རིགས་བསྒྲེ། ཕ་མ་མཉམ་འཛོམས་སྐབས་ཡིན་ན། རྐང་པ་གསུམ་པར། འཛོམས་པའི་ཕ་མ་ལྷན་རྒྱས་ཚོ། །ཞེས་དང༌། སློབ་གྲོགས་མ་གཏོགས་ཕ་མ་དང་སྤུན་གྲོགས་མེད་པའི་སྐབས་ཡིན་ན། རྐང་པ་གསུམ་པར། འཛོམས་པའི་སློབ་གྲོགས་ལྷན་རྒྱས་ཚོ། །ཞེས་ཚིག་སྦྱོར་བརྗེ་དགོས་སོ། །

(བསྟན་འཛིན་ཀླུ་སྒྲུབ་བམ། མིང་གཞན་དགེ་བཤེས་བསྟན་པ་ལགས་ནི་ད་ལྟ་རྡོར་གླིང་བོད་གཞུང་སློབ་གྲྭའི་ཆོས་དགེ་ཡི་ཕྱག་ལས་གནང་བཞིན་བཞུགས།)