རྡོ་རྗེ་དབང་ཕྱུག

གཅིག ཐོག་མའི་གླེང་སློང་ཙམ་དུ་ཐ་སྙད་ཁག་ཅིག་གི་ངོ་རིས་འཚོལ་བ།

༄༅། །གནས་བརྒྱད་ཆེན་མོའི་ནང༌། བྱེད་པའི་གནས། བསྡུ་བའི་གནས། བསྒྱུར་བའི་གནས། དྲང་བའི་གནས། འཇུག་པའི་གནས། རྣམ་པར་བྱེད་པའི་གནས། ཕྱོགས་ཀྱི་གནས། དངོས་པོའི་གནས་བཅས་རིགས་བརྒྱད་གསུངས་ཡོད་པ་དེ་གྲས་ཀྱི་འཇུག་པའི་གནས་བཤད་སྐབས། འཇུག་པའི་གནས་དེར་ནང་གསེས་ཀྱི་དབྱེ་བ་བརྒྱད་བཤད་ཡོད་ཅིང༌། དེ་དག་རེ་རེ་ནི། སྒྲ། སྐད། མིང༌། མཚན་མ། བརྡ། ཐ་སྙད། ཚིག དོན་བཅས་རེད། ཡང༌། དག་ཡིག་འཁྲིད་པའི་དགེ་རྒན་ཚོས། མིང་ཚིག་གི་ངེས་ཚིག་གཙོ་འདོན་བྱེད་སྲོལ་ཡོད་པ་འདི་དག་ནི་བོད་ཀྱི་སྐད་ཡིག་གི་བརྗོད་གཞི་གླེང་མཁན་ཚོར་མཚོན་ན། སྔོན་འགྲོའི་ཤེས་བྱ་ལྟ་བུ་རེད།
ངའི་བསམ་པར། ཞིབ་འཇུག་གི་བརྗོད་གཞི་ག་རེ་ཡིན་ནའང་འདྲ། ཐོག་མ་དེར་བརྗོད་གཞི་དེ་དང་འབྲེལ་བ་ཡོད་པའི་ཐ་སྙད་གཙོ་བོའི་རིགས་ཀྱི་ངེས་ཚིག་གསལ་པོ་ཞིག་ཆགས་དགོས་པ་གལ་ཆེན་པོ་རེད། དཔེར་ན། ད་ལྟ་ང་ཚོས་སྐད་དང་ཡི་གེ་ལབ་ནའང་འདྲ། ཡུལ་སྐད་དང་ཡིག་སྐད་ལབ་ནའང་འདྲ། སྐད་ཡིག་གི་སྐོར་བཤད་ཀྱི་ཡོད་པ་ཡིན་སྟབས། དེ་བཤད་པ་ལ། སྒྲ། སྐད། མིང༌། བརྡ། ཐ་སྙད། ཚིག དོན་སོགས་ཀྱི་ངེས་ཚིག་མ་ཤེས་པར་བཤད་རྒྱུའི་མགོ་གང་ནས་བཙུགས་ནའང་བཤད་པ་ཆ་ཚང་ཞིག་རྒྱག་མི་ཐུབ་པར་སྙམ། འདི་འདྲ་ཡིན་སྟབས། ཐོག་མར་འབྲེལ་ཡོད་མིང་ཚིག་ཁག་གི་ངེས་ཚིག་ལ་བལྟ་དགོས་པ་གལ་ཆེན་པོ་རེད། དེ་ཡང་སྤྱིའི་དབང་དུ་བྱས་པས། སྒྲ་དང་སྐད། བརྡ་བཅས་ལ་འཇུག་ཡུལ་གཞན་ཡང་ཡོད་པ་དེ་ལྟར་ནའང༌། འདིར་སྐད་དང་ཡི་གེའི་དབང་དུ་བྱས་པའི་ངེས་ཚིག་གཙོ་འདོན་གྱིས་བཤད་རྒྱུར།
སྒྲ་ཞེས་པ་ནི། མཉན་བྱའི་ཡུལ་དུ་གྱུར་པ་གང་ཞིག་ལུང་དུ་སྟོན་པའམ་བརྡ་སྤྲོད་པའི་བྱེད་ལས་ཅན་ཞིག་ལ་ངོས་འཛིན་གྱི་ཡོད་པ་དང༌། དེ་ཡང༌། རྣ་ཤེས་ཀྱི་མཉན་བྱ་ཡིན་པ་གང་ཞིག་ལ། དེས་དོན་གང་ཞིག་གསལ་བར་བྱེད་པའི་བྱེད་ལས་ཅན་ཞིག་ལ་སྐབས་འདི་འབྲེལ་གྱི་སྒྲ་རུ་ངོས་འཛིན་དགོས། གཞུང་ཆེན་རྣམས་སུ་སེམས་ཅན་ལ་དོན་སྟོན་པ་དང་མི་སྟོན་པའི་སྒྲ་གཉིས་སུ་བཤད་ཡོད་པ་ལས། དོན་སྟོན་པའི་སྒྲ་ཞེས་པ་དེ་ད་ལྟ་ང་ཚོས་གླེང་བཞིན་པ་ལུང་དུ་སྟོན་པའམ་བརྡ་སྤྲོད་པའི་སྒྲ་རུ་བཤད་ཀྱི་ཡོད་པ་སྟེ། དོན་འདིས་སུམ་རྟགས་ཀྱི་གཞུང་འགྲེལ་རྣམས་སུ། སེམས་ཅན་ལ་དོན་སྟོན་པའི་སྒྲ་དང༌། རྗོད་བྱེད་ཀྱི་སྒྲ། རྣམ་པར་རིག་བྱེད་ཀྱི་སྒྲ་ཞེས་བརྗོད་པ་ཚང་མ་དོན་དག་གི་ཆ་ནས་གཅིག་མཚུངས་ཡིན།
སྐད་ཅེས་པ་ནི། སྐབས་འབྲེལ་གྱི་དབང་དུ་བྱས་པས། ད་ལྟ་ང་ཚོས་ཕན་ཚུན་ལ་གོ་བརྡ་སྤྲོད་པར་བེད་སྤྱོད་བཞིན་པའི་སྐད་ཆ་ལ་གོ་བ་དང༌། ཡང་སྐད་ཅེས་པའི་ཐ་སྙད་ཀྱི་ངོས་ཁོ་ན་ནས་བཤད་ན་ནི། མེ་མདའི་སྐད་སོགས་ལའང་འཇུག་པའི་སྐབས་ཡོད་ནའང༌། དེ་ནི་ད་ལྟ་ང་ཚོའི་བརྗོད་གཞིར་གྱུར་པའི་སྐད་དང་འབྲེལ་བ་མེད་པ་ཡིན།
མིང་ཞེས་པ་ནི། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་གྱི་ཆོས་མི་སྟོན་པ་ལ་མིང་ཞེས་མཁས་པ་ཚང་མ་བཞེད་པ་མཐུན་ནའང༌། ཡི་གེ་དུ་མ་འདུས་པ་ལས་མིང་ཞེས་པའི་སྐབས་སུ། བཀཧ་ལྟ་བུ་ཡི་གེ་དུ་མ་འདུས་པ་ཡིན་ནའང༌། དེས་མིང་དུ་མི་འགྲུབ་པ་སོགས་ཀྱི་ཞིབ་ཆ་འབྱེད་རྒྱུ་ཡོད་པ་ཡིན།
བརྡ་ཞེས་པ་ནི། “མིང་དང་མིང་ཅན་འབྲེལ་བར་བྱེད་པ་སྟེ། སྒྲ་དང་དོན་གྱི་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་གྱི་བདག་ཉིད་དོ། །” ཞེས་གནས་བརྒྱད་ཆེན་མོའི་རྩ་བ་ན་གསལ་ཞིང༌། སུམ་རྟགས་ཀྱི་དགེ་རྒན་ཚོས་མིང་དང་མིང་ཅན་གཉིས་བར་གྱི་འབྲེལ་བ་སྟོན་བྱེད་དང༌། དེ་ཡང་དུས་ཅན་གྱི་བཅད་མཚམས་ཕྱེས་པའི་གོ་དོན་དང་འབྲེལ་བའི་གནད་མ་བཀྲལ་བའི་དབང་གིས། སུམ་རྟགས་ཀྱི་དགོངས་པ་མ་ལོན་པའང་ཡོང་གི་ཡོད། དེ་འདྲ་ཡིན་སྟབས། དུས་ཅན་ཞེས་པའི་དོན་ནི་མིང་དང་དེ་ཕར་གདགས་སའི་དངོས་པོ་ལ་སྦྱོར་བར་བྱེད་པའི་འབྲེལ་བའི་གནས་སྐབས་དེར་བརྡ་དང༌། མིང་དེ་བཏགས་ཚར་བའི་སྐབས་ན་མིང་དུ་གྲུབ་པ་ཡིན། འདི་ལ་བརྡ་དང་མིང་གི་བཅད་མཚམས་ཀྱང་ཟེར།
ཐ་སྙད་ཅེས་པ་ནི། ཤེས་བརྗོད་འཇུག་གསུམ་ཚང་བ་ཐ་སྙད་ཀྱི་མཚན་ཉིད་དུ་འཇོག་གི་ཡོད་པ་སྟེ། དཔེར་ན། སྨྱུ་གུའོ་སྙམ་པ་ནི་ཤེས་པ། སྨྱུ་གུ་ཞེས་པའི་སྒྲ་ནི་བརྗོད་པ། སྨྱུ་གུ་ཡིན་པར་ཤེས་ནས་དེ་བེད་སྤྱོད་ཀྱིས་ཡི་གེ་དང་རི་མོ་འབྲི་བ་ནི་འཇུག་པ་ཡིན། ཐ་སྙད་ཅིག་ཡིན་ཕྱིན་དེ་གསུམ་ཚང་དགོས་པར་བཤད་ཡོད། འདི་འདྲ་ཡིན་སྟབས། སུམ་འགྲེལ་ཁག་ཅིག་ནང༌། སྤྱིར་ཐ་སྙད་ལ་བློའི་ཐ་སྙད་དང་མིང་ཚིག་གི་ཐ་སྙད་གཉིས་ཡོད་པ་ལས་སྒྲ་རིག་པ་བཤད་སྐབས་སུ་ནི་མིང་ཚིག་གི་ཐ་སྙད་ཁོ་ན་ལ་ངོས་འཛིན་དགོས་པར་གསུངས་ཡོད་པ་ཡིན། ཡང༌། ཤེས་བརྗོད་འཇུག་གསུམ་ཞེས་པའི་ཤེས་པ་ནི་རིག་པ་དང༌། བརྗོད་ནི་སྐད་ཆ། འཇུག་ནི་བྱ་སྤྱོད་བཅས་སུ་གོ་བ་བླངས་པས་ཀྱང་ངེས་བདེ་བའི་ཁྱད་ཐོན་པ་ཡིན།
ཚིག་ཞེས་པ་ནི། མིང་དུ་མ་འདུས་ཤིང་དོན་གྱི་ཁྱད་པར་སྟོན་པ་སྟེ། སྐབས་འབྲེལ་གྱི་བརྗོད་བྱའི་དོན་གསལ་བར་སྟོན་པའི་རྗོད་བྱེད་ཀྱི་ཕྲེང་བ་ལ་ཚིག་ཟེར།
དོན་ཞེས་པ་ནི། རྗོད་བྱེད་ཚིག་གིས་གང་གསལ་བར་སྟོན་པའི་བརྗོད་གཞི་ལ་གོ་བ་ཡིན། དཔེར་ན། དུས་ཚིགས་བཞི་ལས་དཔྱིད་ཀ་ལ་བསྟོད་བསྔགས་བྱེད་པ་ལྟ་བུར་མཚོན་ན། དཔྱིད་ཀའི་རྣམ་པ་དེ་རྗོད་བྱེད་ཀྱིས་དྲངས་ནས་ཚུར་མངོན་བྱས་སྟོབས་ཀྱིས་ཀློག་མཁན་ལ་གོ་བ་ཞིག་སྤྲོད་པ་དེར་དོན་ཟེར།
འདི་དག་ནི་ང་ཚོས་སུམ་རྟགས་སྦྱོང་སྐབས་ནན་ཏན་གྱིས་སྦྱངས་ཡོད་ནའང༌། ལག་ལེན་ངོ་མའི་ནང་དེ་ཙམ་གྱི་ཁྱད་འབྱེད་པའི་དོ་སྣང་ཆུང་སྐྱོན་གྱི་དབང་གིས་སྐབས་འགར་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་མཐོང་གི་ཡོད་པ་དང༌། ཡང་སྐབས་མཚམས་འགར་ནི། ལག་ལེན་ངོ་མའི་ནང་བེད་སྤྱོད་དེ་ཙམ་མེད་པའི་ཚོར་སྣང་ཡོང་གི་ཡོད་ཅིང༌། ལྟ་སྟངས་དང་ཚོར་སྣང་འདི་དག་གིས་བོད་ཀྱི་སྐད་ཡིག་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི་མིང་བརྡའི་ངེས་ཚིག་བརྗོད་དུ་ཡོད་པའི་གནད་འགག་དེ་ཡང་ངོ་འཕྲོད་མ་ཐུབ་པ་དང༌། དེ་ངོ་མ་འཕྲོད་པས་མིང་བརྡའི་རིགས་ཀྱི་འགྲེལ་བཤད་ཐད་དཀའ་ངལ་འཕྲད་བཞིན་པའང་ཉུང་ཉུང་མ་རེད།
འདིར་ངེས་ཚིག་འདྲེན་སྟངས་དང་འབྲེལ་བའི་དཔེ་མཚོན་ཐུང་ངུ་ཞིག་བརྗོད་ན། ཕྲུ་གུ་ལོ་ཆུང་ཞིག་ལ་མེ་ཏོག་ཅེས་པར་ངེས་ཚིག་ཤོད་ལབ་པ་ཡིན་ན། མེ་ཏོག་ནི་མེ་ཏོག་རེད་ཅེས་དང༌། ཡང་ན་དེ་ལ་དཀར་པོ་དང་དམར་པོ་ཡོད་པ་རེད་ཅེས་ཁ་དོག་གི་ངོས་ཤིག་དང༌། དེ་ལས་བརྒལ་ན་མེ་ཏོག་གོར་གོར་དང་ཟླུམ་པོ་ཡོད་པ་རེད་ཅེས་ལབ་ངེས་ནའང༌། དེ་ནི་མེ་ཏོག་ཅེས་པའི་ཐ་སྙད་ཀྱི་ངེས་ཚིག་མ་རེད། མེ་ཏོག་ཅེས་པའི་ངེས་ཚིག་བཤད་དགོས་ན། མེ་ཡི་འབར་སྟངས་ནི་ཟླུམ་པོ་དང་ལེབ་མོ་སོགས་དབྱིབས་སྣ་ཚོགས་དང༌། དེ་བཞིན་དམར་ནག་དང་དམར་སེར། སྔོ་དམར་སོགས་ཁ་དོག་སྣ་ཚོགས་སུ་སྣང་བ་དེ་དང་དབྱིབས་མདོག་གཉིས་ཐད་ནས་འདྲ་བའི་ཆོས་མང་དུ་ལྡན་ཞིང༌། དེ་ལྟ་བུའི་དངོས་པོ་དེ་ཐོགས་ཤིང་གནས་པའི་གཞི་ཕལ་མོ་ཆེ་བ་ཞིག་རྩྭ་དང་རྩི་ཤིང༌། ལྗོན་པ་སོགས་ཀྱི་གཞུང་རྟ་དང་ཡལ་ག་ཅི་རིགས་པའི་རྩེ་མོ་ན་ཏོག་ལྟར་ཐོགས་ཤིང་གནས་པས་ན་མེ་ཏོག་ཅེས་བརྗོད་པའི་རིམ་པ་ཞིག་བཤད་དུ་ཡོད་པ་དང༌། ཡང༌། མེ་ཡང་ཡིན་ལྕེ་དང་འདྲ་བས་མེ་ལྕེ། ཕྲུ་གུ་ཁོག་པའི་ནང་གནས་སའི་གཞི་ཨ་མ་ལྟ་བུ་ཡིན་པས་ན་ཕྲུ་མ། ས་ལས་བུ་ལོན་པས་ན་ས་བོན། བོན་ནི་ཡིག་བསྡུའི་རྣམ་པས་ཏེ། བུ་ལོན་ཞེས་པ་བོན་དུ་བསྡུས་པ་ཡིན། དེ་བཞིན་དུ་སྟེང་ན་ཡོད་པས་མགོ། གོང་ན་ཡོད་པས་ཀླད་པ། སྟོད་ན་ཡོད་པས་ཐོད་པ། སྔོན་གྱི་ཆོ་ག་ལས་སྔོན་ཆོག མཚང་ཞེས་པ་སྐྱོན་དང་བཤང་གཅི་ཐོན་པའི་མཚང་ཁུང་དང་ཉེ་བས་ན་མཚང་ར། ལུས་ཀྱི་གཙོ་བོ་ཡིན་པས་སྙིང༌། ལུས་ཀྱི་དཀྱིལ་ན་ཡོད་པའི་ལྟེ་བ། མདོག་དཀར་པོ་ཡིན་པ་ཤས་ཆེ་བའི་སྣོད་ལ་དཀར་ཡོལ། ཐོག་མའི་གནས་སྐབས་སུ་སྨྱུག་མ་ལས་བཟོས་པ་ཤས་ཆེ་བས་སྨྱུ་གུ། ཕྱིས་ན་གསེར་སྨྱུག་དང་ལྕགས་སྨྱུག ཞ་སྨྱུག་སོགས་ཀྱི་མིང་བྱུང་བ་ཡིན། བཟའ་བཏུང་རྒྱུ་ལམ་ཡིན་པས་ན་རྒྱུ་མ། བཙོག་པ་བཤང་བས་ན་བཤང་བ་དང༌། དེ་བཤང་སའི་ལམ་ཡིན་པས་བཤང་ལམ་སོགས་མང་ཞིང༌། མིང་གི་གྲུབ་སྟངས་ལ་བསམས་ནའང༌། རིལ་དང་རི། གཅི་དང་གཅིན། མགོ་དང་མགོན། ཕར་ཚུར་དང་ཕན་ཚུན། མཐོ་པོ་དང་མཐོན་པོ། ཚོས་དང་ཚོན་སོགས་མིང་གི་གྲུབ་སྟངས་ཁོ་ནར་ཡང་ཞིབ་ཆ་འབྱེད་རྒྱུ་ཤིན་ཏུ་ནས་མང་བ་དང༌། དེ་དག་རེ་རེ་བ་ཡང་ངེས་པའི་ཚིག་གིས་བསྙད་དུ་ཡོད་པས་མཚོན་བོད་ཀྱི་སྐད་ཡིག་ལ་སྐད་ཡིག་གཞན་དང་ཐུན་མོང་བ་མ་ཡིན་པའི་ཁྱད་ཆོས་ཡོད་པའི་ངོས་དེ་ཤེས་ན། ད་གཟོད་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོ་འཕྲོད་ཐུབ་པ་ཡིན་ལ། འདི་མ་ཤེས་པར་སྐད་ཡིག་གི་ཁྱད་ཆོས་དང་རིན་ཐང་ཞིག་གླེང་མི་ཐུབ་པར་འདོད་ཅིང༌། འདི་ཙམ་ནི་ཡིག་སྐད་དང་ཡུལ་སྐད་བར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་མཁན་དང༌། ཡང་སྒོས་བོད་ཀྱི་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་བྱེད་མཁན་དག་གིས་ངེས་པར་དུ་ཤེས་དགོས་པའི་གྲས་སུ་མཐོང་ནས། ད་ལམ”བོད་ཀྱི་ཡུལ་ལུང་ཁག་གི་ཡུལ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ” བཤད་པའི་སྔོན་འགྲོའི་ཤེས་བྱར་བཀོད་པ་ཡིན།

 

གཉིས། བརྗོད་གཞི་དངོས་དང་འབྲེལ་བའི་ཐ་སྙད་ཁག་ཅིག་གི་བསྟན་དོན་འཚོལ་བ།

    སྤྱི་སྐད། ཡིག་སྐད། ཕལ་སྐད། ཁ་སྐད། ཡུལ་སྐད། ལུང་སྐད། གྲོང་སྐད། ལོགས་སྐད་ཅེས་དང༌། ཁམས་སྐད། དབུས་སྐད། ཨམ་སྐད། རོང་སྐད། འབྲོག་སྐད་ཅེས་དང༌། ཡང༌། ཁ་སང་དེ་རིང་གི་དཔྱད་གླེང་བ་ཁག་ཅིག་ནས། ཕྱི་སྡོད་བོད་མིའི་སྐད་ཟེར་བ་ཞིག་ཀྱང་གླེང་གིན་ཡོད་པ་བཅས་ནི་སྐད་ཡིག་གི་གནད་དོན་དཔྱད་གླེང་བ་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་མིང་བརྡ་སྐོར་ཞིག་རེད་དེ། དེ་དག་གི་གོ་དོན་འགྲེལ་སྟངས་ཐད་ཐུན་མོང་གི་བཞེད་པ་གཅིག་མཐུན་ཡིན་མིན་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དེ་ཡང་ང་ཚོས་ངོས་ཟིན་དགོས་པའི་གནད་དོན་རེད།
ཕྱོགས་ངོས་གཞན་ཞིག་ནི། གོང་གི་མིང་བརྡ་འདི་དག་གིས་བོད་ཀྱི་སྐད་འགྲོས་ལ་སྤྱི་བབ་ཀྱི་འགྱུར་བ་དང་བྱེ་བྲག་གི་འགྱུར་བ་ཅི་ཕྱིན་གྱི་རིམ་པ་ཞིག་གསལ་སྟོན་བྱེད་ཀྱི་ཡོད་པར་ངོས་འཛིན་གཅིག་གྱུར་བྱེད་ཀྱི་ཡོད་ནའང༌། འགྱུར་བ་ཐེབས་པའི་རྒྱུ་རྐྱེན་འཚོལ་རིམ་ཐད་ལ་ཞིབ་འཇུག་པ་མང་ཆེ་བས་ལྟ་ཚུལ་ཞིག་འདོན་བཞིན་པ་ནི། འགྲིམ་འགྲུལ་དང་འཚོ་གནས་ཁོར་ཡུག་ཁ་འཐོར་ནས་ཁ་འཐོར་དུ་གནས་པའི་ངོས་ཤིག་རྒྱུ་མཚན་དུ་འགོད་ཀྱི་ཡོད་པ་དེར་གནས་ལུགས་ཁྱོན་ནས་མི་འདུག་ཅེས་ལབ་ག་ལ་རུང་སྟེ། ངའི་ལྟ་སྟངས་ནི་འདི་དག་གི་ལྡོག་ཕྱོགས་ཆགས་ཡོད་པ་སྟེ། ངས་ནི་སྐད་ཡིག་གི་འགྱུར་བ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་སྐད་གསར་བཅད་ཐེངས་གསུམ་བྱས་པ་དེས་ཡས་བཅད་མས་བཅད་དུ་བཏང་བར་ངོས་འཛིན་གྱི་ཡོད་ཅིང༌། དེ་ཡང་སྐད་གསར་བཅད་ཀྱི་རིམ་པ་དེ་དབུས་གཙང་ཁུལ་སྤྱི་དང་དེ་བས་ཀྱང་དབུས་ཁུལ་རང་དུ་ཡང་ནས་ཡང་དུ་བསྒྱུར་བཅོས་ཐེབས་པ་ལས། ཕྱོགས་མཐའི་བོད་ཁུལ་ཡོངས་ལ་ཁྱབ་པ་ཞིག་ལག་ལེན་བསྟར་མ་ཐུབ་པ་དེ་ནི་སྐད་ཡིག་ཕྱོགས་གྱེས་ཀྱི་རྒྱུ་རྐྱེན་དང་པོ་དེ་རེད། འདིའི་ཤེས་བྱེད་གསལ་ཤོས་ཤིག་ནི། ཕྱི་ལོ་༡༩༩༤ ལོར་ྋགོང་ས་སྐྱབས་མགོན་ཆེན་པོས་གར་ཞ་ནས་དུས་དབང་གནང་སྐབས་ཨ་མདོའི་གསར་འབྱོར་བ་ཁག་ཅིག་ཕྱིན་པ་དེ་ཚོས། གར་ཞའི་སྐད་དུ་གསུང་སྒྱུར་བརྒྱུད་ལམ་ནས་སྔོན་འགྲོའི་གསུང་ཆོས་དང༌། དུས་དབང་གི་རིམ་པ་ཆ་ཚང་ཨམ་སྐད་ནང་བཞིན་གོ་ཐུབ་པ་བྱུང་བ་ལྟ་བུ་རེད། འདི་ནི་འགྲིམ་འགྲུལ་སོགས་ཀྱི་འབྲེལ་བ་ཁྱོན་ནས་མེད་པའི་ཡུལ་ལུང་གཉིས་བར་སྐད་ཀྱི་མཐུན་ཆ་དང་མཚུངས་ཆ་ཡོད་པའི་ངོས་རེད།
ད་དུང་ཤེས་བྱེད་གཞན་ཡང་ཡོད་པ་སྟེ། བོད་ས་སྟོད་སྨད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་པ་ཁག་ནས་རིགས་རུས་ཀྱི་མཆེད་ཁུངས་སོགས་ལ་ཞིབ་འཇུག་གི་བརྒྱུད་རིམ་ནང༌། མདོ་སྨད་སྐུ་འབུམ་ཁོངས་ལྟག་མཚེར་ཁུལ་གྱི་བོད་པ་རྣམས་ཡུལ་དབུས་འཕན་པོ་ནས་མཆེད་པའི་ཤེས་བྱེད་དུ་ཡུལ་དེའི་སྐད་འགྲོས་ནང་འཕན་སྐད་རང་སོར་གནས་པ་མང་བ་ནས། དེ་བཞིན་མདོ་སྨད་ཁུལ་གྱི་བོད་སྡེ་རྣམས་བཙན་པོའི་སྐབས་ཀྱི་མཐའ་སྲུང་དམག་དཔུང་ཁག་གཞིས་ཆགས་པ་ལས་འཕེལ་རྒྱས་བྱུང་བའི་ཁུངས་འདེད་བྱེད་ཀྱི་ཡོད་པ་འདི་དག་གིས། དེ་སྔར་བོད་ཁམས་ཧྲིལ་པོའི་སྐད་འགྲོས་གཅིག་གྱུར་ཡིན་ནའང༌། རིམ་པས་འགྱུར་བ་ཐེབས་པ་དང་ཡང་སྒོས་སྐད་གསར་བཅད་གནང་རིམ་དག་བོད་ས་ཡོངས་ལ་ཁྱབ་པ་ཞིག་ལག་བསྟར་མ་ཐུབ་པ་དེས། བོད་ཀྱི་སྤྱི་སྐད་དེ་ཡང་རིམ་པས་ཉམས་པར་གྱུར་ནས་ཡུལ་ལུང་བྱེ་བྲག་པའི་སྐད་གདངས་སྣ་ཚོགས་སུ་གྱེས་པར་ངོས་འཛིན་དགོས་པའང་ཡིན་པར་འདོད།
མཚམས་འདིར་དག་ཆ་ཞིག་གི་སྐོར་བཤད་འདོད་པ་ནི། ལྟག་མཚེར་ནིྋགོང་ས་མཆོག་འཁྲུངས་ཡུལ་ལ་བརྟེན། བོད་ཡིག་གི་དཔེ་དེབ་མང་པོའི་ནང་སླེབས་ཀྱི་ཡོད་ནའང༌། དག་ཆའི་ཐད་ས་ཏ་བཏགས་སྟ་ག་བཞག་སྟག་ཅེས་དང༌། འ་ཚ་འགྲེང་བུ་འཚེར་ར་བཞག་འཚེར་ཞེས་འབྲི་བཞིན་པ་ནི་དག་ཆ་ནོར་བསྡད་པ་ཞིག་རེད། དག་ཆ་ངོ་མ་ནི་ལ་ཏ་བཏགས་ལྟ་ག་བཞག་ལྟག མ་ཚ་འགྲེང་བུ་མཚེ་ར་བཞག་མཚེར་ལྟག་མཚེར་ཞེས་འབྲི་དགོས་པ་སྟེ། དེ་ནི་ད་ལྟའི་ལྟག་མཚེར་གྱི་གཤམ་ན་འོག་ལུང་མཚེར་ཟེར་བ་དེ་ཡོད་པ་དང༌། དེ་ནས་རྩིས་པའི་ལྟག་རྒྱབ་ཏུ་ཡོད་པའི་མཚེར་ས་ལ་ལྟག་མཚེར་ཞེས་འབོད་པ་ཡིན་ལ། དེང་སང་ཡང་འོག་ལུང་མཚེར་ལ་བ་ལུང་ཙི་དང༌། ལྟག་མཚེར་ལ་ཏང་ཙི་ཞེས་སྒྲ་ཟུར་གསལ་པོར་ཡོད་པ་ཡིན།
འདི་ལྟར་བལྟས་པས། སྤྱི་སྐད། ཡིག་སྐད། ཕལ་སྐད་དང༌། ཁ་སྐད། ཡུལ་སྐད། ལུང་སྐད། གྲོང་སྐད། ལོགས་སྐད་ཞེས་དང༌། ཡང་ཁམས་སྐད། དབུས་སྐད། ཨམ་སྐད། རོང་སྐད། འབྲོག་སྐད་ཅེས་མང་དུ་གྱེས་སའི་ཁུངས་སྣེ་ཞིག་རྙེད་ཐུབ་པ་དང༌། ཁུངས་སྣེ་དེ་རྙེད་པས་ད་གཟོད་དེ་རིང་ཁ་སང་གི་ཉམས་ཞིབ་པ་ཁག་ཅིག་ནས་བོད་ལ་སྤྱི་སྐད་ཅིག་དགོས་མཁོ་འདུག་ཅེས་དང༌། སྤྱི་སྐད་ཀྱི་ཚད་གཞི་དེ་མདོ་དབུས་ཁམས་གསུམ་གང་གི་སྐད་དུ་བྱེད་འོས་མིན་གྱི་དགོངས་འཆར་བཏོན་དང་འདོན་བཞིན་པའི་རིགས་ཀྱིས”སླར་གསོ”ཞེས་པའི་ཚིག་འདི་བེད་སྤྱོད་མ་བཏང་འདུག་པ་ནི་ཡ་མཚན་རེད། ཅི་སྟེ་གནའ་བོའི་སྐབས་སམ། ཡང་ན། དུས་རབས་བདུན་པའི་ནང་ཐོན་མི་སཾ་བྷོ་ཊས་བོད་ཀྱི་སྐད་གདངས་གཞི་ལ་བཞག་ནས་གསར་དུ་བརྩམས་པའི་ཡི་གེ་བཟོ་སྐབས་ཙམ་ལ་བསམས་ན་ནི། དེ་དུས་བོད་སྤྱི་ཡོངས་ལ་ཁྱབ་པའི་སྤྱི་སྐད་ཅིག་ཡོད་པའི་ཤེས་བྱེད་མང་དུ་རྙེད་ཐུབ་ལ། དེ་རིང་ཁ་སང་གི་བོད་ཡིག་རང་གི་ངོས་ནས་བཤད་ན། ཡིག་སྐད་དུ་བྲིས་པའི་རྩོམ་དང་གླེགས་བམ་གང་ཡང་མདོ་དབུས་ཁམས་གསུམ་གྱིས་གཅིག་གྱུར་གོ་སྤྱོད་ཐུབ་པ་ནི་ཐག་ཉེ་སའི་ཤེས་བྱེད་ཅིག་རེད།
ད་ནི་ཐ་སྙད་འདི་དག་གི་གོ་དོན་ལ་དབྱེ་ཞིབ་ཙམ་བྱས་ན། སྤྱི་སྐད་དང་ཡིག་སྐད་ནི་དགོས་མཁོའི་ངོས་དང་གནས་སྟངས་ཀྱི་ངོས་གང་ནས་བལྟས་ཀྱང་དོན་གཅིག་ལྟ་བུར་སྣང་ཞིང༌། དེ་བཞིན་ཁ་སྐད་དང་ཡུལ་སྐད་གཉིས་ཀྱང་དོན་གཅིག་ལྟ་བུར་སྣང་བ་སྟེ། ཡི་གེ་བཀླགས་གདངས་དང༌། སྒྲའི་སྦྱོར་ཚུལ་གཉིས་ཐད་དུ་ཡུལ་ཁམས་རང་བཞིན་གྱི་ཁྱད་པར་བྱུང་བ་དེར་ཡུལ་སྐད་དམ་ཁ་སྐད་དུ་ངོས་འཛིན་བྱེད་བབ་ཐད་ལྟ་ཚུལ་མང་པོ་ཞིག་མཐུན་པར་འདུག ཕལ་སྐད་ཀྱི་གོ་དོན་ཐད་འགྲེལ་བཤད་མང་པོ་ཞིག་ཡོད་པ་ཚུར་བསྡུས་ན། དམངས་མའི་སྐད་དང༌། བོད་ཀྱི་འབངས་མི་ཕལ་མོ་ཆེ་བས་གོ་སྤྱོད་ཐུབ་པའི་སྐད་ཆ་གཉིས་ཀྱི་གོ་བ་ལེན་གྱི་ཡོད་པ་ལས། ངེད་རང་ལ་མཚོན་ན། ཕལ་སྐད་ཅེས་པ་ནི་འབངས་མི་ཕལ་མོ་ཆེ་བས་གོ་སྤྱོད་ཐུབ་པའི་སྐད་འགྲོས་ཤིག་ལ་ངོས་འཛིན་དང་ཆབས་ཅིག་པར། ཕལ་སྐད་ནི་སྤྱི་སྐད་དང་གཞོལ་ཐག་ཉེ་ཤོས་ཀྱི་གཞི་སྒྲོམ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་རིང་ཁ་སང་གི་ཕྱིར་སྡོད་བོད་མིའི་སྐད་འགྲོས་འདི་ནི་ཕལ་སྐད་ཀྱི་ཚབ་མཚོན་ཡག་ཤོས་སུ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་མང་པོ་མི་དགོས་པར་ཚིག་གཅིག་གིས་ར་སྤྲོད་ཐུབ་པ་ཞིག་ལ། ཕྱིར་སྡོད་བོད་མིའི་སྐད་འདི་ནི་ཨམ་སྐད་མ་རེད་ལ། དེ་བཞིན་ཁམས་སྐད་དང་དབུས་སྐད་ཀྱང་མ་རེད། འདི་ནི་ཕྱིར་སྡོད་བོད་འབངས་ཕལ་མོ་ཆེ་བས་གོ་སྤྱོད་འཕེར་བསྡད་པའི་ཕལ་སྐད་ཅིག་རེད།

 

གསུམ། བོད་ཀྱི་ཡུལ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་འཚོལ་བ།

    ཡུལ་སྐད་ནི་ཡུལ་ལུང་བྱེ་བྲག་པ་རེ་རེར་སྐད་གདངས་རེ་དང་སྐད་འགྲོས་རེ་ཡོད་པ་དེར་བྱ་ཞིང༌། ཡིག་སྐད་ནི་བསྟན་བཅོས་ཀྱི་སྐད་རང་ལ་ངོས་འཛིན་དགོས་པ་གཞི་རྩར་བཞག་སྟེ་དཔྱད་པ་བཏང་ན། དེ་གཉིས་བར་གྱི་ཁྱད་པར་ནི་བརྡ་གསར་པ་དང་རྙིང་པའི་བར་གྱི་འབྲེལ་བ་ཞིག་དང༌། དེ་ཡང༌། བོད་བཙན་པོའི་སྐབས་སུ་ཡིག་སྲོལ་བྱུང་བ་ནས་རིམ་པས་བརྡ་ལ་གསར་རྙིང་1 གི་ཁྱད་པར་འབྱེད་པའི་གཞི་འཛིན་ས་ཞིག་ཡིན་པའི་ངོས་འཛིན་ཐོབ་ཅིང༌། ངོས་འཛིན་དེའི་འོག་ནས་སྐད་གསར་བཅད་ཐེངས་ཁ་ཡར་གནང་བ་དེས། བརྡ་གསར་པ་དང་རྙིང་པའི་ཁྱད་པར་དེ་བས་ཀྱང་གསལ་པོར་ཕྱེས་ཡོད་པ་སྟེ། ཡིག་སྐད་ལ་བརྡ་སྤྲོད་རྣམ་གཞག་གི་རྒྱ་མཚམས་ཡོད་དབང་གིས་གསར་བཅད་ཀྱི་འགྱུར་བ་ཐེབས་པ་དེ་སྤྱི་ཡོངས་ལ་ཁྱབ་པ་ལྟ་བུ་བྱུང་ཡོད་ནའང༌། ཡུལ་སྐད་ནང་གསར་བཅད་ཀྱི་གཏན་འབེབས་དེ་སྤྱི་ཡོངས་ལ་ཁྱབ་པའི་ལག་ལེན་བསྟར་ཐུབ་མེད་པ་ཡིན་སྟབས། ཡུལ་སྐད་དང་ཡིག་སྐད་གཉིས་ལ་བརྡ་སྤྲོད་རྣམ་གཞག་གི་འགྲོས་དང་མཐུན་མིན་གྱི་ཁྱད་པར་ཡོད་པ་རེད་ལ། དེ་བས་ཀྱང་སྐད་ཀྱི་གདངས་ལ་ཧེ་བག་ཆེན་པོ་ཤོར་ཡོད་པ་རེད། སྐད་གསར་བཅད་མ་གནང་གོང་དང༌། ཡང་ན། གསར་བཅད་གནང་དུ་ཟིན་ནའང་བརྡལ་ཁྱབ་ཏུ་བེད་སྤྱོད་ཀྱི་རིམ་པ་མ་དར་བའི་དབང་གིས། དེང་ནའང་མཇལ་དུ་ཡོད་པའི་གནའ་བོའི་རྡོ་རིང་དང་བྲག་བརྐོས་ཡི་གེ ཤོག་དྲིལ་ཡིག་རྙིང་དང་ཁྲམ་ཤིང་སོགས་ཀྱི་ཡིག་འགྲོས་ལ་ཞིབ་ཀྱིས་དཔྱད་པས། དེང་གི་ཡུལ་སྐད་དང་ཡིག་སྐད་བར་སྐད་གསར་བཅད་ཀྱི་བཅོས་བསྒྱུར་སླེབས་པ་དང་མ་སླེབས་པའི་ཁྱར་པར་ཞིག་དང༌། ཡུལ་སྐད་དང་ཡིག་སྐད་གཉིས་ཀྱི་འབྲེལ་བའི་ངོས་ཤིག་ལས་སླ་པོར་མཐོང་ཐུབ་པ་ནི། གནའ་བོའི་ཡིག་རྙིང་གི་འགྲོས་རིམ་ནང༌། ད་ལྟའི་ཨ་མདོའི་ཡུལ་སྐད་བཞིན་བྲིས་པ་མང་དུ་སྣང་བ་དེ་རེད། དེ་ནི། མེ་ལ་མྱེ་ཞེས་དང༌། མི་ལ་མྱི་སོགས་ད་ལྟའི་ཡུལ་སྐད་དང་གནའ་བོའི་ཡིག་སྐད་གཉིས་གཅིག་ཏུ་སོང་བ་དང༌། ཡང༌། གསལ་བྱེད་ཡི་གེ་ནང་ཕན་ཚུན་འདམ་ངའི་ཚུལ་གྱིས་སྤྱོད་སྲོལ་གྱི་དབང་གིས། གཅིག་ལ་གཆིག་དང་གཙིག ཞིག་ལ་ཟིག་དང༌། ཅི་ལ་ཆི་སོགས་སུ་འབྲི་སྲོལ་དང་ཀློག་སྲོལ་གཉིས་ཀ་ཡོད་པའང་ཡིན་ཞིང༌། དེ་ཚུལ་ནི། དཔེར་ན། ཨམ་སྐད་རང་དུ་བྱས་པས་བཅུ་གཅིག་ལ་བཅུ་གཙིག་དང༌། ཅི་ཞིག་ལ་ཆི་ཟིག་ཟེར་སྲོལ་དེང་ནའང་མ་ཉམས་ཡོད། འདི་ནི་ཡིག་སྐད་དང་ཡུལ་སྐད་བར་གྱི་འབྲེལ་བའི་དཔེ་མཚོན་2ཙམ་རེད།
གནད་དོན་གཞན་ཞིག་ནི་ཡིག་སྐད་ཀྱི་དག་སྡེབ་ངེས་གཏན་དུ་བྱས་ནས་འབྲི་འགོད་བྱེད་བཞིན་ཡོད་ནའང༌། དེ་ཡུལ་སྐད་ཀྱིས་ཀློག་བརྡའི་སྐབས་སུ། མིང་གཞི་དང་འདོགས་ཅན་སོགས་ཁ་ཡར་གྱི་སྒྲ་གདངས་ལས་མི་ཐོན་པའང་མང་བ་སྟེ། གྲི་ལ་གྱི། གྲགས་ལ་གྱགས། གྲོ་མ་ལ་གྱོ་མ། ཁྲག་ལ་ཁྱག ཁྲལ་ལ་ཁྱལ། ཁྲོག་ལ་ཁྱོག་ཅེས་ར་བཏགས་ལ་ཡ་བཏགས་ཀྱི་གདངས་ཀྱིས་བརྗོད་པ་དང༌། ཡང༌། སྔ་དྲོ་ལ་སྔ་རོ། ཕྱི་དྲོ་ལ་ཕྱི་རོ་ཞེས་མིང་གཞིའི་སྒྲ་གདངས་ལས་འདོགས་སྦྱོར་གྱི་སྒྲ་གདངས་ཆེ་ཐང་དུ་ཀློག་པ། དེ་བཞིན་དུ། དཔྲལ་ཀོ་ལ་དཔལ་ཀོ སྤྱིན་ལ་སྤིན། སྤྲིན་པ་ལ་སྲིན། སྤྲང་པོ་ལ་སྤང་པོ། སྤྲེའུ་ལ་སྤེའུ་ཞེས་འདོགས་སྦྱོར་གྱི་ཡི་གེའི་སྒྲ་གདངས་དོར་ནས་བརྗོད་པ་སོགས་མང་བ་འདི་ཡང་གཞི་རྩའི་ཆ་ནས་བྱས་ན། ཡུལ་སྐད་དང་ཡིག་སྐད་བར་འབྲེལ་བ་ངེས་ཅན་ཡོད་པ་དང༌། ཕྱོགས་ངོས་གཞན་ཞིག་ནས་བཤད་ན། ཡུལ་སྐད་དང་ཡིག་སྐད་བར་གྱི་ཁྱད་པར་ཞིག་ཀྱང་སྟོན་གྱིན་ཡོད་པ་ཡིན་སྟབས། དོན་གཉེར་ཅན་དང༌། ཞིབ་འཇུག་གི་ཤེས་ཚད་ལྡན་པ་ཚོས་འདི་ཐད་ཞིབ་འཇུག་བྱེད་པའང་གནད་འགག་ཅིག་ནི་རེད་སྙམ།
གནད་འགག་གི་ལྟེ་བ་ནི། ང་ཚོས་ཡི་གེ་འབྲི་སྐབས་ཁ་སྐད་དེ་ཡིག་སྐད་ནང་འཁྲིད་དགོས་སམ། ཡིག་སྐད་དེ་ཁ་སྐད་ནང་འཁྲིད་དགོས་པ་དེ་རེད། ད་ཕན་ཞིབ་འཇུག་པ་མང་དག་ནས་འདི་ཐད་ལྟ་ཚུལ་བཏོན་རིམ་ནང༌། ཡིག་སྐད་དེ་ཁ་སྐད་ནང་འཁྲིད་ན་ཡིག་སྐད་དེ་ཡང་བརླག་རྒྱུ་ལས་མེད་སྟབས། ཁ་སྐད་དེ་ཡིག་སྐད་ནང་ཅི་ཙམ་འཁྲིད་ཐུབ་པ་དེ་ཚོད་ཀྱིས་བོད་སྤྱི་སྐད་ཅིག་སླར་གསོ་ཐུབ་པ་དང༌། འདི་ནི་ད་ལྟ་ང་ཚོས་སྤྱི་སྐད་ཀྱི་དགོས་མཁོ་གླེང་མཁན་ཚོར་མཚོན་ན། གཞི་རྩ་ཡོད་ན་མེད་ན་དེ་ཆགས་ཡོད་ནའང༌། འདི་ལྟར་ངོས་འཛིན་བྱེད་མཁན་མང་པོ་ཞིག་ནི་མ་བྱུང་ནས་འདུག་པ་དེ་ནི་རང་ཉིད་གང་དུ་སྐྱེས་པའི་ཡུལ་ལུང་གི་སྐད་དེ་རང་ཉིད་ལ་བག་ཆགས་ཟབ་ཤོས་སུ་སྣང་བ་ཆོས་ཉིད་ལ་བརྟེན། ཕྱོགས་ཞེན་གྱི་ལྟ་བས་བསླད་པའི་ལྟ་ཚུལ་སྤེལ་མཁན་ཡང་ཁ་ཡར་བྱུང་ཡོད་པ་རེད། བོད་ཀྱི་སྤྱི་སྐད་ཉམས་དམས་སོང་བ་དང༌། སྤྱི་སྐད་སླར་གསོར་དཀའ་ངལ་འཕྲད་གཞི་ལྟེ་བ་ནི། བོད་མི་ས་ཡ་དྲུག་གི་ནང་ཡི་གེ་ཤེས་མཁན་ལས་ཡིག་རྨོངས་པའི་གྲངས་འབོར་མཐོ་བ་འདི་རེད། ནམ་ཞིག་ཡིག་རྨོངས་པ་མེད་པར་གྱུར་ན། དེ་ཤེད་ནས་སྤྱི་སྐད་སླར་གསོར་རེ་བ་ཆེན་པོ་ཡོད་པ་རེད། འདི་ནི་གནས་ལུགས་ཤིག་རེད། དེ་མིན་ཅིག་བྱེད་དགོས་རེད། དེ་ལེགས་པོ་རེད་ཅེས་དཔྱད་གཏམ་སྤེལ་བ་ཙམ་གྱིས་སྤྱི་སྐད་སླར་གསོ་ལ་ཕན་གྱི་མ་རེད། གང་དུའང་ཡིག་སྐད་ནང་ཡུལ་སྐད་བསྲེ་ལྷད་མ་བྱས་པར་རྩོམ་ཡིག་སྤེལ་དགོས་པ་དེ་གནད་འགག་གི་གཙོ་བོ་ཞིག་རེད་འདོད།
ཡང་བསྐྱར་གསལ་བཤད་ཅིག་བྱ་རྒྱུར་བསྡད་པ་ནི། ཡུལ་སྐད་དེ་གང་ཞིག་ལ་ཟེར་བ་དེ་རེད། ད་ལྟའི་བོད་ཀྱི་དབང་དུ་བྱས་ན། བོད་ལ་ཡུལ་སྐད་ཆེན་པོ་གསུམ་སྟེ། མདོ་དབུས་ཁམས་གསུམ་གྱི་སྐད་གསུམ་ནི་ཡུལ་སྐད་ཆེན་པོ་གསུམ་ཡིན་ལ། དེ་དག་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད་སྟབས། ད་ལྟའི་བོད་སྐད་ཀྱི་གནས་སྟངས་ནི་ཡུལ་སྐད་ཤུགས་ཆེ་ཐང་གི་གནས་སྐབས་ཤིག་ལས། དེའི་སྟེང་ན་སྤྱི་སྐད་ཀྱི་གཞི་འཛིན་སར་རུང་བའི་གཞི་རྩ་མང་པོ་ཞིག་མེད། དོན་འདིས། ཕྱིར་སྡོད་བོད་མིའི་སྐད་འགྲོས་འདི་ནི་ཕལ་སྐད་ཀྱི་ཚབ་མཚོན་ཡག་ཤོས་རེད་ཅེས་ངས་གོང་ནས་ཞུས་པའང་རྒྱུ་མཚན་གྱི་སྣེ་མོ་འདི་ལ་གཏད་པས་ཡིན་ལ། མ་གཞི་ནས་སྐད་ཡིག་གི་འགྱུར་བ་ནི་གཞི་རྩའི་སྐད་གདངས་གཅིག་རང་ནས་ཕྱོགས་གྱེས་བྱུང་བ་ལ་ཟེར་ཞིང༌། གཅིག་གྱུར་གྱི་གཞི་རྩའང་ཕྱོགས་གྱེས་སོང་བའི་ཡུལ་སྐད་ནང་ཕན་ཚུན་གྱི་བར་ཐག་ཇེ་ཉེར་གཏོང་བ་ནས་མགོ་བཙུགས་ཏེ་གཅིག་གྱུར་གྱི་ལམ་དུ་བསྐྱོད་དགོས་པ་ལས། གྲོས་ཆོད་འཇོག་པ་དང༌། ཁྲིམས་ཡིག་བཟོ་བ་སོགས་དབང་བསྒྱུར་གྱི་ལམ་ནས་ནུས་པ་ཐོན་རྒྱུ་ཞིག་མིན་སྟབས། ཡུལ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཇེ་ཉེར་གཏོང་ཐབས་ལ་འབད་དགོས་ཤིང༌། དེ་ལ་མེད་ཐབས་མེད་པའི་གཞི་རྩའི་མཐུན་རྐྱེན་ནི། འཚོ་གནས་ཀྱི་ཁོར་ཡུག་གམ། ཆབ་སྲིད་དང་རིག་གནས། དཔལ་འབྱོར་བཅས་ཀྱི་ཁོར་ཡུག་གཅིག་ཏུ་འཚོ་སྡོད་ཐུབ་དགོས་པ་དེ་རེད།
ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་ཡོད་པ་ནི། བོད་འདི་སིལ་བུར་འཐོར་ནས་ཡུལ་ལུང་བཅད་བཟུང་གི་རྣམ་པར་གྱུར་པ་དེས། དེ་བཞིན་གྱི་སྐད་འགྲོས་ཀྱང་རྣམ་པ་སྣ་ཚོགས་སུ་འགྱུར་བར་བྱས་ཤིང༌། གང་ཞིག་འཚོ་སྡོད་ཁོར་ཡུག་གཅིག་ནས་ཕྱོགས་གྱེས་ཀྱི་སྣང་ཚུལ་མང་དུ་བྱུང་བ་དེ་ཤེད་ཀྱིས་སྐད་འགྲོས་ལ་འགྱུར་བ་ཐེབས་པ་དང༌། སྐད་འགྲོས་ལ་འགྱུར་བ་ཐེབས་ཤུགས་ཀྱིས་ནང་བསམ་བློའི་རིམ་པར་ཡང་འགྱུར་བ་ཐེབས་ཀྱི་ཡོད། ལོ་རྒྱུས་ཉམས་ཞིབ་པ་ཚོས། བོད་སིལ་བུར་འཐོར་བ་ནི་བོད་ཀྱི་རྒྱལ་ཞེན་སེམས་ཁམས་ཡོངས་སུ་གཏོར་བའི་རིམ་པ་ཞིག་དང༌། དེ་ཡང་སྐད་ཡིག་ཕྱོགས་གྱེས་དང་སེམས་ཁམས་ཕྱོགས་གྱེས་མང་དུ་བྱུང་བ་དེས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཉམས་སུ་བཅུག་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་དང༌། དེ་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཞིག་ལ་བརྟེན། བོད་ཀྱི་སྐད་ཡིག་གཅིག་གྱུར་དང་རྒྱལ་ཁབ་སླར་གསོ་བྱེད་པ་གང་ལའང༌། ཐུན་མོང་གི་འཚོ་གནས་ཁོར་ཡུག་ཅིག་དང༌། དེ་འབྲེལ་གྱི་བེད་སྤྱོད་སྐད་ཡིག་གཅིག་གྱུར་པ་དང༌། སེམས་ཁམས་གཅིག་གྱུར་པ་ཞིག་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད་དེ། འདིའི་སྐོར་ནས་བཤད་ནའང་གནས་ལུགས་ཀྱི་མཐིལ་རྟོགས་མཁན་ཉུང་ཉུང་ལས་མེད་པའི་ཚོད་རེད། བོད་བཙན་པོའི་སྐབས་དང་ཡང་སྒོས་དུས་རབས་བདུན་པའི་ནང་དེར་བོད་ཁམས་ཡོངས་ཀྱི་སྐད་འགྲོས་གཅིག་གྱུར་དུ་ཡོད་ཅིང༌། ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་བཟོ་གནང་བ་དང༌། བརྡ་སྤྲོད་པའི་རྣམ་གཞག་གཏན་ལ་འབེབས་ཐུབ་པ་བྱུང་བའི་ཆ་རྐྱེན་གཙོ་བོ་དེའང༌། དེ་དུས་བོད་ཁམས་ཡོངས་ནས་སྐད་འགྲོས་གཅིག་རང་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་རེད།
འདི་ལྟར་བསམ་བློ་བཏང་བ་ཡིན་ན། སྤྱི་སྐད་ཅིག་གཏན་འབེབས་བྱེད་དགོས་ན། ཡུལ་གང་ཞིག་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པའི་ཆ་རྐྱེན་འཛོམས་དགོས་པའི་ཚད་འཛིན་དེ་ནི། ད་ལྟའི་བོད་ཀྱི་སྐད་ཡིག་གནས་བབ་ནང་འཁྱེར་སྤྱོད་མི་རུང་བ་སྟེ། ད་ལྟའི་བོད་དུ་སྤྱི་ཡོངས་ལ་ཁྱབ་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་གཏན་འཁེལ་བ་ཅི་ཡང་མེད། འདི་ནི་ཆབ་སྲིད་ཀྱི་བཀག་རྒྱའི་འོག་གི་ད་ལྟའི་བོད་ཡུལ་ལ་མཚོན་ན། གཞི་འཛིན་ས་རག་དཀའ་བའི་གནད་དོན་གྲས་ཀྱི་གཅིག་རེད། དེ་བས་ན། ལྷ་སའི་ཁ་སྐད་སློབ་དེབ། ཨ་མདོའི་ཁ་སྐད་སློབ་དེབ། ཁམས་སྐད་སློབ་དེབ་3སོགས་གསར་བསྒྲིགས་འདི་དག་ནི་སྐད་ཡིག་གཅིག་གྱུར་ལ་བར་ཆད་བཟོ་བྱེད་ཅིག་ལས་གཞན་གྱི་དགོས་ཕན་ཅང་མེད་པར་འདོད།
ད་ནི་ཤིན་ཏུ་ནས་ཐག་ཉེ་སར་བླངས་ཏེ། ཡུལ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་ལ་བལྟས་ན། ཡིག་སྐད་དུ་བྲིས་པའི་རྩོམ་དང་གླེགས་བམ་གང་ཞིག་མདོ་དབུས་ཁམས་གསུམ་གྱི་མི་སུས་བཀླགས་ནའང་དེའི་དོན་དག་མི་གོ་བ་ཡོང་དུ་མེད་ཅིང༌། དེ་བཞིན་དབུ་ཅན་དང་དབུ་མེད་གང་དུ་བྲིས་ནའང་ཡི་གེ་ཤེས་མཁན་མདོ་དབུས་ཁམས་གསུམ་གྱི་མི་སུས་ཀྱང་ཀློག་ཐུབ་པ་འདི་ནི་རྒྱུ་མཚན་གཅིག་རེད་ལ། ཡུལ་སྐད་དང་ཡིག་སྐད་བར་གྱི་འབྲེལ་བ་སྟོན་རིམ་ཞིག་ཀྱང་རེད། དེ་ལྟར་ནའང༌། ཡི་གེ་དེ་ཨ་མདོ་བས་བཀླགས་ན་ཁམས་པས་མི་གོ་བ་དང༌། ཁམས་པས་བཀླགས་ན་དབུས་པས་མི་གོ་བ། དབུས་པས་བཀླགས་ན་ཨ་མདོ་བས་མི་གོ་བ་ཡོང་གི་ཡོད་པ་ནི་ད་ལྟའི་མངོན་སུམ་གནས་སྟངས་རེད། འདིས་ཅི་སྟོན་ཅེ་ན། ཡིག་སྐད་དེ་ཡུལ་སྐད་དུ་ཀློག་ཐལ་གྱིས་དང་དེ་བཞིན་བཤད་ཐལ་གྱིས་ཕན་ཚུན་བར་སྐད་ཆ་ཉན་བཤད་ཀྱི་ལམ་ནས་བརྡ་འཕྲོད་ཀྱིན་མེད་པའི་དཀའ་ངལ་བྱུང་བ་དེ་རེད།    དོན་འདིས། སྤྱིའི་ཆ་ནས་སམ། རགས་པའི་ཚུལ་དུ་བྱས་པས། ཡུལ་སྐད་དང་ཡིག་སྐད་ནི་ཀློག་གདངས་ཀྱི་ཁྱད་པར་ཞིག་ཡིན་པ་མཐོང་ཐུབ་པ་ཡིན།

 

བཞི། ཀློག་གདངས་གཅིག་གྱུར་ཡོང་ཐབས་ཐད་ཀྱི་བསམ་ཚུལ།

    སྤྱིར་བཏང་གི་གོ་བ་ལེན་ཚུལ་ལྟར་བྱས་ན། ཡི་གེ་ལ་ནི། བྲི་བྱ་གཟུགས་ཀྱི་ཡི་གེ་དང༌། མཉན་བྱ་སྒྲ་ཡི་ཡི་གེ གཟུགས་སུ་སྣང་བ་བལྟ་བྱའི་ཡི་གེ་བཅས་སུ་ཡོད་པ་ལས། བྲི་བྱ་དང་བལྟ་བྱའི་ཡི་གེ་ནི་བོད་ཁྱོན་ཡོངས་ལ་གཅིག་ལས་གཉིས་སུ་མེད་ནའང༌། མཉན་བྱ་སྒྲ་ཡི་ཡི་གེའི་ཐད་སྒྲ་གདངས་འདོན་སྟངས་ཀྱི་ཁྱད་པར་མང་དུ་ཡོད་ཅིང༌། དེ་ནི་ད་ལྟའི་བཤད་སྟངས་ལྟར་བྱས་ན། སྐད་དང་ཡི་གེའི་བར་གྱི་ཁྱད་པར་རེད། འདི་ལྟའི་ཁྱད་པར་བྱུང་སྟབས། ས་གནས་ཁ་ཤས་ཀྱི་ཡུལ་སྐད་དེ་ས་གནས་གཞན་ཞིག་གི་ཡིག་སྐད་དང༌། ཡང༌། ས་གནས་གཞན་ཞིག་གི་ཡིག་སྐད་དེ་ས་གནས་གཞན་ཞིག་གི་ཁ་སྐད་ཡིན་པ་དེ་འདྲ་ཡོད་པ་རེད། འདིས་ག་རེ་སྟོན་གྱི་ཡོད་པ་རེད་ལབ་ན། ཡུལ་སྐད་དང་ཡིག་སྐད་གཉིས་ལ་ལྟོས་ས་ལྟོས་འཇོག་གི་འབྲེལ་བ་ཞིག་ཡོད་པ་དེ་རེད།
གོང་ནས་རོབ་ཞུས་ལྟར། ཡུལ་སྐད་དང་ཡིག་སྐད་གཉིས་ལ་གདངས་ཀྱི་ཁྱད་པར་ཡོད་པ་དེ་ཆུང་དུ་དང་མེད་པར་གཏོང་དགོས་ན། ང་ཚོས་ཡི་གེའི་སྐྱེ་གནས་གཞི་ལ་བཞག་ན་ལས་གཞན་གྱི་གཞི་འཛིན་ས་ཞིག་བཙལ་དུ་མེད། ཡིན་ནའང༌། བོད་མི་ས་ཡ་དྲུག་གི་མང་ཤོས་ནི་ཡིག་རྨོངས་པ་ཡིན་སྟབས། ང་ཚོས་ཡི་གེའི་སྐྱེ་གནས་ཙམ་གཞི་ལ་བཞག་ནས་འགྱུར་བ་གཏོང་ཡུལ་གྱི་ཁོར་ཡུག་དེ་ཆུང་ངུ་ལས་མེད། ད་ནི་ང་ཚོས་ཅི་ཞིག་བྱ་དགོས་སམ། ད་ཕན་གྱི་དུས་ཡུན་ནང་འགྲིམ་འགྲུལ་སྟབས་མི་བདེ་བ་རྒྱུ་མཚན་དུ་བགྲངས་ནས་སྐད་ཡིག་གཅིག་གྱུར་ལ་གནོད་པ་ཐེབས་སྐོར་བརྗོད་པ་རེད་དེ། འདི་ཙམ་ནི་རྒྱུ་མཚན་ཕྱོགས་གཏོགས་ཙམ་ལས་གནད་འགག་གི་ཁུངས་སུ་རུང་བ་ཅང་མ་རེད།
ཀློག་གདངས་གཅིག་གྱུར་ལ་བསམ་བློ་གཏོང་སྐབས། ཐོག་མར་ངེས་དགོས་པའི་གནད་ནི། ཀློག་གདངས་ཕྱོགས་གྱེས་འགྲོ་སྟངས་འཚོལ་རྒྱུ་དེ་རེད། དེ་ཡང་སྐད་ཆ་སྔོན་ལ་བྱུང་བ་དང་ཡི་གེ་རྗེས་སུ་བྱུང་བའི་གོ་རིམ་དང༌། ཡི་གེའི་སྦྱོར་ཚུལ་གྱི་རྣམ་གཞག་དེ་སྐད་ཆ་ལ་གཞི་བྱས་ནས་བཟོས་པའི་བརྒྱུད་རིམ་གཉིས་མ་གླེང་བར་ཀློག་གདངས་གཅིག་གྱུར་གྱི་སྣེ་མོ་ཞིག་རྙེད་དཀའ་བ་ཡིན་ནའང༌། ང་ཚོས་གླེང་ཐུབ་པ་དང་མཚམས་ཚིགས་སུ་ངོས་འཛིན་གྱིན་པ་ནི་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མིས་ཡི་གེ་དང་དེའི་སྦྱོར་ཚུལ་གྱི་རྣམ་གཞག་ཅིག་བརྩམས་ཡོད་པ་ལ་གཞི་འཛིན་གྱི་ཡོད་སྟབས། དུས་རབས་བདུན་པ་ཚུན་གྱི་སྐད་ཆ་དང་ཡི་གེའི་རྣམ་གཞག་གཉིས་ལ་ཁྱད་པར་ཅི་ཡོད་ཅིག་ལས་བལྟ་སའི་གཞི་རྙེད་ཀྱི་མེད། འདི་འདྲ་ཡིན་སྟབས། བོད་ཀྱི་སྐད་དང་ཡི་གེའི་རྣམ་གཞག་གཉིས་ལ་ཁྱད་པར་ཅི་སོང་ཞིག་ཤོད་ཐུབ་ཀྱི་ཡོད་པའང་དུས་རབས་བདུན་པ་ནས་ད་བར་བེད་སྤྱོད་བྱེད་ཀྱིན་པའི་བརྡ་སྤྲོད་རྣམ་གཞག་འདིའི་སྟེང་ནས་འཚོལ་གྱི་ཡོད་པ་དང༌། བཙལ་ནས་རྙེད་པའི་མཐའ་དོན་ནི། ཡིག་སྐད་ནང་གང་འབྲི་བཞིན་པ་དེ་སྐད་ཆའི་ནང་བེད་སྤྱོད་བྱེད་ཀྱི་མེད་པ་དང༌། སྐད་ཆའི་ནང་གང་ཤོད་ཀྱིན་པ་དེ་ཚོ་ཡིག་སྐད་ནང་འབྲི་ཤེས་ཀྱི་མེད་པའི་གནས་སྟངས་འདི་རེད། འདི་ནི་དུས་རབས་བདུན་པ་ནས་ད་བར་ཏེ། མི་ལོ་ཆིག་སྟོང་སུམ་བརྒྱ་ཡས་མས་ཀྱི་ནང་འགྱུར་བ་ཅི་ཕྱིན་གྱི་ད་ལྟའི་གནས་སྟངས་རེད། འདིར་ཤེས་དགོས་པའི་གནད་དུ་གྱུར་པ་ནི། ཡིག་ལམ་གྱི་སྐད་ཆར་འགྱུར་བ་མ་ཕྱིན་པར་སོར་གནས་ཀྱིས་ཡོད་པ་དང༌། ངག་ནས་བརྗོད་པའི་སྐད་ཆ་ལ་འགྱུར་བ་རབས་དང་རིམ་པ་ཕྱིན་ཡོད་སྟབས། སྐད་དང་ཡི་གེ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཤོར་བ་དང༌། ཡང༌། ཡི་གེ་ཤེས་མཁན་ལས་མི་ཤེས་མཁན་མང་བ་འདིས། ཡི་གེ་ཤེས་མཁན་ནང་ཕན་ཚུན་ལ་བརྡ་སྤྲོད་པའི་དཀའ་ངལ་དེ་ཙམ་མེད་ནའང༌། ཡི་གེ་མི་ཤེས་མཁན་ནང་ཕན་ཚུན་བར་བརྡ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་ཡོད་པ་རེད། དོན་འདིས། ང་ཚོར་ལམ་ཁ་གཅིག་རང་བསྟན་ཡོད་པ་སྟེ། བོད་མི་སྤྱི་ཡོངས་ནས་གོ་སྤྱོད་འཕེར་བའི་སྐད་དེ་སླར་གསོ་བྱེད་དགོས་ན། ངེས་པར་དུའང་ཡི་གེར་སློབ་སྦྱོང་དང༌། ཀློག་གདངས་གཅིག་གྱུར་ཡོང་བར་འབད་པ་བསྟེན་དགོས་ཤིང༌། འབད་པ་དེ་ཡང་ཡི་གེའི་རྣམ་གཞག་ནས་བསྟན་པའི་སྐྱེ་གནས་ལས་བྱུང་བའི་གདངས་ལ་གཞོལ་བ་ཞིག་དགོས་པ་ཡིན། བརྒྱུད་རིམ་འདི་ནི་ཡུལ་སྐད་དེ་ཡིག་སྐད་ནང་འཁྲིད་པའི་རིམ་པ་ཞིག་དང༌། འདི་ལྟར་འཁྲིད་པས་སྐད་ཆ་དང་ཡི་གེ་གཉིས་གཅིག་པ་ཆགས་ཐུབ་པ་དང༌། འདི་ཐད་ཀྱི་དཔེ་མཚོན་ཡག་ཤོས་ཀྱང་ཕྱིར་སྡོད་བོད་མིའི་སྐད་བབ་འདི་རེད།
མཇུག་འདིར། བརྒྱ་བཤད་ཚིག་རྩ་མདོར་བསྡུས་ནས་བཤད་ན། ཡུལ་སྐད་དང་ཡིག་སྐད་གཉིས་ལ་འབྲེལ་བ་ཡོད་པའི་ངོས་གཅིག་པུ་གཙོ་འདོན་བྱེད་པའི་དབང་དུ་བྱས་ན། པ་དང་བ་ཡི་འགོད་སྟངས་4ཁོ་ན་ལས་འཕྲོས་པས་ཀྱང་བཤད་རྒྱུ་ཅི་བས་མང་པོ་ཞིག་ཡོད་པ་ཡིན་སྟབས། དེ་ནི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ཞིབ་འཇུག་ཆ་ཚང་བྱེད་ཐུབ་པ་ཞིག་མ་རེད་ལ། དེ་བས་ཀྱང༌། བོད་ཀྱི་ཡུལ་སྐད་དང་ཡིག་སྐད་བར་གྱི་ཁྱད་པར་དབྱེ་ཞིང༌། དེ་གཉིས་བར་གྱི་འབྲེལ་བ་གསལ་བཤད་བྱེད་པ་ལ་མ་མཐར་ཡང་དག་ཡིག་དང་ཚིག་མཛོད་ཆེན་པོ་ཞིག་བསྒྲིགས་ན་ལས། ཁྱད་པར་ཤོར་སའི་གཞི་དང༌། ཁྱད་པར་རེ་རེ་བཞིན་གསལ་བཤད་བྱེད་ཐབས་མེད་པར་འདོད་ཅིང༌། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ང་ལྟ་བུ་ཤེས་ཡོན་གནས་ཚད་གཉོམ་པ་ཞིག་གིས་དེ་བས་ཀྱང་གླེང་ཤེས་ཐབས་མེད་པ་ཞིག་རེད། འདི་འདྲ་ཡིན་སྟབས། གོང་དུ་གང་བཤད་པ་རྣམས་མཁས་པ་དང་ཉམས་ཞིབ་པ་གཞན་དག་གི་དགོངས་ཚུལ་གཞི་ལ་བཞག་ཅིང༌། རང་གི་ལྟ་ཚུལ་རིགས་སྣོན་མར་སྤྲོས་པའི་རིམ་པ་འདིར། ནང་འགལ་དུ་གྱུར་པའི་ཆ་ཅི་བས་ཀྱང་ཡོད་ངེས་ལགས་ན། ཤེས་ནས་སྨྲ་བ་དག་གིས་དགོངས་འཆར་གནང་སྐྱོང་ཡོང་བ་ཞུའོ།། །།
(རྡོ་རྗེ་དབང་ཕྱུག་ལགས་ནི། ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་འགན་འཛིན་གྱི་ཕྱག་ལས་གནང་མུས་ཡིན།)

 

མཆན།

  1. བརྡ་གསར་རྙིང་གི་མཚམས་ཚིགས་ནི། སྐད་གསར་བཅད་རང་ལ་གཞི་བྱེད་པ་སྟེ། དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མིས་སྐད་གསར་བཅད་དང་པོ། དུས་རབས་དགུ་པའི་ནང་སྐ་ཅོག་ཞང་གསུམ་སོགས་ནས་གསར་བཅད་གཉིས་པ། ཕྱིས་དུས་རབས་བཅུ་པའི་ནང་ལོ་ཆེན་རིན་བཟང་སོགས་ནས་གསར་བཅད་གསུམ་པ་གནང་ཞིང༌། དེ་ཡང་སྔ་མ་སྔ་མར་བརྡ་རྙིང་པ་དང་ཕྱི་མ་ཕྱི་མར་བརྡ་གསར་པའི་ཐ་སྙད་ཀྱི་ཁྱད་ཕྱེས་པ་ཡིན། དོན་འདིས། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པ་<<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་>> ནི། དུས་རབས་དགུ་པའི་ནང་སྐཅོག་ཞང་གསུམ་གྱིས་སྐད་གསར་བཅད་མ་མཛད་སྔོན་ལ་བརྡ་རྙིང་པ་དང༌། དེ་ཕྱིས་གསར་བཅད་རིགས་ལ་བརྡ་གསར་པའི་མཚམས་ཚིགས་སུ་བཟུང་གནང་བའི་གསལ་བཤད་བཀོད་ཡོད་པ་ལྟ་བུ་ཡིན་ལ། དེའི་ནང༌། རྒྱ་དང་སོག་པོའི་སྐད་བོད་སྐད་ནང་ཞུགས་པ་ཁག་ཅིག་སྐད་གང་ཡིན་ཤན་མ་ཕྱེས་ནས་བོད་སྐད་དུ་འཁྲུལ་འགྲོ་བའི་དཔེ་མཚོན་ལ། བློན་པོ་ལ་ཕྱིང་སང༌། གྲུམ་ཙེ། ཅོག་ཙེ་སོགས་བཀོད་པ་དང༌། དེ་བཞིན་སོག་སྐད་ཀྱི་བརྡའི་དཔེ་མཚོན་དུ། དབང་ཆེ་བ་ལ་ད་ར་ཁ་ཆེ་སོགས་དང༌། ལེགས་སྦྱར་གྱི་སྐད་ཟུར་ཆག་པའི་དཔེ་སྟོན་དུ། ས་ཧོ་ར་ལ་ཟ་ཧོར། མུཀཏི་ཀ་ལ་མུ་ཏིག སཱ་ཙཚཱ་ལ་ཚ་ཚ། ཀེ་ས་ར་རལ་བ་ཡིན་པ་ཟུར་ཆག་པས་གེ་སར། མགྲིན་པའི་སྐད་དོད་གྲཱི་ལ་ཟུར་ཆག་པས་གྲེ་བ་སོགས་དང༌། བོད་སྐད་ཉིད་མ་དག་པས་བརྡ་རྙིང་དུ་འཁྲུལ་འགྲོ་བར་ཡང༌། སོར་མོའི་རིས་ལ་སོར་རིས་ཞེས་པར་ཟོ་རིས་སོགས་མང་བ་དག་ལི་ཤིའི་གུར་ཁང་དུ་མཐའ་ཡས་པར་བཀོད་ཡོད་པ་སོགས་ཀྱང་གནད་དུ་མཐོང་ངོ༌། །
  2. གཞན་ཡང༌། ཨམ་སྐད་ཁོ་ནའི་དབང་དུ་བྱས་པས་དེ་ལས་ཀྱང་མང་བར་ཡོད་པ་སྟེ། སྒྲུང་ལ་སྒྱུང༌། ཁྲབ་ལ་ཁྱབ། བཀྲུ་བ་ལ་བཀྱུ་བ། གྲུ་ཁ་ལ་གྱུ་ག། སྲུང་ལ་ཧྲུང༌། བསྲངས་ལ་ཧྲངས། སྲེག་ལ་ཧྲག བྱས་དང་བྱེད་པ་ལ་ཡས་དང་ཡེད། ངེད་ཅག་ལ་ངེད་ཆ་ག དར་བ་ལ་དར་ར། ངར་བ་ལ་ངར་ར། ཟོར་བ་ལ་ཟོར་ར། དཀར་པོ་ལ་དཀར་རོ། ནོར་བུ་ལ་ནོར་རུ། འཛེར་བུ་ལ་འཛེར་རུ། བསྟོད་པ་ལ་བསྟོད་ར། བླ་བྲང་ལ་བླ་རང༌། བཅུ་དྲུག་ལ་བཅུ་རུག སྦྲིད་པ་ལ་རིད་པ། སྦྲ་ལ་ར། ཕོ་མོ་ལ་ཧོ་མོ། སྤོབས་པ་ལ་ཧོབས་པ། ཕུན་ཚོགས་ལ་ཧུན་ཚོགས། རྡོ་རྗེ་ཕག་མོ་ལ་རྡོ་རྗེ་ཧག་མོ། ཕ་མ་ལ་ཧ་མ། ཕག་ཤ་ལ་ཧག་ཤ། ཕིགས་ལ་ཧིགས། འགྲུལ་བ་ལ་འགྲུའུ་བ། རི་སུལ་ལ་རུ་སུའུ། གྱོལ་བོ་ལ་གྱོའུ་བོ། སིལ་ཏོག་སིའུ་ཏོག སྲང་གང་ལ་ཧྲང་གང༌། སྲོག་ལ་ཧྲོག འབྲོག་པ་ལ་འབྲོག་དཔའ། སྒོག་པ་ལ་སྒོག་དཔའ། གྲགས་པ་ལ་གྲགས་དཔའ། བཅོ་བརྒྱད་ལ་བཅོབ་བརྒྱད། རྒྱ་མཚོ་ལ་རྒྱམ་མཚོ། ས་གཞི་ལ་སག་གཞི། རྒྱུ་མཚན་ལ་རྒྱུམ་མཚན། སྒྱུ་རྩལ་ལ་སྒྱུར་རྩལ་སོགས་ཤིན་ཏུ་མང་བ་ནས། དེ་བཞིན་དབུས་སྐད་དང་ཁམས་ནང་དུའང་འདི་འདྲ་མང་བ་ཡིན།
  3. ཆོལ་ཁ་རེར་སྐད་མཛོད་རེ་བཟོ་བཞིན་པ་ནི། ཆོལ་ཁ་རེ་རེ་བའི་ནང་ཡུལ་སྐད་དེ་བརྟན་པོར་གནས་ཐབས་དང༌། ཆོལ་ཁའི་ཡུལ་སྐད་དེ་ཆོལ་ཁ་ཕན་ཚུན་བར་གོ་བརྡ་སྤྲོད་པར་ཕན་ཆ་མེད་པ་ག་ལ་ཡིན་ཏེ། དེ་ཙམ་ནི་ཡི་གེ་ཤེས་མཁན་ནང་ཕན་ཚུན་ཙམ་ལ་ལས་བེད་ཁྱབ་འགྲོ་ཡུལ་མེད་པ་ནས། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། བོད་ཀྱི་སྐད་དང་ཡི་གེའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཚོར་དཔྱད་གཞིའི་ཡིག་ཆར་མཁོ་གལ་ཆེ་བ་ཡིན། གང་ལྟར། ཆོལ་ཁ་ཕན་ཚུན་གྱི་སྐད་བརྡ་སྦྱོང་མཁན་དང༌། མི་རིགས་གཞན་དག་ནས་བོད་ཀྱི་ཡུལ་སྐད་གང་རུང་སྦྱོང་བར་ཕན་པ་ཡོད་པའང་ཡིན། ཡང༌། བོད་ཀྱི་དུས་དེབ་ཁག་ནང༌། ཆོལ་ཁའི་ཡུལ་སྐད་དེ་ཡིག་སྐད་ནང་ཤོར་ནས་ཡིག་སྐད་ནང་བཞིན་གྱི་བརྡ་འཕྲོད་པར་བར་ཆད་ཆེ་བ་སོགས་འབྱུང་གིན་ཡོད་པར་ཡང་བསམས་དགོས་པ་མང་ངོ༌། །
  4. ཞར་བྱུང་གི་ཚུལ་དུ། བདག་སྒྲ་དང་མིང་མཐའི་”པ་”དང་”བ་”ཡི་སྐོར་བཤད་ན། ལེགས་བཤད་ལྗོན་དབང་ནང༌། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་པ་ཞིག་ཡོད་པ་དེར་གོ་བ་ལེན་སྟངས་གཉིས་སུ་གྱེས་པས། དང་བོ་ལ་དང་པོ་ཟེར་དགོས་རེད་ལབ་མཁན་དང༌། དང་པོ་ལ་དང་བོ་ལབ་དགོས་རེད་ཟེར་མཁན་རིགས་གཉིས་བྱུང་ཡོད་པ་དང༌། ཕྱོགས་གཉིས་ཀས་སྒྲུབ་བྱེད་སྣ་ཚོགས་བཀོད་ཀྱི་ཡོད་ཅིང༌། དེ་བས་ཀྱང་ཁ་ཤས་ཤིག་ནས། པ་དང་བ་གཉིས་ཀྱི་གང་བྲིས་ནའང་དོན་དག་ལ་འགྱུར་བ་མེད་པར་གཅིག་པ་རེད་ལབ་ཀྱི་ཡོད་པ་རེད། དཔེ་མཚོན་ཅིག་བཀོད་ནས་བཤད་ན། ཆུ་མིག་སོགས་ནས་ཆུ་བཅུ་བ་ཞེས་པའི་ལས་ཚིག་གི་སྐབས་བ་ཡིག་འབྲི་བ་དང༌། གྲངས་ཀྱི་བཅུ་ལ་བཅུ་པ་ཞེས་མིང་ཚིག་གི་སྐབས་སུ་པ་ཡིག་འབྲི་བ་གཉིས་ལ་ཁྱད་པར་ཡོད་པ་ཡིན་སྟབས། དེ་གཉིས་ཀྱི་བསྟན་དོན་གཅིག་པར་བཤད་མི་ཐུབ། ཡང༌། ཤར་པ། རོང་པ་ཞེས་པ་ཡིག་འབྲི་བ་དེ་བཞིན། ཤར་ཕྱོགས་སུ་སྡོད་པ་པོ་དང་རོང་ཕྱོགས་ནས་སྡོད་པ་པོ་ཞེས་པའི་སྐབས་ཀྱི་པོ་ཡིག་དང་སྡོད་ཅེས་པའི་ལས་ཚིག་བསྡུས་པའི་པ་ཡིག་ཡིན་པའི་གནད་ཤེས་ན་ངེས་སླ་ཞིང༌། འདིས་མཚོན་ཞིང་ལས་པ་པོ་ལ་ཞིང་པ། མདའ་འཕེན་པ་པོ་ལ་མདའ་པ་སོགས་སྦྱོར་བ་ཡིན། ད་དུང་ཁ་གསལ་དུ་བཏང་ན། མགར་བ། འགྲུལ་བ། ཤར་བ་ཞེས་བ་ཡིག་བཀོད་པས་བྱེད་པ་སྟོན་པ་དང༌། མགར་པ། འགྲུལ་པ། ཤར་པ་ཞེས་པ་ཡིག་སྦྱར་བས་བྱེད་པ་པོ་སྟོན་པའི་ཁྱད་ཡོད་པ་སྟེ། ཤར་བ་ཞེས་བ་ཡིག་སྦྱར་བས་ནི་སེམས་ལ་ཤར་བ། ཉི་མ་ཤར་བ། གོ་སྐབས་ཤར་བ་སོགས་སྟོན་པ་ལས། བདག་སྒྲ་སྟོན་བྱེད་དུ་མི་འགྲོ་བ་ཡིན་སྟབས། བདག་སྒྲ་སྟོན་དགོས་ན་ངེས་པར་དུའང་ཤར་པ་ཞེས་བྲིས་ན་ལས། ནོར་སོ་ཅན་དུ་འགྱུར་བ་སོགས་ཀྱི་གནད་འདིས། པ་དང་བ་གཉིས་ཀྱི་གང་སྦྱར་ཡང་དོན་དག་གཅིག་ཏུ་བལྟ་བ་ནི་ཁུངས་ཐུབ་པའི་རྒྱུ་མཚན་དང་ལྡན་པ་ཞིག་མིན། འདི་ཡང་ཡུལ་སྐད་དང་ཡིག་སྐད་བར་གྱི་གནད་དོན་ཅིག་རེད།