(དེབ་གོང་མའི་འཕྲོ)  ཨ་ཚོགས་བསྟན་འཛིན་འཇམ་དབྱངས།

 

བཞི་པ། སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་བསྒྲུབ་པའི་ཚུལ་དངོས་བཤད་པ།

        སྤྱིར་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་པ་ནི་སྙིང་ནས་གྲོལ་བ་དོན་གཉེར་གྱི་སྐྱེས་བུས་མངོན་པར་འདོད་པའི་དོན་ཏེ་གཏན་བདེ་ཐར་བ་ཉིད་བསྒྲུབ་པའི་ཆེད་དུ་ཡིན་པ་ལས་རང་ཕྱོགས་ཀྱི་སྟོན་པ་བཟང་བ་དང་གཞན་ཕྱོགས་ཀྱི་སྟོན་པ་ངན་པར་བསྒྲུབ་པའི་འཇིག་རྟེན་ཕལ་བའི་སྡང་ཞེན་གྱི་ཕྱོགས་རིས་ཙམ་དམིགས་འདུན་དུ་བཟུང་བ་ལྟ་བུ་ཞིག་མིན་པར་གྲོལ་བ་དོན་གཉེར་གྱི་སྐྱེས་བུ་གང་ཞིག་གིས་སྟོན་པ་སུ་ཞིག་ལ་བསྟེན་ན་གཏན་བདེའི་ཐར་བ་འཐོབ་པར་འགྱུར་བའི་སྟོན་པ་དེ་ནི་སྐབས་འདིར་འཚོལ་སྒྲུབ་དམིགས་འབེན་གྱི་ཚད་མའི་སྐྱེས་བུར་བསྒྲུབ་པའི་སྟོན་པ་དེ་ཡིན། དེར་བརྟེན། གྲོལ་བ་དོན་གཉེར་གྱི་བསམ་འདུན་ནམ་བཞེད་དོན་མཐའ་དག་བསྒྲུབ་ཐུབ་པའི་སྟོན་པ་དེ་ནི་རིགས་རུས་དང༌། སྐྱེ་གནས། རྫུ་འཕྲུལ། མངོན་ཤེས། དཔལ་འབྱོར། གོ་གནས། སྐུའི་བྱད་དབྱིབས་སོགས་ཀྱིས་ཚད་མའི་སྐྱེས་བུར་ངེས་རྟོགས་བྱེད་མི་ནུས་ལ། འོ་ན། རྒྱུ་མཚན་གང་ཞིག་ལ་བརྟེན་ནས་འཚོལ་དགོས་ཟེར་ན། མཐོ་བཙུན་གྲུབ་རྗེས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་བློ་གཟུ་བོར་གནས་པའི་གསུང་གནང་བ་བཞིན། ཕྱི་ནང་གི་སྟོན་པ་ཚོས་ཐར་བ་སྒྲུབ་ཚུལ་གྱི་ཐབས་ལམ་འདྲ་མིན་བཀའ་བསྩལ་བའི་གསུང་རབ་ཁག་ལ་ཞིབ་འཇུག་གཏིང་ཟབ་གནང་ནས་གཞི་ལམ་འབྲས་གསུམ་གྱི་བརྗོད་དོན་གང་ཞིག་ལ་ཚུལ་གསུམ་ཚད་མའི་གནོད་པ་མེད་ཅིང༌། གནད་གང་ཡིན་ལ་དྲི་མ་མེད་པའི་རིགས་ལམ་གྱི་རྒྱབ་ལྗོངས་དང་གཏིང་གནོན་ཡོད་མེད་ཀྱི་ཆ་ནས་བལྟ་དགོས། རྒྱུ་མཚན་དེས་ན། འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་དེ་ཡང་གོང་སྨོས་ཀྱི་དཔྱད་ཚུལ་དེ་ལས་འདའ་ས་གཞན་མེད་ཅང༌། དེ་ལྟ་ན། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་བསྩལ་བ་ཐམས་ཅད་ཀྱི་ནང་དོན་མཐའ་དག་ཚུར་བསྡུས་ན། མངོན་མཐོ་ངེས་ལེགས་དང༌། དེ་སྒྲུབ་པའི་ཐབས་གཉིས་ཀྱི་ནང་དུ་འདུ་ལ། དེ་ཡང་བདེན་པ་བཞིའི་ནང་དུ་མ་འདུས་པ་ཞིག་མེད་པས། བདེན་བཞིའི་བབ་ལུགས་དང་སྟོང་ཉིད་ཀྱི་འཇོག་ཚུལ་བཅས་ལ་ཚད་མས་གནོད་པ་མེད་ཅིང་བདེན་དོན་དངོས་གཤིས་རིགས་པ་དང་མཛའ་བ་ཟབ་པའི་ཚུལ་གོང་དུ་བཤད་ཟིན་པ་དེ་ལྟར་རྒྱལ་བའི་གསུང་རབ་ཀྱི་བརྗོད་བྱ་བདེན་བཞི་དང་སྟོང་ཉིད་ཀྱི་རྣམ་བཞག་འཐད་ལྡན་མི་བསླུ་བར་ངེས་ཤིང་གྲུབ་པ་འདིས། འཕགས་པའི་བདེན་པ་བཞི་དང་སྟོང་བ་ཉིད་བརྗོད་བྱར་བྱེད་པའི་རྒྱལ་བའི་གསུང་རབ་སྟེ་ལུང་གི་བསྟན་པ་འཐད་ལྡན་མི་བསླུ་བར་ངེས་ཤིང་གྲུབ་ལ། རྒྱལ་བའི་ལུང་གི་བསྟན་པ་མི་བསླུ་བར་ངེས་པས་ལུང་དེ་ཉིད་ཐོག་མར་གསུང་མཁན་གྱི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་གྲོལ་བ་དོན་དུ་གཉེར་བའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས་མཐར་ཐུག་གི་སྟོན་པར་ཚད་མས་གྲུབ་པ་སྟེ་ཚད་མའི་སྐྱེས་བུར་ངེས་པ་ཡིན་ནོ། །དེའི་ཚུལ་ཡང༌། དཔེར་ན། འཇིག་རྟེན་དུ་བདེན་པའི་དོན་ཅན་རྐྱང་སྨྲ་བའི་ངག་ལ་བརྟེན་ནས་སྨྲ་བ་བོ་སྐྱེས་བུ་ཚད་ལྡན་གཟི་བརྗིད་ཅན་དུ་བརྩི་བ་བཞིན་ནོ། །དེ་ནི་རྟགས་སྦྱོར་གྱི་རྣམ་པར་འགོད་ཚེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་དུ་གཉེར་བའི་གང་ཟག་ལ་ལྟོས་ཏེ་ཚད་མའི་སྐྱེས་བུར་ངེས་པ་ཡིན་ཏེ། བཅོམ་ལྡན་འདས་རང་ཉིད་ཀྱིས་རང་དབང་གི་སྒོ་ནས་བདེན་བཞིའི་བླང་དོར་སོགས་བཀའ་བསྩལ་བའི་གསུང་རབ་ཐམས་ཅད་ཀྱི་བརྗོད་དོན་བསྟན་པ་ལྟར་དུ་དངོས་གཤིས་བདེན་དོན་རིགས་པས་གྲུབ་པའི་ཕྱིར། དེ་ཡང་ཡིན་ཏེ། རྒྱལ་བའི་གསུང་རབ་རྣམས་ཀྱི་ནང་དོན་ཐམས་ཅད་ཚུར་བསྡུས་ན་འཕགས་པའི་བདེན་པ་བཞིའི་ནང་དུ་འདུས་པས་བདེན་བཞིའི་བླང་དོར་རྣམ་བཞག་འཇོག་ཚུལ་གྱི་ཐད་ལ་ཚད་མས་གནོད་པ་མེད་ཅིང་གནད་གང་ཡིན་ལ་དངོས་སྟོབས་རིགས་པས་གྲུབ་པའི་ཕྱིར་ཞེས་པའོ། །དོན་གནད་དེར་དགོངས་ནས། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བརྗོད་བྱ་རྟོགས་པའི་བསྟན་པ་ཚད་མས་གྲུབ་པའི་སྒོ་ནས་བརྗོད་བྱེད་ལུང་གི་བསྟན་པ་སྐྱོན་མེད་པར་གྲུབ་པ་ཡིན་ལ། དེ་སྐྱོན་མེད་པར་གྲུབ་པ་ན། དེའི་རྟགས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་གྲུབ་པ་ཡིན་ནོ། །ཞེས་དང༌། རྟེན་འབྲེལ་བསྟོད་པ་ལས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །ཅེས་གསུངས་པ་ཡིན་ནོ། །མདོར་ན། ང་ཚོས་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་ཡིན་མིན་གྱི་རྟོག་དཔྱོད་ལ་ཞུགས་ཚེ། དང་ཐོག་སྟོན་པ་ཁོང་གིས་གསུང་བའི་གསུང་རབ་ཀྱི་ནང་དོན་ལ་བརྟག་གཞིགས་བྱེད་པ་ནས་མགོ་ཚུགས་དགོས། དེ་ཡང་གསུང་རབ་ཀྱི་ནང་དོན་བདེན་གཉིས་དང་བདེན་བཞིའི་རྣམ་བཞག་དག་ལ་དཔྱོད་བྱེད་ཚད་མ་གསུམ་དང༌། ཡང་ན་རིགས་པ་བཞིས་བརྟགས་ཏེ་གནོད་པ་མེད་པར་མ་ཟད། གནད་གང་ཡིན་ལ་དངོས་སྟོབས་རིགས་པའི་རྒྱབ་རྟེན་ཚད་མ་ཡོད་པར་ངེས་རྟོགས་རྙེད་ཚེ། གསུང་རབ་ཀྱི་ནང་དོན་དེ་དག་འཐད་ལྡན་དུ་ངེས་ཤེས་རྙེད་པ་དེ་ཉིད་རྒྱུ་མཚན་དུ་བཀོད་དེ་རྒྱལ་བའི་གསུང་རབ་སྟེ་ལུང་གི་བསྟན་པ་སྐྱོན་མེད་ཡང་དག་ཏུ་གྲུབ་པ་ཡིན། དེ་ནས་ད་གཟོད་བརྗོད་བྱ་རྟོགས་པའི་བསྟན་པ་དང༌། རྗོད་བྱེད་ལུང་གི་བསྟན་པ་གཉིས་ཡང་དག་ཏུ་ངེས་པ་རྒྱུ་མཚན་དུ་བཀོད་ནས། ཐུབ་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་དགོས་པ་ཞིག་ཡིན། དོན་གྱི་གནད་འདི་ལ་དགོངས་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སངས་རྒྱས་རང་གིས་ཀྱང་གསུངས་སོ། །འོན་ཀྱང་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་ཐབས་ཚུལ་གྱི་བརྒྱུད་རིམ་འདི་ཁོ་ནར་མ་ངེས་ཏེ། དཔེར་ན། སློབ་དཔོན་ཀླུ་སྒྲུབ་དང་རྗེ་ཙོང་ཁ་པ་ལྟ་བུ་ནི་མཐའ་བྲལ་རྟེན་འབྱུང་གི་དོན་དཔྱིས་ཕྱིན་ངེས་པ་ཙམ་ལ་བརྟེན་ནས་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་ཐུབ་པ་བཅོམ་ལྡན་འདས་ཉག་གཅིག་ཚད་མའི་སྐྱེས་བུར་གྲུབ་པའི་ངེས་ཤེས་རྙེད་པ་ནི། ཆོས་དབྱིངས་བསྟོད་པ་དང༌། རྟེན་འབྲེལ་བསྟོད་པ་གཉིས་ལས་རྟོགས་ཐུབ་པར་མཁས་དབང་འགས་གསུངས་པ་ནི་དོན་ལ་གནས་པར་སྙམ་ཞིང༌། འདི་བཞིན་སློབ་དཔོན་དཔའ་བོས་རང་ཉིད་ལུང་བསྟན་པའི་མདོ་མཐོང་བ་ལ་བརྟེན་ནས་སྟོན་པ་ལ་མི་བསླུ་བའི་ཡིད་ཆེས་རྙེད་པ་དང༌། མཐོ་བཙུན་གྲུབ་རྗེས་ཕྱི་རོལ་སྟོན་པ་རྣམས་ཆགས་སྡང་གི་སྐྱོན་དང་བཅས་པ་དང༌། ནང་བའི་སྟོན་པ་ནི་དེ་ལས་ལྡོག་སྟེ་ཡོན་ཏན་དུ་མའི་གཏེར་དུ་མཐོང་བའི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་ལ་མི་བསླུ་བའི་ཡིད་ཆེས་རྙེད་པ་དང༌། ད་དུང་སྟོན་པའི་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་སྣ་རེ་ལ་བརྟེན་ནས་སྟོན་པ་ལ་མི་བསླུ་བའི་ཡིད་ཆེས་སྐྱེས་པ་ཤིན་ཏུ་མང་བོ་ཡོད་ཚོད་ཀྱང༌། དེ་དག་གིས་སྟོན་པ་ཚད་མའི་སྐྱེས་བུར་ངེས་པ་རྙེད་ཡོད་མིན་ནི། མཐའ་གཅིག་ཏུ་ཁ་ཚོད་གཅོད་དཀའ་བས་དཔྱད་གཞིར་ཆེ། གཞན་ཡང༌། དཔལ་ལྡན་ས་སྐྱ་བའི་མཁས་གྲུབ་རྣམས་ཀྱིས་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་སྐོར་འཆད་སྐབས་བླ་མ་ཚད་མ་དང༌། ཉམས་མྱོང་ཚད་མ། མན་ངག་ཚད་མ། ལུང་ཚད་མ་སྟེ་ཚད་མ་བཞི་ལ་སྦྱར་བའི་སྒོ་ནས་འཆད་ཀྱིན་ཡོད་ལ། དེ་ལྟ་ན་ཚད་མ་བཞིའི་བརྒྱུད་རིམ་ལས་ཀྱང་སྟོན་པ་རྡོ་རྗེ་འཆང་ཚད་མའི་སྐྱེས་བུར་ངེས་པའི་ཐབས་ཤིག་ཡོད་དམ་སྙམ་སྟེ། དེ་ཡང་དང་ཐོག་གྲོལ་བ་དོན་དུ་གཉེར་བའི་གང་ཟག་གང་ཞིག་གིས་བླ་མ་ཚད་མ་བསྟེན་པ་ལས་རང་རྒྱུད་ལ་རྟོགས་པའི་ཉམས་མྱོང་ཚད་མ་སྐྱེས་ཤིང༌། དེ་ལས་བླ་མས་རང་ལ་གནང་བའི་མན་ངག་ཟབ་མོ་ཚད་མར་ངེས་ལ། དེ་ལས་མན་ངག་གི་འབྱུང་ཁུངས་རྒྱལ་བའི་ལུང་སྡེ་སྣོད་གསུམ་ཚད་མར་ངེས་ཤེས་རྙེད་པ་འདིས། ལུང་སྡེ་སྣོད་གསུམ་གསུང་མཁན་གྱི་སྟོན་པ་རྡོ་རྗེ་འཆང་ཉག་གཅིག་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་ཚད་མའི་སྐྱེས་བུར་གྲུབ་པ་ཡིན་ནོ། །གས་མཚམས་འདི་ནས་བཟུང་རྟོགས་ལྡན་དེའི་རྒྱུད་ལ་སྟོན་པ་རྡོ་རྗེ་འཆང་ལ་དམིགས་པའི་ཆོས་ཀྱི་དད་པ་སྟེ། རྒྱུ་མཚན་ཤེས་པའི་སྒོ་ནས་བློ་ལང་བསྐྱུར་ཀྱི་དད་པ་སྐྱེས་པའི་མགོ་ཚུགས་པའང་ཡིན་པར་བཤད་ན་འོས་འབྲེལ་ཆེ་བར་སྙམ།

 

ལྔ་པ། ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་བཤད་པ།

    རིགས་པའི་དབང་ཕྱུག་གཉིས་ཀྱིས་ཚད་མ་མདོ་སྡེ་བདུན་དང་བཅས་པ་མཛད་པའི་དམིགས་གཏད་ནི་སྟོན་པ་བཅོམ་ལྡན་འདས་གྲོལ་བ་དོན་དུ་གཉེར་བ་རྣམས་ལ་ཚད་མའི་སྐྱེས་བུ་ཉག་གཅིག་དང་དེའི་བསྟན་པ་སྐྱོན་མེད་དུ་བསྒྲུབ་པའི་ཆེད་དུ་ཡིན་ཞིང༌། དེ་ལ་དཔལ་ཆོས་ཀྱི་གྲགས་པས་ལེའུ་དྲུག་ཅན་གྱི་ཚད་མ་མདོ་འམ་ཚད་མ་ཀུན་བཏུས་ཀྱི་དོན་ལེའུ་གསུམ་དུ་བསྡུས་ནས་རིགས་ཐིགས་དང་རྣམ་ངེས་གཉིས་མཛད་པ་དང༌། སླར་ཡང་ལེའུ་དེ་གསུམ་གྱི་ཐོག་ཚད་མ་མདོའི་མཆོད་བརྗོད་ཀྱི་དོན་དམིགས་བསལ་གྱི་འགྲེལ་བའི་ལེའུ་ཞིག་གསར་བསྣན་གྱིས་ལེའུ་བཞི་ཅན་གྱི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་མཛད་པ་ཡིན། དེ་ལྟ་ན་ཚད་མ་རྣམ་འགྲེལ་གྱི་ལེའུ་བཞི་གས་སྟོན་པ་ཚད་མ་དང་བསྟན་པ་སྐྱོན་མེད་དུ་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་སྒྲུབ་ཀྱིན་ཡོད་པ་སྨོས་མེད་ཀྱང༌། དེ་ལས་ལྷག་པར་གསར་བསྣན་གྱི་ལེའུ་དེ་ལེའུ་གཉིས་པར་བཞག་ནས་དེ་ལ་ཚད་མ་གྲུབ་པའི་ལེའུ་ཞེས་མིང་འདོགས་མཛད་ནས་དེའི་སྐབས་སྟོན་པ་ཚད་མའི་སྐྱེས་བུ་གཙོར་བཟུང་གིས་སྒྲུབ་ཀྱིན་ཡོད་སྟབས། ང་ཚོས་ཧོབ་ཏུ་བལྟས་ཚེ་ཚད་མ་གྲུབ་པའི་ལེའུ་སྐབས་སྟོན་པ་ཚད་མའི་སྐྱེས་བུ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་རྟགས་སྦྱོར་ཡང་དག་ཁག་གསུང་ཡོད་སྙམ་པ་ཞིག་ངང་གིས་འཆར་སྲིད་མོད། གཞུང་དངོས་ཀྱི་སྤྱི་བབ་ལ་གཞིགས་ན་ལྟ་ཚུལ་དེ་ནི་རྦད་དེ་ནོར་འཁྲུལ་ཞིག་ཡིན། རྒྱུ་མཚན་ནི། གཞུང་འདིའི་ནང་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་རྟགས་སྦྱོར་གྱི་གཙོ་བོ་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་ནང་གི་ལུགས་འབྱུང་གི་རྟགས་སྦྱོར་བཞི་བ་ཕུད་པའི་ལྷག་མ་རྣམས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་མ་བཟུང་བས་སོ། །དེས་ན། ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་པོ་འདི་ནི་སྤྱི་ལྡོག་གི་ཆ་ནས་སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་དངོས་སུ་སྒྲུབ་པའི་རྟགས་སྦྱོར་ཡང་དག་མིན་ཀྱང་བརྒྱུད་པའི་སྒོ་ནས་སྒྲུབ་པའི་རྟགས་སྦྱོར་ཡང་དག་ཡིན་པར་བཟུང་ན་འོས་འབྲེལ་ཆེ་བར་སྙམ། དགེ་བའི་བཤེས་གཉེན་འགའི་གསུང་རྒྱུན་དུ་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ནི་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་རྟགས་སྦྱོར་ཡང་དག་མིན་ལ། སྒྲུབ་བྱེད་ཀྱི་རྟགས་སྦྱོར་ཡིན་པའི་ཞིབ་ཆ་གནང་གིན་ཡཽད་པའང་གོང་སྨོས་ཀྱི་གནད་དེ་ལ་དགོངས་ཤས་ཆེ། འོ་ན། ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་ཇི་ཡིན་ཞེ་ན།
༡ བཅོམ་ལྡན་འདས་དང་རྒྱུད་གཅིག་ཏུ་གྱུར་བའི་བྱང་སེམས་ཚོགས་ལམ་ཐོབ་མ་ཐག་པ་ཆོས་ཅན། རང་རྒྱུད་ལ་སྟོན་པ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་སྟོན་པ་སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་འབྱུང་རུང་ཡིན་ཏེ། ཕན་བཞེད་པ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་བསམ་པ་ཕུན་ཚོགས་སྙིང་རྗེ་ཆེན་པོ་རྒྱུད་ལ་ལྡན་པའི་བྱང་སེམས་སོ་སྐྱེས་ཡིན་པའི་ཕྱིར། དེ་ཡང་དཔེར་ན། ནད་པ་ནད་ལས་གྲོལ་བར་འདོད་པའི་སྨན་པ་མཁས་པ་གང་ཞིག་གིས་ཐོག་མར་སྨན་གྱི་སྦྱོར་བ་ལ་བརྩོན་པ་བཞིན་ནོ།།
༢ དེ་དང་རྒྱུད་གཅིག་ཏུ་གྱུར་བའི་བྱང་སེམས་མཐོང་ལམ་རྣམ་གྲོལ་ལམ་པ་བ་ཆོས་ཅན། རང་རྒྱུད་ལ་བདེ་གཤེགས་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཁྱད་པར་གསུམ་ལྡན་གྱི་སྤངས་པ་བདེ་གཤེགས་འབྱུང་རུང་ཡིན་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཡིན་པའི་ཕྱིར། དཔེར་ན། ནད་པ་ནད་ལས་གྲོལ་བར་འདོད་པའི་སྨན་པ་མཁས་པས་ནད་པའི་ནད་འཚོ་བར་བྱེད་པ་བཞིན་ནོ། །
༣ དེ་དང་རྒྱུད་གཅིག་པའི་བྱང་སེམས་རྒྱུན་མཐའ་བས་རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་མ་ཐག་པའི་སངས་རྒྱས་འཕགས་པ་ཆོས་ཅན། རང་རྒྱུད་ལ་སྐྱོབ་པ་ཞེས་པའི་སྐབས་ནས་བསྟན་པའི་གཞན་དོན་ཕུན་ཚོགས་འབྱུང་རུང་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་བདེར་གཤེགས་རྙེད་པའི་སྐྱེས་བུ་ཡིན་པའི་ཕྱིར། དཔེར་ན། ནད་པ་ནད་དང་བྲལ་བར་འདོད་པའི་སྨན་པ་མཁས་པས་ནད་དང་བྲལ་བར་འདོད་པ་བཞིན་ནོ། །
༤ ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་རྣམས་ལ་ཚད་མའི་སྐྱེས་བུར་གྲུབ་སྟེ། གཞན་དོན་ཕུན་ཚོགས་སྐྱོབ་པ་རྒྱུད་ལ་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། དཔེར་ན། ནད་པ་ནད་ལས་གྲོལ་བར་འདོད་པའི་སྨན་པ་མཁས་པས་ནད་པའི་ནད་བསལ་ནས་ནད་མེད་པའི་བདེ་བ་ལ་བཀོད་པ་བཞིན་ནོ། །
༥ ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་གི་རྒྱུར་གྱུར་བའི་གཞན་དོན་ཕུན་ཚོགས་སྤྱོད་པ་སྔོན་དུ་སོང་བ་ཡིན་ཏེ། བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར།
༦ ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། རང་གི་རྒྱུར་གྱུར་བའི་ཁྱད་པར་གསུམ་ལྡན་གྱི་རྟོགས་པ་ཕུན་ཚོགས་སྔོན་དུ་སོང་བ་ཡིན་ཏེ། གཞན་དོན་ཕུན་ཚོགས་སྐྱོབ་པ་མངའ་བ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར།
༧ ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དང་རྒྱུད་གཅིག་ཏུ་གྱུར་བའི་རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་རྒྱས་འཕགས་པ་ཆོས་ཅན། རང་གི་རྒྱུར་གྱུར་བའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྔོན་དུ་སོང་བ་ཡིན་ཏེ། རྟོགས་པ་ཁྱད་པར་གསུམ་ལྡན་གྱི་བདེར་གཤེགས་རྙེད་པའི་སྐྱེས་བུ་ཡིན་པའི་ཕྱིར།
༨ དེ་དང་རྒྱུད་གཅིག་ཏུ་གྱུར་བའི་བྱང་སེམས་མཐོང་ལམ་བར་ཆད་མེད་ལམ་པ་ཆོས་ཅན། རང་གི་རྒྱུར་གྱུར་བའི་བརྩེ་བ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཡིན་པའི་ཕྱིར། དེ་ལྟར་དང་པོ་བཞི་ནི་ལུགས་འབྱུང་གི་སྦྱོར་བ་དང༌། ཕྱི་མ་བཞི་ནི་ལུགས་ལྡོག་གི་སྦྱོར་བ་ཡིན་ཞིང༌། དེ་ཡང་ལུགས་འབྱུང་ལྡོག་གི་གོ་དོན་ནི། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་ཀུན་བཏུས་ཀྱི་མཆོད་བརྗོད་འདིའི་སྐབས་ཀྱི་དོན་ལྔ་སྟེ། ཚད་མར་གྱུར་བ། འགྲོ་ལ་ཕན་པ། སྟོན་པ། བདེ་གཤེགས། སྐྱོབ་པ་བཅས་ཀྱི་དང་པོ་ནི་བསྒྲུབ་བྱ་དང་ལྷག་མ་བཞི་སྒྲུབ་བྱེད་ལ་སྦྱར་ཏེ། མཆོད་བརྗོད་དེའི་གོ་རིམ་དང་མཐུན་པར་འགྲོ་ལ་ཕན་པའི་རྟགས་ཀྱིས་སྟོན་པ་དང༌། སྟོན་པའི་རྟགས་ཀྱིས་བདེ་གཤེགས། བདེ་གཤེགས་ཀྱི་རྟགས་ཀྱིས་སྐྱོབ་པ་སྒྲུབ། སྐྱོབ་པའི་རྟགས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བཞིན་ཡོད་པའི་རྟགས་སྦྱོར་ཁག་ལ་ལུགས་འབྱུང་དང༌། བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པ་མཐར་ཕྱིན་པའི་སྐྱེས་བུའི་རྟགས་ལས་སྐྱོབ་པ། སྐྱོབ་པའི་རྟགས་ལས་བདེ་གཤེགས།  བདེ་གཤེགས་ཀྱི་རྟགས་ལས་སྟོན་པ། སྟོན་པའི་རྟགས་ལས་འགྲོ་ལ་ཕན་པ་སྒྲུབ་པས་སྔ་མའི་གོ་རིམ་ལས་ལྡོག་ཡོད་སྟབས། ལུགས་ལྡོག་གི་སྦྱོར་བ་ཟེར་བར་སྣང༌། ཀློང་རྡོལ་བླ་མའི་གཏན་ཚིགས་རིགས་པའི་མིང་གི་རྣམ་གྲངས་ལས། འདི་རྣམས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་གྲོལ་བ་དོན་གཉེར་ཅན་གྱི་ངོར། ཚད་མའི་སྐྱེས་བུར་སྒྲུབ་པའི་སྒོ་ནས་ལུགས་འབྱུང་རང་བཞིན་གྱི་གཏན་ཚིགས་བཞི་དང༌། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པའི་ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་པའི་སྒོ་ནས་ལུགས་ལྡོག་འབྲས་བུའི་གཏན་ཚིགས་བཞི་བཤད་པ་ཡིན་ཟེར་བ་མ་གཏོགས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པར་བྱེད་པའི་ལུགས་འབྱུང་རང་བཞིན་ཅན་གྱི་རྟགས་ཡང་དག་གི་རྟགས་སྦྱོར་རྣམ་དག་ཡིན་ཞེས་དམ་བཅའ་བ་གཏན་མི་རིགས་སོ། །དེ་ལྟར་ཁས་བླངས་ན་རྟགས་རིགས་ཀྱི་རིགས་པའྀ་འགྲོས་དང་འགལ་ལ། འགལ་ལུགས་ཇི་ལྟར་ཡིན་ཞེ་ན། ལུགས་འབྱུང་རང་བཞིན་གྱི་གཏན་ཚིགས་བཞི་ཡིས་ཐ་མ་མ་གཏོགས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་བསྒྲུབ་བྱའི་ཆོས་སུ་མ་བཟུང་བའི་ཕྱིར་རོ། །དེ་བཞིན་དུ་ལུགས་ལྡོག་ལ་ཡང༌། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མིན་ཀྱང༌། སྦྱོར་བ་དེ་སྐོར་གྱི་འབྲས་རྟགས་ཡང་དག་ཡིན་ཞེས་ཁས་བླང་ངོ༌། །ཞེས་གསུངས་གནང་བ་འདི་ནི་ལུགས་འབྱུང་ལྡོག་གི་སྦྱོར་བའི་ཐད་ཀྱི་དཀའ་གནད་ཁག་གཅིག་ལ་རྣག་ཐོག་ཏུ་ཁེལ་བའི་གཙགས་ཀྱི་དཔེར་སོང་འདུག་པས་ངོ་མཚར་བའིལེགས་བཤད་ཀྱི་གཏམ་དུ་འཁུམས། དེར་བརྟེན། ལུགས་འབྱུང་གི་སྦྱོར་བ་དང་ལུགས་ལྡོག་གི་སྦྱོར་བ་གཉིས་ནི་རིམ་བཞིན་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་རང་བཞིན་གྱི་སྦྱོར་བ་དང་འབྲས་བུའི་སྦྱོར་བ་ཡང་དག་མིན་ཀྱང༌། སྤྱིར་ལུགས་འབྱུང་ནི་རང་བཞིན་གྱི་སྦྱོར་བ་ཡང་དག་དང༌། ལུགས་ལྡོག་ནི་འབྲས་རྟགས་ཀྱི་སྦྱོར་བ་ཡང་དག་ཡིན་པའང་ལུང་དེ་ལས་བདེ་བླག་ཏུ་རྟོགས་ཐུབ། དེ་བཞིན་དུ་ལུགས་འབྱུང་གི་སྦྱོར་བ་དང་པོ་གསུམ་ནི་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའམ་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་མིན་ཀྱང༌། སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་རྟགས་སྦྱོར་ཡང་དག་ཡིན་པའི་ཞིབ་ཆའང་འབྱེད་དགོས་སྙམ་སྟེ། དཔེར་ན། སྒྲ་ཆོས་ཅན། སྐད་ཅིག་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་ནི། སྒྲ་མི་རྟག་པར་སྒྲུབ་པའམ་སྒྲུབ་པར་བྱེད་པའི་རྟགས་སྦྱོར་ཡང་དག་མིན་པར་དེ་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་ཡིན་པ་བཞིན་དང༌། ད་དུང་རྡོ་རྗེ་ཟེགས་མའི་གཏན་ཚིགས་སོགས་བདེན་མེད་སྒྲུབ་པའི་རིགས་པ་མིན་ཀྱང་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་ཡིན་ཞེས་ཆོས་རའི་འཆར་ཅན་གྱི་ཁས་ལེན་འཛིན་མཚམས་དེས་ཀྱང་མཚོན་ནུས་པ་ཡིན། འདི་ནི་ཨུ་ཚུགས་ཀྱིས་ཁས་ལེན་མཁྲེགས་བཟུང་བྱས་པ་ཙམ་མིན་པར་དོན་དངོས་ལ་དེ་ལྟར་གྲུབ་པ་ཞིག་སྟེ། དེ་ཡི་གཙོ་གནད་ནི་སྒྲུབ་པ་དང༌། སྒྲུབ་པར་བྱེད། སྒྲུབ་བྱེད་ཅེས་པའི་ཚིག་ནུས་ལ་ཐུག་འདུག དང་པོ་དང་གཉིས་པ་ནི་རིམ་བཞིན་བྱ་བ་ཙམ་དང་བྱེད་པ་པོ་དང་འབྲེལ་བའི་ལས་ཡིན་པར་མ་ཟད། དུས་གསུམ་ལས་ད་ལྟ་བར་གཏོགས་པའི་གནད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་མཚོན་ན་བྱ་བ་བྱེད་སའི་དངོས་ཀྱི་བསྒྲུབ་བྱ་སྟེ་སྒྲ་མི་རྟག་པ་དེ་ཉིད་སྒྲུབ་པའི་བྱ་བ་བྱེད་བཞིན་པ་ཞིག་ལ་གོ་བར་འགྱུར་ཞིང༌། གསུམ་པ་སྒྲུབ་བྱེད་ནི་བདག་གཞན་གཉིས་ལས་བདག་གི་ཁོངས་སུ་གཏོགས་པས། རྒོལ་བ་འདིས་སྒྲ་མི་རྟག་པར་སྒྲུབ་ཀྱིན་འདུག་ཅེས་པ་ལྟ་བུར་མཚོན་ན་སྒྲ་མི་རྟག་པར་སྒྲུབ་བྱེད་དེ་ལ་གཙོ་བོ་དང་ཕལ་བ་གཉིས་ལས་སྒྲུབ་མཁན་གྱི་རྒོལ་བ་ནི་སྒྲུབ་བྱེད་གཙོ་བོ་དང་རྒོལ་བ་དེས་བཀོད་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་རྣམས་སྒྲུབ་བྱེད་ཕལ་བ་དང༌། ད་དུང་དུས་གསུམ་གྱི་ཁྱད་པར་ཡང་སྦྱར་རྒྱུ་མེད་པས་མིང་ཚིག་དེ་གསུམ་གྱི་གོ་དོན་མི་འདྲ། དེ་ལྟར་ལུགས་འབྱུང་ལྡོག་གི་སྦྱོར་བ་འགོད་ཡུལ་སྐབས་བབ་ཀྱི་རྒོལ་བ་དངོས་ནི། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། སྡེ་བདུན་མདོ་དང་བཅས་པའི་བསྟན་བཅོས་འདི་དག་རྩོམ་པའི་དགོས་པ་ཡང༌། ཐུབ་པ་ཉག་གཅིག་གྲོལ་བ་དོན་གཉེར་ལ་མི་བསླུ་བའི་ཚད་མར་བསྒྲུབ་པའི་ཕྱིར་ཡིན་ལ། ཞེས་གསུངས་པ་འདི་ལ་གཞིགས་ན་རྒོལ་བ་གང་ཡིན་ཡིན་ཞིག་གིས་མི་འོང་བར་མ་མཐའ་ཡང་ཐར་བ་དོན་གཉེར་གྱི་བློ་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་ལམ་སྒྲོན་དངོས་བསྟན་གྱི་སྐྱེས་བུ་འབྲིང་ཞིག་དགོས་པར་མ་ཟད། རྒྱལ་བའི་བསྟན་པ་སྤྱིའི་གནད་ལ་བསམ་བློའི་གོ་རྟོགས་ཀྱང་ཚད་གཞི་ངེས་ཅན་ཞིག་ལ་སླེབས་དགོས་པར་སྙམ། འོ་ན། དེ་འདྲ་བའི་རྒོལ་བས་བསྒྲུབ་བྱ་སྟོན་པ་ཚད་མའི་སྐྱེས་བུར་རྟོགས་པ་ལ་སྦྱོར་བ་བརྒྱད་ཀ་འགོད་དགོས་སམ་རེ་རེ་བཀོད་པས་འཐུས་སྙམ་ན། འདི་ལ་ཡིག་ཆའི་མཁན་པོ་རྣམས་ཀྱིས་འགྲེལ་བཤད་གནང་བ་མ་མཐོང་ཞིང༌། ཆོས་རའི་གསུང་རྒྱུན་དུའང་འཛིན་མཚམས་རྩེ་མཐུན་ཞིག་མེད་པར་ཕྱོགས་སྔའི་ཁ་གཅོག་ཐབས་སུ་འདྲ་མིན་སྣ་ཚོགས་སྨྲ་བ་ཞིག་མཐོང་བས་ཕྲན་གྱིས་ཀྱང་ཁ་ཚོད་ཤིན་ཏུ་གཅོད་དཀའ་མོད། རིགས་པས་དཔྱད་བརྗོད་སྤེལ་བ་ལ་འགལ་བ་མེད་པས་རོབ་ཙམ་གླེང་ན། སྦྱོར་བ་དེའི་ཚུལ་གསུམ་དང་བསྒྲུབ་བྱ་སོགས་ངེས་པ་ལ་བརྟེན་ནས་ཐུབ་པ་སངས་རྒྱས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་གང་ཞིག་ལ་ལུགས་འབྱུང་གི་སྦྱོར་བ་བཞི་བཀོད་པའམ། ཡང་ན་ལུགས་ལྡོག་གི་སྦྱོར་བ་བཞི་བཀོད་པས་ཆོག་སྟེ་བརྒྱད་ཀ་བཀོད་མི་དགོས་ལ། དེ་ཡང་དཔེར་ན་ལུགས་འབྱུང་གི་སྦྱོར་བ་བཞི་བཀོད་པ་ལྟ་བུ་ལ་མཚོན་ན། གྲོལ་བ་དོན་དུ་གཉེར་བའི་རྒོལ་བ་དེ་ལ་ལུགས་འབྱུང་གི་སྦྱོར་བ་བཞི་རིམ་གྱིས་བཀོད་པའི་མཐར་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་སྦྱོར་བ་དངོས་ཏེ་ལུགས་འབྱུང་གི་སྦྱོར་བ་བཞི་བ་བཀོད་ནས་བསྒྲུབ་བྱ་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ་ཡིན། དེ་བཞིན་ལུགས་ལྡོག་གི་སྦྱོར་བ་བཞི་ཡང་རྒོལ་བ་གཞན་ཞིག་གི་ངོར་རིམ་གྱིས་བཀོད་དེ་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་ཕྱོགས་ཆོས་དང་ཁྱབ་པ་སོགས་རྒོལ་བ་དེས་གྲུབ་རྗེས་ལུགས་ལྡོག་གི་སྦྱོར་བ་བཞིའི་ནང་ལ་མ་ཐེ་བའི་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་སྦྱོར་བ་གཞན་ཞིག་བཀོད་པ་ལ་བརྟེན་ནས་སྟོན་པ་ཚད་མའི་སྐྱེས་བུར་གྲུབ་པ་ཡིན་པས་ལུགས་འབྱུང་དང་ལུགས་ལྡོག་གི་སྦྱོར་བ་གཉིས་ནི་རྒོལ་བ་མི་འདྲ་བ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པར་སྙམ། དེ་མིན་རྒོལ་བ་གཅིག་དང་རྒོལ་བ་མི་འདྲ་བ་བརྒྱད་ཀྱི་དབང་དུ་བྱས་ཚེ། ལུགས་འབྱུང་དང་ལུགས་ལྡོག་གི་ཐ་སྙད་ཀྱི་གོ་དོན་འཆད་སྐབས། བསྟན་དར་ལྷ་རམས་པས། མཆོད་བརྗོད་ཀྱི་གོ་རིམ་ལྟར་བསམ་པ་སྙིང་རྗེ་ཆེན་པོ་ལས་སྦྱོར་བ་བདག་མེད་རྟོགས་པའི་ཤེས་རབ་དང༌། ཤེས་རབ་དེ་ལས་ཁྱད་པར་གསུམ་ལྡན་གྱི་སྤངས་པ་བདེ་གཤེགས་དང༌། བདེ་གཤེགས་དེ་ལས་སྐྱོབ་པ་བྱུང་བར་སྟོན་པའི་སྟོན་ཚུལ་དེ་ནི་ཞེས་དང༌། ལུགས་ལྡོག་གི་སྐབས་སུ་རིམ་པ་དེ་ལས་བཟློག་སྟེ་མས་རིམ་ནས་བཤད་དེ། སྐྱོབ་པའི་རྟགས་ཀྱིས་ཁྱད་པར་གསུམ་ལྡན་གྱི་རྟོགས་པ་བདེ་གཤེགས་དང༌། བདེ་གཤེགས་དེའི་རྟགས་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་དང༌། ཤེས་རབ་དེའི་རྟགས་ཀྱིས་སྙིང་རྗེ་ཆེན་པོ་སོགས་རྒྱུ་སྔ་མ་རྣམས་སྔོན་དུ་སོང་བར་རྗེས་སུ་དཔག་པར་སྟོན་པའི་སྟོན་ཚུལ་དེ་ལ་ཤེས་བྱེད་ཀྱི་རིམ་པ་སྟོན་པ་ཞེས་བྱ་སྟེ། ཞེས་གསུངས་པ་དང་འགལ་བར་དོགས་སོ། །དེ་ལྟར་ན་ལུགས་འབྱུང་དང་ལུགས་ལྡོག་གི་རིམ་པ་འདི་ནི་མངོན་རྟོགས་སྐྱེས་པའི་རིམ་པ་ཡིན་པར་མ་ཟད། ལུགས་འབྱུང་གི་རིམ་པ་དེ་ནི་རྒྱུ་འབྲས་དོན་གྱི་རིམ་པའང་ཡིན། གཞན་ཡང༌། སྐབས་འདིར་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་དང་སྟོན་པ་ཀུན་མཁྱེན་དུ་སྒྲུབ་ཚུལ་གཉིས་ནི་དོན་འདྲ་སྟེ། ཚད་མ་གཞལ་བྱ་ལ་མི་བསླུ་བ་ལྟར་སྟོན་པ་སངས་རྒྱས་ཀྱང་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབ་པའི་ཐབས་སྟོན་པ་ལ་མི་བསླུ་བ་ཡིན་པས་ཚད་མའི་སྐྱེས་བུ་དང༌། ཀུན་མཁྱེན་ཡང་སྲིན་བུའི་གྲངས་ལ་སོགས་པ་མཁྱེན་པའི་མཁྱེན་པ་ལྟ་བུ་མ་ཡིན་པར་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབ་པའི་ཐབས་ཕྱིན་ཅི་མ་ལོག་པ་ཆ་ཚང་བ་ཞིག་མཁྱེན་པ་ལ་བྱེད་པ་ཡིན། དེས་ན་གྲོལ་བ་དོན་དུ་གཉེར་བ་དག་གིས་འཚོལ་གཉེར་གྱི་སྟོན་པ་དེ་ཡང་དེ་ཙམ་གྱིས་འཐུས་པས། སྟོན་པ་ཀུན་མཁྱེན་དུ་སྒྲུབ་པའི་རིགས་པའི་ཚུལ་ལ་ཡང་ཀུན་མཁྱེན་སྐྱེད་བྱེད་ཀྱི་རྒྱུ་མེད་པར་རྒོལ་བ་འགོག་ཆེད་དུ་ལུགས་འབྱུང་གི་རིགས་པ་བཞི་དང༌། ཀུན་མཁྱེན་ཤེས་བྱེད་ཀྱི་རྒྱུ་མེད་པར་རྒོལ་བ་འགོག་ཆེད་དུ་ལུགས་ལྡོག་གི་རིགས་པ་བཞི་གསུངས་པ་གཽང་སྨོས་ལྟར་ཡིན་ཞིང༌། ད་དུང་སྟོན་པ་སངས་རྒྱས་ཀུན་མཁྱེན་དུ་སྒྲུབ་བྱེད་ཀྱི་རིགས་པ་གཞན་ནི། རྣམ་དཔྱོད་དང་ལྡན་པ་དག་གིས་འདི་སྙམ་དུ། སངས་རྒྱས་ཀྱིས་འགྲོ་བ་རྣམས་སྡུག་བསྔལ་ལས་སྒྲོལ་བའི་ཐབས་སུ་བདེན་པ་བཞིའི་བླང་དོར་སོགས་གསུང་བ་འདི་ནི། ཅི་སངས་རྒྱས་རང་ཉིད་ཀྱིས་ཐབས་དེ་དག་ལེགས་པར་མཁྱེན་ནས་གསུངས་པ་ཡིན་ནམ་མིན་སྙམ་དུ་དཔྱད་པ་ན། སྡུག་བསྔལ་ལས་སྒྲོལ་བའི་ཐབས་སུ་བདེན་བཞིའི་བླང་དོར་བྱ་ཚུལ་སོགས་ཇི་ལྟར་གསུང་མ་ཐག་པའི་སངས་རྒྱས་ཀྱི་ངག་ཆོས་ཅན། ཐབས་དེ་དག་ལེགས་པར་མཁྱེན་པའི་མཁྱེན་པ་རྣམ་དག་སྔོན་དུ་སོང་བ་ཡིན་ཏེ། ཐབས་དེ་དག་ཕྱིན་ཅི་མ་ལོག་པར་བརྗོད་པའི་བརྗོད་པ་རྣམ་དག་ཡིན་པའི་ཕྱིར། དཔེར་ན་གང་ཟག་གི་བདག་མེད་སྟོན་པའི་བཀའ་བཞིན། ཞེས་འབྲས་རྟགས་ཀྱི་སྦྱོར་བ་འདི་ནི་སྟོན་པ་སངས་རྒྱས་ཀུན་མཁྱེན་དུ་སྒྲུབ་པའི་རིགས་པ་དངོས་ཡིན་པར་བསྟན་དར་ལྷ་རམས་པས་གསུངས་སོ། །

 

དྲུག་པ། འཕྲོས་བཤད་དོགས་དཔྱོད་དང་བཅས་མཇུག་བསྡུ་བ།

    སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་ལས། བརྗོད་བྱ་རྟོགས་པའི་བསྟན་པ་ཚད་མས་གྲུབ་པའི་སྒོ་ནས་རྗོད་བྱེད་ལུང་གི་བསྟན་པ་སྐྱོན་མེད་པར་སྒྲུབ་པ་ཡིན་ལ། བསྟན་པ་སྐྱོན་མེད་པར་བསྒྲུབས་པ་ན་དེའི་རྟགས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པར་བྱེད་པ་ཡིན་ཡང༌། ཞེས་གསུངས་པ་འདི་བཞིན་ཊཱིཀ་ཆེན་དང་རྟེན་འབྲེལ་བསྟོད་པ་གཉིས་ལས་ཀྱང་བསྟན་པ་སྐྱོན་མེད་ལས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་དགོས་པར་གསུངས་པ་དང༌། རྗེ་བདག་ཉིད་ཆེན་མོའི་རྟོགས་བརྗོད་འདུན་ལེགས་མ་ལས།    རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་འདི་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད། ཅེས་གསུངས་པ་འདིས། དང་ཐོག་སྟོན་པ་ཚད་མར་བསྒྲུབས་པ་ལས་ཕྱིས་སུ་བསྟན་པ་སྐྱོན་མེད་བསྒྲུབ་པ་འདྲ་བ་ཞིག་གསུང་བས་འགའ་ཞིག་གི་བསམ་ངོར་གོང་འོག་གི་ལུང་འདི་གཉིས་འགལ་བའི་བློ་དོགས་འཆར་སྲིད་པས་དངོས་འབྲེལ་བྱས་ན་གང་ལྟར་ཁས་ལེན་དགོས་སྙམ་ན། ལུང་སྔ་མས་བསྟན་པ་བཞིན་བསྟན་པ་སྐྱོན་མེད་དུ་ངེས་པ་ལས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་དགོས་པ་ནི་ཚད་མ་མདོ་སྡེ་བདུན་དང་བཅས་པས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་གྱི་རིམ་པ་ཉག་གཅིག་ཏུ་ངེས་ཤིང༌། དེ་ལས་ལྡོག་སྟེ་ཐོག་མར་སྟོན་པ་ཚད་མར་བསྒྲུབས། དེའི་རྟགས་ཀྱིས་བསྟན་པ་སྐྱོན་མེད་དུ་བསྒྲུབ་པའི་རིམ་པ་ཞིག་མདོ་བསྟན་བཅོས་གང་དུའང་གསུངས་མེད་པར་མ་ཟད། དོན་དངོས་དང་ཡང་མི་མཐུན་སྙམ། འོ་ན། ལུང་ཕྱི་མའི་དོན་མི་འཐད་དམ་ཞེ་ན། མ་ཡིན་ཏེ། ལུང་དེས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་ཤིང་གྲུབ་པ་དེ་ལས་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་ངེས་པ་རྙེད་པར་གསུངས་པས་བསྟན་པ་ཐར་འདོད་ཀྱི་འཇུག་ངོགས་སུ་སྒྲུབ་པ་དང༌། བསྟན་པ་སྐྱོན་མེད་དུ་སྒྲུབ་པ་གཉིས་ཀྱི་གོ་དོན་ཐ་དད་ཡིན་པར་མ་ཟད། དེ་གཉིས་སྒྲུབ་ཚུལ་གྱི་གོ་རིམ་ཡང་མི་འདྲ་བ་ཡིན་པར་བསྟན་དར་ལྷ་རམས་པས་གསུངས་པས་ལུང་སྔ་མའི་དགོངས་དོན་དང་དངོས་འགལ་དུ་སོང་མེད་དོ། །སྟོན་པ་ཚད་མར་བསྒྲུབས་པའི་དོན་དེ་ལ་ཁ་ཅིག་ན་རེ། ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ་དེ་ཡང་བསྟན་པ་སྐྱོན་མེད་ལས་སྟོན་པ་ཚད་མར་སྒྲུབ་ཚུལ་ཡིན་པར་ཐལ། སྟོན་པ་ཚད་མར་བསྒྲུབས་པ་ལས་བསྟན་པ་སྐྱོན་མེད་སྒྲུབ་ཚུལ་མེད་པའི་ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར་ཞེ་ན། དེ་ནི་ཁོ་བོའི་འདོད་པ་ཡིན་ཏེ། ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ལས་ལུགས་འབྱུང་གི་བཞི་བ་ཕུད་པའི་ལྷག་མའི་སྦྱོར་བ་བདུན་གྱིས་སྟོན་པ་ཚད་མའི་སྐྱེས་བུ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་ནས་སྒྲུབ་ཀྱིན་མེད་ཀྱང་བརྒྱུད་པའི་སྒོ་ནས་སྒྲུབ་བཞིན་ཡོད་པ་མཁས་དབང་ཕལ་ཆེ་བ་བཞེད་རྩེ་མཐུན་ཞིང༌། གང་ལྟར་སྦྱོར་བ་དེ་དག་གི་རྟགས་སམ་སྒྲུབ་བྱེད་ནི། འགྲོ་ལ་ཕན་བཞེད་པ། སྟོན་པ། བདེ་གཤེགས། སྐྱོབ་པ་བཅས་ཡིན། དེ་ཡང་དང་པོ་ནི་བྱང་སེམས་སྦྱོར་མཐོང་བའི་རྒྱུད་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་དང༌། གཉིས་པ་ཡང་བྱང་སེམས་སྦྱོར་མཐོང་བའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ལ་འཇོག་པ་དང༌། གསུམ་པ་ནི་ལུགས་འབྱུང་གི་སྐབས་སུ་སྤངས་པ་བདེ་བཤེགས་གསུམ་དང༌། ལུགས་ལྡོག་གི་སྐབས་སུ་རྟོགས་པ་བདེ་གཤེགས་གསུམ་ལ་བྱ། བཞི་པ་ནི། བདེན་བཞིའི་བླང་དོར་རང་དབང་དུ་སྟོན་པ་སྟེ་གཞན་དོན་འཕྲིན་ལས་ཕུན་ཚོགས་ལ་བྱ་བས། དེ་ལྟ་ན་རྟོགས་པའི་བསྟན་པ་ཤ་སྟག་རྟགས་སུ་བཀོད་པ་ཡིན་པས་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་དེ་ཡང་བསྟན་པ་སྐྱོན་མེད་ལས་སྟོན་པ་ཚད་མར་སྒྲུབ་ཚུལ་ལས་མ་འདས་སོ།། གཞན་ཡང༌། ཀློང་རྡོལ་བླ་མ་རིན་པོ་ཆེས་ལུགས་འབྱུང་གི་སྦྱོར་བ་བཞི་བས་སྟོན་པ་ཚད་མའི་སྐྱེས་བུ་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་དང༌། ལུགས་ལྡོག་གི་སྦྱོར་བ་བཞི་འབྲས་བུའི་སྦྱོར་བ་ཡིན་པར་གསུངས་ཀྱང༌། བསྟན་དར་ལྷ་རམས་པས་ལུགས་ལྡོག་གི་སྦྱོར་བ་བརྒྱད་གང་གིས་ཀྱང་སྟོན་པ་ཚད་མའི་སྐྱེས་བུ་བསྒྲུབ་བྱའི་ཆོས་སུ་མ་བཟུང་བར་མ་ཟད། ལུགས་ལྡོག་གི་དང་པོ་འབྲས་བུའི་སྦྱོར་བ་མ་ཡིན་པར་གསུངས་པས་དཔྱད་གཞིར་ཆེ། ཡང༌། ལམ་རིམ་ལས། བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་ནས་སྟོན་པ་ཚད་མར་བསྒྲུབ་དགོས་པར་གསུངས་པ་དང༌། རྟེན་འབྲེལ་བསྟོད་པ་ལས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །ཅེས་དང༌། རྣམ་འགྲེལ་ལེའུ་དང་པོར་ཉེས་ཟད་ཀྱི་སྐྱེས་བུའི་གསུང་ལ་མ་བརྟེན་པར་ཉེས་ཟད་ཀྱི་སྐྱེས་བུར་ངེས་མི་ནུས་པར་གསུངས་པ་སོགས་ལུང་མང་བོས་བསྟན་པ་སྐྱོན་མེད་དུ་རྟོགས་ནས་ད་བཟོད་སྟོན་པ་ཚད་མར་བསྒྲུབ་དགོས་པ་ཁོ་ནར་གསུུངས་པས། ལུང་དེ་དག་གི་དོན་ལ་ཁ་ཅིག་ན་རེ། སྟོན་པ་ཚད་མའི་སྐྱེས་བུར་ངེས་པ་ལ་སྟོན་པའི་གསུང་གི་བརྗོད་བྱ་ངེས་པ་སྔོན་དུ་འགྲོ་དགོས་སམ་མི་དགོས། མི་དགོས་ན། ཚད་ལྡན་གྱི་ལུང་དེ་དག་མི་འཐད་ཅིང་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་རྣམ་བཞག་དག་འཇིག་པར་མ་ཟད། སྟོན་པའི་སྐུ་མཐོང་བ་ཙམ་གྱིས་སྟོན་པ་ཚད་མའི་སྐྱེས་བུར་ངེས་པར་ཐལ་ཞིང༌། དེ་ལྟ་ན་སྟོན་པའི་སྐུ་མཐོང་མྱོང་བའི་མུ་སྟེགས་པ་སོགས་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་རྟོགས་པར་འགྱུར་བས་ཧ་ཅང་ཐལ་ལོ། །འགྲོ་དགོས་ན། སྟོན་པའི་གསུང་གི་བརྗོད་བྱ་ཐར་པ་དང་ཐམས་ཅད་མཁྱེན་པ་དང་དེར་བགྲོད་པའི་ཐབས་དང་བཅས་པ་རང་གིས་ངེས་ཟིན་པས་རང་གི་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར་དུ་སྟོན་པ་ཚད་མར་བསྒྲུབ་པ་དོན་མེད་པར་ཐལ། རང་གི་མངོན་པར་འདོད་པའི་དོན་གྲུབ་ཟིན་པའི་ཕྱིར། དཔེར་ན། སྐྲ་བཞར་ནས་ཚེས་གྲངས་རྟོག་པ་བཞིན་ནོ། །ཞེས་རྟོག་པར་བྱེད་ཅིང༌། འདི་ལ་ཁོ་བོས་ལན་བརྗོད་པར་བྱ་སྟེ། གྲོལ་བ་དོན་དུ་གཉེར་བའི་མངོན་པར་འདོད་པའི་དོན་དེ་ལ། གནས་སྐབས་ཀྱི་མངོན་པར་འདོད་པའི་དོན་དང༌། ཕུགས་ཀྱི་མངོན་པར་འདོད་པའི་དོན་གཉིས་ལས། དང་པོ། འཕྲལ་གྱི་དོན་དེ་ལ་གྲོལ་བ་དོན་དུ་གཉེར་བས་ཐར་པར་བགྲོད་པའི་ཐབས་ཆ་ཚང་ཞིག་ཤེས་པ་ཙམ་གྱིས་འཐུས་པས་དེ་ཙམ་ལ་སྟོན་པ་ཚད་མའིསྐྱེས་བུར་བསྒྲུབ་མི་དགོས་ལ། ཕུགས་ཀྱི་དོན་ཏེ་ཐར་པ་དང་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ལ་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་དགོས་པ་ཤིན་ཏུ་འཐད་པས་སོ། །ད་དུང་གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་ངེས་རྟོགས་ཡིད་ཆེས་རྙེད་པའི་དོན་དུའང་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་དགོས་པར་བསྟན་དར་ལྷ་རམས་པས་གསུངས་པ་བཞིན་རྗེ་རྟོགས་བརྗོད་འདུན་ལེགས་མ་ལས་ཀྱང༌། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་འདི་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད། ཅེས་པའི་དགོངས་པའང་ཡིན། ལུང་འདིའི་དཔེ་ལ་ལར། རྣམ་གྲོལ་དོན་དུ་གཉེར་བ་བཅོམ་ལྡན་འདས། །ཞེས་འབྱུང་བའི་བ་ཡིག་མ་དག་པར་རྗེ་ཕུར་བུ་ལྕོག་གིས་གསུངས་པ་ལྟར་དོན་དུ་གནས། གཞན་ཡང༌། ནང་དོན་རིག་པའི་སྐོར་ལ་རྒྱུས་མྱོང་མེད་པའི་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་ཁག་ཅིག་གི་ངག་ལས་འདི་ལྟར་ཐོས་མྱོང༌། ལར་ཚད་མ་དང་མི་བསླུ་བའི་དངོས་པོ་མེད་ལ། དེ་ལས་ཀྱང་སྟོན་པ་ཚད་མ་དང་མི་བསླུ་བ་ཞིག་མེད་དེ། ཀླུ་སྒྲུབ་དགོངས་རྒྱན་ལས། འོ་ན་སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན། དེ་མི་བསླུ་བར་ནི་ཀླུ་སྒྲུབ་ལ་སོགས་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཐག་བཅད་དོ་ཟེར་ན། འོ་ན་ཀླུ་སྒྲུབ་མི་བསླུ་བར་སུས་ཐག་བཅད། ཅེས་པ་ནས། སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་བྱེད་པར་འདུག ཅེས་པའི་ཚིག་དུམ་འདི་ཁ་ནས་དྲངས་རྐྱང་བྱེད་མུས་ཡིན། དངོས་གནས་བྱས་ན་གཞུང་འདིས་ཚད་མ་ལ་དོན་དམ་འཇལ་བྱེད་ཀྱི་ཚད་མས་ཁྱབ་པ་ལས་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའམ་ཐ་སྙད་ཚད་མ་མེད་པ་དང༌། ཚད་མ་དེ་ཡང་འཕགས་པ་ཁོ་ན་མ་གཏོགས་སོ་སོ་སྐྱེ་བོའི་རྒྱུད་ལ་མེད་པར་ས་ཐག་རིང་བོ་བསྐོར་ནས་བརྒྱུད་སྒྲུབ་བྱེད་ཀྱིན་ཡོད་པ་གཞུང་འདིའི་གོང་འོག་གི་བབ་ལ་བརྟགས་ན་གསལ་བོར་ཤེས་ཐུབ། གང་ལྟར་ལྟ་ཚུལ་དེ་ནི་མཁས་པའི་དབང་པོ་རྗེ་ཤེས་རབ་རྒྱ་མཚོས་ཞིབ་མོ་རྣམ་འཐག་གི་ལུགས་ཀྱིས་མི་དམིགས་པའི་དབྱིངས་སུ་སླར་སྐྱེ་མི་རུང་བའི་ཆོས་ཅན་དུ་བྱས་ཟིན་པས་འདིར་བསྐྱར་གླེང་གི་ངལ་བ་མི་བྱེད་ལ། འོན་ཀྱང་ལུང་ཚིག་དེའི་ངོ་གདོང་གི་ཐད་ལ་དཔག་ན་སྟོན་པ་བཅོམ་ལྡན་འདས་མི་བསླུ་བ་ཡིན་པ་དང༌། ཚད་མའི་སྐྱེས་བུར་འཛིན་པ་དེ་ཡང་མཐར་ཐུག་ན་རང་ཉིད་ཀྱི་འཁྲུལ་བའི་བློ་འདི་ལ་ཐུག་པར་གསུངས་པའི་ཤུགས་ཀྱིས་ཁོང་ཚོའི་བསམ་དོན་བཞིན་སྟོན་པ་ཚད་མ་དང་མི་བསླུ་བ་ཞིག་མེད་ལ། གལ་སྲིད་ཡོད་ན་འཇོག་བྱེད་ང་ཚོའི་རྒྱུད་ཀྱི་འཁྲུལ་བློ་ལ་ཐུག་པས་སྙིང་པོ་མེད་ལ། དེ་ལས་ཤེས་བྱེད་གཞན་མེད་པར་བསྟན་འདུག་པའང་བསྙོན་དུ་མེད་པས། དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། ཚད་མའི་མདོ་སྡེ་བདུན་དང་བཅས་པས་སྟོན་པ་ཚད་མའི་སྐྱེས་བུ་དང་བསྟན་པ་སྐྱོན་མེད་དུ་བསྒྲུབས་པ་མ་ཡིན་པར་ཐལ། སྟོན་པ་ཚད་མ་མེད་པར་ཁྱེད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། ཚད་མ་མདོ་སྡེ་བདུན་དང་བཅས་བརྩམས་པའི་དགོས་པ་སྟོན་པ་ཚད་མ་དང་བསྟན་པ་སྐྱོན་མེད་དུ་བསྒྲུབ་པའི་ཆེད་མ་ཡིན་པར་ཐལ་བ་དང༌། དཔལ་ཆོས་ཀྱི་གྲགས་པས་ལེའུ་གཉིས་པའི་སྐབས་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱིས་སྟོན་པ་ཚད་མ་དང༌། བསྟན་པ་སྐྱོན་མེད་དུ་བསྒྲུབས་པ་མ་ཡིན་པར་ཐལ་བ་བཟློག་ཏུ་མེད་ཅིང༌། འདིའི་སྐབས་ཀྱི་ཚད་མ་ནི་ཚད་མ་བཏགས་པ་སྟེ། ལར་ཚད་མ་ནི་རང་གི་གཞལ་བྱ་ལ་མི་བསླུ་བ་ལྟར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པ་དང་དེ་སྒྲུབ་པའི་ཐབས་དང་བཅས་པར་མི་བསླུ་བས་ན་སྟོན་པ་ཚད་མ་དང་མི་བསླུ་བར་བྱ་ཡི། མི་བསླུ་བའི་རིག་པ་ཙམ་ལ་ཚད་མ་དང༌། འདུས་བྱས་རྣམས་ནི་བསླུ་བའི་ཆོས་ཞེས་པའི་སྐབས་ཀྱི་བསླུ་བའི་ལྡོག་ཕྱོགས་མི་བསླུ་བ་ཙམ་ལ་མི་བྱེད་པར་ཐོག་མར་ཡིད་ལ་ངེས་དགོས། དེ་ལྟར་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་པ་དང༌། མཐོ་བཙུན་གྲུབ་རྗེས། གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་དང༌། རྗེ་ཙོང་ཁ་པས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །ཅེས་གསུངས་པ་བཞིན། སྟོན་པ་ཚད་མ་དང་བསྟན་པ་སྐྱོན་མེད་དུ་སྒྲུབ་པའི་ཚད་མའི་གཞུང་རྣམས་སུ་སྟོན་པ་ཚད་མའམ་མི་བསླུ་བར་སྒྲུབ་ཚུལ་དེ་གོང་སྨོས་བཞིན་ལུང་རྟོགས་ཀྱི་བསྟན་པ་རྒྱུ་མཚན་དུ་བཀོད་ནས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་པ་ལས་ཁྱེད་ཚོའི་འདོད་པ་བཞིན་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པར་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཤེས། དེ་མི་བསླུ་བར་རྗེ་བླ་མས་ཤེས་ཟེར་བ་སོགས་གང་ཟག་རྒྱུ་མཚན་དུ་བཀོད་པ་ཞིག་གཏན་མི་སྣང་ངོ༌། །རྒྱུ་མཚན་དེ་ལྟར་ན། དགེ་ཆོས་ཀྱི་དགེ་ཕྲུག་རག་ར་རིན་པོ་ཆེ་ནས་ཀླུ་སྒྲུབ་དགོངས་རྒྱན་འདི་ཉིད་རྩ་བའི་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུང་བ་ཟླ་བཟང་གིས་ཟིན་བྲིས་བཏབ་པར་མཇུག་བྱང་དུ་གསལ་ཀྱང༌། གང་ལྟར་དགེ་ཆོས་ཀྱི་ནམ་རྒྱུན་གསུང་སྒྲོས་ཁག་དང་མི་མཐུན་པ་ཆེས་མང་པོས་ལྷད་ཅན་དུ་ངེས་སོ་ཞེས་གསུངས་པ་འདི་ནི་བདེན་ཤས་ཆེ་སྙམ་སྟེ། མཁས་དབང་འདི་ཉིད་སྔར་གྲྭ་སར་བཞུགས་སྐབས་གཞུང་ཆེན་ཁག་ལས་ལྷག་པར་ཚད་མ་ལ་མཁས་པས། ཚད་མ་རྣམ་འགྲེལ་ལས། སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབ་ཚུལ་ཏེ་ལུགས་འབྱུང་ལྡོག་གི་སྦྱོར་བ་བརྒྱད་ཀྱི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུ་སྒྲུབ་པ་ལྟ་བུས་མཚོན་བསྟན་པའི་ངང་ཚུལ་ཤེས་པའི་རིགས་ལམ་ཉིད་ཀྱིས་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་པའི་ཚུལ་དག་གསུང་བབ་འོས་སུ་ཆེ་བ་ལས་ལྡོག་སྟེ། གནག་རྫི་ཁ་འདྲིད་པའི་རྫུན་སྒྲིག་གི་མུ་ཅོར་མང་དུ་སྨྲ་བས་སོ། །གོང་སྨོས་ཀྱི་སྟོན་པ་ཚད་མ་དང་མི་བསླུ་བ་མེད་པར་འདོད་པའི་ན་གཞོན་ཤེས་ལྡན་པ་ཚོ་ལ། ཇི་སྐད་དུ། མཁས་དབང་ཡོན་ཏན་རྒྱ་མཚོས། སྟོན་པ་ཚད་མ་དེའི་གསུང་ཚད་མས་གྲུབ། །དེའི་གསུང་ཚད་མ་རིགས་པ་ཚད་མས་གྲུབ། །ཀུན་གྱི་དཔང་པོ་རིགས་པ་ཟླ་མེད་པ། །འདི་ཡིན་གཞན་དུ་སྨྲ་བ་མ་མང་ཞིག །ཅེས་གསུངས་པས་ཀྱང་བསྐུལ་ལོ། །འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་བོད་གངས་ཅན་གྱི་དཔལ་ལྡན་ས་སྐྱ་བ་ཡབ་སྲས། སྔ་འགྱུར་རྙིང་མའི་ཀློང་ཆེན་ཡབ་སྲས། རྗེ་ཙོང་ཁ་པ་ཡབ་སྲས་སོགས་ཀྱིས་བསྟན་པའི་ངང་ཚུལ་ཤེས་པའི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་ངེས་པ་རྙེད་པ་ཤ་སྟག་ཡིན་པ་ལས་གང་ཟག་ཆེ་གེ་མོ་ཞིག་གིས་སྟོན་པ་ཚད་མར་ཤེས་པ་རྒྱུ་མཚན་དུ་བཀོད་པ་ལ་བརྟེན་ནས་སྟོན་པ་མི་བསླུ་བར་ཐག་བཅད་པ་ཞིག་གཏན་ནས་མིན་པར་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་དང༌། རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པ་སོགས་ཀྱིས་མཚོན་ཐུབ་པ་ཡིན། འདི་བཞིན་བློ་ཞན་པ་ང་ཚོས་ཀྱང་སྟོན་པ་མི་བསླུ་བར་ཤེས་རྟོགས་བྱེད་པ་ལ་ཀླུ་སྒྲུབ་དང་རྗེ་ཙོང་ཁ་པ་སོགས་དང༌། ཡང་ན་རང་ཉིད་ཀྱི་བླ་མས་ཤེས་པ་ལྟ་བུ་རྒྱུ་མཚན་དུ་བཀོད་ན་མི་འགྲིག གལ་སྲིད་དེ་ལྟར་བཀོད་ཚེ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཞེས་པའི་རྟོན་བཞིའི་རིགས་པའི་འགྲོས་དང་འགལ་བར་མ་ཟད། ཀླུ་སྒྲུབ་དགོངས་རྒྱན་ལས། ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་པ་དེ་འབུ་ལ་བྱེད་པར་འདུག་ཅེས་སྐྱོན་འཕངས་པ་དེ་ཡང་ཕོག་པར་ངེས་པས་དེ་ནི་ཡང་དག་པའི་ལྟ་ཚུལ་ཞིག་མིན། དེས་ན། སངས་རྒྱས་ཉིད་ཀྱིས་གསུང་བའི་གསུང་རབ་ལ་ཚད་མ་གསུམ་གྱིས་དཔྱད་དེ་བསྟན་བཅོས་ཀྱི་བསྟན་དོན་ལྟར་སྐྱོན་མེད་དུ་རང་ཉིད་ཀྱིས་གྲུབ་ཚེ། བསྟན་པ་སྐྱོན་མེད་དུ་རྟོགས་པ་ཡིན་ཞིང༌། དེ་ཉིད་རྒྱུ་མཚན་དུ་བཀོད་ནས་སྟོན་པ་མི་བསླུ་བར་བསྒྲུབ་པའི་ཐབས་ཚུལ་གྱི་བརྒྱུད་རིམ་ལ་བརྟེན་དགོས་པ་ཡིན། དེ་ཡང་ཚད་མའི་དཀའ་གནད་གསལ་བའི་དུས་ཀྱི་མེ་ལོང་ལས། སྤྱིར་སྟོན་པ་བསླུ་མེད་རྟོགས་པ་ལ་སྔོན་དུ་བསྟན་པ་སྐྱོན་མེད་རྟོགས་དགོས། བསྟན་པ་ལའང་གཉིས་ལས། སྔོན་དུ་རྟོགས་པའི་བསྟན་པ་སྐྱོན་མེད་དུ་རྟོགས་དགོས། དེ་ནས་ལུང་གི་བསྟན་པ་སྐྱོན་མེད་དུ་རྟོགས། དེ་གཉིས་སྐྱོན་མེད་དུ་རྟོགས་པ་ལས་བསྟན་པའི་བདག་པོ་སྟོན་པའང་སྐྱོན་མེད་དུ་གྲུབ་དགོས་པ་ཡིན། ཞེས་གསུངས་པ་ལྟར་ལགས་སོ། །དེ་ལྟར་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་གྱི་སྐོར་མདོ་ཙམ་བཤད་ཟིན་པ་འདི་ལ་རྨོངས་བཤད་དང་ལོག་བཤད་ཀྱི་དྲི་མ་ཅིས་ཀྱང་ཡོད་པར་ངེས་པས། ཤེས་ནས་སྨྲ་བ་དག་གིས་ལེགས་སྤེལ་ཉེས་འགོག་གི་མཛུབ་སྟོན་གྱི་དགོངས་འཆར་ལྷུག་པར་བསྩལ་གནང་ཡོང་བའི་རེ་བསྐུལ་དང་བཅས་མཇུག་གྲུབ་པར་བྱས་སོ།།   །།

 

དཔྱད་གཞིའི་ཟུར་ལྟའི་ཡིག་ལམ་ཁག
༡ ཚད་མ་ཀུན་བཏུས།   ༢ ཚད་མ་རྣམ་འགྲེལ།   ༣ ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།   ༤ ཆོས་དབྱིངས་བསྟོད་འགྲེལ།
༥ དབུ་མ་རྒྱན།   ༦ རྟེན་འབྲེལ་བསྟོད་པ།   ༧ ལམ་རིམ་ཆེ་ཆུང་གི་ལྷག་མཐོང་སྐབས།   ༨ སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ།
༩ ཚད་མ་རིགས་རྒྱན།   ༡༠ ཚད་མའི་བརྗེད་བྱང༌།   ༡༡ དབུ་མའི་ལྟ་ཁྲིད།    ༡༢ ཀླུ་སྒྲུབ་དགོངས་རྒྱན།
༡༣ རྩ་ཤེས་ཊཱིཀ་ཆེན།    ༡༤ དབུ་མ་དགོངས་པ་རབ་གསལ།   ༡༥ དྲང་ངེས་ལེགས་བཤད་སྙིང་པོ།    ༡༦ ཚད་མ་རིགས་གཏེར་རྩ་འགྲེལ།   ༡༧ ཀློང་བརྡོལ་བླ་མའི་ཚད་མའི་སྐོར།   ༡༨ སྟོན་པའི་རྣམ་ཐར་ཆེན་མོ།   ༡༩ དབུ་མའི་ལྡེ་མིག   ༢༠ སྡེ་དགེའི་བསྟན་འགྱུར་དཀར་ཆག   ༢༡ འཇུ་མི་ཕམ་པའི་རྣམ་འགྲེལ་གྱི་འགྲེལ་བ།    ༢༢ ཐུའུ་བཀྭན་གྲུབ་མཐའ།   ༢༣ གདོང་དྲུག་སྙེམས་བློའི་མུན་འཇོམས་ནོར་བུའི་ཕྲེང་བ།   ༢༤ དགེ་བཤེས་ཚུལ་ཁྲིམས་ཀྱི་དུས་ཀྱི་མེ་ལོང༌།   ༢༥ ཀུན་མཁྱེན་ཕར་ཚད་དབུ་གསུམ་གྱི་མཐའ་དཔྱོད།   ༢༦ རྗེ་བཙུན་ཤེས་རབ་རྒྱ་མཚོའི་ཀླུ་དགོངས་ཀྱི་དགག་ཡིག   ༢༧ སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པའི་གཏམ་བདེ་ཆེན་ཁང་བཟང་འཛེགས་པའི་རིན་ཆེན་ཐེམ་སྐས།

 

(ཨ་ཚོགས་བསྟན་འཛིན་འཇམ་དབྱངས་ལགས་ནི། དེ་སྔོན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྩོམ་དགེ་གནང་ཞིང༌། ད་ལྟ་ཤེས་རིག་ཐ་སྙད་གཏན་འབེབས་མཁས་པའི་ཚོགས་ཆུང་གི་ཚོགས་མི་ཡིན། )