མང་རའི་བྱམས་བཟང༌།

 

དེ་ཡང་བློ་གྲོས་ཀྱི་འཇུག་པ་ཡངས་ལ་ཕུགས་མཐོང་གི་མིག་རྒྱང་རིང་བ། ལྷག་བསམ་གྱི་འོ་མཚོ་ཟབ་པའི་རང་ཅག་ཁ་བ་རི་བའི་དྲན་དབང་གང་མང་ཞིག་ནས་བོད་སྐད་ཡིག་གི་ཡར་རྒྱས་ལ་ཐུགས་ཁུར་ཟབ་མོ་བཞེས་ཏཻ་བགྲོ་གླེང་ཚོགས་འདུ་སྐོང་བ་དང༌། ལེགས་སྤེལ་ཉེས་འགོག་གི་དཔྱད་བརྗོད་གཅིག་རྗེས་གཉིས་མཐུད་དུ་སྤེལ་དང་སྤེལ་བཞིན་པ་ནི་བཀྲ་ཤིས་དོན་བཟང་ངོ༌། ལྷ་བཤོས་རྐུན་མས་ཁྱེར་ཡང་འཛུམ་དམུལ་དམུལ། །མར་མེ་རླུང་གིས་སྐྱོམ་ཡང་འཛུམ་དམུལ་དམུལ། །ཟེར་བ་ལྟ་བུའི་མཁས་པ་བཏང་སྙོམས་པ་ཞིག་གི་རྣམ་ཐར་སྐྱོང་བའི་དུས་ཤིག་ག་ལ་སྟེ། ཁུར་མཉམ་བཞེས་ཀྱིས། ཚེ་ཏན་ཞབས་དྲུང་ཚང་དང༌། དམུ་དགེ་ཚང༌། དུང་དཀར་ཚང༌། ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་མདོ་དབུས་ཁམས་གསུམ་གྱི་འགྲན་ཟླ་བྲལ་བའི་མཁས་ཆེན་འདི་དག་གིས་ཇི་ལྟར། ཐུགས་ཀྱི་བཅུད་ཕྱུང་བའི་ལམ་སྟོན་ཞལ་གདམས་དང༌། གཞེན་སྐུལ་ཟབ་མོ་གནང་བ་ལྟར། སྐད་ཡིག་གི་ཐད་ནས་རང་ཅག་རྣམས་ཀྲོང་ངེར་ལངས་ཤིང་བང་གིས་བརྒྱུག་དགོས་པའི་དུས་ཤིག་རེད། གཞན་དུ་ན་བོད་སྐད་ཡིག་གིས་སྤྱི་ཚོགས་འཕོ་འགྱུུར་གྱི་རྗེས་མ་ཟིན་པར་གདོད་མའི་གོ་ས་རང་ན་རྗེས་སུ་ལུས་པའི་བར་ཁད་ཧ་ཅང་རིང་བས། སམ་སྐྲྀ་ཏ་ལྟར་ཆོས་སྐད་ཅིག་གི་གོ་ས་ནས་རིམ་གྱིས་ཉམས་ཏེ། མཐའ་མར་རང་ཉིད་ཀྱི་སྤྱི་ཚོགས་དང་ཁ་བྲལ་བའི་ཉེན་ཁ་ཅི་བས་ཆེའོ། མི་རིགས་ཤིག་གི་སྐད་ཡིག་ཉམས་པ་ནི་མི་རིགས་དེ་དང་དེར་མཚོན་ན་ཧ་ལས་པའི་གྱོང་གུན་ཡིན་ལ། ལྷག་པར་བོད་སྐད་ཡིག་ཉམས་ཆག་ལ་ཕྱིན་ན་བོད་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་པོའི་གྱོང་གུན་ཚབས་ཆེན་ཞིག་ཡིན། ཅིའི་ཕྱིར་ཞེ་ན། ཚང་ལ་མ་ནོར་བའི་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་འཛམ་གླིང་ཧྲིལ་པོའི་གཅེས་ནོར་ཞིག་ཡིན་ཞིང༌། འདི་དང་བོད་སྐད་ཡིག་གཉིས་བདག་ཉིད་གཅིག་ལྟ་བུའི་འབྲེལ་བ་གྲུབ་ཡོད། ཇི་ལྟར་མཁས་དབང་མཁྱེན་རབ་འོད་གསལ་གྱི་ཞལ་ནས། “བོད་བརྒྱུད་ནང་བསྟན་དང་བོད་ཡིག་གཉིས་ཀྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་དུ་དར་ན་དར་མཉམ་དང་རྒུད་ན་རྒུད་མཉམ་རེད་”ཅེས་གསུངས་པ་བཞིན། བོད་ཡིག་ཉམས་ཆག་ལ་ཤོར་ཚེ། དེ་ལ་བརྟེན་པའི་རིན་ཐང་ཅན་གྱི་རིག་གཞུང་ཡང་ཉི་ནུབ་ཀྱིས་འོད་ཟེར་བསྡུས་པ་ལྟར་ཡལ་བར་འགྱུར་པས། དེའི་ཚེ་ན་བོད་མི་རིགས་ཟུར་དུ་གནས་དགོས་པའི་རྒྱུ་མཚན་ཡང་བརླགས་པས་ཐམས་ཅད་སར་བསྲེས་པ་ཡིན་ནོ། དེའི་ཕྱིར་བོད་སྐད་ཡིག་ཉིད་སྒོ་ཀུན་ནས་དར་སྤེལ་བྱེད་རྒྱུ་ནི་མི་རབས་འདིའི་ཕྲག་གོང་ལ་ལྗིད་ཏིག་གེར་བབས་པའི་རྩ་དོན་ཨང་དང་པོའི་གྲས་ཤིག་ཡིན།
བདག་ཅག་གི་སྟོན་པས་འགོག་བདེན་བསྟན་ཟིན་མ་ཐག་པའི་སྐད་ཅིག་གཉིས་པ་ནས་དེ་འདྲེན་བྱེད་ཀྱི་ལམ་བདེན་བསྟན་པ་ལྟར་རང་རེས་ཀྱང་སྐད་ཡིག་བསྐྱབ་དགོས་པའི་སྐད་ཆ་བཤད་བསྡད་པ་ཙམ་གྱིས་གང་ཡང་མི་ཡོང་བར་ཐབས་ལམ་གང་དང་གང་ཡིན་པ་དེ་དང་དེ་ངེས་པར་དུ་ཤེས་པར་བྱ་ཞིང་བསྟེན་པར་བྱ་དགོས་པ་ཡིན། ཐབས་ལམ་གང་འདུག་ཅེ་ན། གཞི་རྐང་རྩ་བ་ལྟ་བུ་གཅིག་གཙོ་དོན་དུ་བཟུང་ཐོག རྒྱས་པ་ཡལ་ག་ལྟ་བུའི་ལེ་ལག་བཞིའི་ཕྱོགས་ནས། ལོ་འདབ་ཤིང་ཏོག་ལྟ་བུའི་འབྲས་བུ་ཡོངས་སུ་སྨིན་དུ་འཇུག་དགོས། རྩ་བ་ལྟ་བུའི་གཙོ་དོན་གཅིག་པོ་དེ་གང་ཞེ་ན། ཟོར་ཡང་བ་ཉིད་གཞི་རྐང་དུ་འཛིན་རྒྱུ་དེ་ཡིན། ཡལ་ག་ལྟ་བུའི་ལེ་ལག་བཞི་པོ་དེ་གང་ཞེ་ན།
༡།     ཐོན་སྐྱེད་དང་གསར་རྙེད་དངོས་གསར་རྣམས་ལ་ཐ་སྙད་འདོགས་རྒྱུ།
༢།     སྐད་ཡིག་གཅིག་གྱུར་བྱ་རྒྱུ།
༣།    སྐད་གསར་བཅད་ཀྱི་མིང་ཐོག་ནས་བརྡ་སྤྲོད་ཀྱི་གཞུང་ལ་སྣོན་འཕྲི་དང་གཏན་ཁེལ་བྱ་རྒྱུ།
༤།     ཕྱི་རོལ་གྱི་རིག་གནས་མཐའ་དག་བོད་སྐད་དུ་བསྒྱུར་རྒྱུ་བཅས་སོ།
དེ་ཡང་ཟོར་ཡང་བའི་ཐོག་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་མཐར་ཕྱིན་པ་དང་ལྡན་པ་ནི་སྐད་ཡིག་གི་ཁྱད་ཆོས་སམ་རིན་ཐང་གོང་ན་མེད་པ་དེ་ཡིན་པ་ལྟར། རྣམ་དཔྱོད་ཟླ་བྲལ་རང་རེའི་མེས་པོ་ཚོས་ཀྱང་ཐོག་མཐའ་བར་གསུམ་དུ་དེ་ཉིད་གཙོ་བོར་བཟུང་སྟེ། བྱེད་སྒྲ་འིས་ཀྱི་འི། རྙིྷང་པ་ཞེས་པའི་ཧ། ད་དྲག་དང་བུ་དྲུག་ཅན་ལ་འ་མཐའ་སྤངས་པ། གཞན་ཡང་མྱི་མྱེ་མྱིག་སོགས་ཀྱི་ཡ་བཏགས་ཕྱིས་ཏེ་མི་མེ་མིག་སོགས་སུ་ཕབ་པ་དང༌། གསྩུག་ནོར། བསྩོད་ནམས། བསྩམ་དང༌། བསྩལ། གསྩན་སོགས་ཀྱི་ཙ་ཕྱིས་ཏེ། གཙུག་ནོར་ལྟ་བུ་ལ་ས་ཕྱིས་པ་དང༌། བསོད་ནམས། བསམ། བསལ། གསན་སོགས་སུ་གཏན་ལ་ཕབ་པ། སྔོན་རྗེས་གཉིས་དང་དེ་བཞིན་ཡང་འཇུག་ས་ཕྱིས་པའི་རིགས་ཀྱང་སྐབས་གཞན་དུ་འགོད་འགྱུར་ལྟར། རང་རེས་ཀྱང་བརྡ་སྤྲོད་ཀྱི་བྱེད་ནུས་མ་བརླག་པའི་ཐོག་སྐད་ཡིག་ཟོར་ཡང་དུ་གཏང་རྒྱུ་ནི་རྣམ་པ་གང་གི་ཚེ་ཡང་འདོར་མི་རུང༌། དེ་ཡང་རྒྱ་ཡིག་ཟོར་ཡང་དུ་བཏང་བ་ལྟར་རྦད་དེ་གནའ་དེང་གི་ཡིག་གཟུགས་མི་འདྲ་བ་གཉིས་སུ་གྱེས་པ་ལྟ་བུ་མ་ཡིན་པར། ནོར་གཞི་མེད་པའི་རིགས་ནས་ཡིག་ཚོགས་བསྐྱུང་དགོས་པ་ཡིན། དེའི་ཚུལ་ཡང་ལེ་ལག་བཞི་པོ་རེ་རེ་དང་སྦྲེལ་ནས་གླེང་བར་བྱའོ།  །

 

གཅིག ཐོན་རྙེད་དངོས་གསར་རྣམས་ལ་ཐ་སྙད་འདོགས་རྒྱུ།

    སྤྱིར་སྐད་ཡིག་ཅིག་ཕྱུག་པོ་ཡིན་མིན་དེ་འཁོར་འདས་ཀྱི་དངོས་པོ་ཚང་མར་མིང་རྐྱང་གི་ཐ་སྙད་ཡོད་མེད་ཙམ་ལ་མི་བལྟ་བར། བྱ་ཚིག་མང་ཉུང་གི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན། རང་རེའི་སྐད་ཡིག་འདིར་བྱ་ཚིག་མ་ལྡང་བའི་དཀའ་ངལ་ཡེ་ནས་མེད་པས་སྐད་ཡིག་ཕྱུག་པོའམ་སྔོན་ཐོན་སྐད་ཡིག་གི་གོ་སར་སྔ་མོ་ནས་བཞུགས་ཟིན་པ་ཡིན། དེར་བརྟེན། བཀའ་བསྟན་བཅོས་ཐམས་ཅད་བོད་ཡིག་སྟེང་མ་ཆད་མ་ནོར་བར་བསྒྱུར་ཐུབ་ཡོད་པར་མ་ཟད། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང༌། སྤྲིན་གྱི་ཕོ་ཉ་ལྟ་བུ་སྒྱུ་རྩལ་ཧ་ཅང་མཐོ་བའི་སྙན་ངག་གི་རིགས་ཀྱང་བྲོ་བ་མ་བརླག་པར་བསྒྱུར་ཐུབ་ཡོད་ན། རྩོམ་པ་ལ་སྨྲ་ཅི་སྟེ། འཛམ་གླིང་གི་རིང་ཤོས་སུ་གྱུར་པའི་སྒྱུ་རྩོམ་གླིང་གེ་སར་གྱི་སྒྲུང་ལྟ་བུས་མཚོན་ནོ། དེ་ལྟ་མོད་ཀྱི་མིང་རྐྱང་གིས་འདང་ངེས་ཤིག་མེད་པ་ནི་ལོང་བས་ཀྱང་མཐོང་ཚོད་ཡིན་པས། ཐ་སྙད་གསར་པའི་ཞགས་པ་ལས་བརྟན་གཡོ་གཉིས་ཀྱིས་བསྡུས་པའི་ཐོན་སྐྱེད་དང་རྙེད་སོན་གྱི་དངོས་གསར་གཅིག་ཀྱང་ཐར་དུ་འཇུག་མི་རུང༌། དེ་ཡང༌། སྤྱི་འགྲོས་བཞིའི་སྟེང་ནས་ཐ་སྙད་འདོགས་དགོས་ཏེ། རྗེས་གྲུབ། རྗེས་གྲུབ་ཚིག་བསྡུས། འདོད་རྒྱལ། སྒྲ་སྒྱུར་བཅས་ཀྱི་ལམ་ནས་ཐ་སྙད་གསར་བའི་བང་མཛོད་བསྐྲུན་དགོས།

 

༡།  རྗེས་གྲུབ་ཀྱི་མིང་འདོགས་ལུགས།

བོད་ཀྱི་ཡི་གེ་ནི་རྗེས་གྲུབ་ཀྱི་ཐ་སྙད་མང་བའི་སྐད་ཡིག་ཅིག་ཡིན་ལ། དེ་ནི་དགོས་ངེས་ཀྱི་ཁྱད་ཆོས་ཏེ། རྗེས་གྲུབ་ཡིན་ན་སྒྲ་བཤད་དུ་ཡོད་པར་བརྟེན་སྦྱོང་སླ་བའམ་གདགས་གཞི་ངོས་འཛིན་ཐུབ་པའི་ཕན་ཁྱད་ཤིན་ཏུ་ཆེ་བ་ཡིན། དཔེར་ན། གཟུགས་པོ་ལ་”ལུས་”དང༌།  ལོངས་སྤྱོད་ལ་”ནོར་”ཅེས་བཏགས་པ། སྔ་མ་ནི་ཤི་བའི་ཚེ་རྣམ་ཤེས་འཕོས་ཀྱང་གདོས་བཅས་ཀྱི་ཕུང་པོ་རྗེས་སུ་ལྷག་པའམ་ལུས་པའི་ཆ་ནས་”ལུས་”ཞེས་དང༌། ཕྱི་མ་ནི་རྒྱུ་འབྱོར་ལོངས་སྤྱོད་ཀྱིས་ནོར་ལམ་དུ་འགྲོ་མཁན་མང་ཕྱིར་”ནོར་”ཅེས་བཏགས་པས། མིང་རང་གི་སྟེང་ནས་གོ་བ་ལྷང་ངེ་བ་འདྲེན་ཐུབ་པའི་དགེ་མཚན་ཁྱད་པར་ཅན་ལྡན་ཐོག་ཡིག་ཚོགས་ཀྱང་ཉུང་བས། འདི་ལྟ་བུ་རྗེས་གྲུབ་ཀྱི་མིང་སྦྱོར་འགྲིག་མོ་འདྲ་རྙེད་ན་ནི་འདོད་རྒྱལ་དང༌། རྗེས་གྲུབ་ཚིག་བསྡུས། སྒྲ་སྒྱུར་བཅས་ཀྱི་མིང་ལས་ཤིན་ཏུ་ལྷག་པས་ཅི་བས་ཀྱང་སྦྱར་བར་བྱ་བ་ཉིད་དོ། རྗེས་གྲུབ་ཀྱི་ཁོངས་སུ་རེ་འགར་སྐད་ཡིག་གཞན་ནས་དོན་སྒྱུར་བྱ་འོས་པའི་རིགས་ཀྱང་ཡོད་མོད།  མི་འབྱོར་བའམ་རན་པོ་མེད་ཚེ་ཨུ་ཚུགས་བྱེད་མི་རུང༌། དཔེར་ན། གཞིས་ལུས་ལོ་ཙཱ་བས་འཐེན་འཁོར་ཆུང་བ་ལ། རྒྱ་ཡིག་ནས་(手扶)དོན་བསྒྱུར་གྱིས་‘ལག་སྐྱོར་འཕྲུལ་འཁོར་‘ཟེར་བ་ཅི་འདྲའི་ཡིག་འབྲུ་མང་བ་ལ་ཨང༌། དེ་ལས་རང་སྐད་ནས་ཐད་ཀར་མིང་བཏགས་ན་ལེགས་ཏེ། ཡུལ་ལུང་རེ་ཟུང་ན་‘ལྕགས་གླང་‘ཟེར་སྲོལ་ཡོད་པ་ཅི་འདྲའི་རན་པ་ལའང༌། དེ་བཞིན་བོད་རང་ལ་ཐ་སྙད་ཡོད་བཞིན་དུ་དོན་འགྱུར་གྱི་མིང་ལྷག་དགོས་དོན་མེད། དཔེར་ན། གཞིས་པས། ‘ཉེ་ཆར་ ‘དང་‘ཁ་སྔོན་‘ཞེས་པ་ལྟ་བུའི་བརྡ་ཆད་ཟུར་དུ་བཞག་ཏེ། རྒྱ་ཡིག་(目前)ནས་བསྒྱུར་ཏེ་‘མིག་སྔར་‘དང༌། ‘སྙིང་གཏམ་‘མམ་‘སེམས་གཏམ་‘ལྟ་བུ་ལ་རྒྱ་ཡིག(心声)ནས་བསྒྱུར་ཏེ་‘སེམས་སྒྲ་’ཟེར་བ་སོགས་ནི་དགོས་མེད་ཡིན།
རྗེས་གྲུབ་མིང་འདོགས་ཀྱི་སྐབས་འདིར། བྱ་ཚིག་རྣམ་ཀུན་ལས་མང་བ་ཐོན་ངེས་ལ་བརྟེན། བརྗེད་མི་རུང་བ་ནི། རྣམ་དཔྱོད་ཅན་གྱི་རང་རེའི་མེས་པོ་ཚོས་དུས་གསུམ་བྱེ་བྲག་པའི་བྱ་ཚིག་གིས་གྲུབ་པའི་མིང་རྐྱང་ལ་ལས་ཚིག་ད་ལྟ་བ་སྦྱར་ཡོད་པ་ལྟར་རང་རེས་ཀྱང་དེ་ལྟར་བྱ་འོས་ཏེ། བྱེ་བྲག་པའི་སྐབས་སུ། ད་ལྟ་བ་ལ་གཉིས་ཀ་མེད། །ཅེས་སྔོན་ཡང་འཇུག་གཉི་ག་མེད་པས་ཟོར་ཡང་པའི་དགོས་པ་ཡང་དག་ཡོད་དོ། འོན་ཀྱང༌། བརྩམས་ཆོས། གནད་བསྡུས། བཙོས་མ། བསགས་ནོར།  ལྟ་བུ་འདས་པ་དོན་གྱིས་ཐོབ་པ་ཅན་རེ་ཟུང་བརྒྱ་ལམ་ཙམ་དུ་འབྱུང་སྲིད་པར་བརྟེན། ཐམས་ཅད་ལ་རིགས་བསྒྲེས་སུ་རུང་བ་ནི་མ་ཡིན་ནོ། དུས་གསུམ་གཞན་གཉིས་ཀྱི་བྱ་ཚིག་གིས་གྲུབ་པའི་མིང་ལ་བྱ་ཚིག་གང་དང་གང་ཟོར་ཡང་པ་དེ་དང་དེ་གཙོ་བོར་བཟུང་འོས་ལས། ད་ལྟ་བ་སྦྱོར་པའི་དགོས་པ་མེད་དེ། ཞིབ་ཏུ་འོག་ནས་འཆད་དོ།།

 

༢། རྗེས་གྲུབ་ཚིག་བསྡུས་ཀྱི་མིང་འདོགས་རྒྱུ།

འདི་ནི་དཔེར་ན། དབྱིན་ཇི་(Televition)ལ་(T.V)ཞེས་བསྡུས་ཚུལ་དང་འདྲ་བར། བོད་སྐད་དུ་ཡང་ས་གནས་རྒྱུན་ལས་ལ་’ས་རྒྱུན་’དང༌། ས་གནས་འཐུས་མི་ལ་’ས་འཐུས’། ཐོངས་ཤོག་ཅེས་པའི་ཆོག་མཆན་ཡི་གེ་ལ་’ཐོངས་མཆན’། ཤེས་རིག་གི་སློབ་སྤྱོང་སྤྲད་ནས་སྒོ་གསུམ་གྱི་ཡོན་ཏན་གསོ་བྱེད་ལ་’སློབ་གསོ།’ ཤཀྱཱ་ཐུབ་པས་བསྟན་པའི་ཆོས་ལ་ཐུབ་བསྟན་ཞེས་འབྲི་དོན་གཉིས་ཀ་བསྡུས་པ་འདིའི་རིགས་ཀྱང་གསར་དུ་སྦྱོང་སླ་བའམ་གདགས་གཞི་བློ་ངོས་སུ་འཆར་སླ་བའི་ཕྱིར་རང་རེས་ཀྱང་དེ་ལ་དཔེ་བལྟ་དགོས། དཔེར་ན། (satellite)ལ་བཙན་བྱོལ་དུ་’བཅོས་མའི་རྒྱུ་སྐར་’དང་བོད་དུ་’མི་བཟོས་སྲུང་སྐར་’ཟེར་མོད། དེ་ལས་འཕྲུལ་ཆས་ཀྱི་སྐར་མ་ཞེས་པའི་ཚིག་བསྡུས་ཏེ་’འཕྲུལ་སྐར་’ཅེས་བཏགས་ན་མི་བདེ་འམ།  དེ་བཞིན་tractorལ་རྒྱ་ཡིག་(拖拉机)ནས་བསྒྱུར་ཏེ་‘འདྲུད་འཐེན་འཕྲུལ་འཁོར་’དང༌། ཤིས་ཡི་ཧཕུན་(洗衣粉)ལ་‘ཁྲུས་རྫས་བྱེ་མ་’ཟེར་བ་སོགས་ནི་བརྗོད་མི་ལེགས་ཤིང༌། རིང་ཆ་ཆེ་བ་ལའང༌། མིང་འདི་དག་འབྲི་དུས་སྐར་མ་རེ་འགོར་ཐང་ངོ༌། དེ་བས་སྔ་མ་ལ‘འཐེན་འཁོར་’་དང༌། ཕྱི་མ་ལ་‘དྲི་མ་འདག་བྱེད་ཀྱི་རྫས་གང་ཞིག་རྣམ་པ་རྩམ་པ་དང་མཚུངས་པ་’ཞེས་པའི་ཚིག་ཚོགས་བསྡུས་ཏེ་‘འདག་རྩམ་’ཞེས་བརྗོད་ན་ལེགས་སོ། གཟབ་པར་བྱ་བ་ལ། ཚིག་བསྡུས་ཀྱི་མིང་བཟོ་སྐབས་རྗོད་པ་བདེ་བའི་སྟེང་དོན་གཞན་དང་མི་འདྲེས་པའི་ཁྱད་ངེས་པར་དུ་ཐོན་དགོས། དཔེར་ན། བཙན་བྱོལ་དུ་མི་མང་གི་འཐུས་ཚབ་ཡིན་པའི་མི་ལ་མི་འཐུས་དང༌། འགྲོ་མཁན་གྱི་མི་ལ་མི་འགྲོ་ཞེས་འབྲི་བ་ནི། བརྗོད་མི་བདེ་ཞིང༌། སྔ་གཞུག་ཚིག་གྲོགས་ཀྱི་རམ་འདེགས་ལ་མ་བརྟེན་ན་མིང་གི་ཆ་ཤས་སྔ་མ་གཉིས་ནི་དགག་ཚིག་དང་ཡང་ནོར་ཉེན་ཆེའོ། འདི་དག་ནི་མཁས་དབང་དགེ་ཆོས་ཀྱིས་ཚིག་ཉམས་ཐོན་ཕྱིར་ལུགས་སྲོལ་ལ་སྲོལ་ལུགས་སུ་བྲིས་པ་ལྟ་བུར་ལད་ཟློས་བྱས་པར་སྣང་མོད། རིགས་བསྒྲེས་ཐལ་དྲགས་པ་སྟེ། དཔེར་ན། མི་སྐྱ་ལ་སྐྱ་མི་ཞེས་འགོ་རྟིང་བསློགས་ན། བརྗོད་དོན་འགྱུར་ཏེ་སྔ་མ་ནི་ཁྱིམ་པ་དང་ཕྱི་མ་ནི་རྟ་བཞོན་ལ་གོ་བར་འགྱུར་བ་ལྟ་བུ། དགོས་པ་ལས་དགག་བྱ་ཆེ་ན། ངེས་པར་དུ་’འཐུས་མི་’དང་’འགྲོ་མི་’ཞེས་འབྲིར་ལེགས་སོ།  །

 

༣། འདོད་རྒྱལ་གྱི་མིང་འདོགས་རྒྱུ།

སྤྱིར་བཏང་སྒྲ་བཤད་དུ་ཡོད་པའི་རྗེས་གྲུབ་ཀྱི་མིང་གང་ཞིག་རྗོད་པ་བདེ་བ་དང༌། ཡིག་ཚོགས་ཉུང་ན་རྣམ་ཀུན་ལས་ལྷག་མོད། དེ་ལས་ལྡོག་ན། ས་ཆུ་མེ་རླུང་ཞེས་སོགས་ལྟར། འབྲི་ཀློག་གཉིས་ཀ་ཟོར་ཡང་པའི་འདོད་རྒྱལ་གྱི་སྒྲ་སྦྱོར་བའི་དུས་སྐབས་མ་ནོར་བ་ཡིན། གོ་ཐོས་ལྟར་ན། དབྱིན་ཡིག་ལ་གསལ་བྱེད་ཉེར་དྲུག་པོ་སྔ་རྟིང་གཡས་སྒྲིག་གཡོན་སྒྲིག་མང་དུ་བྱས་པས་ད་ནི་རྫོགས་ལ་ཉེ་བས་དཀའ་ངལ་གདའ་ཟེར། རང་རེར་དེ་ལྟའི་དཀའ་ངལ་མེད་པས། ཁ། ཀ་ར། ཆ་ག་པ། ཨ་ན་མ་ན། ལྟ་བུ་འབྲུ་གཅིག་ནས་བཞི་ཅན་བར་གྱི་གསལ་བྱེད་རྐྱང་པས་གྲུབ་པའི་འདོད་རྒྱལ་གྱི་མིང་གསར་གང་མང་སྦྱར་ན། གཅིག་ནས་འབྲི་ཀློག་ལ་ཟོར་ཡང་བ། གཉིས་ནས་དག་ཆ་ལ་ནོར་གཞི་ཆུང་བ། གསུམ་ནས་སྣག་ཤོག་གི་གྲོན་ཆུང་བ་བཅས་དགེ་མཚན་ཤིན་ཏུ་ཆེ་བ་ཡིན། དཔེར་ན། ཙ། ར་ཚ། ར་ཀ་ལ། ཀ་མ་ཁ་མ་སོགས་རྗོད་དུས་སྒྲ་མང་པོ་གསར་དུ་བསྒྲིགས་ཏེ། ཐོན་གསར་དངོས་པོ་རྣམས་ལ་འདོད་རྒྱལ་དུ་སྦྱར་ན་ཤིན་ཏུ་འཐད་པ་ཡིན།

 

༤། སྒྲ་བསྒྱུར་རྒྱུ།

དེ་ཡང༌། རྒྱ་གར་གྱི་སྐད་ནས། པད་མ། སེང་གེ ཙན་དན། གུ་རུ། ཀུ་མུད། ཀ་མཱ་ལ། ཧོར་ཁ། ད་མ་རུ། ཀ་ཏོ་ར། དུཿཁ། ཛོ་ཀི་སོགས་དང༌། རྒྱ་ནག་གི་སྐད་ནས། ཡི་ཙི། ཁྲི་ཙི། ཆོད་མན་ལྟ་བུ་དང༌།  སོག་པོའི་སྐད་ནས། ཆོ་ལོ། ཛ་སག ཐའི་ཇི། ཧོ་ཐོག་ཐུ་ལྟ་བུ་རྣམས་བོད་སྐད་དུ་སྒྲ་འགྱུར་ལས་བྱུང་བ་ལྟར། སྐབས་རེ་ཟུང་ལ་སྒྲ་སྒྱུར་ཡང་མཁོ་སྟེ། དཔེར་ན།(sonar)ལ་’སྒྲ་རླབས་ཡོ་ཆས་’ཞེས་བསྒྱུར་ཚེ་སྐམ་སར་སྤྱོད་པའི་(radar)དང་དབྱེར་མི་ནུས་པའི་སྐྱོན་ཡོད་པ་དང༌། བྱམཚོ་ནང་སྒྲ་རླབས་ཡོ་ཆས་བྱཞེས་བསྒྱུར་ཚེ། རྗོད་པ་ལྟར་རིང་བར་གྱུར་བས་བཤད་པ་དང་འབྲི་བ་གཉིས་ཀ་ལ་ཚེགས་ཆེ།    དེས་ན་འདི་ལྟ་བུ་བྱསོ་ནཱར་བྱདང་བྱརེ་ཊར་བྱཅེས་སྒྲ་སྒྱུར་རང་ལེགས་པ་ཡིན། འོན་ཀྱང་སྒྲ་སྒྱུར་མང་དྲགས་ན་རང་སྐད་ཀྱི་ཁྱད་ཆོས་བརླག་འགྲོ་བས་གང་ཐུབ་བསྙུང་བར་བྱའོ། ལྷག་པར་བརྗོད་མི་བདེ་བ་དང༌། ཟོར་ཡང་བའི་དགོས་དོན་དང་འགལ་བའི་ཚིག་ཚོགས་ཅན་རྣམས་སྒྲ་སྒྱུར་བྱ་མི་རུང་བ་ཡིན། དཔེར་ན།(computer)ལ་བོད་སྐད་དུ་ཡང༌། ‘ཀམ་པུའུ་ཊར་’ཅེས་ཟེར་བ་ནི་དབྱིན་སྐད་མི་ཤེས་པའི་བོད་པ་རྣམས་ལ་མཚོན་ན་བརྗོད་མི་བདེ་བའི་སྟེང༌། ཀམ་དང་པུའུ་སྒྲ་གཉིས་ཆས་གོང་གསལ་དབྱིན་ཇིའི་སྒྲ་དེ་ཏག་ཏག་ཅིག་ཐོན་མེད། དེ་བས་རྒྱ་ཡིག་(电脑)ནས་བསྒྱུར་བའི་རྗེས་གྲུབ་ཀྱི་མིང་’གློག་ཀླད་’ཅེས་བརྗོད་ན། གློག་དང་ཀླད་གཉིས་ཀ་བོད་སྐད་ཀྱི་སྒྲ་གཤའ་མ་རང་དུ་འཁུམས་པས་བོད་སྐད་ཀྱི་ཁྱད་ཆོས་ཚང་ལ་རྗོད་པ་བདེ་བའི་སྟེང་འབྲུ་ཡང་ཉུང་ངོ༌། གཉིས་ནས་བྱེས་པ་རྣམས་ཁོ་ན་ལས་གཞིས་ལུས་བོད་མིས་གོང་བརྗོད་ཀྱི་སྒྲ་དེ་འདྲ་རྣ་བས་ཀྱང་གོ་མྱོང་མེད་པར་བརྟེན་སྐད་ཡིག་གཅིག་གྱུར་ལ་ཡང་གནོད་དོ། དེ་བས་འབྲི་གུང་ཆེ་ཚང་རིན་པོ་ཆེས་’རིག་མཛོད་’ཅེས་འབོད་འོས་སུ་བཤད་པ་ལེགས་པར་འཁུམས་མོད། གཞིས་སུ་’གློག་ཀླད་’ཅེས་རྒྱུན་སྤྱོད་ཅན་དུ་གྱུར་ཟིན་པས་བཅོས་སྒྱུར་བྱ་དགོས་པའི་རྒྱུ་མཚན་ཨེ་ཡོད་སྙམ་མོ། སྒྲ་སྒྱུར་གྱི་སྐབས་སུ་གཟབ་དགོས་པ་ཞིག་ལ་བསྒྱུར་བྱའི་མ་ཡིག་གི་ཀློག་མ་མཐར་ཡང་ངེས་དགོས་པ་ཡིན། དཔེར་ན་བཙན་བྱོལ་དུ་’པེ་ཅིན་’ལ་པེ་ཅིང་དུ་བསྒྱུར་པ་ནི་སྒྲ་ཉམས་པའི་སྐྱོན་ཏེ། རྒྱ་ཡིག་ཤེས་མཁན་ཞིག་གིས་ཀློག་ན་བར་ཁྱད་ཆེན་པོ་ཡོད།
འདི་ལྟར་བརྡ་སྦྱོར་མཁན་པོ་དག་གིས་ཐ་སྙད་འ དོགས་དུས། ལྟ་རྒྱ་མཐོང་རྒྱས་ཕྱོགས་ཡོངས་སུ་ཁྱབ་པར་བྱས་ཏེ་བརྡ་རྙིང་དང༌། བསྒྱུར་མིང་ཡོད་པ་རྣམས་རྙེད་པར་བྱས་ཏེ། དེ་དེ་བཞིན་དུ་སྦྱར་ན་གནའ་གཞུང་མི་བརླག་པ་དང༌། སྐད་ཡིག་གཅིག་འགྱུར་གྱི་དགོས་པ་ཡོད། བོད་མིང་ཡོད་པ་ཧ་མ་གོ་བར་གཞན་སྐད་སྤྱོད་པ་མང་བར་སྣང་སྟེ། དཔེར་ན། བར་ལ་ཟ་ཚོད་བཏུམ་པའི་སྣུམ་བཙོས་འཁུར་བ་(samosa)ལྟ་བུའི་རིགས་ལ་’བེ་རེག’ཅེས་པའི་སྒྲ་ཡོད་པ་དང༌། དེ་བཞིན་ནང་གྱོན་སྤྲིན་བལ་སོགས་ཀྱི་བར་ཚགས་ཅན་(coat)ལ་’བེམ་’པོ། ཆུ་གྱེན་ལ་འདྲེན་བྱེད་ཀྱི་འཕྲུལ་འཁོར་(electrical water pump)ལ་’ཟོ་ཆུན’། རྒྱ་མཚོའི་ནང་གི་ཉ་ཆེན་ཆུ་སྲིན་(shark)ལ་’ནཱ་ཀྲ’། ཉ་ཆེན་(whale) ལ་’ཉ་མིད’། སྐྱེས་པ་དང་མ་འདྲེས་པའི་བུད་མེད་(virgin)ལ་’ཕྱུགས་ཆུང་’། ཕོ་མོའི་མཚན་མ་སྦ་བྱེད་ཀྱི་རས་ཁེབས་(under pant)ལ་’གསང་ཁེབས་’ཟེར་བ་ལྟ་བུའི་སྒྲ་ཡོད་ཡོད་པ་རྣམས་ལྐོག་ཏུ་གྱུར་ནས།  བྱེས་བས་དབྱིན་སྐད་དང་གཞིས་པས་རྒྱ་སྐད་ཀྱི་མིང་སྤྱོད་དོ། དེ་བཞིན་བསྒྱུར་མིང་ཡོད་ཀྱང་བསྒྱུར་ཐལ་ཤོར་བ། དཔེར་ན། (cell)་བོད་དུ་’ཕྲ་ཕུང་’དང༌། (buoyantforce)ལ་’གཡེང་ཤུགས་’ཞེས་ཐ་སྙད་རན་པོ་རེ་བཏགས་ཤིང་བེད་སྤྱད་ནས་ལོ་ངོ་བཅུ་ཕྲག་གཉིས་ལྷག་ཕྱིན་ཀྱང༌། བཙན་བྱོལ་བས་དེ་ཧ་མ་གོ་བའམ་གང་ལྟར། སྔ་མ་ལ་’སྦུབས་ཕྲན་’དང་ཕྱི་མ་ལ་’འབུད་ཤུགས་’ཞེས་བསྒྱུར་ཡོད་པ་ནི་སྐད་ཡིག་གཅིག་གྱུར་ལ་གནོད་ཐོག སྒྲའང་མི་ལེགས་པས་ཅི་བྱ། ལྷག་པར་དུ་འབུད་ཤུགས་ཞེས་འབུད་སྒྲ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་དོན་དུ་མི་འགྱུར་ཏེ། ཆུ་ལ་ཡོད་པའི་ཤུགས་ལ་མི་གོ་བར་ཆུ་ནང་གི་དངོས་པོ་རང་གི་ཤུགས་ལ་གོ་བའི་སྐྱོན་ཡོད། དཔེར་ན་ཆུ་ནང་གི་སེམས་ཅན་ཁ་ཤས་ཆུ་ནས་བར་སྣང་དུ་མཆོངས་པའི་སྐབས་ཉིད་ན། ཆུ་ཁོ་ན་མ་ཡིན་པར་སེམས་ཅན་རང་ཉིད་ཀྱི་རྩོལ་བ་ལས་བར་སྣང་དུ་མཆོངས་བྱེད་ཀྱི་ཤུགས་ཤིག་བསྐྲུན་པ་དེ་ལ་ནི་འབུད་ཤུགས་ཀྱི་སྒྲ་འཇུག་གོ གལ་སྲིད་སློབ་ཕྲུག་ཅིག་དགེ་རྒན་གྱིས་ཕྱིར་བཏོན་ཅིང་སློབ་ཕྲུག་དེ་ཉིད་འཛིན་ཁང་ནས་ཐོན་ཚེ། ཕྱིར་འབུད་མཁན་སུ་རེད་ཅེ་ན། ཐོན་ཡོང་མཁན་གྱི་སློབ་ཕྲུག་ཉིད་དང༌། ཕྱིར་འཕུད་མཁན་སུ་རེད་ཅེ་ན་བྱེད་པ་པོ་གཞན་དགེ་རྒན་ལ་གོ་བ་ལྟ་བུའི་ཁྱད་པར་ཡོད་པས། ཡང་ན་ནི་’འཕུད་ཤུགས་’ཞེས་བྱེད་འབྲེལ་ལས་ཚིག་ལ་བསྒྱུར་དགོས་པར་སྣང་མོད། འོན་ཀྱང་སྐད་ཡིག་གཅིག་འགྱུར་གྱི་འགལ་ཟླ་ཡིན་པས་དགོས་མེད་ཡིན།

 

གཉིས། ཐ་སྙད་དང་སྐད་ཡིག་གཅིག་གྱུར་བྱེད་རྒྱུ།

    ཐ་སྙད་གཅིག་གྱུར་ཅེས་རྗོད་དུས་དབུས་སྐད་ནི་རྩ་བའི་གཞི་འཛིན་ས་རང་བྱེད་དགོས་ཏེ། དེས་ཁྱབ་ཚད་ཆེ་བ་དང༌། ལེགས་ཆ་མང་བ་ཡིན། འོན་ཀྱང༌། དབུས་སྐད་ཡིན་ནོ་ཅོག་བླང་བར་བྱ་བ་ཉིད་དུ་བརྩིས་ན་ནི་ནོར་འཁྲུལ་ཏེ། དཔེར་ན་ལྷ་ས་བས་སྐུལ་ཚིག་མེད་པར། ཁ་ལག་ཟ། ཡར་ལངས་ལྟ་བུ་སོགས་རྗོད་པ་ལ། ཨ་མདོ་བས། ཟ་མ་ཟོ། ཡར་ལོངས་ཞེས་སོགས་བརྡ་སྤྲོད་ཇི་ལྟ་བ་བཞིན་རྗོད་པ་འདི་གོ་སྤངས་ནས་སྒྲ་མ་དག་པ་སྔ་མའི་ལམ་དུ་མིག་བཙུམ་ནས་བསྐྱོད་དགོས་ཟེར་ན་གླེན་གཏམ་མ་ཡིན་ནམ། འདི་ལྟར་ཕྱིན་ན་ནི་ནམ་ཞིག་རི་ལུག་པ་ཐག་པས་མི་བསྡུམ་པའི་དཔེ་ལྟར་བརྡ་སྤྲོད་གཞུང་ལུགས་དང་མཐུན་པའི་སྤྱིའི་ཡིག་སྐད་དང་རྒྱང་ཐག་རིང་དུ་སོང་སྟེ། མཐར་བཀའ་བསྟན་བཅོས་རྣམས་ཀྱང་ལུང་སྐད་དེ་དང་དེར་བསྒྱུར་དགོས་པའི་དུས་ཤིག་སླེབས་མི་སྲིད་པ་མིན་ནོ། འོན་ཀྱང་དེ་ནི་དཀའ་རྙོག་ཅན་ཞིག་སྟེ། བརྡ་སྤྲོད་ཀྱི་གཞུང་ལུགས་བརླག་པའི་ལུང་སྐད་ཐར་ཐོར་ཞིག་ཏུ་ཆ་ཚང་བའི་བསྟན་བཅོས་ཤིག་ཇི་ལྟར་བསྒྱུར་ཐུབ་བམ། མི་ཐུབ་སྟེ། འབྲུག་དང༌། ལ་དྭགས། སྤི་ཏི། ཁུ་ནུ། མོན་སོགས་ལ་འཕྲད་པའི་དཀའ་ངལ་བཞིན་ནོ། དཔེར་ན། ལ་དྭགས་སུ་<<ལ་དྭགས་མེ་ལོང་>>ཞེས་པའི་དུས་དེབ་ཅིག་རྩོམ་སྒྲིག་གིས་གསར་འགྱུར་ཙམ་དུ་མ་ཟད་ནང་པའི་གསུང་ཆོས་ཀྱང་ཁོང་ཚོའི་གྲོང་སྐད་དུ་ཕབ་སྟེ། དག་ཆ་སུམ་རྟགས་ཀྱི་སྤྱི་འགྲོས་གང་ཡང་མེད་པར་སྒྲ་ཙམ་མཚོན་པའི་ཡིག་ཕྲེང་བྱུང་རྒྱལ་དུ་བསྒྲིགས་ཏེ་ལོ་ཤས་རིང་འདོན་སྤེལ་བྱས་མོད། གཟུར་གནས་ཕུགས་བསམ་ཅན་གྱི་ཡུལ་མི་འགས་དེས་ཁུངས་མ་འཁྱོལ་ཅིང་འཁྱོལ་ཐབས་མེད་པའི་གནས་སྟངས་གཟིགས་ཏེ་བཀག་འགོག་བྱས་པ་རེད། འབྲུག་ཡུལ་དུའང་རྫོང་དཀར་ཟེར་བའི་བོད་ཡིག་ཟུར་ཆག་གི་ཡི་གེ་ཞིག་སྤྱོད་མོད། དེ་ཡི་ལག་རྗེས་ནི། དཔེར་ན། རྒྱའི་ཡིག་རྙིང་བེད་མེད་ཆགས་པ་དང་བསྟུན་ནས་རྒྱ་ཡིག་ཐོག་གི་བཀའ་བསྟན་ལུང་གི་ཆོས་ཐམས་ཅད་ཀྱང་བློ་ཡི་རིང་བསྐལ་དུ་གྱུར་བ་ལྟར། ཡུལ་གྲུ་དེར་དབང་ལུང་མན་ངག་གི་རྒྱུན་དང་ཞལ་འདོན་སྐྱོར་ཀློག་ཙམ་ལས་བརྡ་སྤྲོད་སྐད་ཡིག་གི་ལམ་ནས་བཀའ་བསྟན་བཅོས་ཀྱི་ནང་དོན་གོ་མཁན་ལྟ་ཅི། ཐ་ན་ཞལ་འདོན་ཚིག་བཞི་མ་ཞིག་ལ་འགྲེལ་འགྲོ་མཁན་ཡང་ཉིན་མོའི་སྐར་མ་ལྟར་གྱུར་ཡོད། སྤི་ཏིའི་ཡུལ་དུ་ཕ་མེས་ཀྱི་བོད་ཡིག་སྟེང་ཡོད་པའི་གསུང་རབ་རྣམས་ཧིན་དྷི་ལ་ཕབ་བསྒྱུར་གྱིས་སློབ་གཉེར་བྱ་དགོས་པའི་ལྟ་ཚུལ་འཛིན་མཁན་གྱི་ཡུལ་མི་ཡང་མགོ་འབུས་ཟིན་པ་རེད།
དེས་ན་ཤེས་དགོས་རྒྱུ་ཞིག་ལ། ཆོལ་ཁ་གསུམ་ལས་ལྷ་སའི་སྐད་སྤྱི་སྐད་དུ་འཛིན་པའི་རྒྱུ་མཚན་དེ་ཡི་ཕྱིར། གཙོ་བོར་ལྷ་སའི་སྐད་ལ་འཁྲུལ་སེལ་བྱས་ཏེ། བརྡ་སྤྲོད་ཀྱི་ཕྱོགས་སུ་བསྐྱོད་དགོས་པ་ཡིན། དམུ་དགེ་མཆོག་གི་ཞལ་སྔ་ནས་ཀྱིས། སྤྱི་འགྲོའི་སྐད་དང་མཐུན་པ་མི་བྱེད་པར་ཡུལ་གྲུ་འགའ་ཞིག་གི་སྐད་རེ་གཞིར་བཟུང་ན་སྐད་ཡིག་གཅིག་གྱུར་དུ་འགྲོ་བའི་དགོས་པ་སྟོར་བར་འགྱུར་རོ། ཞེས་གསུངས་པ་ལྟར། ལྷ་ས་བས་སྤྲེའུ་ལ་སྤེའུ། སྤྲེལ་ལད་ལ་སྤེལ་ལད། སྤྲང་མགོ་ལ་སྤང་མགོ། དཔྲལ་སྒོ་ལ་དཔལ་སྒོ། སྤྲིས་མ་ལ་སྤིས་མ། ཁྱེར་ཤོག་ལ་ཁེར་ཤོག སྒོ་ཕྱེ་ལ་སྒོ་ཕེ། ཁྱི་ལ་ཁི། ཁྱད་མཚར་ལ་ཁད་མཚར། སྐྱིད་པོ་ལ་སྐིད་པོ། སྤྱིན་ལ་སྤིན། ཕྲུ་གུ་ལ་ཕུ་གུ སྤུན་མཆེད་ལ་སྤུན་མཇེད། སྐུ་མཁྱེན་ལ་ཀུ་ཅི། འཁྱུག་ཡིག་ལ་འཁུག་ཡིག་ཅེས་འདོགས་ཅན་སོགས་མེད་པར་ཀློག་པ་འདི་འདྲའི་རིགས་སྤྱི་སྐད་ཆགས་ན་སྐྱོན་ལས་དགོས་པ་གང་ཡང་མེད་པས། སྤྱི་སྐད་དུ་ཁས་ལེན་ཐབས་རྩ་བ་ནས་མེད། སྔ་མ་རྣམས་ནི་བཤད་མཁན་གཅིག་ལས་མེད་ཀྱང་ཡིག་སྐད་དང་མཐུན་པས་སྤྱི་སྐད་དུ་ཁས་མི་ལེན་ཐབས་མེད་ཡིན། ཡང་རོབ་ཙམ་བརྗོད་ཟིན་ལྟར། ལྷ་སའི་སྐད་ལ་དཔེར་ན། སྦག་སྦག་སོགས་ཐོངས་ལ་བཏང༌། གདན་ཐོངས་ལ་གདན་བཏིངས། རྟ་ཐོགས་ལ་རྟ་བཏགས། ཡར་ལྟོས་ལ་ཡར་བལྟ། མར་སྡོད་ལ་མར་བསྡད། ཤིང་ཆོད་ལ་ཤིང་བཅད། ཡི་གེ་སྦྱོངས་ལ་ཡི་གེ་སྦྱང༌། ཆུར་རྐྱོལ་ལ་ཆུར་རྐྱལ། མར་ཞོག་ལ་མར་བཞག ཁྱི་ཁོགས་ལ་ཁྱི་བཀག ང་ལ་སྟོནད་དང་ཞེས་པར་ང་ལ་བསྟན་དང༌། མེ་ཏོག་ཐོབས་ལ་མེ་ཏོག་བཏབས། ལག་པས་ལོངས་ལ་ལག་པས་ལེན། ཁང་པ་རྒྱོབས་ལ་ཁང་པ་བརྒྱབས། ཡར་ཁྱོགས་ལ་ཡར་བཀྱགས། རྐང་པ་རྐྱོངས་ལ་རྐང་པ་བརྐྱངས། སྐད་ཆ་ཤོད་དང་ཞེས་པར་སྐད་ཆ་བཤད་དང༌། ཞེས་སྐུལ་ཚིག་མི་ཐོན་པའི་སྐྱོན་ཡོད་པ་དང༌། དེ་བཞིན་ཁ་སང་ཕྱིན་སོང༌། བལྟས་པ་ཡིན། བླངས་པ་ཡིན། ཟོས་ཚར་སོང་ལྟ་བུ་བརྗོད་དགོས་རྒྱུ་ལ། ཁ་སང་འགྲོ་སོང༌། ལྟ་བ་ཡིན། ལེན་པ་ཡིན། ཟ་ཚར་སོང༌། ལྟ་བུ་དུས་གསུམ་གྱི་རྣམ་གཞག་འཁྲུགས་ཏེ་རྗོད་པ་འདི་འདྲའི་རིགས་ནི། དམུ་དགེ་ཚང་གི་ཞལ་སྔ་ནས། ཡུལ་སྐད་རེ་ཟུང་གི་རྗེས་སུ་བརྒྱུགས་ནས་སྤྱི་སྐད་བརླག་པའི་བྱ་བ་ལ་མི་འཇུག་པར་ཞུའོ། ཞེས་གསུངས་པ་ལྟར་སྤོང་དག་བྱས་ཏེ། མདོ་ཁམས་པས་བརྡ་སྤྲོད་བསྟན་བཅོས་ཀྱི་སྐད་ཇི་ལྟ་བ་བཞིན་རྗོད་པ་དེ་དང་བསྟུན་དགོས། ཁ་ཅིག འབྲི་དུས་བརྡ་སྤྲོད་ཇི་བཞིན་བྲིས་ན་རྗོད་པའི་ཚེ་གྲོང་སྐད་ཡིན་ཡང་མི་སྐྱོན་ནོ་ཟེར་ན། དེ་ལ་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་ཞལ་ནས། བྱབྱའགའ་ཞིག་གིས་འབྲི་དུས་དག་ཆ་མ་ནོར་བ་ཞིག་དང་བརྗོད་དོན་གང་ཡིན་རྟོགས་ཐུབ་ཚེ་རྗོད་པའི་སྒྲ་གདངས་ཙམ་ལ་དོ་གལ་ཆེན་པོ་བྱེད་དགོས་དོན་མི་འདུག་སྙམ་པ་ཡོང་སྲིད་ཀྱང༌། སུམ་རྟགས་དག་གསུམ་མཐར་ཕྱིན་མཁྱེན་པའི་མཁས་དབང་དག་ལ་དེ་ལྟར་ཡིན་དུ་བཅུུག་ཀྱང༌། བོད་མི་ཕལ་ཆེ་བ་ཞིག་གིས་སྒྲ་གདངས་ལེགས་པར་མ་ཐོན་པའི་དབང་གིས་དག་ཆ་ནོར་བ་ཤིན་ཏུ་མང་པོ་མཐོང་དུ་ཡོད།བྱབྱ ཞེས་གསུངས་པ་ལྟར། ལྷ་སའི་སྐད་དུ་སློབ་ཁྲིད་གནང་རྗེས། སློབ་ཕྲུག་རྣམས་ལ་རྩོམ་ཡིག་ཅིག་འབྲིར་བཅུག་ནའང་སྐུལ་ཚིག་མེད་པ་དང༌། དུས་གསུམ་གྱི་རྣམ་གཞག་འཁྲུགས་པའི་རྩོམ་ཡིག་འབྲི་བར་བྱེད། ཁག་ཅི་ཡོད། ཁ་མིག་ཡར་ལྟ་བྱེད་ས་དགེ་རྒན་སློབ་དཔོན་རྣམས་གྱིས་རྣམ་པ་ཀུན་ཏུ་སློབ་ཁྲིད་དང་བཀའ་མོལ་གནང་དུས་དེ་ལྟར་རྗོད་པས་སོ། ཁ་སྐད་དུ་དེ་དང༌། ཡིག་སྐད་དུ་འདི་རེད་ཅེས་བསླབ་དགོས་དུས་རྙོག་དྲ་མ་རེད་དམ། འདི་ལྟར་མགོ་རྙོག་མང་པོ་ཞིག་ཡོད་པས་བོད་ཡིག་སྦྱོང་མཁན་ཕྱི་རྒྱལ་བ་དག་ལྟ་ཅི་སྨྲོས་བོད་ཕྲུག་རྣམས་ཀྱང་བོད་ཡིག་ལ་སུན་སྣང་སྐྱེས་ཀྱི་ཡོད། དེས་ན་སྐད་ཡིག་གཉིས་ཀྱི་བར་ཁྱད་ཇེ་ཆུང་ནས་རྩ་མེད་དུ་གཏང་རྒྱུ་ནི་སྐད་ཡིག་གཅིག་གྱུར་གྱི་མཐར་ཐུག་གི་སླེབས་ས་ཡིན།
ཁམས་དང་ཨམ་སྐད་ནི་སྤྱིར་བཏང་སྤྱི་སྐད་དུ་འཛིན་པ་མིན་པས་འཁྲུལ་སེལ་གྱི་དགོས་པ་ཆེར་མེད་མོད། སྤང་བྱ་དང་བླང་བྱ་གཉིས་ཀ་ཡོད་པ་ཤེས་དགོས། དཔེར་ན། གོང་བཀོད་དུས་གསུམ་དང་སྐུལ་ཚིག་གིས་མཚོན། ཨམ་ཁུལ་འབྲོག་པ་རྣམས་ཀྱིས། དཀོན་ལོས་ཁྱེར་སོང༌། འཕགས་མོའི་རེད་ལྟ་བུ་བྱེད་འབྲེལ་ཇི་ལྟ་བ་བཞིན་སྦྱར་ཏེ་སྨྲ་རྗོད་བཤད་པ་འདི་ལྟ་བུའི་རིགས་སྤང་བྱ་ག་ལ་ཡིན། འོན་ཀྱང༌། སྐྲ་ལ་སྐྱ། སྐྲངས་ལ་སྐྱངས། སྐྲག་ལ་སྐྱག དཀྲིས་ལ་དཀྱིས། བཀྲུ་ལ་བཀྱུ། ཁ་བཀྲམ་ལ་ཁ་བཀྱམ། སྐྱག་དྲི་ལ་སྐྱག་རི། ཁྲག་ལ་ཁྱག ཁྲ་ཁྲ་ལ་ཁྱ་ཁྱ། ཁྲིད་ལ་ཁྱིད། གྲོ་ལ་གྱོ། གྲོ་མ་ལ་གྱོ་མ། གྲིབ་མ་ལ་གྱིབ་མ། གྲོག་མ་ལ་གྱོག་མ། གྲལ་ལ་གྱལ། དགྲ་ཡ་ལ་དགྱ་ཡ། གྲགས་ལ་གྱགས། གྲངས་ཀ་ལ་གྱངས་ཀ། གྲོས་བྱོས་ལ་གྱོས་བྱོས། འགྲོ་ལ་འགྱོ། གོན་ལ་གྱོན། སྣག་ཚ་སྒྲུང་ལ་སྣག་ཚ་སྒྱུང༌། ཁྱོད་ཚོ་ལ་ཁྱོད་ཆོ། ངེད་ཚོ་ལ་ངེད་ཆོ། སྤྲང་པོ་ལ་སྤང་པོ། སྤུན་ལ་སུན། ཕོ་མོ་ལ་ཧོ་མོ། ཕོ་བ་ལ་ཧོ་བ། ཕྱིར་ཕུད་ལ་ཕྱིར་ཧུད། སླེ་བོ་ལ་སེ་བོ་ཞེས་རྗོད་པ་དང༌། ཁམས་པས་ཚང་མ་ལ་ཚོང་མ། གངས་རི་ལ་གོངས་རི། བཟང་པོ་བཟོང་པོ། རང་རང་སོ་སོ་ལ་རོང་རོང་སོ་སོ། གཙང་མ་ལ་གཙོང་མ། ཁང་པ་ལ་ཁོང་པ་ཞེས་རྗོད་པ་རྣམས་མ་དག་པས། ཕ་མའི་ཡི་གེ་ལ་བུ་ཡིག་གང་དང་གང་ཡོད་པ་དེ་དང་དེའི་སྒྲ་ཇི་ལྟ་བ་བཞིན་ཐོན་པར་བྱས་ན་སྤྱི་སྐད་དུ་གྱུར་པ་རེད། ཡང་ཨ་མདོ་བས། སློག་པ་ལ་སྩོག་པ། བསླངས་ལ་བསྩངས། བསླབས་ལ་བསྩབས། ཁ་སང་ལ་ཁ་སྩང༌། མི་ལ་མྱི། མེ་ལ་མྱེ་ཞེས་རྗོད་པ་རྣམས་མ་དག་པའམ་ཡང་ན་སྐད་གསར་བཅད་ཀྱི་རྗེས་མ་ཆོད་པའི་ཞན་ཆ་གང་རུང་ལ་བརྟེན་སྤང་བྱ་ཡིན་ནོ། བོད་ཀྱི་སྤྱི་སྐད་ནི་བོད་ཡིག་ཡིན་པ་ལ། ཁ་ཤས་ཀྱིས་ལེགས་ཉེས་བླང་དོར་གང་ཡང་མེད་པར་རང་གི་སྐད་དང་རིག་གཞུང་ཡིན་ཚད་ལ་ཞེན་ཁོག་དང་འཛིན་པ་ཨ་འཐས་བྱེད་པ་ནི་ཁྱི་རུས་འཐམ་བཞིན་སྙིང་པོ་ཅི་ཡང་མེད། ཀླད་ཆུང་ཁ་ཤས་ནི་ཆུ་སྣ་གར་ཁྲིད་རེད་དེ། སོར་གང་ཙམ་གྱི་མིག་རྒྱང་ཡང་མེད་པའི་ཁ་འཐབ་འོག ལྷ་ས་དང། ཨ་མདོའི་ཕལ་སྐད་སྦྱོང་དེབ་ཅེས་ཁ་སྐད་ཡིག་ཐོག་ཏུ་ཕབ་པའི་དཔེ་དེབ་མང་པོ་འདོན་སྤེལ་བྱེད་བཞིན་པ་ནི་རང་སྲོག་གཅོད་པའི་སྟ་རེ་ལ་ངར་ཁ་བླུད་པ་དང་གཅིག་མཚུངས་རེད། དེ་ལ་དགེ་ཆོས་མཆོག་ནས། “དེང་སང་མཐའ་མི་འགའ་ཞིག དབུས་གཙང་གི་ཕལ་སྐད་དང༌། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཡོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།”ཞེས་གསུངས་སོ། དེས་ན། སྐད་རིགས་མང་པོ་ཤེས་ན་ལེགས་མོད། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་པའི་བསླབ་བྱ་འདིའི་ཕ་སྐད་ནི་བརྡ་སྤྲོད་ཡིག་སྐད་དང་མཐུན་པའི་ཕ་སྐད་ཡང་དག་པ་རྣམས་ལ་ལས། དེང་སྐབས་ཀྱི་མ་དག་པའི་གྲོང་སྐད་རྣམས་ལ་ཡང་ངོས་འཛིན་ན་ནི། མདོ་ཁམས་ཀྱི་གྲོང་སྐད་དུ་རྒྱ་སྐད་ཤུགས་ཆེར་འདྲེས་ཏེ་བགྲང་བྱ་བཅུ་ཕྲག་འགའ་འཁོར་ཟིན་པས། གྲོང་སྐད་བྲོ་བ་ཅན་དུ་གྱུར་ཡོད་ན་འདི་དག་ཀྱང་བརྗེད་དུ་མི་རུང་བར་རྒྱུན་འཛིན་བྱེད་དགོས་པར་མ་ཐལ་ལམ། འོན་ཀྱང་གྲོང་སྐད་ཡིན་ཚད་སྤང་བྱ་ཡིན་ནམ་ཞེ་ན། མིན་ཏེ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་ཞལ་ནས། “བོད་ཀྱི་སྤྱི་སྐད་དངོས་ནི་བོད་ཡིག་ཡིན་པས་བོད་སྐད་དང་བོད་ཡིག་གཉིས་ཁ་འབྲལ་ཐབས་མེད་ཅིང༌། ཐོག་མར་བོད་ཡིག་བཟོ་སྐབས་བོད་སྐད་གཞིར་བཞག་ནས་བཟོས་པ་ཞིག་ཡིན་པས་བོད་ཡིག་གི་ཕྱི་མོ་བོད་སྐད་ཡིན་ཡང༌། བོད་ཡིག་ལེགས་པར་བཟོས་ཤིང་དེས་བོད་སྐད་ཀྱི་ཚབ་བྱེད་ཐུབ་པའི་རྗེས་བོད་ཡིག་ནི་བོད་ཀྱི་སྤྱི་སྐད་དུ་གྱུར་ཅིང་བོད་སྐད་ཚད་མ་ཞིག་ཡིན་མིན་གྱི་ཁུངས་གཏུགས་ས་ཡང་བོད་ཡིག་ཡིན།” ཞེས་གསུངས་པ་ལྟར་བོད་ཡིག་ནི་བོད་སྐད་ལ་བསྟུན་ཏེ་བཟོས་ཤིང༌། བོད་སྐད་ཡང་དག་ཡིན་མིན་གྱི་ཚད་འཇལ་བྱེད་ཀྱང་བོད་ཡིག་ཡིན་པས། དཔེར་ན་ལྷ་ས་བའི་སྐད་དུ། སྲིང་བལ་ལ་’སྤྲིན་བལ’། མཆོད་ཆང་སོགས་རྫོགས་པར་འཐུང་བ་ལ་’ཞབས་དག་བརྒྱབ’། ཧང་སངས་དགོས་པའི་དོན་བྱ་ཞིག་བྱས་པའམ་བྱུང་བ་ལ་’དཔེ་བསགས་’སོང༌། འབར་ཞུན་ལ་’ཙག་སྒྲ’། དེ་རིང་ལ ‘ད་རིང་’། དོན་དུ་གཉེར་བྱའི་ཡུལ་ལ་སྤྲོ་བའི་རྣམ་པ་ཅན་གྱི་སེམས་ལ་’དང་འདོད’། ཟེར་བ་ལྟ་བུ་དང༌། ཨམ་སྐད་ནས་རྣ་སྤབས་ལ་’རྣ་ས’། རྒྱུག་ཤད་དམ་འགྱིག་ཤད་ལ་’སོ་མང’། རྣ་རྒྱན་ཨ་ལོང་ལ་’རྣ་ལུང་’། ཚོད་མེད་པ་ལ་’མཚམས་ཚིགས་’མེད། ཐབས་ཤེས་མེད་ལ་’བཀོད་པ་’མེད།  སྐད་སྒྲ་རྫིག་ཉམས་ཅན་ལ་’དཔོན་སྒྲ’། ཚོད་དཔག་ལ་’ཡིད་ཚོད’། ཕྲུ་གུ་སོགས་ཆེན་པོ་ཆགས་པ་ལ་’ལག་ཆགས་’། ཤེལ་མིག་ལ་’མིག་ར’། ཁྲིམས་མེད་ལུགས་མེད་ཀྱི་མི་ལ་’ཁ་བརྒྱ་མགོ་བརྒྱ་’ཟེར་བ་ལྟ་བུ། རྒྱ་གར་སྤི་ཏིའི་སྐད་དུ་རོགས་པ་ལ་’ཡ་དོ’། ཀྲུ་ཀྲིང་གི་སྐད་དུ་ཀློག་བརྙན་ནང་གི་ཕོ་རྒོད་(hero)’ཕོ་རབ་’དང་དེའི་དགའ་མ་heroineལ་’མོ་རབ་’ཟེར་བ་ལྟ་བུ་རྣམས་བླང་བར་བྱ་བ་ཉིད་དེ། བོད་ཡིག་དཔང་དུ་བཞག་ནས་བལྟས་ན་འདི་ལྟ་བུ་རྣམས་ནི་སྔོན་གྱི་བསྟན་བཅོས་ཡིག་སྐད་གང་དུའང་མི་འབྱུང་བའི་ལུང་སྐད་བྱེ་བྲག་པ་ཡིན་མོད་ཀྱང༌། བོད་སྐད་ཚད་མ་སྟེ། ཡིག་འགྲོས་དང་ཡོངས་སུ་མཐུན་པས་སོ། ཡང་’དང་འདོད་’ཅེས་མི་འབྲི་བར་’དྭང་དོད་’འབྲི་བཞིན་པ་ནི་དག་ཆ་ནོར་བར་རིག་པར་བྱའོ། དཔེར་ན། རང་བཙན་ལག་དེབ་ཀྱི་ཁ་བྱང་དུའང་བཙན་བྱོལ་བོད་མིའི་’དྭང་’བླང་དཔྱ་དེབ་ཅེས་སོགས་བྲིས་པ་དང༌། དོགས་པ་ལ་ཡང་དྭོགས་པ་ཞེས་བྲིས་ཏེ་ས་ཁྱབ་རྡོ་ཁྱབ་རེད། ཐ་ན་དེབ་རྒན་དག་གི་ཁ་བྱང་དུའང་མཐོང་རྒྱུ་ཡོད། ཡིན་ངོ་མ་’དང་’བླང་དང༌། ‘དོགས་པ་’ཞེས་ཝ་ཟུར་མེད་པ་ཅན་ཡིན། འདིའི་རིགས་མ་དག་རྒྱུན་འབྱམས་སུ་འགྲོར་མི་རུང་བ་ཞོར་འཕྲོས་ཙམ་མོ། དོན་ངོ་མར་ཡིག་སྐད་དང་མཐུན་མིན་གྱི་སྒོ་ནས་བླང་དོར་བྱེད་རྒྱུ་ལས་ལུང་ཚན་གྱིས་སྐད་ལ་དག་སྟེར་པ་ནི་ལྐུགས་རྟགས་གཤའ་མ་རེད།
དེ་བཞིན་ཐ་སྙད་རེ་ཟུང་ཡུལ་ལུང་ཁ་ཤས་ན་སྒྲ་ཡངས་འཇུག་ཁོ་ནའི་དབང་དུ་བྱེད་ལ། ཁ་ཤས་ན་དོག་འཇུག་ཁོ་ནའི་དབང་དུ་དང༌། ཁ་ཤས་ན་གཉིས་ཀའི་དབང་དུའོ།  དཔེར་ན། སེམས་ཅན་ཞེས་པའི་སྒྲ། ཨ་མདོ་ཕྱོགས་ནས་སྒྲ་ཡངས་འཇུག་ཁོ་ནའི་དབང་དུ་བྱས་ཏེ་སངས་རྒྱས་དང་སེམས་ཅན་གཉིས་སུ་ཕྱེས་པའི་སེམས་ཅན་སྤྱི་ལས་བྱེ་བྲག་ལ་མི་སྤྱོད་ཀྱང༌། ལྷ་ས་བས་སྐབས་རེར། སེམས་ཙམ་ལྡན་པའི་དུད་འགྲོ་ཙམ་ལ་སེམས་ཅན་ཞེས་རྗོད་པ་ནི། དོག་འཇུག་གི་དབང་དུའོ། ཡང་རི་མགོ་ཞེས་པའི་སྒྲ་འདི་ལྷ་ས་བས་རིའི་རྩེ་ཙམ་ལས་གཞན་ལ་མི་གོ་བ་ནི་དོག་འཇུག་ཁོ་ནའི་དབང་དང༌། ཨ་མདོ་བས་དེ་ཙམ་དུ་མ་ཟད་རི་མགོའི་རི་དྭགས་ཞེས་མི་མེད་ལུང་སྟོང་ཀུན་ལ་ཡང་ངོ༌། འདི་ནི་གཉིས་ཀའི་དབང་དུའོ། སྒྲ་ཡངས་དོག་གི་ལུགས་འདི་ནི་སྐད་ཀྱི་འཁོར་རྒྱུག་ལ་ཧ་ཅང་ཕན་ན། སྤྱོད་སྒོ་ཆེ་ཆེར་ཕྱེ་རྒྱུ་ལས་དགག་བྱ་བྱེད་མི་རུང༌། དབྱིན་ཇིར་མཚོན་ན་མིང་གཅིག་དོན་བརྒྱ་ཕྲག་ལྷག་ལ་འཇུག་པ་ཡོད་པ་ལྟར། རང་རེས་ཀྱང་སྐད་ཀྱི་འཇུག་པ་རྒྱ་བསྐྱེད་རྒྱུ་ལས་ཆུང་དུ་གཏང་ག་ལ་རུང༌། རེ་ཟུང་གིས། ན་ཆུང་ཞེས་པ་མི་ཡི་བྱེ་བྲག་བུ་མོ་རང་ལ་མང་དུ་སྤྱོད་པ་མཐོང་ཙམ་གྱིས། དེ་ལས་འདའ་མཁན་ལ་སྐྱོན་རྗོད་པ་ནི་སྒྲ་ཡངས་དོག་གི་འཇུག་པ་མ་རྟོགས་པས་ལན། སྒྲ་དོག་པའི་དབང་དུ་བྱས་ན། བུ་མོ་ཁོ་ནར་འཇུག་པ་བདེན་དེ། དཔེར་ན། ན་ཆུང་རྣམས་ནི་འཇོ་སྒེག་ཉམས་ལ་དགའ། །ཞེས་པ་ལྟ་བུའི་སྐབས་སོ། སྒྲ་ཡངས་པའི་དབང་དུ་བྱས་ན། ཕོ་མོའི་དབྱེ་བ་མེད་པར་ལོ་ན་ཆུང་བའི་གཞོན་སྐྱེས་ཐམས་ཅད་ལ་འཇུག་ཏེ། <<གངས་རྒྱན་ན་ཆུང་ཚགས་པར་>>དང༌། ན་ཆུང་དུས་སུ་དགའ་མ་ཞག་གིས་སྤྱད། །ཅེས་པ་ལྟ་བུའི་སྐབས་སོ། དེ་བཞིན་ཁྱེའུ་ཞེས་པའི་སྒྲ་འདི་ཡངས་པའི་དབང་དུ་བྱས་ན་ནར་མ་སོན་པའི་བྱིས་པ་སྤྱི་ལ་འཇུག་ཀྱང༌། དོག་པའི་དབང་དུ་བྱས་ན། བུ་ཁོ་ན་ལས་མིན་ཏེ། ཁྱིམ་བདག་དབང་པོ་མེད་པའི་ལེའུ་སོགས་སྐྱེས་རབས་རྣམས་ན་གསལ། དེ་བཞིན་མི་ཞེས་པར་མཚོན་ན། སྒྲ་ཡངས་འཇུག་གི་སྐབས་སུ་རྐང་གཉིས་སྤྱི་དང༌། དོག་འཇུག་གི་སྐབས་སུ། རང་ལས་གཞན་དུ་གྱུར་བའི་མི་ལ་གོ་བ་སྟེ།  མ་འགྲོ་མི་ཡི་ལུང་པ། །ཉི་མ་ལོ་ལས་རིང་བ། །ཞེས་པ་ལྟ་བུའི་སྐབས་སོ། ཨང་ཀི་ཞེས་པའི་མིང་འདི་ཡང༌། ཡངས་འཇུག་གི་སྐབས་ན་གྲངས་ཀ་སྤྱི་ལ་འཇུག་ཀྱང༌། དོག་འཇུག་གི་སྐབས་ན་དང་པོ་གཉིས་པ་སོགས་ཁྱད་པར་ཅན་ལ་སྟེ། སློབ་ཕྲུག་ཡག་པོ་ཨང་ཀི་ལེན་མཁན་ཞེས་པ་ལྟ་བུའི་སྐབས་སོ། གཞན་ཡང་སྲོག་ཆགས། རིག་གནས། འཛམ་གླིང༌། གོ་བ། མཐོང་བ། འཇིག་རྟེན། རྗེས་འཇུག རྩོམ་རིག ལུང་པ། རི་དྭགས་ཞེས་སོགས་ཡངས་དོག་གཉིས་ཀྱི་འཇུག་པ་ལྡན་པའི་མིང་མང་པོ་ཡོད་པ་རྣམས་ལྕགས་སྒྲོག་གིས་བཅིངས་མི་རུང་ངོ༌།
འདི་ལྟར་ཕྱོགས་ཡོངས་ནས་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་དགོས་པར་བརྗོད་དུས་མི་མང་པོ་ཞིག་གིས་འདི་ནི་ཡོང་ཐབས་མེད་པའི་སྟོང་བསམ་ཞིག་ཡིན་པར་སྨྲ་མོད། སི་ཏུ་པཎ་ཆེན་གྱི་ཞལ་སྔ་ནས། “བརྡ་སྤྲོད་ཀྱི་གཞུང་དང་གཏན་འགལ་བ་རེ་ལ་ཡིད་བརྟན་འཆའ་ཞིང༌། དབྱངས་གསལ་གྱི་མཚམས་སྦྱོར་ལས་བྱུང་བའི་རྣམ་འགྱུར་དེ་རྣམས་ཡིག་གཟུགས་ཀྱི་སྐབས་སུ་མ་གཏོགས་བརྗོད་པ་ལ་ཇི་ལྟ་བར་སྦྱོར་མི་ནུས་སྙམ་པར་འདུག་པ་ནི་ཡ་ཆའོ། །”ཞེས་གསུངས་པ་ལྟར། འཛམ་གླིང་ཡར་ཐོན་རྒྱལ་ཁབ་རྣམས་ཀྱིས་རང་རང་སོ་སོའི་སྐད་ལ་འཁྲུལ་སེལ་ཡར་རྒྱས་སུ་གཏོང་ཐུབ་པ་ལ་བོད་པ་གཅིག་པུས་མི་ནུས་པ་གང་ཡིན་ནམ། དཔེར་ན། སྔོན་ཆར་མཚོ་སྔོན་གྱི་རྒྱ་མི་རྣམས་ལ་མཚོ་སྔོན་སྐད་ཟེར་པའི་རྒྱ་སྐད་ཡ་མ་ཟུང་ཞིག་ཡོད་པ་ལ། བར་སྐབས་ཤིག་ལ་སྤྱི་སྐད་འཁྱོངས་མཁན་རྣམས་ཡོན་ཏན་པའམ་མིག་དཔེ་ལ་ལྟ་བའི་དུས་རིམ་ཞིག་བརྒྱུད་དེ། དེང་གི་སྐབས་ན་ཕལ་ཆེར་གཙང་སེལ་ཟིན་པས་ཡིག་སྐད་དང་མཐུན་པའི་རྒྱ་ནག་སྤྱི་སྐད་སྤྱོད་བཞིན་ཡོད།
དེ་ལྟར་བོད་མི་རེ་རེ་བས་ཀྱང༌། གོམ་པ་སྡུག་ཕྱོགས་ན་སྤོ་ཡང༌། རེ་བ་བཟང་ཕྱོགས་སུ་བརྒྱབས་ཏེ། སྤྱི་སྐད་ལ་དང་འདོད་བྱེད་དགོས་པ་ཡིན། ལྷག་པར་དུ་ཡང༌། མ་ཤེས་ཉེས་པ་བྱེད་པ་བླུན། །ཤེས་ནས་བྱེད་པ་དེ་བས་བླུན། །ཞེས་པ་ལྟར། བོད་ཡིག་ཤེས་ཡོན་པ་རྣམས་དང་བོད་དགེ་རྣམས་གྱིས། ནོར་འཛོལ་ཧ་གོ་བཞིན་དུ། ང་མི་གཅིག་གིས་ཤུགས་རྐྱེན་མི་ཐེབས། ས་ཕྱོད་མི་ཡོང་སྙམ་དུ་མི་བསམ་པར་སྣེ་ཁྲིད་དགོས་པ་ཡིན། དེ་ཡང་སྐད་ཡིག་གཉིས་ཀྱི་བར་ཁྱད་བསུབ་ཕྱིར་ཉིན་རེའི་འཚོ་བའི་ནང་དང༌། ལྷག་པར་བོད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་བརྡ་སྤྲོད་དང་མཐུན་པའི་སྤྱི་སྐད་ཁོ་ན་སྨྲ་རྗོད་བྱེད་དགོས། དེ་ལས་ལྡོག་ན་ནི་འབེན་ཤར་ནས་བཞག མདའ་ནུབ་ལ་འཕང་བ་དང་གཅིག་མཚུངས་ཡིན། དེ་བཞིན་ཁྱབ་རྒྱ་ཆེ་བའི་བོད་ཕྱི་ནང་གི་རླུང་འཕྲིན་ཁང་རྣམས་ནས། ཁམས་སྐད་ཀྱིས་རྒྱང་སྲིང་བྱེད་དུས་ཡིག་འགྲོས་དང་མཐུན་པའི་ཁམས་སྐད་རང་དང༌། ཨ་མདོ་བས་ཀྱང་ཡིག་འགྲོས་དང་མཐུན་པའི་ཨམ་སྐད། ལྷ་ས་བས་ཀྱང་ཡིག་འགྲོས་དང་མཐུན་པའི་ལྷ་སའི་སྐད་ནས་རྒྱང་སྲིང་ཞུས་ན། ཆོལ་ཁ་གསུམ་གྱི་མིས་གོ་བར་འགྱུར་ཏེ། དཔེར་ན། ཨ་རིའི་རླུང་འཕྲིན་ཁང་ནས་པདྨ་རྡོ་རྗེ་དང་རྡོ་རྡེ་ཚེ་བརྟན་གཉིས་ནས་ཕལ་ཆེར་ཡིག་འགྲོས་དང་མཐུན་པའི་ཨམ་སྐད་བཤད་པ་རྣམས་ཨ་མདོ་བས་སྨྲོས་མེད་ཐོག་ལྷ་ས་བ་དང་ཁམས་པས་ཀྱང་གོའོ་ཞེས་ཁ་གཅིག་གྲགས་རེད། དེ་ལྟར་སླེབས་ས་མཐར་ཐུག་ཡིག་སྐད་བྱས་ཏེ་འགྱུར་བ་བཟང་ཕྱོགས་སུ་བཏང་ན་ཆོལ་གསུམ་གྱི་སྐད་ལ་གདངས་དང་ང་རོ་ཙམ་ལས་བར་ཁྱད་མེད་པར་འགྱུར་ལ། སྒྲ་གདངས་ཀྱི་ཆ་ནས་ལྷ་ས་བ་སྙན་ཆ་ཆེ་ལ། ལྷག་པར་ང་རོ་དབྱངས་ཀྱི་ཆ་ནས་ལྷ་སའི་སྐད་ཁྱད་པར་དུ་འཕགས་པས་སྤྱི་སྐད་དུ་འཛིན་པའི་རྒྱུ་མཚན་གཙོ་བོ་ཡང་དེ་ཡིན། ཡིག་སྐད་དང་མཐུན་པའི་སྐད་འགྲོས་ལ་གོམས་ཚེ་སྐད་གདངས་ཙམ་ལྷ་ས་བར་བསྟུན་རྒྱུ་ནི་དཀའ་ཚེགས་མེད་པ་ཞིག་ཡིན། དེ་ལས་ལྡོག་སྟེ་ཡིག་སྐད་ལས་གཞན་དུ་གྱུར་པའི་ལྷ་སའི་ཕལ་སྐད་རྣམས་སྤྱི་སྐད་དུ་བཟུང་ན་ནི་གོང་བརྗོད་སྤི་ཏི་དང་ལ་དྭགས། འབྲུག་ཡུལ་སོགས་ལ་འཕྲད་པའི་དཀའ་ངལ་དེ་གའི་གདོང་བསུས་པ་རང་རེད།

 

གསུམ། སྐད་གསར་བཅད་ཀྱི་མིང་ཐོག་ནས་བརྡ་སྤྲོད་ཀྱི་གཞུང་ལ་སྣོན་འཕྲི་དང་གཏན་འབེབ་བྱ་རྒྱུ།

    རང་རེར་ནོར་འཁྲུལ་ཞིག་ཡོད་པ་ནི། མཁས་དབང་དགེ་ཆོས་ཀྱིས། བོད་འདིར་སླ་མོ་ཞིག་དཀའ་རུ་བཏང་སྟེ་བཤད་ན་མཁས་པར་རྩི། ཞེས་དང༌། དེང་རབས་མདོ་སྨད་ཀྱི་སྒྱུ་རྩལ་པ་སྨན་བླ་སྐྱབས་ནས། མི་རིགས་གཞན་དག་ཟླ་བའི་གོ་ལར་སྐྱོད་པའི་དུས་རབས་འདིར། བོད་རིགས་རྣམས་ལས་སུ་བྱ་བ་རྙོག་འཛིང་རེད་ཟེར་བཞིན་གནམ་ལ་མཛུབ་མོ་ཀེར་ནས་ལྷག་གདའ། ཞེས་ཟུར་ཟ་ཁབ་རྩེ་ལས་རྣོ་བ་ཞིག་གིས་རྣག་ཐོག་ལ་གཙགས་མྱོང་པ་ལྟར། རང་རེ་རྣམས་མཁས་པ་འདི་དང་དེ་ཡི་ལུགས་ཞེས་སུམ་རྟགས་ཀྱི་དཀའ་གནད་ཁ་ཤས་རྙོག་འཛིང་ཆེ་རུ་བཏང་སྟེ་དེ་དག་ལ་དགག་བཞག་སྤོང་གསུམ་གྱིས་དུས་འདའ་བར་བྱེད་པ་ནི། དཔེར་ན། ལས་ཀའི་དུས་ཡུན་ཕལ་མོ་ཆེ་ལས་དེ་སྒྲུབ་བྱེད་ཀྱི་ལག་ཆ་ཞིག་ཡང་སྐོར་བསྐྱར་སྐོར་དུ་བཟོས་ཏེ་རྫོགས་པར་བྱས་པ་དང་གཅིག་མཚུངས་རེད། དེས་ན་མདོ་དབུས་ཁམས་གསུམ་གྱི་རྩོད་མེད་ཀྱི་མཁས་པ་རྣམས་ལྷན་དུ་འཛོམས་ཏེ། བོད་ཀྱི་མེས་པོ་ཚོས་སྐད་གསར་བཅད་ཐེངས་གསུམ་མཛད་ཟིན་པ་ལྟར། གསར་བཅད་བཞི་པ་བྱ་བའི་དུས་ལ་བབས་ཡོད། དེ་ཡང་སུམ་རྟགས་གཉིས་ཀྱི་ཐད་ནས་ལེགས་བཤད་མང་བའི་སི་ཏུ་འགྲེལ་ཆེན་རྩ་བར་བཞག་སྟེ། བསྟན་བཅོས་གཞན་གྱི་ལེགས་ཆ་རྣམས་ཕྱོགས་བསྡུས་དང༌། དེའི་ཐོག་དུས་དང་མཐུན་པའི་སྣོན་འཕྲི་བྱས་པ་བརྒྱུད་སུམ་རྟགས་ཀྱི་གཞུང་ལུགས་སྒུལ་མེད་བརྟན་ཆགས་ཀྱི་རྣམ་གཞག་སྟབས་བདེ། དཀའ་རྙོག་མེད་པ་ཞིག་ཏུ་གཏན་ཁེལ་བྱེད་དགོས། དེ་ཡང་སི་ཏུའི་འགྲེལ་ཆེན་གཞི་རྐང་དུ་འཛིན་ཕྱིར། སྙིགས་དོར་དང་ཁ་སྣོན་ཡང་དེ་ག་རང་ལ་བྱེད་དགོས་པ་ཡིན། དཔེར་ན། སི་ཏུས། ལྕགས་ལ་གསེར་འབྱུག་ལྟ་བུ། རྟེན་གནས་སུ་ཁས་བླངས་པས། གཉིས་པ་དང་བདུན་པ་སོར་འབྱེད་མི་ནུས་པའི་མགོ་རྙོག་བསྐྲུན་ཡོད། རང་རེས་གང་ཞིག་གང་ལ་ཡོད་པའམ་གནས་པའི་དོནཙམ་ལས་བྱ་བྱེད་མེད་མཁན་གྱི་སྒྲ་ཞིག་ལ་རྟེན་གནས་སུ་ཐག་བཅད་ན། ལྕགས་ལ་གསེར་འབྱུག་ལྟ་བུ་བདུན་པར་འགྲོ་མི་སྲིད་པའི་ས་མཚམས་གསལ་བོ་ཆགས་པ་ཡིན། དེ་མིན་རི་སྒང་དུ་དར་ལྕོག་བཙུགས་དང༌། ཅོག་ཙེའི་ཐོག་ཏུ་དེབ་བཞག་ལྟ་བུ་རྣམས་གཉིས་པ་དང་བདུན་པའི་གཞི་མཐུན་དུ་ཁས་ལེན་དགོས་པའི་རྙོག་འཛིང་ལུང་པ་གང་ཡོད། དེ་བཞིན་མཁས་པ་མང་པོས་ན་ལ་གཉིས་དེ་ཉིད་ལ་འགྲོ་བའི་དཔེར་རྗོད་ཚད་ཐུབ་མང་པོ་བཀོད་ཡོད་ཀྱང༌། ཁ་ཤས་ཀྱིས་སྨྲ་སྒོ་དང་སི་ཏུ་འགྲེལ་ཆེན་གལ་ཆེར་བརྩིས་ཏེ་ཁས་མི་ལེན་པ་ནི་ཨུ་ཚུགས་མ་ཡིན་ནམ། སངས་རྒྱས་ཀྱིས། ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང༌། ས་ལེགས་ལས། ལེགས་བཤད་བྱིས་པ་དག་ལས་ཀྱང༌། །མཁས་པ་རྣམས་ནི་རབ་ཏུ་ལེན། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཞེས་གསུངས་པ་ཇི་ལྟ་བ་བཞིན་བྱེད་དགོས་པ་ལས། ཆེ་གེ་མོ་མཁས་པ་ཡིན། ཚད་མར་བྱེད་དགོས་ཞེས། རིགས་པའི་གནོད་པ་འབབ་ཀྱང་མཐའ་གཅིག་ཏུ་རྒྱུན་འཛིན་བྱེད་པ་ནི་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་གྱི་དཔེ་ལས་མ་འདས་སོ། ཡང་སི་ཏུས་བདག་སྒྲ་ལ་པ་པོ་གཉིས་ལས་མི་འདོད་པ་འདི་སི་ཏུའི་སློབ་རྒྱུད་ཡིན་པ་དངུལ་ཆུ་ཡབ་སྲས་ཀྱིས་ཀྱང་མི་བཞེད་པར། པ་པོ་བ་བོ་མ་མོ་ཐམས་ཅད་ཁས་བླངས་པ་རེད། འདི་ལྟར་བླང་དོར་བྱ་རྒྱུ་མང་པོ་ཡོད། ཡང་རྒན་ལྷ་མོ་སྐྱབས་ཀྱིས་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་དྲངས་ཏེ། རྫོགས་ཚིག་གི་མཐར་ཉིས་ཤད་དགོས་མེད་ཡིན་པའི་འདོད་ཚུལ་བཟུང་པ་ནི་དགོངས་བཞེད་ཡང་དག་པ་སྟེ། དགོས་མེད་ཀྱི་ལས་ཀ་འཐལ་པ་བྱེད་པ་ནི་འཇིག་རྟེན་ཕལ་བས་ཀྱང་བླུན་པོར་བརྩི་བས་སོ། ཡང་ཚིགས་སུ་བཅད་པ་ཤོ་ལོ་ཀ་རེའམ་གྲོལ་བ་རེའི་རྐང་པ་མཐའ་མར་ཉིས་ཤད་སྦྱོར་རྒྱུ་ལས་གཞན་རྣམས་ལ་ཆིག་ཤད་ཀྱིས་ཆོག་པར་འདོད་པ་ནི་མི་འོས་ཏེ། ཚིགས་སུ་བཅད་པའི་མཐར་ཉིས་ཤད་སྦྱར་ན་ཤིན་ཏུ་མཛེས་པའི་ཁྱད་ཡོད་པ་མིག་ཤེས་ལ་མངོན་སུམ་གྱིས་གྲུབ་ཐོག ཚིགས་བཅད་ལས་རྐང་པ་གཅིག་ཁོ་ན་ལུང་དུ་དྲངས་པ་ལ་ཉིས་ཤད་ཡོད་ཚེ། ལུང་ཁུངས་ཀྱི་རྩོམ་ལུས་ཚིགས་སུ་བཅད་པ་ཞིག་ཡིན་པའི་ཤེས་བྱེད་དུའང་འགྲོ་བས་འདོར་མི་རུང་ངོ༌། ཡང་ནཱ་ག་སངས་རྒྱས་བསྟན་དར་གྱིས་རྒན་པད་མ་རྒྱལ་མཚན་གྱི་དགོངས་པ་ཡིན་ཞེས། རིན་ཆེན་སྤུངས་ཤད་དེ་འབོད་སྒྲ་མཚོན་བྱེད་དུ་སྤྱོད་འོས་པར་བཤད་པ། དམ་པ་གོང་མ་ཚོའི་དགོངས་པ་ཡིན་མིན་གང་ལྟར་ཡང༌། དོན་འདི་ལ་འོས་ཤིང་འཚམས་པ་ཉིད་ཀྱིས་དེ་བཞིན་དུ་སྤྱོད་འོས་མ་ཡིན་ནམ། གཞན་དུ་སྤྱོད་སྒོ་ཆེར་མེད་པས་གནའ་རྫས་འགྲེམ་སྟོན་ཁང་དུ་བཤམས་རྒྱུ་ལས་ཅི་ཆ། ཡིག་ཕྲེང་གི་མགོར་ཡི་གེ་གཅིག་བྱུང་བ་ཚུགས་ཐུབ་ཕྱིར་དགོས་ཤེ་ན།  ཡིག་མཇུག་ལའང་ཡི་གེ་གཅིག་འབྱུང་བ་ཡོད་པས་དེ་ལའང་མཁོ་བར་མ་ཐལ་ལམ། ཡང་མཁས་པས་གསུངས་ཚད་དག་སྟེར་དགོས་པ་ཤ་སྟག་ག་ལ་ཡིན་ཏེ།  སློབ་དཔོན་འགོས་པད་མ་རྒྱལ་མཚན་གྱིས་ཡི་གེ་དང་ཤད་ཀྱི་དབར་ཡོད་དོ་ཅོག་ལ་ཚེག་རེ་དགོས་པར་བཤད་པ་ནི། གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། །ཕན་ལས་གནོད་པ་ཆེ་བས་འཛེམས་ཤིག་ཨང༌། །ཞེས་གསུངས་པ་ལྟར་ཟོར་ཡང་བ་དང་འགལ་བ་གཉིས་ཀྱིས་ཕན་ལས་གནོད་ཆེ་བའི་རིགས་སུ་འདུག་ན་སྔ་སོ་ནས་ཟློག་པ་བརྒྱག་པར་བྱའོ། སྤྱིར་བཏང་ཚེག་འདི་རེ་རེ་བྲིས་པ་དང་སྙུག་ཁ་རེ་འཛུགས་འགྱོགས་བྱེད་དགོས་པས་རྙོག་དྲ་ཅན་དུ་མཐོང་ནས་རིག་གནས་གསར་བརྗེའི་སྐབས་ཚེག་རྩ་བ་ནས་མི་དགོས་པར་ཡིག་འབྲུ་རེའི་མཚམས་སུ་བར་སྟོང་རེ་འཇོག་དགོས་པའི་བསམ་ཚུལ་གླེང་མཁན་བྱུང་མོད། དེ་ལ་དམུ་དགེ་ཚང་གིས་མིག་ལ་མི་མཛེས་པའི་སྐྱོན་བརྗོད་དེ་དགག་བྱ་བྱས་པ་དོན་ལ་གནས་ཤིང༌། གཞུང་ནའང་སྲོག་གི་ཡི་གེ་ཞེས་གལ་ཆེན་དུ་བརྩིས་ཡོད། འོན་ཀྱང་ཤད་གོང་ཐམས་ཅད་དུ་ཚེག་འབྲི་བ་ལ་དགོས་པ་གང་ཡང་མེད།
ཡང་ལྷ་ས་བས་སྤྱང་ཀི་སྒེའུ་ཁུང་ནས་བྲོས་སྐབས།  ཞེས་དང༌། དམག་མི་བཀག་སྐབས། རྟ་རྩྭ་ཐང་ལ་བཏང་སྐབས་ལྟ་བུ་ཁ་ནས་རྗོད་པར་བྱེད་ལ་ཡིག་ཐོག་ལའང་འབྲི་བར་བྱེད། དོན་དངོས་སུ་བྱ་བ་གང་རུང་ཞིག་བྱེད་ཀྱིན་པའི་སྒང་ལ་གནད་དོན་གཞན་ཞིག་བྱུང་བར་སྟོན་པས་ན། འབྲོ་སྐབས་དང་འགོག་སྐབས། གཏོང་སྐབས་ཞེས་ད་ལྟ་བ་འབྲི་དགོས་པ་ཡིན་ཏེ། གོང་གི་ཚིག་དེ་དག་རྒྱས་པར་བཀོད་ན། འབྲོ་བཞིན་པའི་སྐབས། འགོག་བཞིན་པའི་སྐབས། གཏོང་བཞིན་པའི་སྐབས་ཞེས་ད་ལྟ་བའི་ཚིག་གྲོགས་སྦྱོར་དུ་ཡོད་པ་དེས་ཀྱང་བྱ་ཚིག་ད་ལྟ་བ་འབྲི་དགོས་པ་ཤིན་ཏུ་མི་གསལ་ལམ། འདི་ལྟ་བུ་ནི་མི་རིགས་གཞན་གྱི་སྐད་ཡིག་ལས་ཀྱང་ད་ལྟ་བ་འབྲི་སྟེ། དཔེར་ན་དབྱིན་ཇིར།(when the wolf was running away)  ཞེས་ད་ལྟ་བ་(running)འབྲི་བ་རེད། དེ་བཞིན་ལྷ་ས་བས། ངས་ཕྱིན་ཆོག ངས་སེར་ག་ཕྲ་མོའི་སྲུབ་ནས་འགྲོ་ཐུབ། བཀྲ་ཤིས་ཀྱིས་ལྷོ་ཕྱོགས་ལ་ཕྱིན། ངས་ཉལ། ཁོས་བསྡད་ཅེས་སོགས། བྱ་བྱེད་ཐ་མི་དད་པ་ལ་བྱེད་སྒྲ་སྦྱོར་བ་འདི་ཡང་ནོར་བ་སྟེ། ཕྱིས་ཀྱི་མཁས་དབང་དམུ་དགེས་དེ་ལྟར་སྦྱར་མི་རུང་བར་ནན་ཏན་ཆེན་པོས་གསུངས་པ་གང་ཞིག བསྟན་བཅོས་ཁུངས་དག་རྣམས་སུ་ཡང་མི་འབྱུང་ལ། དོན་ལའང་དགོས་མེད་ཡིན་ཏེ། ང་ཕྱིན་ཆོག ང་སེར་ག་ཕྲ་མོའི་གསེང་ནས་འགྲོ་ཐུབ། བཀྲ་ཤིས་ལྷོ་ཕྱོགས་སུ་ཕྱིན་ཞེས་པས་བརྗོད་དོན་ཡོངས་སུ་རྗོགས་པས་སོ། ཁོ་ན་རེ། སྔོན་གྱི་བསྟན་བཅོས་ན་ཡང་དེ་ལྟར་འབྱུང་སྟེ། དཔེར་ན། པདྨ་བཀའ་ཐང་དུ། དེ་ཡི་གམ་དུ་’རྒྱལ་པོས་ཕྱིན་’ནས་སུ། །ཁོ་བོ་རྒྱ་མཚོར་འཇུག་པའི་ས་མཁན་དུ། །ཁྱོད་ཉིད་འགྲོ་དགོས་ད་ལྟ་ཆས་ཤིག་སྨྲས། །ཞེས་རྒྱལ་པོས་ཕྱིན་ལྟ་བུ་འབྱུང་བས་སོ། ཟེར་བ་ནི་གཡག་ཞར་གྱི་རྩྭ་ཟོས་པ་ལྟ་བུའི་སྐྱོན་ཏེ། རྒྱལ་’པོས་’ཞེས་བྱེད་སྒྲ་སྦྱར་དོན་ནི་ཕྱིན་པའི་བྱ་བ་ལ་བལྟོས་ཏེ་མ་ཡིན་པར་རྐང་པ་མཐའ་མའི་སྨྲས་པའི་བྱ་བ་ལ་བལྟོས་ཏེ་སྦྱར་བ་ཁོང་དུ་ཆུད་པར་བྱའོ། འདིའི་རིགས་ལ་བྱ་བ་འགྱང་བར་བྱས་པ་ཟེར། དེས་ན་འདི་དག་ཚང་མ་སུམ་རྟགས་ཀྱི་གཞུང་ནས་གཏན་ལ་ཕབ་དགོས་ངེས་ཡིན།
དེ་བཞིན་བརྡ་དག་གི་ཐད་ནས་ཀྱང་གཏན་ལ་འབེབས་པར་བྱ་བ་མང་ཙམ་སྣང་སྟེ། རང་རེ་མེས་པོ་རྣམས་ཀྱིས། དཔེར་ན། སྲུང་དམག སྡིག་སྒྲིབ། གྲ་སྒྲིག དྲང་སྲོང༌། སྒྲོན་མེ། ཀླུ་སྒྲུབ། སྒྲོལ་མ། སྟོན་པ། བཟོད་སྒོམ། གཅར་རྡུང༌། བཤད་སྒྲུབ། འཐབ་རྩོད་སོགས་ཀྱིས་མཚོན་དུས་གསུམ་བྱེ་བྲག་པའི་བྱ་ཚིག་གིས་གྲུབ་པའི་མིང་རྐྱང་ཕལ་མོ་ཆེ་བྱེད་ཚིག་ད་ལྟ་བས་གྲུབ་པར་བྱས་ཡོད་པས། རང་རེས་ཀྱང་དེ་བཞིན། ལས་བསྡོམས། འགྲན་བསྡུར། ཁང་བརྩེགས། བརྗོད་པ། སྨྲ་བརྗོད། དཔེར་བརྗོད། བཅོས་བསྒྱུར། དཔེར་བསྐྲུན། ཆིག་བསྒྲིལ། གསར་བསྐྲུན་ཞེས་སོགས་འབྲི་བ་ལས། ཟོར་ཡང་པའི་དགོས་པ་ཉིད་ཀྱིས། ལས་སྡོམ། འགྲན་སྡུར། ཁང་རྩེག རྗོད་པ། སྨྲ་རྗོད། དཔེར་རྗོད། བཅོས་སྒྱུར། དཔེ་སྐྲུན། ཆིག་སྒྲིལ། གསར་སྐྲུན་ཞེས་སུ་འབྲི་འོས་པ་ཡིན་ཏེ། ཟོར་ཡང་བའི་དགོས་པ་ཉིད་ཀྱིས་སོ། ཁ་ཤས་ཀྱིས་དེའི་རྒྱུ་མཚན་ཡང༌། དམ་པ་འགས། སྲུང་དམག་ཅེས་པའི་སྒྲ་ལ་མཚོན་ན། སྲུང་བར་བྱེད་པའི་དམག་མི་སྟེ་བདག་གི་དངོས་པོ་ལ་འཇུག་པའི་ཆ་ནས་བདག་སྒྲ་བྱེད་ཚིག་བྲིས་པར་གསུངས་ཀྱང༌། ཐམས་ཅད་མ་ངེས་ཏེ་དོན་དངོས་པོ་གཞན་འཇུག་ཡིན་ཡང་བདག་གི་སྒྲ་བྲིས་པ་དཔེར་ན། སྙན་རྩོམ། རྩིག་པ། རྩོམ་ཡིག སྐྱེད་ཚལ། ཤ་སྐེམ། སྒྲོན་མེ་སོགས་མང་ངོ༌། དངོས་པོ་བདག་གཞན་གང་དང་གང་ལ་འཇུག་ན་དེ་དང་དེའི་སྒྲས་ངེས་པར་དུ་བརྗོད་ན་ནི། སྙན་རྩོམ་ཞེས་པའི་འཇུག་ཡུལ་ནི་གཞན་ཏེ་བརྩམ་བྱ་ཡྀན་པས་སྙན་བརྩམ་ཞེས་བརྗོད་རྒྱུར་ཐལ་ཅིང༌། དེ་བཞིན་རྩིག་པ་ལ་བརྩིག་པ། རྩོམ་ཡིག་ལ་བརྩམ་ཡིག སྐྱེད་ཚལ་བསྐྱེད་ཚལ། ཤ་སྐེམ་ལ་ཤ་བསྐམ། སྒྲོན་མེ་ལ་བསྒྲོན་མེ་ཞེས་བརྗོད་དགོས་པར་ཐལ་ཏེ། དངོས་པོ་གཞན་བྱ་ཡུལ་ལ་འཇུག་པའི་སྒྲ་ཡིན་པའི་ཕྱིར། ཁ་ཤས་ཀྱིས་སྒྲ་མཚུངས་ཀྱི་དབང་དུ་བྱས་པ་ཡིན་ཞེས་སྨྲ་སྲིད་མོད། དེ་ཡིན་ན་ནི། རྩིག་པ་ལ་བརྩིག་པ་འམ་བརྩིགས་པ། སྐྱེད་ཚལ་ལ་བསྐྱེད་ཚལ། སྒྲོན་མེ་ལ་བསྒྲོན་མེ་ཞེས་བྲིས་ན་ཅིས་མི་ཆོག་སྟེ། རྗོད་པ་བདེ་མིན་ལ་ཁྱད་ཅི་ཡང་མ་ཞུགས་པའི་ཕྱིར། ཁོ་ན་རེ། སྒྲའི་འཇུག་ཚུལ་ལ་ཁྱད་ཡོད་དེ། རྗེས་འཇུག་ནང་ཕྲད་ལ་ལྟོས་ཏེ་དྲག་ཞན་གཉིས་སོ་སོའི་ནང་ཚན་མི་འདྲ་བར་འགྱུར་བ་དང༌། མིང་གཞི་ལ་ལྟོས་ཏེ་མ་ནིང་ཡང་ནང་ཚན་གསུམ་དུ་འགྱུར་བའི་ཁྱད་ཡོད་པའི་ཕྱིར་ཞེ་ན།  བྱབརྩིགས་པ་བྱཞེས་དྲག་པའི་དྲག་པ་དང༌། བྱརྩིག་པ་བྱཞེས་དྲག་པའི་ཐ་མར་གྱུར་བའི་ཁྱད་ཡོད་པ་བདེན་མོད་ཀྱི། མིང་གི་སྐབས་འདིར་བྱརྩིག་པ་བྱཞེས་དྲག་པའི་ཐ་མ་དགོས་པའི་རྒྱུ་མཚན་སྨྲར་མེད་དོ། སུམ་རྟགས་མཁན་པོ་སུས་ཀྱང་མ་གསུངས་པའི་ཁྱད་པར་ཕྲ་མོ་དེ་ལྟ་བུ་ལ་འཇུ་ས་ཡོད་ན་ནི།  འཇུ་མི་ཕམ་པས། མིང་གི་སྐབས་སུ་ཚིག་གྲོགས་ཀྱི་དབང་གིས་ནོར་ས་མེད་ཚེ་ཡང་འཇུག་ས་ཡོད་མེད་གཉི་ག་རུང་བར་བཤད་པ་དེ་ཡང་ནོར་བ་སྟེ། རྗེས་འཇུག་ནང་ཕྲད་སྒྲ་ཡི་ཁྱད་པར་གྱིས། ཡང་ན་ཡོད་དགོས་ཤིང་ཡང་ན་མེད་དགོས་པའི་ཕྱིར། དེས་ན། བདག་འཇུག་མ་ཡིན་ཡང་བྱེད་ཚིག་གིས་བྲིས་པའི་རྒྱུ་མཚན་ནི་ཡིག་ཚོགས་སྐྱུང་བ་འམ་ཟོར་ཡང་བ་ཉིད་ཀྱི་དབང་དུ་བྱས་པའི་དངོས་དོན་ཤེས་པར་བྱའོ། དེ་བཞིན་ཕྲད་ལ་’རྣམ་དབྱེ་’ཞེས་པ་ལྟ་བུ་དངོས་པོ་བདག་ལ་འཇུག་ཀྱང་གཞན་འཇུག་བྱ་བའི་ཚིག་གིས་རྗོད་པའི་རྒྱུ་མཚན་ཡང་ཟོར་ཡང་བ་ཉིད་ལ་དགོངས་སོ། དེས་ན། མིང་རྐྱང་གི་ཆ་ཤས་ཀྱི་བྱེད་འབྲེལ་ལས་ཚིག་ཡོད་དོ་ཅོག་རྟགས་འཇུག་སྐབས་ཀྱི་ཅི་ཕྱིར་འཇུག་དང་ཇི་ལྟར་འཇུག་གི་ར་བར་བཙུད་རྐྱང་མི་བྱ་བར་ཟོར་ཡང་བར་ཀྱང་དགོངས་པ་བཞེས་དགོས་པའི་དོན་ཁོང་དུ་ཆུད་དགོས་སོ།
ཡང་འོད་སྲུངས་དང་ཡིད་སྲུབས། ཡིག་རྒྱུགས། སྡོངས་གྲོགས་ཞེས་པ་ལྟ་བུ་སྐུལ་ཚིག་གིས་གྲུབ་པར་བྱས་པ་ལ་རྒྱུ་མཚན་ཅི་ཡང་མེད་པས། ཟོར་ཡང་བར་དམིགས་ཏེ། འོད་སྲུང་དང་ཡིད་སྲུབ། ཡིག་རྒྱུག སྡོང་གྲོགས་ཞཻས་སུ་བསྒྱུར་འོས། འོད་སྲུང་ཞེས་བྲིས་པ་གནའ་རབས་ཀྱི་དེབ་ནའང་མང་དུ་མཐོང་རྒྱུ་ཡོད་ལ་ཡིད་སྲུབ་ཅེས་བྲིས་པ་ཡང་ལན་འགར་འབྱུང་ངོ༌། འོན་ཀྱང༌། བཏང་སྙོམས། མགུལ་ཆིངས། གསུང་ཆོས། ཚོགས་བསགས། ལྟ་བུ་རྣམས་ནམ་ཡང་བསྒྱུར་མི་རུང་བ་ཡིན། རྒྱུ་མཚན་ནི་སྙོམས་དང༌། ཆིངས། ཆོས། ཚོགས་རྣམས་ནི་སྐུལ་ཚིག་དང་མིང་རྐྱང་གི་གཞི་མཐུན་ཡིན་པས། སྐབས་འདིར་བྱ་ཚིག་མ་ཡིན་པར་མིང་རྐྱང་གི་དོན་ཅན་དུ་སོང་བས་ད་ལྟ་བར་བསྒྱུར་མི་རུང་བ་ཡིན། སྙོམས་ནི་ཚད་འདྲ་བའམ་ཡོ་གཟུར་མེད་པའི་དོན་དང༌། ཆིངས་ནི་དཀྲི་བྱེད་དམ་སྡོམ་བྱེད་ཐག་པ་སོགས་དངོས་པོའི་མིང༌། ཆོས་ནི་ཤེས་བྱ་དང་ལམ་སོགས་དོན་གྱི་རྣམ་གྲངས་བཅུ་ལ་འཇུག ཚོགས་ནི་བསོད་ནམས་ཀྱི་མིང་གི་རྣམ་གྲངས་སོ། ཡང་ལ་ལས་’གསལ་བསྒྲགས་’ཞེས་པ་ད་ལྟ་བར་བཅོས་ཏེ་’གསལ་སྒྲོག་’ཅེས་བྲིས་པ་རྗོད་པ་བདེ་མིན་ལ་བརྟེན་མི་ལེགས་མོད། སྔ་མ་ལྟར་བྲིས་ན་ཡིག་ཚོགས་ཆེ་བས། ཟོར་ཡང་བ་ལ་དམིགས་ཏེ། ‘གསལ་སྒྲག་’ལ་བཅོས་ན་སྐྱོན་གང་ཡོད་དམ། ཁོ་ན་རེ། སྒྲག་ཅེས་པ་བསྒྲག་སྒྲོག་བསྒྲགས་སྒྲོགས་ཞེས་དུས་གསུམ་སྐུལ་ཚིག་དང་བཅས་པ་གང་ཡང་མིན་པས་བླང་བྱ་མིན་ནོ་ཞེ་ན། འོ་ན། བསྐྱབ་སྐྱོབ་བསྐྱབས་སྐྱོབས་བཅས་གང་ཡང་མིན་པའི་སྐྱབས་འགྲོའི་སྐྱབས་དང༌། བསྐྱི་སྐྱི་བསྐྱིས་སྐྱིས་བཅས་གང་ཡང་མ་ཡིན་པའི་སྐྱིན་ཚབ་ཀྱི་སྐྱིན། བསྙེར་སྙེར་བཅས་གང་ཡང་མིན་པའི་གཉེར་མའི་གཉེར། བསྙོག་སྙོག་བསྙོགས་སྙོགས་བཅས་གང་ཡང་མ་ཡིན་པའི་ཉོག་གཏམ་གྱི་ཉོག བསྙམ་སྙོམ་བསྙམས་སྙོམས་བཅས་གང་ཡང་མིན་པའི་འདྲ་མཉམ་གྱི་མཉམ། བཏུམ་འཐུམ་བཏུམས་ཐུམས་བཅས་གང་ཡང་མིན་པའི་ཕྱི་ཐུམ་གྱི་ཐུམ། གཞོམ་འཇོམས་བཅོམ་ཆོམས་བཅས་གང་ཡང་མིན་པའི་ཆོམ་རྐུན་གྱི་ཆོམ། བཙོང་འཚོང་བཙོངས་ཚོངས་བཅས་གང་ཡང་མིན་པའི་ཚོང་ཟོག་གི་ཚོང༌། བརླབ་རློབ་བརླབས་རློབས་བཅས་གང་ཡང་མིན་པའི་བྱིན་རླབས་ཀྱི་རླབས། བརླན་རློན་གཉིས་ལས་གང་ཡང་མ་ཡིན་པའི་རླན་གཤེར་གྱི་རླན། གཏང་གཏོང་བཏང་ཐོངས་བཅས་གང་ཡང་མ་ཡིན་པའི་སྟངས་འཛིན་གྱི་སྟངས། གདོན་འདོན་བཏོན་བཅས་གང་ཡང་མིན་པའི་ཁ་ཏོན་གྱི་ཏོན། བལྟ་ལྟ་བལྟས་ལྟོས་བཅས་གང་ཡང་མིན་པའི་ལྟད་མོའི་ལྟད། བརྐུ་རྐུ་བརྐུས་རྐུས་བཅས་གང་ཡང་མིན་པའི་རྐུན་མའི་རྐུན། འགྲོག་འགྲོགས་གཉིས་ལས་གང་ཡང་མིན་པའི་གྲོགས་པོའི་གྲོགས། དགག་འགོག་བཀག་ཁོགས་བཅས་གང་ཡང་མ་ཡིན་པའི་སྐུ་གེགས་ཀྱི་གེགས། སྨྱོ་སྨྱོས་གཉིས་ལས་གང་ཡང་མིན་པའི་སྨྱོན་པའི་སྨྱོན། བརྫུ་རྫུ་བརྫུས་རྫུས་བཅས་གང་ཡང་མ་ཡིན་པའི་རྫུན་མའི་རྫུན། དྲོ་དྲོས་གང་ཡང་མིན་པའི་དྲོན་མོའི་དྲོན་དང་ཚ་དྲོད་ཀྱི་དྲོད། བགོ་བགོས་གཉིས་ལས་གང་ཡང་མིན་པའི་གྱོན་གོས་ཀྱི་གོས། རྩེ་རྩེས་གཉིས་ལས་གང་ཡང་མ་ཡིན་པའི་རྩེད་མོའི་རྩེད། རྒ་རྒས་གཉིས་ལས་གང་ཡང་མ་ཡིན་པའི་རྒན་པོའི་རྒན་དང་རྒད་པོ་རྒད་མོའི་རྒད། གདུལ་འདུལ་བཏུལ་ཐུལ་བཅས་གང་ཡང་མིན་པའི་ཞི་དུལ་གྱི་དུལ་ལྟ་བུ་རྣམས་དུས་གསུམ་གང་ཡང་མ་ཡིན་ཡང་དམ་པ་གོང་མ་ཚོས་སྦྱར་ཡོད་པ་ལ་ཅི་ཟེར་རམ། འདི་ལྟར་སྦྱར་དོན་ནི། ལ་ལས་སྒྲ་མཚུངས་ཁོ་ནའི་དབང་དུ་བྱས་པར་འདོད་མོད། འཐད་པ་མིན་ཏེ། ཚོང་པ་དང་ཚོངས་པའམ་འཚོང་པ། བྱིན་རླབས་དང་བྱིན་བརླབ་བམ་བྱིན་བརླབས། ཕྱི་འཐུམ་དང་ཕྱི་ཐུམ། བསྐྱབས་འགྲོ་དང་སྐྱབས་འགྲོ རླན་གཤེར་དང་བརླན་གཤེར་སོགས་ནང་ཕན་ཚུན་རྗོད་པ་བདེ་མིན་ལ་ཁྱད་ཅི་ཡང་མ་ཞུགས་པའི་ཕྱིར་རོ།  །དེས་ན་གཙོ་བོ་མིང་གི་ཉམས་འབུར་དུ་ཐོན་ཕྱིར་ཡིན་ལ། དེའི་སྟེང་ཟོར་ཡང་བ་དང༌། རྟགས་མཚུངས་ལའང་དམིགས་སོ། དཔེར་ན།  སྐྱབས་འགྲོ་དང་བྱིན་རླབས་ལྟ་བུ་སྟེ། མིང་རྐྱང་གི་གྲུབ་གཞིར་བྱ་ཚིག་ལས་མིང་རྐྱང་རང་སླེབས་ན་མིང་གི་ཁྱད་ཆོས་འབུར་དུ་ཐོན་པ་མངོན་སུམ་གྱིས་གྲུབ་ལ། ཚོང་པ་དང་ཕྱི་ཐུམ་ལྟ་བུ་མིང་གི་ཉམས་འབུར་དུ་ཐོན་ཐོག་ཟོར་ཡང་དུ་ཕྱིན་ཡོད། ཡང་ཀླད་སྐོར་ལ་ཀླད་ཀོར་ཞེས་རྗོད་པ་ནི་གསུམ་གའི་དགོས་པ་ཚང་ཡོད། དེ་ལྟར་’གསལ་སྒྲག་’སོགས་ལ་སྒྲག་འབྲི་བའི་དགོས་པ་ཡང༌། གཅིག་ནས་མིང་གི་ཉམས་ཐོན་པ་དང༌། གཉིས་ནས། ཁྱབ་སྒྲག སྒྲག་གཏམ། དྲིལ་སྒྲག ཆེད་སྒྲག་ཅེས་མང་པོ་ཞིག་ཟོར་ཡང་དུ་ཕྱིན་པ་རེད། བསྟན་བཅོས་མང་པོར་’སྒྲོགས་’བཞིན་འདུག་ཅཻས་ད་ལྟ་བར་ས་ཡང་འཇུག་ཅན་བྲིས་པ་མང་དུ་སྣང་ལ། ད་ཆར་ཡང་དེ་ལྟར་འབྲི་མཁན་མང་མོད་ཀྱང༌། དུས་གསུམ་བྱེ་བྲག་པའི་སྤྱི་འགྲོས་ནས་ཕུད་ཅིང༌། སྐུལ་ཚིག་དང་ནོར་གཞིའི་སྐྱོན་ཙམ་ལས་དགོས་པ་མེད་ན་’སྒྲོག་’ཅེས་འབྲི་བར་སྐུལ་ལོ།
འདིར་ཁ་ཅིག་ན་རེ། བྱ་ཚིག་གིས་གྲུབ་པའི་མིང་ཡིན་ཀྱང་ད་ལྟ་བས་གྲུབ་པས་མ་ཁྱབ་སྟེ། སྐྱབས་འགྲོ་ཞེས་པའི་སྒྲ་འདི། བྱ་ཚིག་གིས་གྲུབ་ཀྱང་ད་ལྟ་བས་མ་ཡིན་ཏེ། སྐྱབས་ཞེས་པའི་སྒྲ་ད་ལྟ་བ་མ་ཡིན་ནོ། ཞེས་ཟེར་མོད། ‘སྐྱབས་’སྒྲས་མཚོན། བྱ་ཚིག་ལས་ཁོལ་དུ་ཕྱུང་བའི་སྐྱིན་ཚབ་ཀྱི་སྐྱིན་དང༌། ཕྱི་ཐུམ་གྱི་ཐུམ་སོགས་གོང་བཀོད་རྣམས་ནི་མིང་རྐྱང་ལས་བྱ་ཚིག་མ་ཡིན་ཏེ། དུས་གསུམ་གྱིས་དབྱེ་བས་མ་ཁྱབ་པའི་ཕྱིར། ཁྱབ་པ་གྲུབ་སྟེ། དཀའ་གནད་གསལ་མེར། དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །ཞེས་དང༌། བདག་གཞན་དབྱེ་བ་ཁྱབ་ཆུང་ཞིང༌། །དུས་གསུམ་དབྱེ་བ་ཁྱབ་ཆེའོ། །ཞེས་གསུངས་པ་ལྟར། བྱ་ཚིག་ལ་དུས་གསུམ་གྱིས་ཁྱབ་པ་ཡིན་ནོ། ཁོ་ན་རེ། འོ་ན། གཟིགས། ཞེས་པའི་སྒྲ་ཆོས་ཅན། དུས་གསུམ་གང་རུང་ཡིན་པར་ཐལ། བྱ་ཚིག་ཡིན་པའི་ཕྱིར། ཅེ་ན། རང་ལྡོག་གི་ལན་ལྡོན་ཏེ། དཔེར་ན། དངོས་པོ་ལ་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་གྱིས་ཁྱབ་ཀྱང༌། དངོས་པོ་ཆོས་ཅན། བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་གང་རུང་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཅེ་ན། རང་ལྡོག་གི་ལན་ལྡོན་ཅིང༌། དངོས་པོ་ཡིན་ན་འདི་གསུམ་གང་རུང་ཡིན་པའི་དམ་བཅའ་མི་འདོར་བ་ལྟར་རོ། དེས་ན་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ཀྱང་རུང༌། ཚིག་གྲོགས་དང་བསྟུན་ནས་དུས་གསུམ་གང་རུང་དུ་མི་འགྱུར་མཁན་ནི་ནམ་གཞར་ཡང་མ་གྲུབ་བས་ནེམ་ནར་གྱི་གཞི་གང་ཡང་མེད། འདི་དག་ནི་བྱ་ཚིག་ལ་བལྟོས་ཏེ་བཟོས་པ་འམ་ཟུར་དུ་ཕྱུང་བས་བྱ་ཚིག་གི་ཉམས་འགྱུར་དང་ལྡན་ན་ཡང༌། ཚིག་གྲོགས་ཀྱིས་དབང་གིས་ཀྱང་རུང་སྟེ། དུས་གསུམ་གང་དུའང་མི་འགྱུར་བས་བྱ་ཚིག་མ་ཡིན་པ་ཤིན་ཏུ་གསལ་ཡང༌། བྱ་ཚིག་ཡིན་ཤག་གིས་རྩོད་གཞི་ཆོས་ཅན་དུ་དྲངས་པ་ནི་རིགས་ལམ་ཤིན་ཏུ་རྩིངས་པར་གསལ་ལོ། ལར་ནས་སྐྱབས་འགྲོ་ཞེས་པའི་སྒྲ་འདི་ད་ལྟ་བས་གྲུབ་པའི་མིང་རྐྱང་ཡིན་ཏེ། འགྲོ་ཞེས་པ་ད་ལྟ་བ་ཡིན་པའི་ཕྱིར་རོ། འོན་ཀྱང་བྱ་ཚིག་གིས་གྲུབ་པའི་མིང་རྐྱང་ཐམས་ཅད་ད་ལྟ་བས་གྲུབ་པའི་ཁྱབ་མཐའ་བཟུང་བ་ནི་ནང་གི་དེ་ཉིད་བསྟན་པ་ལས་མ་འདས་ཏེ། འདས་མ་འོངས་ད་ལྟ་སྐུལ་ཚིག་བཅས་གང་རུང་རེ་རེ་བས་གྲུབ་པའི་མིང་རྐྱང་ཡོད་པ་མ་ཟད། དུས་གཉིས་འདུས་ཀྱིས་གྲུབ་པའང་ཡོད་དེ་དཔེར་ན། བཀག་འགོག འཛིན་བཟུང༌། འགྲོ་སོང༌། དབྱེ་འབྱེད་ལྟ་བུའོ།
གོང་དུ་བརྗོད་ཟིན་ལྟར་མིང་རྐྱང་གི་གྲུབ་གཞིར། བྱ་ཚིག་དང་བྱ་ཚིག་ལས་ཁོལ་དུ་ཕྱུང་བའི་མིང་རྐྱང་གི་སྒྲ་གཉིས་ལས་གང་གདམས་དགོས་ཤེ་ན། མིང་གི་ཉམས་ཁྱད་པར་བ་ཐོན་ཕྱིར་ཕྱི་མའོ། འདི་ལྟ་བུའི་རྣམ་གཞག་མ་རྟོགས་བཞིན་གཟུ་ལུམ་བྱས་དབང་གིས་མ་དག་རྒྱུན་འབྱམས་སུ་སོང་བའི་རིགས་མང་པོ་ཐོན་ཡོད། དཔེར་ན། ‘རྐུ་མ་’ཞེས་པ་ལས་སམ་བྱ་བའི་མིང་དང༌། ‘རྐུན་མ་’ཞེས་ལས་དེ་བྱེད་མཁན་ལ་གོ་བའི་ཁྱད་ཐོན་ཕྱིར་བརྐུ་རྐུ་བརྐུས་རྐུས་ལས་ཟུར་དུ་ཕྱེས་ཏེ་རྗེས་འཇུག་ན་སྦྱར་མོད། དེའི་དོན་མ་རྟོགས་པར། ‘རྐུ་མ་མ་བརྐུ་’ཟེར་རྒྱུའི་ཚབ་ཏུ་’རྐུན་མ་’མ་བརྐུ་བོད་གཞུང་གི་འཛིན་རིམ་ལྔ་པའི་སློབ་དེབ་དུ་འང་ཞེས་འབྲི་བ་ནི་ནོར་བ་སྟེ། བྱ་བ་དང་བྱེད་པོ་གཅིག་ཏུ་འདྲེས་པས་སོ། དེ་བཞིན་སྦེལ་ཀོབ་རྒན་གསོ་ཁང་གི་སྒོ་བྱང་ལ་’རྒས་གསོ་ཁང་’ཞེས་ཡིག་ཆེན་རྟ་མགོ་འདྲ་རེ་བྲིས་པས་མཚོན། སྲིད་དོན་རྒྱལ་རབས་སུ་འང་དེ་ལྟར་འབྱུང་མོད། རྒ་དང་རྒས་ལས་ཟུར་དུ་ཕྱུང་བའི་རྒན་ཞེས་པའི་མིང་རྐྱང་གཤའ་མ་ཞིག་ཡོད་བཞིན་དུ། རྒས་གསོ་ཁང་ཞེས་བྲིས་པ་ནི་ཤིན་ཏུ་མི་ལེགས་ཏེ། ལོ་ན་རྒས་ཟིན་པའི་མི་ལ་རྒ་དང་རྒས་ལས་ཟུར་དུ་ཕྱུང་བའི་རྒན་གྱི་སྒྲ་འཇུག་པ་ལྟར། ‘རྒན་གསོ་ཁང་’ཞེས་བརྗོད་པར་བྱ་སྟེ། རྒན་པོ་རྒན་མོ་རྣམས་གསོ་སྐྱོང་བྱེད་ས་ཡིན་པའི་ཕྱིར། ཡང་གདོང་གི་ཤ་ལྤགས་བསྙེར་བའི་རྗེས་ཤུལ་ལ་འཛིན་རིམ་ལྔ་བའི་སློབ་དེབ་དུ་ཐོན་པས་མཚོན་ཁ་ཤས་ཀྱིས་སྙེར་མ་ཞེས་བྲིས་པ་ནི་ནོར་བ་སྟེ། བསྙེར་སྙེར་གཉིས་ལ་ཟུར་དུ་ཕྱུང་བའི་མིང་རྐྱང་གི་སྒྲ་’གཉེར་’ཞེས་ཆེད་རྗོད་ཀྱི་སྒྲ་ཡོད་པས་ན། གཉེར་མ་ཞེས་འབྲི་དགོས་པ་ཡིན།  ཡང་བཙན་བྱོལ་དུ་ལེགས་བཅོས་བྱས་ཁུལ་གྱིས་སྟངས་འཛིན་ལ་’བཏང་འཛིན་’ཞེས་འབྲི་མོད། ‘སྟངས་འཛིན་’ཞེས་བྲིས་ཀྱང་བཏང་གི་དོན་མི་གཏོང་སྟེ། གཏང་གཏོང་བཏང་ཐོངས་བཅས་ལས་ཁོལ་ཏུ་ཕྱུང་བའི་མིང་ཡིན་པའི་ཕྱིར། དེས་ན་མིང་གི་ཉམས་ཁྱད་པར་ཅན་མི་བརླག་པའི་ཐོག རྒྱུན་སྤྱོད་ཅན་དུ་གྱུར་ཟིན་པས་སྟངས་འཛིན་ཞེས་རང་སོར་འཇོག་པར་བྱའོ། ཡང་དེ་དང་ཕྱོགས་མཚུངས་པ་ཁག་ཅིག་མ་དག་རྒྱུན་འབྱམས་སུ་སོང་ཡོད་པ་དཔེར་ན། ‘ཉི་མ་’ཞེས་ནམ་མཁའི་མེ་ཟླུམ་གྱི་མིང་དང༌། ‘ཉིན་མ་’ཞེས་ཉི་མ་ལས་ཉི་ལྡན་གྱི་དུས་ལ་གོ་བའི་ཁྱད་ཐོན་ཕྱིར་ཉི་ལ་རྗེས་འཇུག་ན་སྦྱར་ན་ཡང༌། ཁ་ཤས་ཀྱིས་དེའི་དོན་མ་རྟོགས་པར་’ཉི་མ་’བདུན་ལ་གཟའ་འཁོར་གཅིག་ལྟ་བུ་རྗོད་པ་ནི་ནོར་བ་སྟེ། ‘ཉིན་མ་’བདུན་ལ་གཟའ་འཁོར་གཅིག་ཅེས་སུ་བརྗོད་པར་བྱའོ། གཞན་དུ་རྗོད་པ་སྔ་གཞུག་གི་རམ་འདེགས་མ་བརྟེན་ན་ནམ་མཁའི་ཉི་མ་གྲངས་བདུན་ལ་གོ་བར་འགྱུར་བའི་སྐྱོན་ཡོད་ཐོག་ཉིན་མོ་དང་ཉིན་མཚན་ལྟ་བུའི་སྐབས་སུ་ན་ཡིག་གང་ནས་སླེབས་དང་ཅི་ཕྱིར་སླེབས་ཀྱང་སྨྲར་མེད་དོ། འདི་ནི་དག་ཡིག་གསར་སྒྲིག་ཁུངས་སུ་མཛད་པར་སྣང་མོད། ཐུགས་ཉམས་མ་བཞག་པའི་ནོར་འཁྲུལ་གང་དུའང་འབྱུང་སྲིད་དེ། དག་ཡིག་གསར་སྒྲིག་ན་སྩལ་གྱི་འདས་དང་གཞན་སྒྲུབ་ལ་བསྩལ་ཅེས་བྲིས་པ་ནི་ནོར་བ་སྟེ། སྔོན་གྱི་བསྟན་བཅོས་རྣམས་སུ་མི་འབྱུང་བ་གང་ཞིག བསྕལ་ནི་བསལ་གྱི་བརྡ་རྙིང་ཡིན་ནོ། ཡང་’ཟན་’ཞེས་ཟས་དང༌། ‘གཟན་’ཞེས་ཟན་དེ་ཟ་མཁན་ལ་གོ་བའི་ཁྱད་ཐོན་ཕྱིར་སྔོན་འཇུག་ག་སྦྱར་ཡང༌། ཁ་ཤས་དེའི་དོན་མ་རྟོགས་པར་བཙན་བྱོལ་བོད་ཀྱི་སློབ་དེབ་ཕལ་ཆེ་བའི་ནང་རྩྭ་ཟན་སྲོག་ཆགས། ཤ་ཟན་སྲོག་ཆགས། རྩམ་ཟན་པ་ཞེས་ཟེར་བ་ནི་ཡིག་ནོར་ཏེ། རྩྭ་གཟན་སྲོག་ཆགས། ཤ་གཟན་སྲོག་ཆགས། རྩམ་གཟན་པ་ཞེས་འབྲི་དགོས་པ་ཡིན་ནོ།
དུས་གསུམ་གཞན་གཉིས་ཀྱི་བྱ་ཚིག་གིས་གྲུབ་པའི་མིང་ལ་བྱ་ཚིག་གང་དང་གང་ཟོར་ཡང་བ་དེ་དང་དེ་གཙོ་བོར་བཟུང་འོས་པ་ལས། ད་ལྟ་བ་སྦྱོར་བའི་དགོས་པ་མེད་དོ། དེ་ཡང༌། སྔོན་གྱི་མཁས་པ་རྣམས་ནས། དུས་གསུམ་སྤྱི་ཙམ་པར་དམིགས་ཏེ། ་་་་་་་་་འདས་ལ་འའི་སྔོན་འཇུག །མེད་པར་ངེས་ཤིང་ག་ད་ཉུང༌། །ཞེས་གསུངས་པ་ལྟར། ཟོར་ཡང་བ་ཉིད་ཀྱི་ཕྱིར་འདས་པ་མང་ཙམ་སྤྱད་ཡོད་པ་དཔེར་ན། ཚིག་ཕྲད། ཁུར་བོ། ཆུད་ཟོས། མ་ཟད། རྒྱལ་ཕམ། གྲུབ་མཐའ། ཐར་ཐོར། ཐར་མདོ། ཆད་ལྷག བུད་ཤིང༌། ཁ་བྲལ་རིང་ལུགས་ཞེས་སོགས་ལྟར་རང་རེས་ཀྱང༌། སློབ་འཁྲིད། དབུ་འཁྲིད། འཕྱར་གྲུ། ལག་འཁྱེར། འཁོར་ཡུག ཉམས་ཐག གཏན་འཁེལ། འབྲི་དེབ། འགན་འཁུར་བ་ཞེས་སོགས་འབྲི་བ་ལས། སློབ་ཁྲིད། དབུ་ཁྲིད། ཕྱར་གྲུ། ལག་ཁྱེར། ཁོར་ཡུག ཉམ་ཐག གཏན་ཁེལ། བྲི་དེབ། འགན་ཁུར་བ་ཞེས་སོགས་སུ་བྲིར་ལེགས་ཏེ། འཇུ་མི་ཕམ་པའི་ས་མཐའི་རྣམ་དབྱེ་བསྟན་པའི་སྐབས་སུ། ཉོན་མོང་པ་དང་ཐུན་མོང་བ། །འདི་སོགས་ས་མཐའ་ཡོད་མེད་ཀྱི། །ཁྱད་པར་མཛད་ཀྱང་ཚིག་གྲོགས་ཀྱི། །དབང་གིས་ནོར་ས་མི་ཆེ་བས། །བྱས་ཀྱང་རུང་ལ་མེད་ཀྱང་རུང༌། །ཞེས་ནོར་གཞི་མེད་ན་ས་མཐའ་མེད་ཀྱང་རུང་བར་གསུངས་པའི་རིགས་ལམ་འདི་སྔོན་འཇུག་སོགས་ལའང་རིགས་བསྒྲེ་ན་ཅིས་མི་ཆོག དེས་ན། འཕྲེང་བ། འཕྲིན་ལས། འཁོན་འཛིན་སོགས་ཡིག་ཚོགས་ཅན་འབྲི་བ་ལས། ཕྲེང་བ། ཕྲིན་ལས། ཁོན་འཛིན་ཞེས་སོགས་ལེགས་ཤིང༌། དེ་བཞིན་ཐུན་མོང་ལ་རིགས་བསྒྲེས་ཏེ། མཐུན་རྐྱེན། མཐུན་སྒྲིལ། མཐུན་སྣང་ཟེར་བ་རྣམས་ཀྱང་ཐུན་རྐྱེན། ཐུན་སྒྲིལ། ཐུན་སྣང་ཞེས་སུ་བྲིར་འོས་ཏེ་ནོར་གཞི་གང་ཡང་མེད་ཕྱིར་རོ། གཞན་དུ། སྔོན་འཇུག་འ་དང་མ་བསྐལ་པའི་བར་བྲི་བའི་ངལ་བ་ཅི་ལ་བསྟེན། དུས་གསུམ་ཐོར་བུ་བ་ནས་མ་འོངས་པ་དང་ད་ལྟ་བ་ཕལ་ཆེར་ཟོར་ཡང་བས་བླང་བྱའོ། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་ཡིག་ཚོགས་བསྐྱུངས་ཏེ། གཉིས་ཀ་ལ་གཉི་ག ཉམས་ཆུང་ལ་ཉམ་ཆུང༌། ཉམས་ཐག་ལ་ཉམ་ཐག ཡིད་རངས་ལ་ཡི་རང༌། ཡིད་ཆད་ལ་ཡི་ཆད། གཏན་གཏན་ལ་ཏན་ཏན། ཉིས་ཁྲི་ལ་ཉི་ཁྲི། རྩ་ཤེས་ལ་རྩ་ཤེ་ཞེས་སུ་བསྡུས་པ་ཚུན་དགོས་པ་གཙོ་བོ་ཟོར་ཡང་བའི་ཆེད་དུའོ། ཁ་ཅིག་ན་རེ། དགོས་དོན་གཙོ་བོ་ནི་གཞན་ཏེ། གཉི་ག་ཞེས་པ་ལྟ་བུ་”མོ་ཡིས་མོ་ཡི་མིང་མཐའ་དྲངས་”ཚུལ་གྱི་དབང་དུ་འོ་ཞེ་ན། ཕོས་ཕོ་དྲངས་པའི་དཔེར་རྗོད་དུ’གཉིས་ཀ་’ཞེས་སི་ཏུ་འགྲེལ་ཆེན་རང་ལས་བྱུང་བ་ལྟར་རང་སོར་བཞག་ན་ཅིས་མི་རུང༌། ལར་ནས་དེ་ལྟ་བུ་རེ་ཟུང་ཞིག་རྟགས་མཚུངས་འདྲེན་ཚུལ་ཡིན་པའི་དབང་དུ་བཏང་ཡང༌། རྩ་ཤེས་ལ་རྩ་ཤེ་དང༌། ཡི་རངས་ལ་ཡི་རང༌། མཐུན་མོངས་ལ་ཐུན་མོང༌། ཞེས་པ་ལྟ་བུ་མིང་གི་ཆ་ཤས་སྔ་མའི་སྔོན་འཇུག་དང་ཕྱི་མའི་ཡང་འཇུག་བསྡུས་པ་ནི་རྟགས་མཚུངས་འདྲེན་ཚུལ་གྱིས་ཡིན་སྲོལ་མེད་དོ། དེས་ན་འདི་ལྟ་བུའི་བཅོས་སྒྱུར་ལ་དམིགས་ཏེ། བོད་དུ་རྔ་བའི་ཚོང་པས་སྦྱིན་བདག་བྱས་ཏེ་རྩོམ་པ་པོའི་ཚོགས་འདུ་དང༌། བྱེས་སུ་འབྲི་གུང་ཆེ་ཚང་རིན་པོ་ཆེས་སྲོང་བཙན་རྒྱལ་སྤྱིའི་བོད་སྐད་ཡིག་གི་ཚོགས་འདུ་སྐོང་པ་ལྟ་བུ། གཞུང་སྒེར་གྱི་ཚོགས་པ་དང་བླ་ཆེན་མི་ཆེན་རྒྱུ་འབྱོར་ལྷག་བསམ་ཅན་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ། སྐད་གསར་བཅད་བཞི་པའི་མིང་ཐོག་ནས་ཆབ་སྲིད་དང་མ་འདྲེས་པའི་རྒྱལ་སྤྱིའི་བོད་སྐད་ཡིག་གི་ཚོགས་ཆེན་སྔ་ན་མ་གྲགས་པ་ཞིག་སྐོང་རྒྱུ་དུས་ལ་བབ་བོ།
གོང་དུ་བརྗོད་ཟིན་ལྟར། རང་རེས་རྣམ་པ་ཀུན་ཏུ་ཟོར་ཡང་བ་ཉིད་གཙོར་བཟུང་གིས་སུམ་རྟགས་དག་གསུམ་ལ་སྣོན་འཕྲི་ཚད་འཕེར་བ་བྱས་ཏེ་ཡར་རྒྱས་སུ་གཏང་དགོས་ལ། དེའི་ཐོག་ཁ་སྐད་ཡིག་འགྲོས་ཅན་དུ་བསྒྱུར་ཐུབ་ན། སྦྱོང་པ་པོ་ལ་ཚེགས་ཆུང་བ་དང་ཤེས་སླ་བའི་དགེ་མཚན་ཡོད། ཤེས་མཁན་མང་བར་གྱུར་པ་ལ་བརྟེན་ནས་སྤྱོད་མཁན་མང་བར་འགྱུར་བ་ཡིན། དེའི་ཚེ་བོད་སྐད་ཡིག་འདི་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བའི་འགོ་ཚུགས་པ་རེད་ལ། ནམ་ཞིག་བོད་ཡིག་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་དེ་ཡི་ཚེ་ད་གཟོད་མི་རིགས་འདི་རང་ཉིད་ཀྱི་སྐད་ཡིག་གི་རྐང་པའི་སྟེང་ནས་ཡར་ལངས་པ་རེད་ཅེས་བརྗོད་ཆོག

 

བཞི་པ། གཞན་གྱི་རིག་གནས་སྤྱི་དང་ལྷག་པར་དེང་རབས་ཀྱི་རིག་གནས་མཐའ་དག་བོད་སྐད་དུ་བསྒྱུར་རྒྱུ།

    ད་ནི་གླེང་བར་བྱ་བ་འདི་ཡོད་དེ། མིང་གི་སྐད་མཛོད་གླེགས་བམ་མང་པོ་བསྐྲུན་ཚེ་ཐམས་ཅད་འགྲིགས་སོང་བ་ཡིན་ནམ་ཞེ་ན། ག་ལ་ཡིན། དེ་ལྟར་ཐ་སྙད་བཟོ་བའི་དགོས་པ་ཉིད་གནའ་དེང་གི་རྀག་གནས་མཐའ་དག་བོད་སྐད་དུ་བསྒྱུར་ཏེ་བོད་པས་བོད་ཡིག་གི་སྟེང་ནས་འཛམ་གླིང་སྤྱི་བྱེའི་ཤེས་བྱ་ཀུན་མཐོང་ཐོས་དོགས་གཅོད་ལག་ལེན་ཅི་ཡང་ཐུབ་པ་ཞིག་བྱེད་རྒྱུ་དེ་ཡིན། དེ་ལྟར་ནམ་བྱུང་བའི་ཚེ། བོད་སྐད་ཡིག་ཉམས་ཆག་གི་ཉེན་ཁ་ལས་ད་གཟོད་གཞི་ནས་ཐར་བ་རེད། ཡིན་ཡང་བཙན་བྱོལ་བོད་མིའི་ཁྲོད། བློ་གྲོས་མ་སྨིན་པ་ཁ་ཤས་ཀྱིས། སློབ་ཚན་ཚང་མའི་བརྒྱུད་ལམ་དེ་དབྱིན་སྐད་ལེགས་པའི་འདོད་ཚུལ་གྱིས་བཙན་བྱོལ་ཤེས་རིག་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཤེས་དགོས་པ་ཞིག་ལ། བོད་ཕྱི་ནང་གཉིས་ནས་ཀྱང་རུང་སྟེ། རང་གི་སྐད་ཡིག་མི་ཤེས་པར། དབྱིན་ཇི་དང་རྒྱ་ཡིག་སོགས་སྐད་ཡིག་གཞན་ཞིག་བརྒྱུད་ནས་དེང་རབས་ཀྱི་རིག་གནས་མཐའ་དག་སྦྱངས་ཏེ་ཐོན་པ་ན། ཡར་ཐོན་མི་རིགས་ཚོ་དང་དཔུང་པ་མཉམ་གཤིབས་ཀྱིས་བསྐྱོད་ཐུབ་པར་རློམ་པ་ནི་གཞི་མེད་པའི་སྤོབས་པ་ཉི་ཚེ་བ་ཞིག་ཡིན། མི་རིགས་འདིའི་ངོས་ནས་བལྟས་ན། དེ་ནི་ཕྱི་རྒྱལ་བ་ཞིག་གི་དོ་ཟླ་སྟེ་རང་གི་རིག་གཞུང་ལ་ཕན་ཐོགས་མེད་པའི་མི་ཞིག་ཐོན་པ་ཙམ་རེད། སྔ་མོའི་ལོ་ཙཱ་བ་ཚོས་བཀའ་བསྟན་བཅོས་ཐམས་ཅད་བོད་དུ་བསྒྱུར་ཏེ་བོད་རིགས་རྣམས་འོད་སྣང་གི་ལམ་ཆེན་དུ་ཁྲིད་པ་ཞིག་ལས། བོད་རིགས་ལ་སྒྲ་བསླབས། སྒྲའི་སྟེང་ནས་ནང་ཆོས་བསླབས་ཏེ་མ་བསྡད་པའི་རྒྱུ་མཚན་གང་ལ་ཐུག་གམ། དེ་ནི་ཁོང་ཚོ་ལ་མིག་རྒྱང་རིང་བས་རེད། དེང་སང་མི་རིགས་འདི་མགོ་འཕང་དགུང་ལ་བསྟད་དེ་འགྲོ་རྒྱུ་བྱུང་བ་ནི་ཁོང་ཚོའི་བཀའ་དྲིན་རེད། གལ་སྲིད་ཁོང་ཚོས་དེང་སང་གི་བྱེད་སྟངས་ཏེ། སྔོན་ལ་དབྱིན་ཇི་དང་རྒྱ་ཡིག་བསླབས། དེའི་སྟེང་ནས་ཚན་རིག་སོགས་དེང་རབས་ཀྱི་སློབ་ཚན་མཐའ་དག་སློབ་པ་ལྟར། སྔོན་ལ་སྒྲ་དང༌། དེ་ནས་ནང་ཆོས་བསླབས་ཏེ་བསྡད་ཡོད་པའི་དབང་དུ་བཏང་ན། ད་ལྟ་ད་དུང་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ནང་བསྟན་འདི་ཉིད་བོད་ཡུལ་ཀུན་ཏུ་འདི་ལྟ་བུའི་ས་དར་རྡོ་དར་ཞིག་མིན་པ་གཏན་ཁེལ་ནས་བཤད་ཐུབ། དེ་དང་མཚུངས་པར། མི་རིགས་འདི་ཉིད་དེང་རབས་ཀྱི་རིག་གནས་མཐའ་དག་ལའང་མངའ་བརྙེས་པའི་གོ་འཕང་ལ་འགོད་འདོད་ཡོད་ན་ནི། ཕྱི་ནང་གི་རིག་གནས་ཐམས་ཅད་བོད་སྐད་དུ་བསྒྱུར་ཅིང་དེའི་སྟེང་ནས་སློབ་སྦྱོང་མི་སྤྲོད་ཐབས་མེད་ཡིན། དེ་ལྟར་བྱུང་ཚེ་དེང་རབས་ཀྱི་རིག་གནས་གསར་པ་རྣམས་ཀྱང་མི་རིགས་འདིའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་ངེས་ཡིན་ལ། དེ་ལས་ལྡོག་ན་སློབ་ཚན་བྱེ་བྲག་པ་རེ་ལ་ཆེད་ལས་སློབ་ཐོན་པ་ཉུང་ངུ་རེ་ལས་ཐོན་མི་ཐུབ།
དེ་ཡང་དེང་རབས་ཀྱི་རིག་གསར་ཁག་ཙམ་དུ་མ་ཟད། གནའ་བོའི་ཆོས་ལུགས་དང་རིག་གནས་སྣ་ཚོགས་པ་ཡང་བོད་སྒྱུར་བྱེད་དགོས་པ་ཡིན། ཁ་ཤས་ཀྱིས། ཕྱི་རོལ་མུ་སྟེགས་པའི་བསྟན་བཅོས་བོད་སྐད་དུ་སྒྱུར་པ་ལ་ཉེན་ཁ་ཡོད་དེ། གུ་རུ་པདྨས། བོད་ལ་མུ་སྟེགས་རྟོག་བྱེད་ཀྱི། །ཆོས་ལོག་མ་གཏོང་ཁྱོད་ཀྱིས་སྲུངས། །ཞེས་སྲུང་མ་ལ་གཉེར་གཏད་མཛད་པར་བརྟེན་བསྟན་མ་བཅུ་གཉིས་ཀྱིས་ཚར་གཅོད་ངེས་རེད་ཟེར། འདི་ནི་ཡ་མཚན་པའི་སྐད་ཆ་ཞིག་རེད། རང་རེའི་ནང་བསྟན་ནི་ལུང་རིགས་གཉིས་ལས་ཀྱང་རིགས་ལམ་མམ་གཏན་ཚིགས་ཀྱིས་གྲུབ་པ་ཞིག་ཡིན་ཕྱིར་ཕྱི་རོལ་པའི་གྲུབ་མཐའ་གང་གིས་ཀྱང་གནོད་པ་མི་འབབ་པས་ཞེད་དགོས་པ་ཐོ་གང་ཡང་མེད། སྔོན་གྱི་མཁས་པ་རྣམས་ཀྱིས། ལོག་པའི་ལམ་ལ་མུ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་བརྗོད་མི་ཚར་བའི་རྒྱུ་མཚན་གྱིས་བཞག་པ་ལས། ནང་བསྟན་ལ་གནོད་པའི་ཞེད་སྣང་གིས་བཏང་སྙོམས་སུ་བཞག་པ་ཞིག་གཏན་ནས་མ་ཡིན། ཇི་སྐད་དུ།  གྲུབ་མཐའ་རིན་ཆེན་ཕྲེང་བར། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བའི། །ཕྱི་རོལ་གྲུབ་མཐའི་རང་བཞིན་མ་ལུས་པ། །ལེགས་པར་ཤེས་ཏེ་སྤོང་བར་བྱེད་པ་ནི། །ཐར་པའི་གྲོང་དུ་འཇུག་པའི་ཐེམ་སྐས་སོ། །ཞེས་གསུངས་པ་ལྟར་རོ། གཞན་དུ་ན། ནང་བསྟན་དུ་མཐའ་གཞན་ཁེགས་སྟོབས་ཀྱིས་གྲུབ་དོན་འཚོལ་བའམ། གོལ་སའམ་ལོག་རྟོག་སེལ་དགོས་པར་གསུངས་པའི་གོ་རིམ་འདི་དག་ནང་འགལ་ཤ་སྟག་མ་རེད་དམ། བསམ་བློ་བ་རྣམས་ནི་ཆོས་ལུགས་འདྲ་མིན་གྱི་སྐོར་ཀློག་འདོད་ཡོད་ཀྱང་བོད་སྐད་དུ་མེད། འདོད་ལྡན་རྣམས་ནི་ཆགས་སྲེད་ཀྱི་སྐོར་ཀློག་སྙིང་བྲོ་ཡང་བོད་སྐད་དུ་མེད། བྱིས་པ་རྣམས་ནི་བྱིས་སྒྲུང་སྣ་ཚོགས་པ་ཀློག་སྙིང་བྲོ་ཡང་ཉུང་ཉུང་ལས་མེད། ཚན་རིག་གི་སྐོར་ནི་དེ་བས་ཀྱང་མེད་པས། བོད་པའི་ཁྲོད་བོད་ཡིག་བསླབས་ཏེ་ཞལ་འདོན་སྐྱོར་ནས་བསྡད་དགོས་རེད་དམ་ཞེས་དང༌། བོད་ཡིག་ནི་བླ་མའི་ཡི་གེ་རེད་ཟེར་བ་ལྟ་བུའི་སྐད་ཆ་རྣམས་བྱུང་བ་རེད། དེས་ན་བོད་ཡིག་སྟེང་བརྗོད་བྱའི་ཚད་འཛིན་གང་ཡང་མེད་པར་ཤེས་བྱ་ཡིན་ཚད་ཀློག་རྒྱུ་ཡོད་པ་ཞིག་ཏུ་མ་ཟད། གློག་ཀླད་ཀྱིས་མཚོན་པའི་འཕྲུལ་ཆས་རྣམས་བོད་ཡིག་ཅན་དུ་བསྒྱུར་རྒྱུ་དང༌། བོད་ནང་དུ་ཡོད་པའི་གློག་བརྙན་ཕབ་སྒྱུར་ཁང་ལྟ་བུས་འཛམ་གླིང་དུ་སྐད་གྲགས་ཡོད་པའི་བརྙན་འཕྲིན་སྒོ་སྟེགས་’ལུང་ཁམས་ས་རྒྱུས’(National geographic)དང༌། ‘གསར་རྙེད།’(Discovery)’དུད་འགྲོའི་གླིང་’(Animal planet)སོགས་བོད་སྐད་དུ་ཕབ་སྒྱུར་དང་ཐད་གཏོང་ཐུབ་པ་བྱུང་ན། བོད་ཡིག་བཞག་སྟེ་སྐད་ཡིག་གཞན་ཁོ་ནར་འགྲམ་ཆུ་ལྡང་བའི་བྱེད་ལུགས་འདི་ལ་གཞི་ནས་རྫོགས་ཚིག་བཀོད་པའོ། རྒྱ་གཞུང་ནས་ཀྱང་བོད་ཀྱི་ཤེས་རིག་སྲུང་སྐྱོབ་བྱེད་པ་དངོས་བདེན་ཡིན་ཚེ་འདི་དག་ལ་དགག་བྱ་མི་བྱེད་པའི་ཐོག་ལག་བསྟར་བྱས་ན་བོད་པས་རྒྱ་དམར་ལ་འཛིན་པའི་ཁོན་འཛིན་ཞི་ནས་འགྲིག་མཐུན་གྱི་ཁྱིམ་ཚང་ཞིག་ཆགས་སྲིད་པ་ཡིན།
ཡིག་སྒྱུར་གྱི་སྐབས་འདིར་ཡང་ཟོར་ཡང་བ་ཉིད་བརྗེད་མི་རུང༌། དེ་ཡང་སྐབས་འདིའི་ཟོར་ཡང་བ་ནི་ཚིག་ཉུང་ལ་དོན་འདུས་པར་གོ་དགོས། དབྱིན་ཇི་དང་རྒྱ་ཡིག་གི་དཔེ་དེབ་སྲབ་པོ་དག་བོད་དེབ་སྡེབ་འགྱུར་གྱིས་མཐུག་པོ་རེར་ཕབ་སྒྱུར་བྱེད་པ་ནི་བོད་ཡིག་གི་གནས་ཚད་མ་ལོང་བའི་ཞན་ཆ་ཡིན་པ་རིག་པར་བྱའོ། དེས་ན་རིག་གནས་ནང་འདྲེན་བྱེད་པར་བོད་ཡིག་གི་གནས་ཚད་མཐར་ཕྱིན་པ་དགོས་པ་ཡིན།  དཔེར་ན་བཙན་བྱོལ་བ་བོད་ཡིག་གི་གནས་ཚད་མ་ལོང་བས། བོད་སྒྱུར་བྱས་པའི་འཛིན་རིམ་ལྔ་པ་བར་གྱི་ཚན་རིག་དང་སྤྱི་ཚོགས་རིག་གནས་ཀྱི་སློབ་དེབ་དག་ལ་ཡིག་ནོར་ཕུང་གསོག་དང་རྗོད་པ་མི་བདེ་བའི་ཡིག་ཕྲེང་བརྩེགས་སྟངས་ལ་བལྟས་ན་བྱ་བ་བྱས་པ་ཙམ་ལ་རྗེས་སུ་ཡི་རང་བྱ་རྒྱུ་ལས་མ་འདས། འོན་ཀྱང་ཕྱིས་བསྒྱུར་རྣམས་སྔོན་དང་མི་འདྲ་བར་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་སོགས། ད་ལྟའི་དུས་ན་བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་རིག་གནས་ཡར་དར་ཡིན་པའི་རྣམ་པ་ཤིན་ཏུ་གསལ་བས་བཀྲ་ཤིས་དོན་བཟང་ངོ༌། །

(མང་རའི་བྱམས་བཟང་ལགས་ནི། གཞི་རིམ་དགེ་རྒན་ཟུར་བ་ཞིག་ཡིན་ཞིང༌། ད་ལྟ་བལ་ཡུལ་གཉན་ཆེན་ཐང་ལྷ་གསར་ཤོག་གི་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་ཡོད།)