(དེབ་གོང་མའི་འཕྲོ།)   ཨེ་པ་བསོད་ནམས་རིན་ཆེན།

ས་བཅད་བདུན་པ། དབྱངས་འཆར་འཁོར་ལོ་ངོ་སྤྲོད།

༄༅། །དབྱངས་འཆར་འཁོར་ལོ་འདི་གསུམ་པོའི་ངོ་སྤྲོད་མདོར་བསྡུས་གོང་དུ་ས་བཅད་བཞི་པའི་(ལེའུ་ཐོ་ལྟ་སྟངས་དངོས།)ནང་གསེས་གསུམ་པ་ལོ་དཔྱད་ཀྱི་རྣམ་དབྱེ་ངོ་སྤྲོད་སྐབས་གླེང་ཟིན་པ་དང༌། འདིར་སྐབས་སུ་འཁོར་ལོའི་གཟུགས་དངོས་གསལ་བ་ལས་བརྩམས་ཏེ་ངོ་སྤྲོད་གསལ་བསྡུས་ཞུ་བ་ལ།
    ཀ༽ སེང་གདན་འཁོར་ལོ། དེ་ཡང་སེང་གེ་རྣམ་གསུམ་དབུས་སུ་བྱས་པའི་ནོར་བུ་དང༌། རྟ། གདུགས། རྔ་མ། གླང་ཆེན། པོ་ཏི། གསེར། ཆོས་སྐུ།(ལག་ཟུང་གི་ཕྱག་རྒྱས་ཆོས་སྐུ་མཚོན།)བརྒྱད་པོས་སྟེང་དང་གཡས་གཡོན་སོ་སོར་སྐོར་བའི་འཁོར་ལོ།(ལེའུ་ཐོའི་ནང་འཁོར་ལོའི་ཕྱེད་རྒྱབ་ཏུ་གསལ།) འདི་ནི་དབྱངས་འཆར་རྩིས་ལས་གསུང་བའི་སེང་གེ་གདན་གྱི་འཁོར་ལོ་ཡིན། འཁོར་ལོ་འདིའི་བྱེད་ལས་ནི་དབུས་དང་ལྷོ་བྱང་གི་རྒྱལ་པོའི་(སྟེང་མ་སྐར་མ་མགོས་དབུས་ཀྱི་རྒྱལ་པོ་དང་གཡོན་བྱ་མས་ལྷོ་ཡི་རྒྱལ་པོ། གཡས་སྒྲོག་མོན་གྲུགིས་བྱང་གི་རྒྱལ་པོར་བརྟག)ལོ་རེའི་དར་གུད་བརྟག་པ་ཡིན།
    ཁ༽ གདུགས་འཁོར། སེང་གདན་དབུས་སུ།(ལེའུ་ཐོའི་ནང་གསལ་བཞིན།) ལྟོ་འགྲོ་(སྦྲུལ)འཁྱོག་གསུམ་ཅན་འཁྱོག་རེའི་མཚམས་གདུགས་གསུམ་གྱིས་རྒྱན་པའི་འཁོར་ལོ་འདི་ནི་དབྱངས་འཆར་རྩིས་ལས་གསུང་བའི་གདུགས་ཀྱི་འཁོར་ལོ་ཡིན་ཅིང༌། འདིས་དབུས་དང་ཤར་ནུབ་གཉིས་(རྒྱུ་སྐར་མགོས་ཤར། ནག་པས་དབུས། བྱ་ཞུག་གིས་ནུབ་ཀྱི་རྒྱལ་པོར་བརྟག)ཀྱི་རྒྱལ་པོའི་ལོ་རེའི་དར་གུད་བརྟག་པ་ཡིན།

༄༅། །རྒྱུ་སྐར་ཉི་ཤུ་རྩ་བདུན་པོའི་བཟང་ངན་འབྲས་བུ་ཕྱོགས་སྡེབས་བཞུགས་སོ།།
སྐར་མ། སྤང་བླང་འབྲས་བུ།
 ༧། ༡༢།༢༦། ༠། མྱུར་ལ་བཟང་བའི་སྐར་མ་བཞིར། །རྒྱན་དང་རྩེད་མོ་ཞིང་ལས་དང༌།།མྱུར་བའི་ལས་རྣམས་བསྒྲུབ་པར་བྱ། །
 ༣། ༡༡། ༢༠། ༢༣། མི་བརྟན་འགྱུར་བའི་སྐར་མ་བཞིར། །མཆོད་ཆོག་ཆོས་འཆད་སྡོམ་པ་འབོགས། །གོང་མར་ཞུ་ནོར་འབུལ་བ་དང༌།  །རང་དོན་མྱུར་པོར་སྒྲུབ་སོགས་བཟང༌། །
༤། ༡༣། ༡༦། ༢༥། རབ་ཏུ་བརྟན་པའི་སྐར་མ་བཞིར། །ཡུལ་གསར་འཛིན་དང་དཔོན་གསར་བསྐོ། །རབ་ཏུ་བརྟན་པའི་ལས་སོགས་བཟང༌། །
༥། ༨། ༡༧། ༡༨། འབྲས་བུ་ངན་པའི་སྐར་མ་བཞིར། །འཇོམས་འཕྲོག་དྲག་པོའི་ལས་ལ་སོགས། །ངན་པར་སྤྱོད་པའི་ལས་རྣམས་བཟང༌། །
 ༦། ༡༤། ༢༡། ༢༢། ༢༡། མྱུར་ལ་འགྱུར་བའི་སྐར་མ་ལྔར། །གཞན་ཡུལ་བགྲོད་དང་ཚོང་ལས་སོགས། །བརྟན་མིན་མྱུར་འགྲུབ་ལས་རྣམས་བཟང༌། །
 ༡། ༩། ༡༠། ༡༩། ༢༤། བརྟན་པའི་དོན་གྲུབ་སྐར་མ་ལྔར། །གཉེན་སྦྱོར་བྱ་དང་ཕྱུགས་སོགས་ཉོ། །འཁོར་བསྟེན་དབང་བསྐུར་རབ་གནས་ཚོང༌། །མཁར་རྨང་གདིང་དང་དགེ་ལས་བཟོ། །སྦྱིན་བསྲེག་ལ་སོགས་བྱ་བར་བཟང༌།།
༢། ༡༥། བཏང་སྙོམས་བྱེད་པའི་སྐར་གཉིས་ལ། །དོན་གཉེར་བཏང་སྙོམས་རིན་ཆེན་ལྔ། །ས་བཟོ་བཟོ་དང་སྦྱིན་བསྲེག་བཟང༌། །

ག༽ རུས་སྦལ་འཁོར་ལོ། སེང་གེ་གདན་དབུས་(ལེའུ་ཐོའི་ཤོག་ངོས་རྒྱབ་མ་གང་རུང་དུ་གསལ།)སུ་སུག་བཞི་ཕྱོགས་བཞིར་བགྲད་ཅིང་མགོ་བོ་ཤར་དང་གློ་གཡས་གཡོན་བྱང་དང་ལྷོར་(མགོ་བོ་ཤར་བསྟན་འདི་ནི་གནས་སྐབས་བརྟག་གཞི་ཡུལ་གཙོ་བོར་བྱས་པ་ལས་འབྱུང་རྩིས་ལུགས་ལྟར་འབྱུུང་བཞིའི་གནས་ལུགས་ཀྱི་ལུགས་དང་མི་འདྲ་)བསྟན་པའི་རུས་སྦལ་གན་རྐྱལ་ཅན་འདི་ནི་དབྱངས་འཆར་རྩིས་ལས་གསུང་བའི་རུལ་སྦལ་འཁོར་ལོ་ཡིན་ཅིང༌། འདིས་ཡུལ་གྱི་ལྟེ་བ་(ས་ཚིགས་དང་ཆོས་ཚིགས་གཉིས།)དབུས་བཟུང་བའི་ཕྱོགས་དང་ཕྱོགས་ཀྱི་ཆར་ཞོད་དང་ལོ་ཐོག་བཟང་ངན། འཐབ་རྩོད་སོགས་བརྟག་གོ །
ང༽ ཕན་ཚུན་ཆེན་པོའི་འཁོར་ལོ། སེང་གདན་དབུས་སུ་མཐའ་འཁོར་འདབ་མ་བདུན་ཅན་(གཟའ་བརྒྱད་འགོད་སའི་གནས་)གྱི་འཁོར་ལོ། དབུས་ཕན་ཚུན་བསྣོལ་མའི་རེ་ཁ་བདུན་ཅན་གྱིས་སྤུས་པ་ནི། ཕན་ཚུན་ཆེན་པོའི་འཁོར་ལོ་ཡིན་ཏེ། འདིས་མཁར་རྫོང་ཡུལ་སྡེ་སྤྱི་དང་བྱེ་བྲག་གང་ཟག་ངོ་རེའི་བདེ་སྡུག་བརྟག་པ་ཡིན། འདིར་ཕན་ཚུན་ཞེས་པ་འདབ་བདུན་ནང་བཀོད་པའི་རེས་གཟའ་བརྒྱད་གཉིས་ཏེ་ཕན་ཚུན་ཐད་བལྟས་སུ་འགྱུར་མིན་ལ་བརྟེན་ཏེ་བླང་དོར་འབྱེད་པ་སྟེ། དེ་ལ་ཐད་བལྟས་ནི། ཉི་མ་དང་མིག་དམར། ཟླ་བ་དང་ལྷག་པ། ཕུར་བུ་དང་སྤེན་པ། རཱ་ཧུ་དང་པ་སངས་གཉིས་སོ། །

ས་བཅད་བརྒྱད་པ། རྒྱུ་སྐར་འབྲས་བུ་ཕྱོགས་སྡེབས།

དེ་ཡང་འགོ་བརྗོད་དུ། རྒྱུ་སྐར་འབྲས་བུ་ཕྱོགས་སྡེབས་པ། །མི་བརྟན་འགྱུར་སོགས་འདི་ན་དགེ །ཞེས་འཁོད་པའི་ལེ་ཚན།(རེའུ་མིག་ཅན།)འདི་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་སོ་སོར་དགེ་སྡིག་ལས་ཀྱི་སྤང་བླང་ཇི་ལྟར་བྱ་དགོས་པའི་འབྲས་བུ་ཕྱོགས་སྡེབས་ལྟ་བདེར་བཀོད་པ་ཞིག་ཡིན། འདི་ནང་རྒྱུ་སྐར་གྲོ་བཞིན་དང་བྱི་བཞིན་གཉིས་གནས་(སྐར་ཁྱིམ།)གཅིག་ཏུ་བྱས་པའི་རྒྱུ་སྐར་གྱི་ཚོགས་ལ་མི་བརྟན་འགྱུར་སོགས་རང་རང་གི་རྟེན་འབྲེལ་ལས་བརྩམས་པའི་འབྲས་བུའི་ཐ་སྙད་བཏགས་ཏེ་བཞི་ཚན་དྲུག་དང༌། ལྔ་ཚན་གཅིག དམིགས་དཀར་བཏང་སྙོམས་བྱེད་པའི་སྐར་གཉིས་སུ་དབྱེ་བ་མ་ཟད། སྤང་བླང་འབྲས་བུའང་སྦྲགས་མར་བཀོད་ཡོད།
དཔེར་ན། བཞི་ཚན་དང་པོའི་ནང༌། མི་བརྟན་འགྱུར་བའི་སྐར་མ་བཞི་སྟེ། རྒྱལ་དང༌།༧ མེ་བཞི།༡༢ ནམ་གྲུ།༢༦ ཐ་སྐར།༠ བཅས་ཀྱི་དུས་དཀོན་མཆོག་སོགས་མཆོད་པ་དང༌། ཆོས་འཆད་པ། སྡོམ་པ་འབོགས་པ། གོང་མ་སྟེ་མཐོ་སར་ཞུ་དོན་དང་ནོར་འབུལ་བ་སོགས་ཀྱི་ལས་དགེ་བར་གསུངས་པ་ལྟར། རྒྱུ་སྐར་གྱི་སྡེ་གཞན་ལའང་རིགས་འགྲེས་རྟོགས་སོ། །
འོ་ན་དེ་ལྟ་བུའི་རྒྱུ་སྐར་རྣམས་ཉི་ཟླ་སོགས་གཟའ་ཚོགས་དང་འགྲོགས་པའི་སྐར་མ་གང་ལ་ངོས་བཟུང་དགོས་སམ་སྙམ་ན། འདི་ལྟར་འདོད་དེ། སྤྱིར་མཁའ་ལ་གནས་པའི་རྒྱུ་སྐར་བརྒྱད་པོ་(སྐར་ཆེ་བ།)གང་ཡིན་ཡང༌། ངོ་བོ་སྤྱོད་ཡུལ་དུ་འགྱུར་བའི་གཟའ་སོ་སོར་བྱེད་ལས་མི་འདྲ་བར་བརྟེན་ཟླ་སྐར་དང༌། ཉི་སྐར་སོགས་ཀྱི་དབྱེ་ཚུལ་མི་འདྲ་བ་འབྱུང་ལ་འབྲས་བུའང་ཅུང་ཟད་མི་འདྲ། དེ་ན་འདིར་ཉིན་རེ་བཞིན་ཟླ་བ་དང་འགྲོགས་ཏེ་རྒྱུ་བའི་སྐར་མ་ལ་བཞེད་དེ་རྟེན་འབྲེལ་བརྩི་བ་གནད་ཆེ་བས། རེས་འགྲོགས་ཟླ་སྐར་དེ་ཡང་རང་རང་གི་ལོངས་སྤྱོད་ཉིན་རེའི་ཚེས་ཁོངས་སུ་ཡོད་པ་འཆད་འགྱུར་ལྔ་བསྡུས་ངོ་སྤྲོད་ལེ་ཚན་དུ་གསལ་ལོ། །

ས་བཅད་དགུ་པ། སྤར་ཁའི་ཕྱོགས་ཀྱི་སྤང་བླང་དང་སྨེ་འཁོར་ངོས་འཛིན།
དང་པོ། སྤར་ཁའི་ཕྱོགས་ཀྱི་སྤང་བླང་སྐོར།

ཀ༽ སྤྱི་དོན། ངོ་བོ་འབྱུང་ལྔས་བསྡུས་པའི་སྤར་བརྒྱད་ཀྱི་རྣམ་གཞག འབྱུང་རྩིས་རིག་པ་ཤེས་བྱེད་ཀྱི་རྩ་བའི་ས་བོན་དུ་འགྱུར་བ་འདི་ནི་གནའ་བོའི་རྒྱ་ནག་ཡུལ་དུ་དར་ཁྱབ་བེད་སྤྱོད་ཆེ་བའི་རྩིས་རིགས་གྲགས་ཆེ་ཞིག་ཡིན། རང་རེའི་བོད་ཀྱི་ལོ་པཎ་གོང་མ་རྣམས་དང་མཧཱ་ཙི་ནའི་མཁས་དབང་འགའ་ཞིག་གི་བླ་ན་མེད་པའི་བཀའ་དྲིན་ལ་བརྟེན་གཙུག་ལག་འབྱུང་ལྔའི་རྩིས་རིག་ཇི་སྙེད་བོད་སྐད་དུ་བསྒྱུར་གནང་མཛད་པ་ལས། སྤར་ཁ་བརྒྱད་ཀྱི་སྐོར་འགོ་འདི་ནི་འགྲོ་བ་མིའི་རིགས་ལ་ལྐོག་ཏུ་གྱུར་བའི་བླང་དོར་སྟོན་པ་ལ་ཆེས་གལ་གནད་དུ་འགྱུར་བ་ཞིག་ཡིན།
དེ་ཡང་སྤར་བརྒྱད་ཀྱི་རྩིས་རིགས་འདི་བཞིན་བོད་ཡུལ་ཁ་བའི་ལྗོངས་སུ་དར་བ་ནས་བཟུང་ཕྱི་ནང་གསང་བ་གསུམ་དུ་འགྱུར་བའི་སྤར་བརྒྱད་ཀྱི་ཟབ་གསང་ནུས་པ་ཡོངས་རྫོགས་ཆ་ཚང་ཚད་ལྡན་བེད་སྤྱོད་མི་ཐུབ་ཀྱང་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་ནུས་པ་རྣམས་རྩིས་རྒྱུད་ལས་གསུངས་བཞིན་བེད་སྤྱོད་ཀྱིས་བླང་དོར་གྱི་མུན་དོང་དུ་ལྷུང་བའི་སྐྱེ་འགྲོའི་འདྲེན་བྱེད་ཀྱི་གསོས་སུ་འགྱུར་བཞིན་ཡོད།  སྤར་བརྒྱད་ཀྱི་འབྱུང་ཚུལ་དང་འབྲེལ་བའི་བེད་སྤྱོད་སྐོར་ཅུང་ཞིབ་ཆ་མཁྱེན་འདོད་ན། ཁོ་བོས་བྲིས་པའི་<<སྤར་ཁ་བརྒྱད་ཀྱི་བརྡ་མཚོན་ཕྱག་རྒྱ་འབྲི་ཚུལ་ལ་དཔྱད་པ་ཅུང་གླེང་བ་གཙུག་ལག་སྨྲ་བའི་ལག་རྗེས་>>ནང་གཟིགས་པར་འཚལ།
ཁ༽ སྤར་བརྒྱད་ཕྱོགས་ཀྱི་ངོས་འཛིན། གཞུང་ལཻའི་ནང་དམིགས་བཀར་བཀོད་པའི་སྤར་ཁའི་ཕྱོགས་གཙང་རེའུ་མིག འདི་ནི་སྤར་ཁའི་བཟང་བཞི་ངན་བཞི་ཞེས་ཕྱོགས་གང་དུ་ལས་གང་ཞིག་སྒྲུབ་ན་དགེ་བ་དང༌། ཕྱོགས་གང་དུ་ལས་གང་ཞིག་སྒྲུབ་ན་མི་དགེ་བ་འབྱུང་བའི་ཕྱོགས་བརྒྱད་ཀྱི་བཟང་ངན་ལུང་སྟོན་པའི་གབ་རྩེ་ཡིན་ལ། འདིར་སྐབས་སུ་གང་ཟག་ངོ་རེའི་བབས་སྤར་དང་སྦྱར་ཏེ་ལོ་གཅིག་དུས་ཡུན་ནང་ཕྱོགས་བརྒྱད་དུ་སྤང་བླང་ཇི་ལྟར་བྱ་དགོས་ཚུལ་གསལ་བར་བཀོད་ཡོད། དེ་ལ་སྤར་ཁའི་ཕྱོགས་ཀྱི་དབྱེ་བའི་བཟང་བཞི་ངན་བཞི་ནི། གབ་རྩེའི་ནང་གསལ་ལྟར། གནམ་སྨན། སྲོག་འཚོ། ཕྱྭ་ལོན། དཔལ་བསྐྱེད་བཞི་རིམ་པ་ལྟར་སྔ་མ་སྔ་མ་བཟང་བ་དང༌། གནོད་པ། འདྲེ་ལྔ། བདུད་གཅོད། ལུས་ཆད་བཞི་ཕྱི་མ་ཕྱི་མ་ངན་པས་(བཟང་བཞི་ངན་བཞིའི་བརྩི་ཚུལ་རྣམས་འབྱུང་རྩིས་རིག་པའི་སྐོར་འགོ་ལས་ཤེས་པར་བྱ་དགོས།)དེ་དག་སོ་སོར་ལས་གང་དགེ་དང་མི་དགེ་ནི་གཤམ་འཁོད་འབྲས་བུའི་སྐབས་མཁྱེན་ངེས། འདིར་སྔར་བརྗོད་ཟིན་པའི་ཀེག་རྩིས་ལེ་ཚན་ལས་བརྩི་བྱ་ཕོ་མོ་གང་ཞིག་གི་ལོ་རེའི་བབས་སྤར་ངོས་ཟིན་རྗེས། སྤར་ཁ་རང་རང་གི་ཕྱོགས་བརྒྱད་ཀྱི་བཟང་ངན་གང་ཡང་བབས་སྤར་ཉིད་དབུས་སུ་བྱས་པའི་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་དང་མཚམས་བཞི་སོ་སོར་གསལ་བར་བཀོད་ཡོད་པས་དེ་ལས་ངོས་འཛིན་དགོས་པ། དཔེར་ན། བབས་སྤར་ལི་ལྟ་བུར་མཚོན་ན། གབ་རྩེའི་ནང་ལི་དབུས་སུ་བྱས་པས་ཤར་ན་སྲོག་འཚོ་དང༌། ལྷོ་ན་ཕྱྭ་ལོན། ནུབ་ན་འདྲེ་ལྔ། བྱང་ན་གནམ་སྨན། ཤར་ལྷོའི་མཚམས་སུ་དཔལ་བསྐྱེད། ལྷོ་ནུབ་མཚམས་ན་ལུས་ཆད། ནུབ་བྱང་མཚམས་ན་བདུད་གཅོད། བྱང་ཤར་ན་གནོད་པ་བཅས་གནས་ཡོད་པ་བཞིན་སྤར་ཁ་གཞན་ལའང་འདི་དང་འདྲ་བར་རིགས་འགྲེས་བརྩི་དགོས།
ག༽ བཟང་ངན་ཕྱོགས་ཀྱི་སྤང་བླང༌། དེ་ལྟར་བབས་སྤར་དང་དེའི་ཕྱོགས་བརྒྱད་ཀྱི་གནས་ཚུལ་རྣམས་ངོས་འཛིན་ཐུབ་རྗེས། ད་ནི་ཕྱོགས་སོ་སོར་ལས་གང་དགེ་དང་མི་དགེའི་སྤང་བླང་དངོས་བསྟན་པ་སྟེ།
དང་པོ། བཟང་བཞི་བཤད་པ་ལ།  ༡། གནམ་སྨན་ནི། ཕྱོགས་བརྒྱད་ལས་རབ་ཀྱི་རབ་ཏུ་བསྟན་པས་འདི་ཉིད་གནས་ཕྱོགས་སུ་དགེ་བའི་ལས་སྤྱི་དང་ཁྱད་པར་སྨན་པ་བསྟེན་པ་དགེ་བ་ཡིན། དཔེར་ན། བབས་སྤར་ཁམ་ཡིན་པའི་གང་ཟག་གིས་ལྷོ་ཕྱོགས་གནམ་སྨན་སར་དགེ་བའི་ལས་སྤྱི་དང༌། ཁྱད་པར་སྨན་དང་སྨན་པ་བསྟེན་ན་ཕན་ནུས་ཆེ་བར་བསྟན་པ་ལྟ་བུའོ། །
༢། སྲོག་འཚོ་ནི། ཕྱོགས་བརྒྱད་ལས་རབ་ཀྱི་འབྲིང་དུ་བསྟན་པས་གོང་ལྟར་དགེ་ལས་སྤྱི་དང༌། ཕྱོགས་གཞན་དུ་སྔས་བསྟེན་པ་ལས་རྨི་ལམ་བཟང་ཞིག་གནོད་པ་ཉུང་བར་བསྟན་ཡོད། དཔེར་ན། བབས་སྤར་ལི་ཡིན་པའི་གང་ཟག་གི་སྔས་རང་འདུག་ས་དབུས་སུ་བྱས་པའི་ཤར་ཕྱོགས་སྲོག་འཚོ་གནས་པའི་ཕྱོགས་སུ་བསྟེན་དགོས་པ་ལྟ་བུའོ། །
༣། དཔལ་བསྐྱེད་ནི། ཕྱོགས་བརྒྱད་ལས་རབ་ཀྱི་ཐ་མར་གསུང་བས། འདི་ཕྱོགས་ནས་ནོར་གཡང་འགུག་པ་སོགས་བསོད་ནམས་ཀྱི་ལས་བྱས་ན་དགེ ཁ་ཅིག་འདིར་ལྷ་གསོལ་ལྷ་མཆོད་བྱས་ན་ལྷ་འགོ་བར་གསུང་བ་ལེགས་སོ། །
༤། ཕྱྭ་ལོན་ནམ་ཕྱྭ་གཡང༌། འདི་ཉིད་བཟང་ངན་གཉིས་ལས་བཟང་ཕྱོགས་དང༌། རབ་འབྲིང་ཐ་གསུམ་ལས་འབྲིང་དུ་བསྟན་པ་དེ་ཡང་ཞིབ་པ་ནང་གསེས་དབང་གིས་སྤར་ཁ་དྭ་དང་ལི། གིན་བཞི་ནི་ཕྱྭ་ལོན་ཏེ་འབྲིང་གི་རབ་དང༌། སྤར་ཁ། ཟིན། ཟོན། གཉིས་ནི་ཕྱྭ་གཡང་ཞེས་འབྲིང་གི་འབྲིང་དུ་བསྟན་པས། ཕྱོགས་ཀྱི་བླང་དོར་ནི་ཕྱྭ་ལོན་ཕྱོགས་སུ་ཁ་བལྟས་དགེ་ཞེས་རང་ཉིད་གནས་གང་དུ་འདུག་རུང་འདི་ཕྱོགས་སུ་ཁ་བལྟས་ཏེ་འདུག་ན་དགེ་བར་གསུང་ཡོད། ཁ་ཅིག་འདི་ལས་ཕྱཱ་གཡང་འགུག་ཅིག་གོང་གི་དཔལ་བསྐྱེད་དུ་ལྷ་གསོ་བར་བསྟན་ཡོད།
གཉིས་པ། སྤར་ཁའི་ཕྱོགས་ཀྱི་ངན་བཞི་བཤད་པ་ལ། ༡། གནོད་པ་ནི། བཟང་ངན་གཉིས་ལས་ངན་པའི་ཕྱོགས་དང༌། རབ་འབྲིང་ཐ་གསུམ་ལས་འབྲིང་གི་ཐ་མར་བསྟན་ཡོད་པས་སྤང་བླང་ནི་བཟློག་པ་གནོད་ཡོད་སྟེང་དུ་གྱིས་ཞེས་གསུངས་ཡོད།
༢། འདྲེ་ལྔ། ཕྱོགས་བརྒྱད་ལས་འདྲེ་ལྔ་ནི་ངན་པའི་རབ་ཏུ་བསྟན་པ་དང༌། སྤང་བླང་ཡང་རྒྱུན་དུ་ནད་ཅན་ནད་མེད་གང་གི་ཆེད་དུ་གཏང་བྱའི་གླུད་ཀྱང་གང་ཟག་རང་གི་བབས་སྤར་དང་བསྟུན་འདྲེ་ལྔ་གནས་པའི་ཕྱོགས་སུ་བཏང་དེ་ལམ་སུམ་མདོ་ཁར་སྐྱེལ་སྲོལ་ལྟར་ན་ནུས་པ་ཆེའོ། །
༣། བདུད་གཅོད་ནི། ངན་པའི་འབྲིང་དུ་བསྟན་ཅིང༌། འདི་ཕྱོགས་སུ་ཟོར་འཕེན་པ་སོགས་དྲག་ལས་ཤིས་པའོ། །
༤། ལུས་ཆད་ནི། ངན་པའི་ཐ་མར་བསྟེན་པ་སྟེ། ལུས་ཆད་པ་ཞེས་པའི་དོན་ཡང་ལུས་དུམ་བུར་ཆད་པའི་དོན་ཡིན་པས་ཕྱོགས་དེ་ནས་བླ་འགུག་དགོས་པ་ཡིན་ནོ། །(སྤར་བརྒྱད་ཕྱོགས་ཀྱི་དབྱེ་བ་དང་ཕྱག་རྒྱ་གཤམ་དུ་བཀོད་པ་ལས་ངོས་བཟུང༌།)

གཉིས་པ། སྨེ་བའི་འཁོར་ལོ་བཤད་པ།

གཞུང་ལེའི་ནང་སྤར་ཁའི་གབ་རྩེའི་གཡོན་ངོས་སུ།  ལྔ་སེར་དབུས་སུ་བྱས་པའི་ཕྱོགས་བརྒྱད་ཀྱི་སྨེ་བའི་འཁོར་ལོ་བཀོད་པ་དེ་ཡང་དོན་དུ་སྨེ་དགུ་སོ་སོ་དབུས་སུ་བྱས་པའི་འཁོར་ལོ་སྟེ་བྱ་འཕུར་གྱི་བརྩི་ལུགས་སྐོར་མགོ་ལས་ཤེས་པར་བྱ་དགོས་ལ། འདི་དག་གི་བེད་སྤྱོད་ཀྱང་རང་གི་བབས་སྨེ་དབུས་སུ་བྱས་པའི་ཕྱོགས་བརྒྱད་ལས། སྨེ་བ་བརྒྱད་དང༌། དྲུག གཅིག་སྟེ་དཀར་གསུམ་གནས་པའི་ཕྱོགས་སུ་བཟང་བ་དང༌། གཉིས་ནག་ལ་ངན་པ་ལྔ་སེར་དང༌། དགུ་དམར་བདུན་དམར། གསུམ་མཐིང༌། བཞི་ལྗང་གནས་ཕྱོགས་སུ་འབྲིང་བར་བསྟན་ནོ། །    སྤར་བརྒྱད་དང་སྨེ་བའི་ཕྱོགས་ཀྱི་གནས་ཚུལ།

ས་བཅད་བཅུ་པ། རིགས་ལྡན་དང་བདུད་རྩིའི་འཆར་རྩིས།

དབྱངས་འཆར་རྩིས་རིག་པའི་གཞུང་ལས་ཕྱུང་པའི་རིགས་ལྡན་དང་བདུད་རྩི་ནམ་འཆར་བརྩི་ལུགས་ཀྱི་མན་ངག་འདི་བཞིན་ཞི་རྒྱས་དབང་(ཁ་མཆུ་འདུམ་པ་དང༌། ཞིང་འདེབས་པ། བག་མ་ལེན་པ་སོགས་ཞི་རྒྱས་དབང་གི་ལས་རྣམས།)སོགས་ཀྱི་ལས་སྤྱི་དང༌། ཁྱད་པར་སྨན་སྦྱོར་ཚེ་སྒྲུབ་ཀྱི་བྱ་བའི་དུས་ངེས་པར་མཁྱེན་དགོས་པའི་གནད་ཀ་ཞིག་ཡིན་ཏེ། དེ་ཡང་རིགས་ལྡན་ཞེས་པ་ནི་གདུག་པ་རཱ་ཧུ་དང་འདྲ་བས་འདི་འཆར་བའི་ཡུན་ལ་ཟས་ཞིམ་ཟོས་ཤིང༌། སྨན་ལེགས་འཐུང་ཡང་ཁོག་ཏུ་ནད་འབྱུང་བ་དུག་ལྟ་བུའི་ལས་བྱེད་པར་བསྟན་པ་དང༌། ཡང་དེ་ལས་ལྡོག་ཏེ་བདུད་རྩི་ཐུན་ཕྱེད་འདི་ཉིད་ནི་སྨན་ལྟར་དགོས་པ་ཐམས་ཅད་འགྲུབ་པའི་མཐུན་གྲོགས་སུ་འགྱུར་བར་བསྟན་པས་འདི་འཆར་བའི་ཡུན་ལ་དྲག་ལས་(གསོད་པ་དང་བཅོམ་པ་སོགས་) མ་གཏོགས་ལས་ཀུན་ཕུན་སུམ་ཚོགས་པར་བྱེད་ཅིང༌། ཁྱད་པར་ཟས་ཟོས་ཚེ་སྨན་དང་མཚུངས་ལ། སྨན་སྦྱར་ཚེ་བདུད་རྩི་ལྟ་བུའི་ནུས་པའི་འགྱུར་ཁྱད་ཡོད་པར་གསུངས་སོ། །ང་ཚོས་ལེ་ཚན་འདི་ཉིད་ངོ་སྤྲོད་བྱ་བའི་བརྒྱུད་རིམ་ནང༌། རགས་པ་གཞུང་ལེའི་ནང་བཀོད་པའི་རིགས་ལྡན་དང་བདུད་རྩི་ནམ་འཆར་བརྩི་ལུགས་དང་ལྟ་སྟངས་མཁྱེན་དགོས་པར་མ་ཟད། ཞིབ་པ་དབྱངས་འཆར་རྩིས་དངོས་བསྟན་ལུགས་ལྟར་ཐུན་ཕྱེད་སོ་སོར་ཇི་ལྟར་འཆར་ཚུལ་ཡང་ཤེས་དགོས་པས་གཤམ་དུ་ཚན་པ་གཉིས་སུ་དབྱེ་སྟེ་འཆད་པ་ལ།

དང་པོ། གཞུང་ལེའི་ནང་བཀོད་པའི་རིགས་ལྡན་དང་བདུད་རྩིའི་འཆར་རྩིས་ལྟ་སྟངས།

དེ་ཡང༌། གཞུང་ལེའི་ནང་རིགས་བདུད་གཉིས་པོའི་འཆར་རྩིས་རགས་པ་དུས་འཛིན་འཁོར་ལོ་དང་སྦྱར་ཏེ་འཁོར་ཚུལ་ལྟ་བདེར་རེའུ་མིག་དུ་བཀོད་ཡོད་པ་ལས་ཐོག་མར་འདི་ཉིད་ངོ་སྤྲོད་གསལ་བསྡུས་བྱ་བ་ལ།
༡། རེའུ་མིག་གཡས་ངོས་ནས་རྩིས་པའི་སྟེང་ནས་འོག་དང་གཡས་ནས་གཡོན་དུ་བཀོད་པའི་རིམ་པ་ལས། ཐོག་མར་རིགས་ལྡན་འདས་པའི་ལོངས་སྤྱོད་སྲང་ཚད་ནམ་རྒྱུན་ལུགས་ལ་ཕུར་བུ་སྲང་༣༣ ཞེས་བཀོད་པ་འདིས་རིགས་ལྡན་བདུད་རྩིའི་འཆར་ཡུན་བསྟན་པ་དང༌། ཐད་ཀྱི་(གཡས་གཡོན་དུ་བཀོད་པའི་རེའུ་མིག་སྟེང་འོག་གཉིས)རེའུ་མིག་སྟེང་འོག་གཉིས་ལས་སྟེང་མ་ནམ་ལངས་སོགས་དུས་བཅུ་གཉིས་དང༌། འོག་མ་དུས་དེའི་སྔ་ཆ་དང་ཕྱི་ཆ་ཡིན། དེ་འོག་དུས་འཛིན་འཁོར་ལོའི་གྲངས་རགས་པ་ཉིན་མཚན་མཉམ་དུས་ཀྱི་སྐབས་དང་སྦྱར་བ་དེ་ཡང་ནམ་ལངས་སྔ་ཆ་དང་དུས་འཛིན་འཁོར་ལོའི་གྲངས་ལྔ་པ་དང་སྦྱར་ཏེ་རིམ་པར་ཉིན་མཚན་དུས་བཅུ་གཉིས་སྔ་ཆ་ཕྱི་ཆའི་ཚད་དུ་རྫོགས་པར་འཆར་རོ། །
༢། དེ་འོག་(གཡས་)གཟའ་དང་(གཡོན་དུ་ དབུས་ ༡༦ ༨ ཐོག་མ་ ༦ ༢ སོགས་རིམ་པར་སྟེང་ནས་འོག་ཏུ་བཀོད་པ་ནི་)རིགས་ལྡན་འཆར་ཡུན་ཡིན་ཏེ་དེ་ལ་གཟའ་ཉི་མའི་དུས་རིགས་ལྡན་འདི་བཞིན་ཉི་མའི་སྤེན་པའི་དབུས་ཀྱི་ཆུ་སྲང་བཅུ་དྲུག་རིང་འཆར་བ་དང༌། ཟླ་བའི་རེས་ཀྱི་ཚེ་ཟླ་བའི་སྤེན་པའི་དབུས་ཀྱི་སྲང་བརྒྱད་རིང་རིགས་ལྡན་འཆར་བ་བཞིན་ཕྱི་མ་དག་ལའང་རིགས་འགྲེ། རེས་གཟའ་སོ་སོའི་ཐད་(གཡས་གཡོན་དུ་བཀོད་པ་རྣམས་)ཀྱི་ཨང་ཀི་རྣམས་ནི་དུས་སྔ་ཕྱི་སོ་སོར་འཆར་བའི་གཟའ་ཡིན་ཅིང་དེ་ལས་སྤེན་པའི་དུས་རིགས་ལྡན་དང་ཕུར་བུའི་སྐབས་བདུད་རྩི་འཆར་བས་དེ་གཉིས་དུས་ནམ་འཆར་རྟོགས་སླའི་ཆེད་”རིགས་”དང་”བདུད་” ཞེས་བཀོད་ཡོད་པ་ཉིན་རེའི་རེས་ཀྱི་གཟའ་གང་ཡིན་ངེས་ཕྱིན་དེ་ཉིན་དུས་སྔ་ཕྱི་གང་ལ་རིགས་ལྡན་དང་བདུད་རྩི་འཆར་བ་རྟོགས་ཐུབ། དཔེར་ན། རེས་ཀྱི་གཟའ་ཉི་མའི་ཉིན། ཉི་དྲོས་སྔ་ཆ་ཆུ་ཚོད་༩ པའི་ཐོག་རིགས་ལྡན་འཆར་བ་དེ་ཡང་ཞིབ་པ་ཆུ་ཚོད་༩ པའི་དབུས་ནས་ཆུ་སྲང་༡༦ རིང་རིགས་ལྡན་འཆར་བས། དེ་ཡུན་སྨན་སྦྱོར་ཚེ་སྒྲུབ་སོགས་ཀྱི་ལས་ཀུན་སྤངས་དགོས་པ་དང༌། ཕྱི་ཆ་ཆུ་ཚོད་༡༠ པའི་ཐོག་བདུད་རྩི་འཆར་བས་གོང་དུ་གསལ་བཞིན་ཞིབ་པ་ཆུ་སྲང་༣༣ རིང་བདུད་རྩི་འཆར་བས། སྨན་སྦྱོར་ཚེ་སྒྲུབ་སོགས་བྱ་དགོས་པ་བཞིན་ནོ།།

གཉིས་པ།  རིགས་ལྡན་དང་བདུད་རྩི་སྐོར་ལུགས།

རིགས་ལྡན་དང་བདུད་རྩིའི་ལོངས་སྤྱོད་ནི་རེས་ཀྱི་གཟའ་དང་ཉིན་མཚན་དུས་བཅུ་གཉིས་ལ་ལྟོས་ཏེ་རིམ་པར་འཁོར་བས་གཟའ་རྣམས་ཇི་ལྟར་འཁོར་བའི་རིམ་པ་དང་དུས་བཅུ་གཉིས་པོའི་སྔ་ཕྱི་དག་ངེས་ཕྱིན་ཉིན་ཞག་རེའི་དུས་ལ་རིགས་ལྡན་དང་བདུད་རྩི་ཇི་ལྟར་འཆར་བ་ལས་སླ་བོར་རྩི་ཐུབ།
དེ་ལ་གཟའ་འཁོར་རིམ་པ་ནི། ཉིན་གང་ཡང་རེས་ཀྱི་གཟའ་དེ་ཉིན་ནམ་ལངས་དང་ཉི་ནུབ་ཐོག་མར་བྱས་ཏེ་ཉིན་མོའི་རེས་(ནམ་ལངས་ནས་ཉི་མྱུར་བར་)ལ། ཉི་སངས་ལྷག་ཟླ་སྤེན་ཕུར་དམར། །ཞེས་དང༌། མཚན་མོའི་རེས་ལ་(ཉི་ནུབ་ནས་ཐོ་རེངས་བར་) ཉི་ཕུར་ཟླ་སངས་དམར་སྤེན་ལྷག །ཅེས་པའི་རིམ་པ་ལྟར་འཁོར་བ་ལས། སྤེན་པ་དང་ཕུར་བུ་དུས་གང་ལ་འཆར་བ་དེ་དང་དེའི་ཚེ་རིགས་ལྡན་དང་བདུད་རྩི་འཆར་བ་རྟོགས། དཔེར་ན། རེས་གཟའ་ཟླ་བའི་ཚེ་ནམ་ལངས་ཡོས་ཀྱི་སྔ་ཆ་ཉིན་གྱི་ཐོག་མ་དུས་འཛིན་འཁོར་ལོ་ལྔ་པར་ཟླ་བ་ནས་འགོ་བཟུང་(ཟླ། སྤེན། ཕུར། དམར། ཉི། སངས། ལྷག་ཅེས་གོང་དུ་གཟའི་འཁོར་རིམ་ལྟར་ཉིན་གྱི་དུས་དྲུག་ལ་བགྲངས་)ནམ་ལངས་སྔ་ཆར་ཟླ་བ་ཕྱི་ཆར་སྤེན་པ། ཉི་ཤར་སྔ་ཆ་ཕུར་བུ། ཕྱི་ཆར་དམར་པོ། ཉི་དྲོས་སྔ་ཆར་ཉི་མ། ཕྱི་ཆ་པ་སངས། ཕྱེད་ཡོལ་སྔ་ཆ་ལྷག་པ། ཕྱི་ཆ་ཟླ་བ་སོགས་ཉིན་རིམ་པར་འཆར་བ་ལས། ནམ་ལངས་ཕྱི་ཆར་རིགས་ལྡན་དང༌། ཉི་ཤར་སྔ་ཆར་བདུད་རྩི་འཆར་བ་རྟོགས་ལ། མཚན་ལ་འཁོར་ཚུལ་ནི་མཚན་གྱི་ཐོག་མ་ཉི་ནུབ་ནས་འགོ་འཛིན་པས་རེས་ཀྱི་གཟའ་གང་ཡིན་པ་དེ་ཉིད་སླར་ནུབ་ཐོག་མར་བྱས་ཏེ་(ཉི། ཕུར། ཟླ། སངས། དམར། སྤེན། ལྷག་ཅེས་འཁོར།)སྐོར། ཉི་ནུབ་སྔ་ཆར་ཟླ་བ་དང༌། ཕྱི་ཆར་པ་སངས། ས་སྲོས་སྔ་ཆར་དམར་པོ། ཕྱི་ཆར་སྤེན་པ། ནམ་ཕྱེད་སྔ་ཆ་ལྷག་པ། ཕྱི་ཆར་ཉི་མ། ཕྱེད་ཡོལ་སྔ་ཆར་བདུད་རྩི་སོགས་སྦྱར་བས། དེ་དང་དེའི་དུས་རིགས་ལྡན་དང་བདུད་རྩི་འཆར་ཡུན་རྟོགས་སོ། །

ས་བཅད་བཅུ་གཅིག་པ། སྒྲ་གཅན་འཁོར་ལོ་དང་ཟིན་ཕུང་རྒྱུ་ཚུལ།
དང་པོ། སྒྲ་གཅན་འཁོར་ལོ།

ཀ༽ སྒྲ་གཅན་འཁོར་ལོའི་ངོ་སྤྲོད། སྒྲ་གཅན་འཁོར་ལོ་ནི་དབྱངས་འཆར་རྒྱུད་ལས་གསུངས་པའི་དྲག་པོའི་འཁོར་ལོའི་གྲས་ཤིག་ཡིན་ཅིང༌། རྒྱུན་པར་མདོས་གཏོར་གཏོང་བ་དང༌། གཡུལ་འགྱེད་པ། རྩལ་འགྲན་པ། རྒྱན་སྤྲོད་པ་སོགས་དྲག་པོའི་བྱ་ལས་རིགས་སྒྲུབ་པའི་ཚེ་ངེས་པར་མཁོ་བའི་རྟེན་འབྲེལ་དུས་གནད་རྩིས་ཐབས་ཤིག་ཡིན། དེ་ཡང་དབྱངས་འཆར་རྩིས་རིག་པའི་ནང་རྩ་ཐིག་རླུང་གསུམ་གྱིས་གྲུབ་པའི་ལུས་ཁམས་དང་ངོ་བོ་གཅིག་པར་འབྲེལ་བའི་ཕྱིའི་ཉི་ཟླ་གཟའ་སྐར་གྱི་འཁོར་ཚུལ་མཐུ་སྟོབས་ནུས་པ་དག་བེད་སྤྱོད་ཀྱིས་གསང་བ་ཞི་དྲག་དབང་སོགས་འཇིག་རྟེན་ལས་སྣ་ཚོགས་པའི་བླང་དོར་སྟོན་བཞིན་ཡོད་པ་ལྟར། སྐབས་སུ་སྒྲ་གཅན་འཁོར་ལོར་བརྟེན་པའི་དུས་རྩི་བའི་རིག་པས། གཡུལ་འགྱེད་པ་སོགས་དྲག་ལས་ཀྱི་མཐུ་སྟོབས་འགྲུབ་པའི་གྲོགས་བརྩི་བ་ཡིན།
ཁ༽ སྒྲ་གཅན་འཁོར་ལོའི་སྤྱོད་ཐབས།  དང་པོ། སྒྲ་གཅན་འཁོར་ལོའི་གྲུབ་ཆ། སྒྲ་གཅན་འཁོར་ལོ་ནི་ཕྱི་འབྱུང་རྩིས་རིག་པའི་ལོ་བརྙན་བཅུ་གཉིས་ཀྱི་འཁོར་ལོ་དང་(འདིས་ཐེབས་པའི་ཕྱོགས་དང་སྤྱོད་པའི་དུས་རྩི་བ་ཡིན།)བར་རྒྱུ་སྐར་ཉེར་བདུན་གྱི་འཁོར་ལོ།(འདིས་སྒྲ་གཅན་གདོང་མཇུག་དང་ཉི་སྐར་རྩི།)ནང་སྒྲ་གཅན་འཁོར་ལོ་ལུས་ཧྲིལ་པོས་རྒྱུ་སྐར་དཀྱིལ་འཁོར་ནོན་པ་ལྟ་བུ་ལ་གདོང་མཇུག་གཉིས་པོས་སྐར་ཁྱིམ་ཕྱེད་སོ་སོར་དབང་བའི་ཚུལ་གྱི་གནས་པའི་སྣང་བརྙན་བཅས་ཕྱི་ནང་བར་གསུམ་རིམ་པ་གསུམ་གྱིས་སྒྲུབ་པའི་ཙཀྲ་ཞིག་ཡིན། དེ་ཡང་འཁོར་ལོ་འདིའི་ཆ་ཚད་ཞིབ་པར་ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་ནང་རི་རབ་བཅས་ཀྱི་གནས་ཚུལ་ལ་སྦྱོར་ཚུལ་སོགས་ཀྱི་ཟབ་ཁྱད་ལྡན་ཡོད་པ་འདིར་མ་གླེང་ལ། འཁོར་ལོའི་ཆ་ཚད་ཀྱང་གོང་དང་ཆ་མཐུན་འགྲེལ་དགོས་པའི་ཤེས་བྱེད་ལྡན་པ་སོགས་གནད་དུ་མ་ཞིག་ཡོད་ཅིང་ལྷག་པར་སྒྲ་གཅན་གྱི་མཚོན་བྱེད་སྣང་བརྙན་མགོ་འཇུག་དང་བཅས་པར་འབྲི་ཚུལ་མི་འདྲ་བ་ཇི་སྙེད་ཅིག་སྣང་ངོ༌། །
གཉིས་པ། སྒྲ་གཅན་འཁོར་ལོ་སྐོར་ལུགས། དེ་ཡང་རྒྱུད་ལས། སྒྲ་གཅན་གདོང་དང་གདོང་སྐར་སྤྲད། །མཇུག་མའི་སྐར་མ་མཇུག་དང་བསྟུན། །ཉི་སྐར་དུས་ཚོད་ནམ་དགོས་སྟེང༌། །བཞག་པས་མདེའུ་རྩེ་གར་བལྟས་ཐེབས། །ཕྱོགས་དེར་གཡུལ་འཇུག་གཤགས་འགྱེད་དང༌། །རྩལ་སྤྲོད་རྒྱན་དང་ཆོ་ལོ་དང༌། །མདོས་གཏོར་གཏོང་སོགས་དྲག་ལས་དགེ །ཞེས་གསུངས་པ་བཞིན། དེ་ལ་སྒྲ་གཅན་གདོང་མཇུག་སྐར་ཞེས་པ་མདོས་གཏོར་སོགས་དྲག་ལས་བྱ་དུས་ཀྱི་སྒྲ་གཅན་གྱི་གདོང་དང་མཇུག་མ་གཉིས་ཁྱིམ་གང་དུ་གནས་པའི་སྐར་མ་ཡིན་ཏེ། འདི་གཉིས་རགས་པ་ཟླ་སོ་སོའི་ཉ་སྟོང་བརྒྱད་དང་ཉེར་གཉིས་ཀྱི་སྒྲ་གཅན་གདོང་མཇུག་སྐར་མ་གཤམ་འཁོད་ཟླ་བཤད་ནང༌། རྩ། གདོང༌། མཇུག་སོ་སོར་བཀོད་ཡོད་པ་དེ་ལས་ལོངས་ལ། ཉི་སྐར་ནི་ཉིན་རེའི་ཚེས་ཁོངས་ན་གསལ་བ་(ཞིབ་པ་ལྔ་བསྡུས་ངོ་སྤྲོད་ལེ་ཚན་དུ་གཟིགས།)ཉི་མ་ཁྱིམ་གར་གནས་ཀྱི་སྐར་མ་དག་པ་དེ་ཡིན། དེ་ལྟར་གདོང་མཇུག་གཉིས་དང་ཉི་མ་ཁྱིམ་གར་གནས་ཀྱི་སྐར་མ་གསུམ་ངོས་འཛིན་ཐུབ་རྗེས་ད་ནི་སྐོར་ཐབས་དངོས་བཤད་པ་ལ། ༡། ཕྱི་ནང་འཁོར་ལོ་སྤྲད་ཐབས་ལས་གདོང་མཇུག་གཉིས་པོ་རང་སྐར་དང་སྤྲད་ཚུལ་ནི། གདོང་སྐར་གང་འཁེལ་བ་དེ་སྟེང་སྒྲ་གཅན་གདོང་དང༌། མཇུག་སྐར་གང་འཁེལ་བ་དེ་སྟེང་མཇུག་མ་གནད་གཅིག་ཏུ་སྤྲད་དགོས་པ་དེ་ཡང་དོན་དུ་གདོང་མཇུག་གཉིས་པོ་སྐར་ཁྱིམ་གོ་ལ་ཕྱེད་དུ་གནས་པས་གདོང་སྐར་གདོང་དང་སྤྲད་ན་མཇུག་སྐར་མཇུག་དང་ཐེབས། དཔེར་ན། རབ་གནས་ཆུ་ལུག་ནག་ཟླའི་ཚེས་བརྒྱད་ལྟ་བུར་མཚོན་ན། གདོང་སྐར་སྐག་༨ དང༌། མཇུག་སྐར་གྲོ་བཞིན་༢༡ ཡིན་པས། སྐར་ཁྱིམ་འཁོར་ལོའི་གནས་སུ་རྒྱུ་སྐར་སྐག་དང་སྒྲ་གཅན་གདོང་སྤྲད་ལ་གྲོ་བཞིན་དང་མཇུག་མ་གཉིས་སྤྲད་དགོས།
༢། ཉི་སྐར་དུས་ཚོད་ནམ་དགོས་དང་སྤྲད་དེ་ཐེབས་བརྟག་ཚུལ་ནི། སྔར་གདོང་མཇུག་རང་རང་གི་སྐར་སྟེང་སྤྲད་ཟིན་པ་དེ་ཉིད་སླར་དྲག་ལས་བྱ་བའི་དུས་བཅུ་གཉིས་གར་གནས་ཀྱི་ཐད་དུ་ཉི་མའི་སྐར་མ་སྤྲད་པས་མདེའུའི་རྩེ་ཕྱོགས་(ཕྱོགས་དེ་ནི་སྒྲ་གཅན་ལྟ་བ་དང་དེའི་ལྡོག་ཕྱོགས་ནི་སྒྲ་གཅན་གྱི་ལྟེ་བ་ཡིན་ནོ།།)གར་བལྟས་པ་དེའི་སྟེང་སྒྲ་གཅན་ཐེབས་པ་ཡིན་པས་ཕྱོགས་(ལྟ་བ་གནས་པའི་ཕྱོགས་དེར་ཁ་གཏད་དེ་)དེར་གཡུལ་འགྱེད་པ་དང༌། མདོས་གཏོར་གཏོང་བ་སོགས་དྲག་པོའི་ལས་བྱས་ན་འགྱུར་སྟོབས་ལྷག་པར་ཆེ་བར་བསྟན་ནོ། །དཔེར་ན། རབ་གནས་ཆུ་ལུག་ནག་ཟླའི་ཚེས་བརྒྱད་ཀྱི་ཉི་མྱུར་སྤྲེལ་དུས་སུ་མདོས་གཏོར་འཕེན་དགོས་པས་ཕྱོགས་གང་དུ་ཤིས་མིན་བརྟག་པ་ལ་ཐོག་མར་སྒྲ་གཅན་གདོང་མཇུག་གཉིས་པོ་རང་རང་སྐར་སྟེང་དུ་སྤྲད་པའི་འཁོར་ལོ་དེ་སླར། དེ་ཉིན་ཉིན་མོའི་སྐར་མ་ཉེར་དྲུག་དེ་ཉིད་དགོས་དུས་ཉིན་མྱུར་སྤྲེལ་སྟེང་སྤྲད་པས་མདེའུ་རྩེ་ཕྱོགས་ལྷོ་ནུབ་མཚམས་སུ་བལྟས་པ། ཕྱོགས་དེར་མདོས་གཏོར་འཕེན་དགོས་པ་བཞིན་ནོ། །དེ་ཡང་ཉི་སྣང་ལས། རང་གི་གཡོན་དུ་སྒྲ་གཅན་གདོང༌། །མཇུག་གཡས་ལྟེ་བར་རྒྱབ་གཏད་དེ། །ལྟ་བར་ཁ་བལྟས་གཡུལ་བཤམས་ན། །ཕ་རོལ་ཁྱབ་འཇུག་སྟོབས་ལྡན་ཡང༌། །ལྟ་བར་གནས་ཕྱིར་ངེས་པར་འཇོམས་ཞེས་གསུངས་སོ། །(སྒྲ་གཅན་འཁོར་ལོའི་དཔེ་རིས་ལ་གཟིགས།)
གསུམ་པ། སྒྲ་གཅན་འཁོར་ལོ་ལས་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་གྱི་ཐེབས་བཤད་པ། དེ་ཡང་རྒྱུད་རྩིས་ཟླ་ཟེར་ལས། སྲིད་གསུམ་རྣམ་རྒྱལ་ཞེས་གྲགས་པར། །དགེ་སྡིག་གང་དང་གང་བྱས་ཀྱང༌། །དུས་གཉེན་གཞན་ལས་འགྱུར་ཆེ་ཞིང༌། །སྟོན་པས་རྩ་རྒྱུད་གསུངས་པའི་དུས། །མདུན་ཕྱོགས་ཤར་ལ་ཟླ་བ་དང༌། །རྒྱབ་ཕྱོགས་ནུབ་ཏུ་ཉི་མ་དང༌། །གཡོན་ཕྱོགས་བྱང་དུ་གདོང་པ་དང༌། །གཡས་ཕྱོགས་ལྷོ་རུ་དུས་མེ་བཅས། །གནས་ཤིང་ཉི་ནུབ་བྱའི་སྟེང་ནས། །ནམ་ལངས་ཡོས་བར་ལྷོ་གླིང་འདིར། །སྲིད་གསུམ་རྣམ་རྒྱལ་རྒྱུ་བའི་དུས། །ཞེས་གསུངས་པ་བཞིན། དེ་ལ་སྲིད་གསུམ་རྣམ་རྒྱལ་ཞེས་པ་རཱ་ཧུ་སྒྲ་གཅན་གྱི་མིང་གི་མངོན་བརྗོད་ཡིན་ལ། འདིར་དམིགས་བསལ་ཐེབས་དུས་ནི་སྒྲ་གཅན་གྱི་གདོང་སྐར་བྱང་ཕྱོགས་དང༌། མཇུག་སྐར་ལྷོ་ཕྱོགས། ཉི་སྐར་ནུབ་ཕྱོགས། ཟླ་སྐར་བྱང་ཕྱོགས་བཅས་སུ་གནས་པའི་དུས་(གཙོ་བོ་ཟླ་སྐར་ཇི་ཙམ་གནས་པའི་ཡུན་)གང་ཡིན་གྱི་ཉི་སྐར་གནས་སུ་སྒྲ་གཅན་རྒྱུ་བའི་ནུས་པ་ལྷག་ཏུ་ཆེ་བས་སྲིད་གསུམ་རྣམ་པར་རྒྱུ་བའི་དུས་ཆེན་ཞེས་བཤད་ལ། འདི་ཚེ་དགེ་བ་དང་སྡིག་ལས་གང་བྱས་ཀྱང་ཉ་སྟོང་སོགས་ཚེས་གཉེན་གཞན་ལས་འགྱུར་ཆེ་བ་དབྱངས་འཆར་རྒྱུད་དངོས་ལས། འདི་ཚེ་བུད་མེད་དབྱུག་ཐོགས་གཅིག་གིས་སྐྱེས་པ་མཚོན་ཐོགས་བརྒྱ་ཐུབ་པའི་དཔེ་བསྟན་ཡོད་ལ། བདག་ཅག་གི་སྟོན་པས་ཀྱང་དཔལ་ལྡན་འབྲས་སྤུངས་སུ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་བའི་དུས་སུའང་མཁའ་ལ་རྒྱུ་སྐར་དཀྱིལ་འཁོར་དང་གསལ་བ་སྲིད་གསུམ་རྣམ་པར་རྒྱུ་བའི་ཕྱོགས་དུས་དང་བསྟུན་སྟོན་པ་ཉིད་ཞལ་ཤར་དུ་ཕྱོགས་ཏེ་བཞུགས་པ། དེ་ཡང༌། ཟླ་བ་ཤར་དུ་(ཟླ་སྐར་ཐ་སྐར་སྟེང་)གནས་པ་དང༌། (སྲིད་གསུམ་རྩ་རྒྱལ་ཕྱོགས་ནུབ་ནས་ཤར་དུ་རྒྱུ།)སྐུ་རྒྱབ་ནུབ་ཏུ་ཕྱོགས་པ་ཉི་མ་ནུབ་(ཉི་སྐར་༡༣)ཏུ་གནས་པ།(རྩ་རྒྱུད་གསུང་དུས། ཉི་སྐར་༡༣ ཟླ་སྐར་༠ གདོང་སྐར་༧ མཇུག་སྐར་༢༠ བསྟན་པ་འདི་རྒྱུད་རྩིས་ལུགས་ལྟར་བཀོད་པ་ཡིན་ནོ།།)སྐུ་གཡོན་བྱང་དུ་ཕྱོགས་པ་སྒྲ་གཅན་གདོང་པ་(གདོང་སྐར་༧)བྱང་དུ་གནས་པ། སྐུ་གཡས་ལྷོ་རུ་ཕྱོགས་པ་དུས་མེ་སྟེ་སྒྲ་གཅན་མཇུག་མ་(མཇུག་སྐར་༢༠)ལྷོ་རུ་གནས་པའི་ཚེ། ཟླ་སྐར་ཉི་ནུབ་བྱང་ནས་ནམ་ལངས་ཡོས་བར་གནས་པ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་དང༌། ནུབ་ནས་ཤར་དུ་རྒྱུ་བའི་ཕྱོགས་ཏེ་དེ་ལྟར་ཕྱོགས་དུས་རྟེན་འབྲེལ་འགྲིགས་དུས་སུ་ས་སྲོས་བདུད་རྣམས་བཅོམ་ཞིང་རིག་འཛིན་འཁོར་ལ་རྒྱུན་བསྟན་པར་གྲགས་པ་ནི་དུས་འཁོར་རྩ་རྒྱུད་ལས། མདུན་གྱི་ཉ་བ་ཟླ་བ་ཏེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ལ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཇོམས་པའི་དུས། །དེ་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས་ཞེས་གསུངས་པའང༌། དཔལ་ལྡན་དུས་འཁོར་བསྡུས་རྒྱུད་ཕྱི་ལེའི་ཕྲེང་འཛིན་བརྒྱ་དང་ཉེར་བཞི་ལས། ས་ལ་རྒྱུ་སྐར་བྱས་ནས་ཐུབ་པ་དུས་ཀྱིས་བསྒྱུར་བ་དབང་པོ་གནོད་སྦྱིན་ཆུ་དང་གཤིན་རྗེར་ནི། །དེ་ཡི་འཁོར་ལོ་འཁོར་བར་བྱེད་དེ་ཉིན་ཞག་བགྲོད་པའི་དབང་གིས་མཐའ་དག་རྣམས་ནི་རིག་པར་བྱ། །རྒྱུ་སྐར་གང་ལ་དུས་དང་མུན་ཅན་དུ་ཡང་རབ་གྱུར་ལྟ་བ་ལྷུང་ན་གཉིས་པོ་དག་ལ་ཡང༌། །གཡུལ་དུ་དགྲ་ཡི་སྡེ་རྣམས་དག་ནི་འཕྲལ་ལ་ངེས་པར་ལྷུང་སྟེ་ལྟོ་ཡི་དབུས་སུ་རྒྱལ་བར་འགྱུར། །ཞེས་དང༌། འཕྲེང་འཛིན་བརྒྱ་དང་ཉེར་ལྔར། སྒྲ་གཅན་དུས་ལ་གནས་པ་རྣམས་ནི་འཆི་དང་བཅས་པར་འགྱུར་ཞིང་དཔུང་རྣམས་མཉམ་དུ་ལྷུང་བ་ནི། །ལྟ་བའི་ཆ་ལ་ངེས་སོང་རྣམས་ཏེ་བྲང་འགྲོ་འགྲོ་བའི་དབང་གིས་དེར་ནི་སྡེ་རྣམས་བཅོམ་པར་གྱུར། །ལྟ་བའི་ཆ་ནི་སྤངས་པ་རྣམ་དག་རྣམ་པར་རྒྱལ་བར་འགྱུར་ཏེ་ལྟོ་བར་ཞུགས་ལ་གཉིས་པོ་ཡང༌། །དེ་ལྟར་དཔལ་ལྡན་རྩ་བའི་སྒྲ་གཅན་བླ་མའི་གསུང་ལ་གནས་པ་དུས་ཀྱི་འཁོར་ལོར་ཤེས་པར་བྱ། །ཞེས་གསུངས་པའི་འགྲེལ་པར། འདིར་ས་ལ་རྒྱུ་སྐར་བྱས་ནས་ཞེས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་ཏེ་རྒྱུ་སྐར་གང་ལ་ཉི་མ་ཡོད་པའི་རྒྱུ་སྐར་དེ་ཤར་གྱི་སྐར་མ་བདུན་པོ་རྣམས་ཀྱི་དབུས་སུ་ཡིན་ཞིང༌། དེ་ནས་གཡས་དང་གཡས་མིན་དུ་རྒྱུ་སྐར་གསུམ་བཅས་བདུན་ནི་ཤར་དུའོ། །དུས་ཀྱིས་བསྒྱུར་བ་ནི་ཤར་དུ་ཇི་ལྟ་བ་དེ་བཞིན་དུ་བྱང་དང་ནུབ་དང་གཤིན་རྗེར་རོ། །འཁོར་ལོ་འཁོར་བར་བྱེད་པ་ནི་གཡས་སྐོར་གྱིས་ཏེ་རྒྱུ་སྐར་དགོད་པ་གཡོན་སྐོར་གྱིས་སོ། །ཉིན་མཚན་གྱིས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སོ་སོར་འཆར་བ་ལ་ལོངས་སྤྱོད་དོ། །འདིར་འཁོར་བའི་དབང་གིས་རྒྱུ་སྐར་གང་ལ་དུས་ཏེ་སྒྲ་གཅན་གྱི་མཇུག་མར་གྱུར་པ་དང༌། མུན་ཅན་དུ་ཡང་རབ་གྱུར་ཞེས་པ་སྟེ་འཐབ་མོའི་ས་ལ་མི་བདག་རྣམས་ཀྱི་གཡས་སུ་དུས་དང༌། གལ་ཏེ་གཡས་མིན་དུ་སྒྲ་གཅན་གྱི་གདོང་དུ་གྱུར་པ་ན་དེའི་ཚེ་གཡུལ་དུ་ལྷའི་མགོན་པོ་དག་ནི་འཕྲོག་བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར་རོ། །ལྟ་བ་ལྟུང་བས་གདོང་དང་མཇུག་མའི་སྒྲ་གཅན་གཉིས་པོ་དེ་དག་ལ་ཡང་གཡུལ་དུ་དགྲའི་སྡེ་རྣམས་དག་ནི་འཕྲལ་དུ་ངེས་པར་ལྟུང་སྟེ་ལྟོ་ཡི་དབུས་སུ་རྒྱལ་བར་འགྱུར་རོ། །

གཉིས་པ། ཟིན་ཕུང་འཁོར་ལོ་དང་པོ་དེའི་རྒྱུ་ཚུལ།

ཟིན་ཕུང་ནི་ནག་རྩིས་རིག་པ་ལས་གསུངས་བའི་ས་བདག་མི་ལུས་སྡིག་མགོ་ཅན་ལག་གཡས་ན་རལ་གྲི་དང༌། གཡོན་ན་ཞགས་ནག་ཐོག་པ། བཞོན་པ་གླང་ལ་ཆིབས་པ། དེ་ཡང་འཁོར་ལྷ་སྲིན་ཡོངས་དང་ཁྱད་པར་གཟའ་དང་བསྡོངས་པ་བཀའ་ཅུང་གཉན་པའི་ས་བདག་གི་གྲས་ཤིག་ཡིན་ཅིང༌། གཙུག་ལག་དགོངས་དོན་ལྟར་ན་ས་བདག་ཟིན་ཕུང་ནི་ལས་ཐབས་ཆེ་ཆུང་ཀུན་དང་ཁྱད་པར་བག་མ། མཁར་ལས་དུར་ལས་ལ་ངན་ཅིང་འདི་རྒྱུ་བའི་ཉིན་མོ་བུ་ཚ་སྐྱེས་ན་ཕ་མ་ཡ་བྲལ་ལམ་གསོན་པར་དཀའ་བ་དང༌། བག་མ་བྱས་ན་ཕུགས་སུ་རབས་ཆད་པ། དུར་ལས་དང་ཐུག་ན་ལོ་དྲུག་འཆི་འཕྲོ་མི་ཆོད་པ་སོགས་དྲག་ལས་མ་གཏོགས་ཞི་རྒྱས་དབང་གི་ལས་ཕལ་ཆེར་ངན་པར་གསུངས་པས་གཟབ་དགོས་ལ། ས་བདག་འདི་རྒྱུ་བའི་ཚེ་གལ་ཏེ་གདོང་ཐུག་བྱུང་བ་ན་དེ་ཚེ་འབྲས་བུ་ངན་པ་འཕྲལ་དུ་འབྱུང་བར་གསུངས་ཡོད་པས་ང་ཚོས་གཞུང་ལེའི་ནང་བཀོད་པའི་ས་བདག་འདིའི་རྒྱུ་དུས་དང༌། བཟློག་ཐབས་ནི་ངེས་པར་དུ་མཁྱེན་དགོས་པ་ཞིག་ཡིན།
དང་པོ།  ཟིན་ཕུང་འཁོར་ལོའི་གྲུབ་ཆ།  དེ་ཡང་གཞུང་ལེའི་ནང་ཟིན་ཕུང་རྒྱུ་ཚུལ་གྱི་འཁོར་ལོ་བལྟ་བདེར་བཀོད་ཡོད་པ་དེ་ཉིད་ངོ་སྤྲོད་མདོར་བསྡུར་གླེང་ན། ཕྱི་ནང་དུ་བཀོད་པའི་ཕྱི་རིམ་དང་པོ་ནི་དུས་བཞི་སོ་སོའི་སྐབས་(ཟིན་ཕུང་འདི་ནང་བཀོད་པའི་ཉིན་གསུམ་པོ་ལས་གཞན་དུ་མི་རྒྱུ་)རྒྱུ་བའི་ཟིན་ཕུང་གི་རྒྱུ་ཕྱོགས་ཡིན་ཅིང༌། དེ་རྗེས་ཕྱི་རིམ་པ་གཉིས་པ་ནི་ཟླ་སོ་སོ་དང་བསྟུན་པའི་ཟིན་ཕུང་རྒྱུ་དུས་དང་ལྡོག་དུས་ཡིན། མུ་ཁྱུད་ནང་མའི་ཨང་ཀི་བཅུ་གཉིས་ནི་ཟླ་བ་བཅུ་གཉིས་ཡིན།
གཉིས་པ། ཟིན་ཕུང་རྒྱུ་དུས། དེ་ལྟར་འཁོར་ལོའི་ཕྱི་ནང་གི་མཚོན་དོན་རྟོགས་རྗེས་དེ་ལས་ཟིན་ཕུང་དུས་ནམ་རྒྱུའི་བརྟག་ཐབས་ནི། ཐོག་མར་ནང་གི་འཁོར་ལོས་བརྩི་དུས་ཀྱི་ཟླ་བ་གང་ཡིན་ངོས་བཟུང་ལ་དེ་རྗེས་ཕྱིའི་འཁོར་ལོས་ཟླ་བ་གང་གི་ཉིན་གང་གི་དུས་སུ་ཟིན་ཕུང་རྒྱུ་བ་དང༌། དེ་རྗེས་འཁོར་ལོ་བར་པས་དུས་སྔ་ཕྱི་གང་དུ་ཟིན་ཕུང་ཕྱོགས་གང་ནས་གང་དུ་རྒྱུ་དང་དུས་གང་དུ་ལྡོག་པ་གསལ་པོར་བསྟན་ཏེ། དཔེར་ན། རབ་བྱུང་བཅུ་དྲུག་པའི་ཆུ་ལུག་བོད་ཟླ་གསུམ་པའི་ཚེས་གཅིག་སྟག་གི་ཉི་མར་ཟིན་ཕུང་ཐོ་རངས་དུས་ཕྱོགས་ལྷོ་ནས་བྱང་དུ་རྒྱུ་ལ་ཉི་དྲོས་སྦྲུལ་རྫོགས་ནས་ལྡོག་པ་(ལྡོག་ཅེས་པ་རང་གནས་སུ་བཞུགས་པའི་དོན་)ཡིན་པས། འདི་རྒྱུ་བའི་རིང་སྔར་བཤད་པའི་ཞི་རྒྱས་དབང་གསུམ་གྱི་ལས་གང་ཡང་ངན་ལ། ལྷག་པར་ཕྱོགས་བྱང་ནས་ལྷོར་བགྲོད་པའི་ལས་བརྩམས་ཚེ་གདོང་ཐུག་འོང་ངེས་པས་ཅི་ནས་སྤངས་དགོས་པ་སོགས་གཞན་ལའང་རིགས་བསྒྲེས་དགོས།
གསུམ་པ། སྒྲ་གཅན་གདོང་མཇུག་དང་ས་བདག་ཟིན་ཕུང་བཅོས་ཐབས། སྤྱིར་ས་བདག་ངན་པ་གང་ཡིན་བཅོས་པའི་ཐབས་ལ། སྲུང་བཟློག་སྒྲིབ་གསུམ་ཞེས་རང་ཉིད་ལ་ས་བདག་གདུག་པའི་རིགས་ཀྱི་གནོད་པ་མི་འབྱུང་ཕྱིར་སྔགས་ཀྱི་ཡི་གེའི་སྲུང་འཁོར་ལུས་ལ་བཅངས་ཐབས་དང༌། གསང་སྔགས་ཟབ་མོ་ངག་ནས་བཟླས་བརྗོད་ཀྱི་ནུས་མཐུར་བསྟེན་པའི་ཐབས། ཡང་ན་ཐུགས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བསྐྱེད་རྫོགས་ཀྱི་ལྷའི་རྣལ་འབྱོར་སྒོམ་པའི་ཐབས་ཏེ། སྲུང་བ། བཟློག་པ། སྒྲིབ་པ་གསུམ་ནི་གཙུག་ལག་དགོངས་དོན་ཡིན་ལ། ཕྱི་མ་སྒྲིབ་ཐབས་དེ་ཡང་རགས་པ་སྒྲིབ་ཤིང་ཞེས་ས་བདག་གི་མི་རིགས་མི་གནོད་པའི་ཐབས་སུ་རང་རང་གི་གཉེན་པོ་གཏོ་རིགས་འདྲ་མིན་བསྟེན་པ་ཡིན་པས་སྐབས་སུ་སྒྲ་གཅན་དང་ཟིན་ཕུང་གཉིས་པོ་སྒྲིབ་པའི་ཐབས་གླེང་བར་བྱ་བ་ལ།
༡། ཟིན་ཕུང་སྒྲིབ་པའི་ཐབས་ལ། དེ་ཡང༌། གཞུང་ལེའི་ལེ་ཚན་མཐའ་མ་ས་བདག་སྒྲིབ་བཅོས་ཟུར་འདོན་ཞུས་པའི་ནང༌། ཟིན་ཕུང་སྒྲིབ་ན་བག་ཕྱེ་ཡི། །སྡིག་མགོར་མེ་ལོང་གླིང་དགུ་བཏགས། །གང་རྒྱུའི་ཕྱོགས་དེར་འཕྱར་བས་ཐུབ། །ཅེས་གསུངས་པ་ལྟར་ས་བདག་ཟིན་ཕུང་སྒྲིབ་པའི་ཐབས་ལ། ནས་བྲོ་སྲན་གསུམ་གང་རུང་གི་ཕྱེ་ལས་བྱས་པའི་སྤགས་སྡིག་རྭའི་མགོ་ཅན་(ཚོན་ནག་པོ་བྱུགས་)བཟོས་པའི་སྟེང་མེ་ལོང་གླིང་དགུ་ཞེས་རྩིས་མོའི་མེ་ལོང་(སྤར་སྨེ་ལོ་རྟགས་ཀྱི་རི་མོ་ཡོད་པ་དེ་)ལྷན་གཅིག་བཏགས་པ་དེ་ཟིན་ཕུང་རྒྱུ་བའི་ཕྱོགས་སུ་རྒྱུ་ཡུན་བར་འཕྱར་བས་ཉེས་པ་ཐུབ་ལ། ཉམས་ན་གཟུངས་བསྡུས་དང༌། གནམ་ས་སྣང་བརྒྱད་འདོན་ཅིང་ས་བདག་གཏེར་མདོས་ཀླུ་གཏོར་ཡང་དུ་གཏོང༌།
༢། སྒྲ་གཅན་སྒྲིབ་ཐབས་འདི་བཞིན་གཞུང་ལེའི་ནང་དམིགས་སུ་གསལ་མེད་ཀྱང་ཉི་སྣང་སོགས་རྩིས་རྒྱུད་ཁུངས་མ་རྣམས་ལས་ཕྱི་ནང་བར་གསུམ་གྱི་གསུངས་ཐབས་ལས་ཕྱིའི་སྒྲ་གཅན་འདིར་དམིགས་བསལ་སྒྲ་གཅན་འཁོར་ལོའི་སྲུང་བ་ཡོད་པ་དེ་གདགས་པར་བྱའོ།།
(ཨེ་པ་བསོད་ནམས་རིན་ཆེན་ལགས་ནི། བོད་གཞུང་སྨན་རྩིས་ཁང་གི་རྩིས་སྡེ་ཚན་དུ་ཕྱག་ལས་གནང་བཞིན་ཡོད།)