ལྷ་མོ་སྐྱབས།
རབ་བྱེད་ལྔ་པ།
འཆི་བའི་སྡུག་བསྔལ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་བསྟན་པའོ།།
དང་པོ་ལའང༌།
ཀ༽ ཐོག་མར་དགུན་དུས་ཀྱི་རྣམ་པ་མི་བཟོད་པའི་ངང་ཚུལ་གསལ་བར་བྱས་པ་ནི།
དེ་ནས་དགུན་གྱི་དུས་བྱུང་བར་གྱུར་ཏེ། དེ་ཚེ་དགུན་ཟླ་ཤིན་ཏུ་བསིལ་བ་ཡི། །དུས་ཀྱི་རླུང་གཡབ་བྱེད་པོས་སྤྲུལ་བ་བྱུང༌། །དེ་དང་ཡང་ཡང་འགྲོགས་པས་ཡིད་གཅུགས་བཞིན། ཁ་བའི་ཕུང་པོས་ཕྱོགས་ཀུན་ཁྱབ་པར་བྱས། །༡ འཁྱགས་པས་ཡན་ལག་འཁུམས་ཏེ་རབ་ལྷུང་བའི། །སྐར་ཕྲེང་སྤུ་གྲིའི་རླུང་གིས་གཙུབས་པ་ཡིས། །ཕྱེ་མར་བརླགས་ཏེ་ས་ལ་བབས་པ་ནི། །མེ་ཏོག་དཀར་པོ་གཏོར་བའི་ཚུལ་བཞིན་མཛེས། །༢ ས་འཛིན་སྔོ་ལྗང་གོས་བྲལ་གཅེར་བུ་ཉིད། །མཛེས་པ་མི་མཐོང་དུས་ཀྱི་དགའ་མ་ཡིས། །ཡུལ་གྱི་མཛའ་བོ་དྭངས་བར་བགྱི་བའི་སླད། །དར་དཀར་གོས་ཀྱིས་འགེབས་པར་བྱེད་པ་བཞིན། །༣ གྲང་རེག་མི་བཟོད་མི་རྣམས་རེ་བ་ཡི། །གང་དུ་ཉི་ཟེར་སྣང་བར་འབུངས་ཤིང་འཁོད། །དྲོད་སྐྱེས་མ་ནུས་ཚ་ཟེར་སྐྱེངས་པ་ཡིས། །རིངས་པའི་ཤུགས་ཀྱིས་མྱུར་དུ་འབྲོས་པ་བཞིན། །༤ དེ་མཐོང་རེ་ཐག་ཆད་ཅིང་ཞུམ་གྱུར་པའི། །ཆུ་ཀླུང་རྒྱུན་རྣམས་རྒྱུ་བ་རབ་བཅད་དེ། །ས་ཡི་འོག་ཏུ་བྲོས་ཤིང་བྲག་རི་ཡི། །གཟུགས་སུ་བསྒྱུར་ཏེ་ཟོལ་གྱིས་གནས་པ་བཞིན། །༥
དོན་ཇི་བཞིན་པ་ནི། དེ་ནས་དགུན་དུས་སླེབས་པའི་ཚེ་དགུན་ཁའི་ཟླ་བ་གསུམ་པོ་ནི་ཤིན་ཏུ་གྲང་ངར་ཆེ་སྟེ། གྲང་ལྷགས་དང་མཉམ་དུ་ཁ་བ་ལྷབ་ལྷུབ་ཕྱོགས་ཀུན་བབས་པས་རི་རྣམས་མཛེས་པར་གཡོགས། མི་རྣམས་འཁྱགས་ནས་ཉིན་ཁུག་དྲོ་སར་འཚངས་ན་ཡང་དྲོད་མེད། ཆུ་ཀླུང་ཆེན་པོ་རྣམས་ལའང་དར་ཆགས། ཞེས་པའོ། །སྤུ་གྲིའི་རླུང་ནི་སྤུ་གྲི་ལྟར་རྣོ་བའི་རླུང་ཞེས་བར་སྣང་མཐོ་སའི་རླུང་ཤིན་ཏུ་དྲག་པོ་ཞིག་ལ་གོ །
༡ གཟུགས་ཅན་རབ་རྟོག་སྟེ། རྐང་པ་ཐོག་མ་གཉིས་བྱུང་མིན་གཟུགས་ཅན་དང༌། ཐ་མ་གཉིས་རྣམ་འགྱུར་རབ་རྟོག ། ༢ ཏིང་འཛིན་ངག་དོན་དཔེ། དེ་ཡང་རྐང་པ་ཐོག་མ་གསུམ་ཏིང་འཛིན་རབ་རྟོག་དང་ཐ་མ་དཔེའྀ་ངག་དོན་ནོ། །ཚིག་འགྲེལ་ནི། འཁྱགས་པས་རང་གི་ཡན་ལག་རྣམས་འཁུམས་ཏེ་བར་སྣང་ནས་ལྷུང་བའི་སྐར་མའི་ཕྲེང་བ་དེ་དག་རླུང་གི་སྤུ་གྲིས་གཙུབས་ནས་ཕྱེ་མར་བརླགས་ཏེ་ས་ལ་བབས་པ་དེ་ནི་མེ་ཏོག་དཀར་པོ་གཏོར་བའི་ཚུལ་བཞིན་མཛེས་སོ། །ཞེས་ཁ་བ་འབབ་པ་ནི་རླུང་གིས་གཙབས་པའི་སྐར་མའི་ཟེགས་མ་འཐོར་བར་རབ་བཏགས་བྱས་པའི་ཤུགས་ནས་གནམ་གཤིས་ཤིན་ཏུ་གྲང་བའང་གོ་བར་བྱའོ། ། ༣ གཟུགས་ཅན་རབ་རྟོག་སྟེ། རི་བོ་སྔོ་ལྗང་གི་གོས་མེད་གཅེར་བུར་གྱུར་ཅེས་པ་ཏིང་འཛིན་རབ་རྟོག་དང༌། དགུན་དུས་དགའ་མའི་དང་ཡུལ་ལྗོངས་མཛའ་བོའི་གཟུགས་སུ་བྱས་ཤིང༌། ལྷག་མ་དཔེའི་རབ་རྟོག་སྟེ་ཤུགས་ནས་ཁ་བས་ཡོངས་སུ་གཡོགས་པ་གོ་བའོ།། ༤ སེམས་ལྡན་རབ་རྟོག །༥ སེམས་མེད་རབ་རྟོག །
ཁ༽ འཆི་བའི་སྡུག་བསྔལ་དང་འཇིགས་པ་བསྟན་པ་ལའང༌།
༡༽ དུར་ཁྲོད་ཀྱི་འཇིགས་པ་མཐོང་བ།
དེ་ལྟར་གྱུར་པའི་ཚེ་ཡང་གཞོན་ནུ་དག་ཡུལ་གཞན་ཞིག་ཏུ་འགྲོ་བར་འདོད་ནས་བྱང་
ཕྱོགས་སུ་ཕྱིན་ཏེ་ཉི་མ་འགའ་ཞིག་འདས་པ་དང༌། རིའི་ངོགས་ཀྱི་དུར་ཁྲོད་རབ་ཏུ་མི་བཟད་པ་ཞིག་དང་ཉེ་བར་ཕྱིན་ཏོ། །དེ་ཉིད་ན་རོ་བསྲེགས་པའི་དུ་བས་ནི་རབ་ཏུ་དཀྲིགས། གཉེན་འདུན་གྱི་སྐྱེ་བོ་ངུ་བ་དང༌། བྱ་རྒོད་དང༌། ཁྱི་དང༌། ཅེ་སྤྱང་གི་སྒྲ་རྣམ་པ་དུ་མ་ནི་གྲག །རོ་རྣམ་པར་བམ་པ་དང༌། རྣམ་པར་མྱགས་པ་དང༌། ཀེང་རུས་ཀྱི་ཕུང་པོས་ནི་ས་གཞི་ཡོངས་སུ་གང་སྟེ་འཇིགས་འཇིགས་ལྟར་འདུག་པ་མཐོང་ནས། ཕུ་བོ་གསུམ་ནི་ཤིན་ཏུ་སྐྲགས་ཤིང་(སྐྲག་ཅིང)སེམས་བློང་བློང་པོར་གྱུར་ཏེ། གཞོན་ནུ་འདོད་ལྷའི་བུས་གྲོགས་དག་ལ་སྨྲས་པ། ༡ ཀྱེ་མ་དེ་རིང་གཤིན་རྗེས་ཁྲིད་དམ་ཡི་དྭགས་འགའ་ཡིས་བསླུས་སམ་རང་ཉིད་མྱོས་ཏེ་འཁྱམས་གྱུར་ཏམ། །འདི་འདྲ་ཅི་ཞིག་སྲུལ་པོའམ་སྲིན་པོའི་གྲོང་ཁྱེར་ཉིད་དམ་དམྱལ་བ་ཞེས་པ་འདི་འམ་ཅི། །རང་དབང་ལྡན་ན་མྱུར་དུ་འཇིགས་པ་འདི་ལས་བྲོས་ཏེ་རང་གི་གནས་སུ་འཇུག་པར་རིགས། །རྨི་ལམ་དུ་ཡང་སྡིག་པ་འདི་འདྲ་སླན་ཆད་ནམ་ཡང་མིག་གིས་མཐོང་བར་མ་གྱུར་ཅིག །༢
རྒྱན་ནི། ༡ མི་སྡུག་པ་དང་འཇིགས་པའི་ཉམས་ཅན། ༢ བརྟེན་པའི་རབ་སྤེལ་ཏེ། ཐེ་ཚོམ་བྱུང་ཕུལ་བྱུང༌། འཇིགས་པའི་ཉམས། ཤིས་སྨོན་དང་བཅས་པས་སོ། །ཚིག་དོན་གོ་སླ།
བམ་པ་དང་མྱག་པ་ནི་རུལ་བའི་དོན་ཡིན་མོད། མྱགས་པ་ནི་རུལ་ནས་འདམ་བག་ལྟར་གྱུར་བར་གོ །བམ་ནི་རོ་ལའང་ངོ༌། ཀེང་རུས་ནི་རུས་པ་དཀར་སིང་སིང་དང༌། རུས་སྒྲོམ་ཆ་ཚང་ལའང༌། བློང་བློང་པོ་ནི་བླཱུ་མི་གསལ་བའམ་ཡི་མུག་པ། དངངས་འཚབ་སྐྱེས་པ་ལའང༌། སྲུལ་བ་ནི་རུལ་བ་དང༌། སྲུལ་པོ་ནི་རུལ་དུ་འཇུག་པའི་ནད་གཏོང་བའི་འདྲེ་
སྲིན་རིགས་ཤིག །
༢༽ འཆི་བ་ཟློག་ཏུ་མེད་པའི་ཚུལ་བརྗོད་པ་ནི།
གཞོན་ནུ་ལོགས་པའི་བློ་གྲོས་ཀྱིས་སྨྲས་པ། འཆི་བ་ཞེས་འདི་སྲོག་ཆགས་ཀུན། །ངེས་པར་འཇོམས་པའི་མཚོན་ཆ་ཡིན། །གཤིན་རྗེའི་ཁ་ནི་འཇིགས་རུང་བ། །འདི་ཡིས་མི་འཇོམས་སུ་ཞིག་ཡོད། །༡ དང་པོ་སྐྱེས་པའི་སྐད་ཅིག་ནས། །འཆི་བ་ཁོ་ན་ཆས་སུ་བྱས། །རྒ་དང་ན་བའི་ལམ་བགྲོད་དེ། །འཆི་བདག་གནས་སུ་མངོན་པར་འགྲོ། །༢ སྟོབས་ཀྱིས་བཟློག་པར་བྱ་བ་འམ། །ནོར་དང་ཐབས་ཀྱིས་བླུ་བ་འམ། །གཡོ་སྒྱུ་མཁས་པ་གང་གིས་ཀྱང༌།། །སྐད་ཅིག་བཤོལ་བར་ནུས་པ་མེད། །༣ གཉེན་འདུན་ངུ་བས་མཐའ་སྐོར་ཞིང༌། །མགྲིན་པའི་དབུགས་ནི་བརྒྱུད་མར་བརྩེགས། །འཕྲལ་དུ་ལུས་འདི་འདོར་བའི་ཚེ། །རང་དབང་ཅུང་ཟད་ཡོད་མ་ཡིན། །༤ ཤིན་ཏུ་མཐོ་བའི་རི་བོའི་ཟོམ་དུ་བྲོས་སམ་དཔག་བསམ་ཤིང་རྩེ་འམ། །གཏིང་དཔག་དཀའ་བའི་རྒྱ་མཚཱུའི་ནང་དུ་གབ་བམ་དབེན་པའི་བས་མཐའ་འམ། །རྡོ་རྗེས་བརྩིགས་པའི་རྭ་བར་ཡིབ་སྟེ་འདུག་ཀྱང་འཆི་ལས་ཐར་མིན་ཏེ། །ཚངས་སོགས་ལྷ་ཆེན་དག ཀྱང་རང་ཉིད་འཆི་འགྱུར་སྐྱོབ་ནུས་སུ་ཡང་མེད། །༥ འཇིག་རྟེན་འདི་ན་དངོས་གང་སྐྱེས་ནས་འཇིག་པར་མི་འགྱུར་ཅི་ཞིག་ཡོད་པ་སྨོས། །དུས་ཀྱིས་རྒྱ་མཚོ་ཆུ་ཐིགས་ཙམ་འགྱུར་ལྷུན་པོ་རྡུལ་ཕྲན་ལྷག་མར་འགྱུར་བ་སྟེ། །ཡོངས་འདུའི་ལྗོན་པ་ཐལ་བར་བྱེད་ཅིང་འཇིག་རྟེན་ཐམས་ཅད་ནམ་མཁའ་ཉིད་དུ་འགྱུར། །སྐྱེས་པ་འཆི་ཞིང་འདུས་པ་ཀུན་བྲལ་བསགས་པ་ཡོངས་འཛད་རྟག་པ་འགའ་ཡང་མེད། །༦
དོན་ནི། སྲོག་ཆགས་ཐམས་ཅད་འཆི་ངེས་པ་སྟེ་ད་བར་མ་ཤི་བ་སུ་ཡང་མེད་པ་དང༌། དེ་ཡང་དང་པོ་སྐྱེས་པའི་སྐད་ཅིག་ནས་རྒ་དང་ན་བའི་ལམ་དག་བགྲོད་དེ་འཆི་བདག་གནས་སུ་འགྲོ་བཞིན་པ། འཆི་བའི་དུས་ལ་སླེབས་ན་སུ་ཞིག་གིས་ཀྱང་སྟོབས་དང་ནོར་དང་ཐབས་སོགས་གང་གིས་ཀྱང་སྐད་ཅིག་ཀྱང་གཡོལ་བར་མི་ནུས་པ། ཐ་མར་གཉེན་འདུན་དག་གིས་བསྐོར་ནས་ངུ་བ་དག་མཐོང་བཞིན་རང་གི་ལུས་ཀྱང་མི་འདོར་རང་དབང་མེད་པར་སྲོག་འགག་ནས་རྣམ་ཤེས་འགྲོ་བའོ། །སུ་ཞིག་མཐོ་བའི་རི་རྩེའམ་དམའ་བའི་རྒྱ་མཚཱུ་སོགས་གང་དུའང་འབྲོ་ས་དང་ཡིབ་ས་མེད་ལ། ཚངས་པ་དང་ལྷ་ཆེན་དག་གིས་ཀྱང་སྐྱོབ་ནུས་མེད་པར་དེ་དག་རང་ཉིད་ཀྱང་འཆི་བར་འགྱུར། མདོར་ན། ཐམས་ཅད་མི་རྟག་པ་སྟེ། དུས་ཀྱི་དབང་གིས་ནམ་ཞིག་རྒྱ་མཚོའང་ཆུ་ཐིགས་ཙམ་དུ་འགྱུར་ཅིང་རི་རབ་ལྷུན་པོའང་རྡུལ་ཕྲན་དུ་འགྱུར་བ་སོགས་འཇིག་རྟེན་ཐམས་ཅད་སྟོངས་པར་འགྱུར། སྐྱེ་དགུ་ཀུན་སྐྱེས་པའི་མཐར་འཆི་ཞིང་འདུས་པའི་མཐར་འབྲལ་ལ་བསགས་པའི་ནོར་ཀུན་ཡོངས་སུ་འཛད་པ་སྟེ་མི་འགྱུར་རྟག་པའི་དངོས་པོ་འགའ་ཡང་འཇིག་རྟེན་འདིར་མེད་དོ།།
རྒྱན་ནི། ༡ གཟུགས་ཅན་ཉམས་ལྡན་སྟེ། རྒྱུའི་གཟུགས་ཅན་དང་འཇིགས་པའི་ཉམས་བཅས་པས་སོ། །༢ བརྟེན་པའི་རབ་སྤེལ་ཏེ། སྤྱིར་འཇིགས་ཉམས་དང༌། རྐང་པ་གཉིས་པ་ནི་འུད་བརྗོད། གཞན་ཡང་རིགས་ཐོག་མའི་གསལ་བྱེད་དེ། རྐང་པ་དང་པོའི་ཤུགས་བསྟན་གྱི་བཙས་མ་ཐག་པའི་སྐྱེས་བུ་རྣམས་ཀྱིས་ངག་ཀུན་གསལ་བར་བྱེད་ལ་དེ་དག་ཡང་ཕན་ཚུན་བརྟེན་པའི་རྒྱན་དུ་གྱུར་བས་སོ།། ༣ འདི་ཡང་བརྟེན་པའི་རབ་སྤེལ་ཏེ། འཇིགས་ཉམས་དང༌། འབྲས་བུ་འགོག་པ་དང༌། རྐང་པ་ཐ་མ་འུད་བརྗོད་དང་བཅས་པས་སོ། ༤ བྱ་བ་རང་བཞིན་བརྗོད་པའི་སྙིང་རྗེའི་ཉམས་ལྡན། ༥ ཀུན་ཁྱབ་དོན་གཞན་བཀོད་པ། ༦ དུ་མའི་ཀུན་ཁྱབ་དོན་གཞན་བཀོད་པ་སྟེ། རྟག་པ་འགའ་ཡང་མེད་པའི་སྒྲུབ་བྱེད་མང་དུབཀོད་པས་སོ། །ཡང་དངོས་པོའི་ཆོས་ཉིད་དམ་རང་བཞིན་བརྗོད་པའི་རྒྱན་ཡང་ངོ༌།།
༣༽ འཆི་བའི་ངང་ཚུལ་དག་ལ་བརྟགས་ཏེ་ཆོས་ལ་བསྐུལ་བ།
དེ་ནས་གཞོན་ནུ་དགེ་བ་ཅན་གྱིས་གྲོགས་དག་སྐྱོ་བ་བསྐྱེད་པའི་ཕྱིར་དུར་ཁྲོད་ནང་དུ་ཁྲིད་དེ། རོ་རྣམ་འགྱུར་མི་སྡུག་ཅིང་སྐྱི་བུང་བྱེད་པ་དུ་མ་དག་རིམ་གྱིས་ལྟར་བཅུག་ནས་སྨྲས་པ། ཀྱི་ཧུད་སྐྱེ་བོའི་དུས་མཐའ་འཇིགས་རུང་ལྟོས། །སྙིང་པོ་མེད་ཅིང་བྱས་པ་མི་གཟོ་བའི། །ལུས་འདི་ནམ་ཞིག་ངེས་པར་བསླུ་བ་ཉིད། །གསོ་དང་སྲུང་བ་དོན་མེད་ངལ་བར་ཟད། །༡ སྔོན་ཚེ་རིན་ཆེན་ཅོད་པན་རབ་བཅིངས་གླ་རྩིའི་དོག་པས་ཡང་དག་བྱུགས། །ཅུང་ཟད་བསྒྱུར་བས་གསེར་གྱི་རྣ་རྒྱན་ཕན་ཚུན་སིལ་ཞེས་བསྒྱུར་བྱེད་པ། །འདིར་ནི་ཁྲག་དང་ཐལ་བས་བྱུགས་ཤིང་རྡུལ་ཆགས་སྐྲ་ནི་སེར་སྐྱར་གྱུར། ཁྱི་རྣམས་ཉལ་བའི་ལག་པའི་བར་ན་རིལ་རིལ་འགྲེ་ལྡོག་གནས་པར་བྱེད། །༢ ལྷ་ཡི་གོས་ཀྱིས་རོ་སྟོད་ལེགས་གཡོགས་རས་དཀར་འཇམ་པས་སྨད་དཀྲིས་ལ། །མུ་ཏིག་དོ་ཤལ་ནོར་བུའི་འོད་ཀྱིས་པགས་པའི་མདངས་དཀར་རྣམ་གསལ་བ། །དེ་རིང་རོ་རས་རུལ་ཞིང་རྩུབ་མོ་ཁ་དོག་ནག་པོ་ཅུང་ཞིག་གཡོགས། །རྩ་ཡི་ཞགས་པས་མཁྲིག་མ་རབ་བཅིངས་རྡོ་བ་རྣམས་ལ་གནས་ཏེ་འདུག །༣ ཆུ་ཡིས་ལུས་བཀྲུས་མར་གསར་ལེགས་བྱུགས་ཚ་གྲང་གནོད་པས་མི་རེག་ལ། །སེང་གེའི་ཁྲི་ལ་བདེ་བར་ཉལ་ཞིང་བུད་མེད་རེག་པས་ཚིམ་གྱུར་པ། །དེང་འདིར་ཀླད་པ་ཆུ་སེར་རབ་ཟགས་གཅེར་བུར་ས་གཞིའི་ངོས་སུ་འགྱེལ། །ཅེ་སྤྱང་དྲེགས་པས་མཆེ་རྣོན་དྲག་བཏབ་ཤ་རུས་ཕྱོགས་བཅུར་འཐོར་བར་གྱུར། །༤ ལང་ཚོས་རྣམ་དྲེགས་ཁེངས་པ་རྒྱས་ཤིང་འགྱིང་བག་ལྡན་པས་ཀུན་ཏུ་རྒྱུ། །གཞོན་ཤ་རབ་ཆགས་ནུ་འབུར་མཛེས་ལྡན་ཚང་རའི་ཁྱོན་གྱི་ཁུར་འཛིན་མ། །ད་ནི་ཤ་རྣམས་ལྷག་མ་མེད་བྱས་རྩ་རྒྱུས་བྲལ་ལ་ལྷ་བ་བསྐམས། །ཀེང་རུས་འདི་འདྲ་ལུས་ཅན་རྣམས་ལ་སུན་འབྱིན་དངོས་སུ་སྟོན་བྱེད་བཞིན། །༥
སྙིང་དོན་ནི། ཤི་བའི་བེམ་རོ་དང་གསོན་དུས་ཀྱི་ལང་ཚོ་བསྡུར་ཏེ་སྐྱོ་བ་བསྐྱེད་ཅིང་ཆོས་ལ་བསྐུལ་བ་སྟེ། ཚིག་དོན་གོ་སླའོ། །ལྷ་བ་ནི་འདིར་རྐང་མར་རོ།།
རྒྱན་ནི། ༡ འབྱུང་འགྱུར་འགོག་པ། ༢ ༣ ༤ ༥ འདི་རྣམས་སྙིང་རྗེ་མི་སྡུག་འཇིགས་རུང་བཅས་འདྲེས་པའི་སྤེལ་མའིཉམས་ལྡན་ནོ། །ཆེས་རྐང་པ་ཐ་མ་ནི་རྣམ་འགྱུར་རབ་རྟོག་ཡང་ངོ༌།།
གཞོན་ནུ་མཉེས་གཤིན་བཟང་པོས་སྨྲས་པ། ཡུན་རིང་དུས་ནས་གཅེས་པར་བཟུང༌། །ཟས་དང་གོས་ཀྱིས་མགྲོན་དུ་གཉེར། །རྟག་པར་འཛིན་པའི་ལུས་བོར་ནས། །རྨོངས་པའི་སེམས་དེ་གང་དུ་སོང༌། །༡ གཉེན་ཞེས་འཁྲུལ་པས་ཆགས་ཆགས་ནས། །ཅུང་ཟད་གནོད་པའང་མི་བཟོད་པའི། །ཕངས་པ་དེ་འདིར་ས་མཐའ་རུ། །ཀྱེ་མ་ཁྲེལ་མེད་རྣམས་ཀྱིས་དོར། །༢ སྡིག་དང་མི་སྡིག་སྐྱེ་བོ་ལ། །སྡང་མིག་མཚོན་དང་ཆགས་པ་ཡི། །ཟུར་གྱིས་ལྟ་བྱེད་མིག་དེ་གཉིས། ཁྭ་ཡིས་བཏོན་ཏེ་མཁའ་ལ་ཁྱེར། །༣ སོ་རྩི་དམར་བ་དྲི་བཟང་ལྡན། །བིམ་པ་ལྟར་འཇམ་མཆུ་དེ་ཡང༌། །དགའ་མའི་མཆུ་མཛེས་བཏང་ནས་དེང༌། ཁྱི་དང་ཁ་ནི་སྦྱོར་བར་བྱེད། །༤ ལྕེ་འདིས་མི་བཟད་རྫུན་དང་ནི། ཚིག་རྩུབ་གཡོ་སྒྱུའི་ཚིག་སྨྲས་ཞེས། ཁྲོས་པ་ཧཱུཾ་སྒྲོག་འུག་པ་ཡི། །མཆུ་ཡིས་གྲེ་བའི་ཕུག་ནས་འདོན། །༥ ལུས་ཁྱོད་གསོ་བའི་ཆེད་ཙམ་དུ། །སྡིག་དང་གནོད་པ་དུ་མ་བྱས། །ཞེས་ཏེ་ཁྲ་དང་བྱ་རྒོད་རྣམས། །ལུས་ཕྲལ་སྙིང་ཡང་ཟ་བར་བྱེད། །༦ རོ་རྣམས་འབར་བའི་མེས་སྲེག་ཅིང༌། །དུ་བས་རབ་དཀྲིགས་ཅིལ་ཅིལ་སྒྲོག །སེམས་དེའང་མི་བཟད་སྡིག་པའི་མེས། །དམྱལ་བའི་གནས་ན་སྲེག་པར་ངེས། །༧ ལུས་ཀྱི་གཞི་ལ་སྡུག་བསྔལ་དང༌། །ལས་ཚུལ་རི་མོ་རྣམ་པར་བཀྲ །མངོན་སུམ་གྱུར་ཀྱང་མི་ཤེས་པ། །ཀྱི་ཧུད་རང་ཉིད་བསླུས་པར་ཟད། །༨
སྙིང་དོན་ནི། གཅེས་པའི་ལུས་ཀྱང་ཤི་རྗེས་གཞན་གྱི་ཟས་སུ་བྱེད་པའི་ངང་ཚུལ་དང་གསོན་དུས་སྡིག་པ་མང་པོ་བྱས་ཚུལ་སྦྱར་ནས་མི་ཚེ་སྙིང་པོ་མེད་པར་བྱས་ཚུལ་ལ་བསམ་ཞིང་སྐྱོ་བ་སྐྱེད་པ།
རྒྱན་ནི། ༡། བྱ་བ་འགལ་བའི་རང་བཞིན་བརྗོད་པའི་སྙིང་རྗེའི་ཉམས་ལྡན། ༢ བྱ་བ་འགལ་བའི་རིགས་མཐའ་གསལ་བཅས། འདིའི་དོན་ནི་ཤི་བོས་རང་གི་གཉེན་རྣམས་བསྐྱུར་ནས་སོང་བར་ཡང་འགྲེལ་འགྲོ་ན་ཡང༌། གཉེན་ཚོས་བེམ་རོ་དུར་སར་བཞག་པར་གོ་ན་འོག་མ་དག་དང་འབྲེལ་ཆེའོ། །ཅུང་འགྲེལ་ན། འདི་ནི་ངའི་གཉེན་ཉེའོ་ཞེས་བཟང་བ་དང་བརྟན་པ་ཕན་པའི་རང་བཞིན་ཅན་ཁོ་ནར་འཁྲུལ་པས་ཤིན་ཏུ་ཆགས་ནས། དེར་གནོད་པ་ཅུང་ཟད་ཀྱང་བྱེད་མི་ཕོད་ཅིང་ཡིད་ཕངས་པ་གང་དེ་ད་ནི་དབེན་པའི་དུར་ས་འདིར་ཁྲེལ་མེད་དེ་རྣམས་ཀྱིས་དོར་རོ། །ཞེས་དུར་སར་བཞག་རྗེས་ཁྭ་ཏ་སོགས་ཀྱིས་ཟས་སུ་བྱེད་ཚུལ་བྲིས་པས་སོ། །༢༣ བརྟེན་པའི་རབ་སྤེལ་ཏེ། རིམ་བྲལ་རྒྱན། རྣམ་གྲངས་གཞན་བརྗོད། སྙིང་རྗེའི་ཉམས་དང་བ་ཅས་པས་སོ།། ༤ བརྟེན་པའི་རབ་སྤེལ་ཏེ། རྐང་པ་དང་པོ་ཡོན་ཏན་རང་བཞིན་བརྗོད་པ་དང༌། གཉིས་པ་ཆོས་དཔེ། སེམས་མེད་རབ་རྟོག །མི་སྡུག་པའི་ཉམས་དང་བཅས་པས་སོ།། ༥ བརྟེན་པའི་རབ་སྤེལ་ཏེ། སེམས་ལྡན་རབ་རྟོག །རྣམ་གྲངས་གཞན་བརྗོད། དྲག་ཤུལ་ཉམས་དང་བཅས་པས་སོ། །༦ གོང་མཚུངས། ༧ བརྟེན་པའི་རབ་སྤེལ་ཏེ། རྐང་པ་ཐོག་མ་གཉིས་བྱ་བ་རང་བཞིན་བརྗོད་པ་དང༌། གསུམ་པ་གཟུགས་ཅན། སྤྱིར་འཇིགས་ཉམས་དང་བཅས་པས་སོ། །༨ བརྟེན་པའི་རབ་སྤེལ་ཏེ། རང་བཞིན་བརྗོད་པ་དང་གཟུགས་ཅན། སྙིང་རྗེའི་ཉམས་དང་བཅས་པའོ།།
༤༽ ཐར་པའི་བདེ་བ་འཚོལ་བར་བསྐུལ་བ།
དེ་སྐད་ཅེས་སྨྲས་པ་དང༌། ཕུ་བོ་གསུམ་ཡང་ཤིན་ཏུ་ཡིད་སྐྱོ་བར་གྱུར་ཏེ་ནུ་བོ་གསུམ་པོ་ག་ལ་བ་དེར་འགྲོ་ཞིང༌། བདག་རྣམས་སྔོན་ཆད་མི་ཤེས་པ་དང་ང་རྒྱལ་གྱིས་བཅིངས་ཏེ་རྟག་ཏུ་ཕན་པར་བྱེད་པ་ཁྱེད་ཅག་གི་བདེན་པའི་ཚིག་རྣར་མི་སྙན་ཞིང་མ་གུས་པར་གྱུར་པ་དེ་དག་བཟོད་པར་མཛོད་ལ། དེང་སླན་ཆད་མཁས་པའི་སྐྱེ་བོའི་རྗེས་སུ་འཇུག་ཅིང་སློབ་མ་བཞིན་གནས་པར་བྱ་ཡི། ཁྱེད་ཅག་གིས་ཅི་ནས་འཁོར་བ་མི་རྟག་པ་དང་སྡུག་བསྔལ་བ་འདི་ལྟ་བུ་ལས་བཟློག་པར་འགྱུར་བའི་ལམ་བསྟན་དུ་གསོལ། ཞེས་སོ། །གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་ཀྱང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་སྤུན་རྣམས་ལེགས་སོ་ལེགས་སོ། ཁོ་བོ་ཅག་གིས་ཐོག་མ་ནས་ཁྱེད་ཅག་ལ་ཕན་པ་དང་བདེ་བར་སེམས་ཀྱང་ཁྱེད་ཅག་རྒྱགས་པ་དང་ང་རྒྱལ་གྱི་དུག་གིས་སྦགས་པས། ལེགས་པར་བཤད་པའི་བདུད་རྩིའི་སྣོད་དུ་མ་གྱུར་གྱི།༡ ད་ནི་འཁོར་བའི་སྐྱོན་འདི་ལྟ་བུ་མངོན་སུམ་དུ་མཐོང་ཞིང་དགེ་བའི་ལམ་ལ་འཇུག་པར་འདོད་པ་ནི་ཤིན་ཏུ་ལེགས་སོ། །དེའི་ཕྱིར་ལེགས་པར་འགྱུར་བའི་གནས་རིམ་གྱིས་བསྟན་གྱི་ཚུར་ཤོག་ཅིག་ཅེས་ཏེ་རེ་ཞིག་ཚིགས་སུ་བཅད་པས་ཀྱང་སྨྲས་པ། གྲོགས་དག་ལེགས་སོ་དེ་རིང་དམ་པའི་ལམ་ལ་འཇུག་པར་འདོད་པ་ལེགས། །ལས་དང་ཉོན་མོངས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་རང་བཞིན་འཁོར་བ་སྟེ། །རབ་ཏུ་ཞི་བ་མྱ་ངན་ལས་འདས་བདེ་བ་དེ་ནི་བླ་ན་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་ཤེས་རབ་ངེས་པར་འབྱུང་བའི་ལམ། །༢ དེ་དག་མང་དུ་ཐོས་པའི་ནོར་དང་བསོད་ནམས་རྒྱ་ཆེན་གཏེར་ལས་བྱུང༌། །དེ་ཡང་དགེ་བའི་བཤེས་གཉེན་བསྟེན་དང་དཀོན་མཆོག་མཆོད་པའི་དགེ་བ་ལས། །ཐོབ་པ་ཉིད་ཕྱིར་མངོན་པར་དགའ་བའི་གཙུག་ལག་ཁང་ཆེན་གང་ན་བར། །ཐམས་ཅད་མཁྱེན་པའི་བཤེས་གཉེན་མཁས་པ་དེ་དྲུང་མྱུར་དུ་འདོང་བ་རིགས། །༣ ཞེས་སྨྲས་ཏེ་ས་ཕྱོགས་དེ་ལས་དཔག་ཚད་ལྔ་འདས་པ་ལས་མངོན་པར་དགའ་བ་ཞེས་བྱ་བའི་གཙུག་ལག་ཁང་ན་བདག་ཉིད་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་གནས་པ་དེ་ཉིད་ག་ལ་བ་དེར་འགྲོ་བར་བྱེད་དོ། །
སྙིང་དོན་ནི། འཆི་བ་མི་རྟག་པའི་ཚུལ་མཐོང་ནས་འཁོར་བར་ངེས་འབྱུང་སྐྱེས་ནས་ཐར་པའི་བདེ་བ་འཚོལ་བར་འཇུག་པའི་ཚུལ་དག་བཀོད་པ་སྟེ་ཚིག་དོན་གོ་བདེའོ།།
རྒྱན་ནི། ༡ ངག་དོན་མི་ལྡན་གཟུགས་ཅན། ༢ སྐྱོན་ཡོན་རང་བཞིན་བརྗོད་པ། ༣ རྒྱུ་འབྲས་ཕྲེང་བའི་རང་བཞིན་བརྗོད་པ། ཚིག་དོན་གོ་སླ་ཡང་བརྗོད་བྱ་ཟབ་རྒྱ་ཆེ་བས་ཕྱོགས་ཙམ་སྟོན་ན། ཚིགས་བཅད་དང་པོའི་རྐང་པ་གཉིས་པས་ཀུན་འབྱུང་དང་སྡུག་བསྔལ་བདེན་པ་བསྟན་པ་དང༌། གསུམ་པས་འགོག་བདེན་དང༌། བཞི་བས་ལམ་བདེན་བསྟན་པའོ། དེ་ཡང་ཚིགས་བཅད་གཉིས་པའི་རྐང་པ་དང་པོས་ལམ་བདེན་དེ་ཡང་མང་དུ་ཐོས་པ་དང་བསོད་ནམས་ལ་རག་ལས་པ་དང༌། གཉིས་པས་དེ་ཡང་དགེ་བའི་བཤེས་གཉེན་ལ་རག་ལས་པ། རྐང་པ་ལྷག་མས་བླ་མ་བསྟེན་པར་གདམས་པའོ།།
ག༽ སུ་ཞིག་ལ་སྐྱབས་སུ་འགྲོ་འོས་མིན་བསྟན་པ།
༡༽ དབང་ཕྱུག་སོགས་མུ་སྟེགས་པའི་སྟོན་པ་དང་བཅས་པ་ཕྱག་ཡུལ་མིན་པར་བསྟན་པ།
སྐབས་དེར་ནུ་བོ་གསུམ་ནི་སྐྱེ་བོ་འགའ་ཞིག་ལ་ཕན་པའི་ཆེད་དུ་བསྟི་གནས་ཤིག་ན་ངལ་བསོ་སྟེ་འདུག་པ་དང༌། ཕུ་བོ་གསུམ་སྔོན་ལ་ཐལ་ཏེ་སོང་བས། ལམ་དང་ཉེ་བ་ཞིག་ན་དབང་ཕྱུག་མཆོད་པའི་ལྷ་ཁང་མུ་སྟེགས་དུ་མས་གང་བ་ཞིག་འདུག་པ་མཐོང་སྟེ། གཞོན་ནུ་མུན་པ་ཅན་གྱིས་བསམས་པ། ཨེ་མ། མངོན་པར་དགའ་བའི་གཙུག་ལག་ཁང་ཞེས་བྱ་བ་དེ་འདིའོ།། ཞེས་ཏེ་དེར་སོང་ནས། དབང་ཕྱུག་གི་རྟེན་སྐྱེས་པའི་མཚན་མ་གྱེན་དུ་སྒྲེང་བ་གསེར་གྱིས་བྱུགས་པ་དག་ལ་ཕྱག་འཚལ་ཞིང༌། མུ་སྟེགས་ཀྱི་འཁོར་དང་བཅས་པ་ལ་མཆོད་པ་བྱེད་དོ། །
རྨོངས་པ་རྣམས་ཀྱིས་སུ་ཞིག་སྐྱབས་མཆོག་ཡིན་མིན་དང་གང་ལ་ཕྱག་བྱར་འོས་མིན་གྱི་དབྱེ་བ་ཙམ་ཡང་མི་ཤེས་པར་ལོག་ལམ་ལ་འཇུག་ཚུལ་བསྟན་པའོ།།
དེ་ལྟར་གྱུར་པ་ནུ་བོ་གསུམ་གྱིས་རིག་ནས་རིངས་པ་རིངས་པར་བསྙེགས་ཏེ། ལྷ་ཁང་དེར་ཕྱིན་པ་དང༌། མུན་པ་ཅན་གྱིས་སྨྲས་པ། གྲོགས་པོ་དག །དཀོན་མཆོག་གི་རྟེན་ལ་ཕྱག་འཚལ་བར་མི་བྱེད་དམ། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། འདི་ནི་དཀོན་མཆོག་མ་ཡིན་གྱི། འཇིག་རྟེན་གྱི་ལྷ་དབང་ཕྱུག་ཆེན་པོ་སྟེ་ཕྱག་དང་མཆོད་པའི་གནས་མ་ཡིན་ན། ཕྱིར་ཤོག་ཅིག་ཅེས་སྨྲས་པ་དང༌། མུ་སྟེགས་དེ་དག་ཧ་ཅང་མ་རངས་ཏེ་རྒོལ་བར་འདོད་དེ་སྨྲས་པ། ཅི་བླུན་པོ་བབ་ཅོལ་དུ་སྨྲ་ཞིང་མ་རུངས་པ་ཁྱོད་ཅག་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་ཡང་དམོད་པར་བྱེད་དམ། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་དེ་ལྟ་ན་བདག་གིས་མངོན་སུམ་དུ་བྱའོ་ཞེས་ཏེ། དབང་ཕྱུག་གི་རྟེན་ལ་ལག་པས་བྱུགས་ནས་སྨྲས་པ། སྲིད་གསུམ་བླ་མ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་མཆོག་དེ་མི་ཤེས་སམ། །སྲིད་ལས་མ་གྲོལ་སྡུག་བསྔལ་བཅས་ཁྱོད་དེ་ཡི་འབངས་ཉིད་མིན་ནམ་ཅི། །རྒྱལ་བའི་སྲས་པོ་དཔའ་བོ་སེང་གེ་འདི་ལྟར་མངོན་སུམ་འོངས་བཞིན་དུ། །རྨོངས་པའི་དྲེགས་ལྡན་ཝ་སྐྱེས་སྤྱི་བོས་འདུད་པར་མི་བྱེད་ཅི། །༡ ཞེས་སྨྲས་མ་ཐག་ཏུ་དབང་ཕྱུག་གི་རྟེན་དེ་ས་ལ་ལྷུང་ནས། གཞོན་ནུ་དག་གི་རྐང་པ་ལ་གཏུགས་སོ། །སྙིང་རྗེའི་སྟོབས་ལྡན་བདེན་ཚིག་རལ་གྲིས་ང་རྒྱལ་འདབ་ལྡན་ལོག་ལྟ་ཡི། །བྱ་ཚོགས་རྟེན་གྱུར་རྨོངས་པའི་རྐང་འཐུང་ཁེངས་པའི་རྩ་བ་རབ་བཅད་དེ། །དབང་ཕྱུག་ལྗོན་ཤིང་མུ་སྟེགས་ཚོགས་རྣམས་མ་རངས་འཕྱར་(འཕྱ)བའི་དྲེགས་པ་དང༌། །མགོ་བོའི་ཅོད་པན་ལྷན་ཅིག་ལྷུང་བས་རྐང་མཐིལ་སོར་མོ་མཛེས་པར་བྱས། །དེ་ལྟར་མུ་སྟེགས་ལྷ་དང་བཅས་པ་ཕམ་པར་བྱས་ནས་སྤུན་རྣམས་འགྲོགས་ཏེ། མངོན་པར་དགའ་བའི་གཙུག་ལག་ཁང་དང་ཉེ་བར་ཕྱིན་ཏོ། །༢
སྙིང་དོན་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ཕྱི་རོལ་པའི་ལྷ་ལ་སྐྱབས་བཅོལ་དང་ཕྱག་བྱ་མི་འོས་པ་དང༌། ལྷ་ཆེན་དེ་དག་གིས་སངས་རྒྱས་སྨྲོས་ཅི་དགོས་བྱང་ཆུབ་སེམས་དཔའི་བདེན་ཚིག་གི་མཐུ་ཙམ་ཡང་མི་བཟོད་་པའི་ཚུལ་བསྟན་པ་བཅས་གོ་བདེའོ།།
རྒྱན་ནི། ༡ གཟུགས་ཅན་གཟི་བརྗིད་རྒྱན། ༢། བྱ་བ་ལྷན་ཅིག་པའི་མཐའ་དག་གཟུགས་ཅན། ཚིག་འགྲེལ་ནི། ཡུན་རིང་གོམས་པའི་སྙིང་རྗེའི་སྟོབས་ཆེན་མངའ་བའི་རྒྱལ་སྲས་གང་གི་བདེན་ཚིག་བརྗོད་པའི་རལ་གྲི་དེས། ཤེས་རློམ་གྱི་ང་རྒྱལ་ཆེ་བའི་འདབ་མ་ལ། སྐྱབས་དང་སྐྱབས་མིན་ནོར་བའི་ལོག་ལྟ་ཡི་བྱ་ཚོགས་རྟེན་དུ་གྱུར་པའི་བདག་འཛིན་རྨོངས་པའི་རྐང་འཐུང་སྟེ་སྐབས་འདིར་ལྗོན་པའི་རྩ་བས་ཆུ་འདྲེན་པའི་བྱེད་ལས་ཙམ་ལ་གོ་བ་ལས་ལྗོན་པ་ཉིད་ལ་གོ་མི་འོས་ཏེ། དེ་མ་ཐག་རང་ལས་གཞན་མེད་ཀྱི་ཁེངས་པ་རྩ་བའི་གཟུགས་སུ་བྱས་རྗེས། གཞི་ནས་དབང་ཕྱུག་ཉིད་ཆ་ཤས་ཡོངས་སུ་ཚང་བའི་ཤ་ཆས་ཅན་ལྗོན་ཤིང་ཉིད་ཀྱི་གཟུགས་སུ་བྱས་པས་སོ། །དེ་ལྟའི་ལྗོན་པ་དེ་བཅད་པ་དང་མུ་སྟེགས་ཚོགས་རྣམས་མ་དགའ་བར་རྒྱལ་སྲས་ཚོར་འཕྱ་སྨོད་བྱེད་པའི་དྲེགས་པ་དང༌། དབང་ཕྱུག་གི་སྐུའི་མགོ་བོའི་ཅོད་པན་རྣམས་ལྷན་ཅིག་ས་ལ་ལྷུང་བས་རྒྱལ་སྲས་དག་གི་རྐང་མཐིལ་སོར་མོ་དང་བཅས་པ་མཛེས་པར་བྱས་པ་སྟེ། དབང་ཕྱུག་དང་རང་གི་མུ་སྟེགས་འཁོར་དང་བཅས་པས་རྒྱལ་བའི་སྲས་ཀྱི་གཟི་བརྗིད་མ་བཟོད་པར་ཕྱག་བྱས་པར་གོའོ།།
༢༽ དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་དག་ཀྱང་ཕྱག་གི་གནས་མིན་པར་བསྟན་པ་ནི།
དེ་ནས་གྲོང་ཁྱེར་ཡངས་པའི་དབུས། །སྐྱེད་ཚལ་རྣམས་ཀྱིས་ཡོངས་བསྐོར་བ། །རིན་ཆེན་རྩིག་པ་རབ་བརྟན་ཅིང༌། །བྱུ་རུའི་ཀ་བ་གསལ་ཞིང་མཛེས། །༡ གསེར་གྱི་དྲ་བས་རྣམ་སྤྲས་པའི། །འོད་ཀྱིས་ཕྱོགས་ཀུན་འགེངས་བྱེད་པ། །ནམ་ཡང་སྐྱོ་བ་མེད་པ་ཡི། །མངོན་པར་དགའ་བའི་གཞལ་མེད་མཐོང༌། །༢ བ་གམ་ཨན་ད་རྙིལ་གྱི་འོད། །སྔོ་བསངས་ནམ་མཁའི་གོས་ཕྲོགས་ནས། །ནོར་བུའི་ཏོག་ནི་རབ་འབར་བས། །རྟ་བདུན་མུན་པར་བྱེད་པ་བཞིན། །༣
འབྱོར་བ་རྒྱ་ཆེ་བའམ་གྲོང་ཁྱེར་གྱི་བཀོད་པར་བསྔགས་པའི་རིགས་ཏེ། ནང་གསེས་སུ། ༡ རྫས་ཐོག་གསལ། ༢ རང་བཞིན་བསྔགས་པ། ༣ དཔེ་དང་སྲིད་མིན་རབ་རྟོག །དོན་གོ་སླ།
དེ་ལྟ་བུའི་གཙུག་ལག་ཁང་དེའི་སྒོ་ཁང་ན་འཇིག་རྟེན་གྱི་བྱེད་པོ་ཚངས་པ་དང༌། ལྷ་ཡི་རྒྱལ་པོ་བརྒྱ་བྱིན་དང༌། འཇིག་རྟེན་སྐྱོང་བ་བཞིའི་གཟུགས་གནས་པ་ལས། གཞོན་ནུ་མུན་པ་ཅན་དེས་དེ་དག་ལ་ཕྱག་འཚལ་ཞིང་གྲོགས་དག་ལ་སྨྲས་པ། སྲིད་གསུམ་མེས་པོ་འཕྲོག་བྱེད་ནི། །འཇིག་རྟེན་སྐྱོང་བཅས་འདིར་བཞུགས་ན། །ཕྱག་དང་མཆོད་པ་མི་བྱེད་པར། །སྐྱབས་གནས་སུ་ཞིག་གཞན་དུ་འཚོལ། །༡ གཞོན་ནུ་དགེ་བ་ཅན་གྱིས་སྨྲས་པ། བསོད་ནམས་དྲེགས་བཅས་སྲིད་ལས་མ་གྲོལ་ལྷ་ཆེན་འདི་དག་ཕྱག་འོས་མིན། །ལྷ་ཡི་ལྷ་མཆོག་སྲིད་ལས་རྣམ་རྒྱལ་ཐུབ་དབང་སྲས་བཅས་ཕྱག་བྱར་འོས། །འདི་དག་ཀུན་ཀྱང་བླ་མ་དེ་ཡི་ཆབ་སྒོ་སྲུང་བརྩོན་གནས་པ་ཉིད། །འཇིག་རྟེན་འདྲེན་པ་མཆོད་པའི་ཡུལ་དེ་གཞལ་མེད་ཁང་བཞུགས་བལྟ་ཕྱིར་འདོང༌། །༢
ཚིག་དོན་ནི། ཚངས་པ་དང་ཁྱབ་འཇུག །ཕྱོགས་སྐྱོང་གི་རྒྱལ་པོ་ཆེན་པོ་བརྒྱ་
བྱིན་དང༌། གཤིན་རྗེ། ཆུ་བདག །གནོད་སྦྱིན་སོགས་དང་བཅས་དཀར་ཕྱོགས་སྐྱོང་བའི་ལྷ་ཆེན་འདི་དག་ལས་སྐྱབས་གཞན་ཅི་དགོས་དད་གུས་དང་མཆོད་པ་བྱོས་ཞེས་པའི་ལན་དུ། ལྷ་ཆེན་འདི་དག་དཀར་ཕྱོགས་དགེ་བར་དད་ཅིང་བརྩོན་པས་བསོད་ནམས་ཀྱི་མཐུ་ཙམ་ལྡན་ཡང་ང་རྒྱལ་ཆེ་བ་དང༌། རང་ཉིད་འཁོར་བ་ལས་མ་གྲོལ་པས་གཏན་གྱི་སྐྱབས་སུ་རེ་ནས་ཕྱག་འཚལ་བར་མི་འོས། ལྷ་ཡི་གཙོ་བོ་དག་གིས་ཀྱང་བཀུར་ཅིང་འགྲན་ཟླ་བྲལ་བའི་ལྷ་ཡི་མཆོག་སྲིད་པ་ལས་རྣམ་པར་རྒྱལ་བའི་ཐུབ་དབང་ཤཱཀྱའི་རྒྱལ་པོ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་བཅས་ནི་ཕྱག་འོས་བསྟེན་འོས་བསླུ་མེད་གཏན་གྱི་སྐབས་གནས་དམ་པ་ལགས། ལྷ་ཆེན་འདི་དག་ཀུན་ཀྱང་བླ་མ་སངས་རྒྱས་དེ་ཡི་ཆོས་དང་ཆོས་པ་དག་གི་སྒོ་སྲུང་ཙམ་ལ་བརྩོན། སེམས་ཅན་ཐམས་ཅད་འཁོར་བ་ལས་ཡོངས་སུ་འདྲེན་པའི་མཆོད་ཡུལ་བསོད་ནམས་ཀྱི་ཞིང་མཆོག་དེ་ནི་གཞལ་མེད་ཁང་དུ་རྟེན་གྱི་གཙོ་བོར་བཞུགས་པས་མཇལ་དུ་འགྲོའོ།།
རྒྱན་ནི། ༡ རྒྱུས་འགོག་པ། ༢ སྡུར་བའི་རང་བཞིན་བསྔགས་པ།
༣༽ ཕྱག་དང་མཆོད་པར་འོས་པའི་སྐྱབས་གནས་དག་བསྟན་པ།
དེ་སྐད་སྨྲས་ནས། གཙུག་ལག་ཁང་གི་ནང་དུ་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་རི་བོ་ལྟར་དཔལ་ནི་རབ་ཏུ་འབར། མཚན་དང་དཔེ་བྱད་རྣམས་ཀྱིས་ནི་བརྒྱན། ཉི་མ་བརྒྱ་བས་ལྷག་པའི་གཟི་བརྗིད་ནི་རབ་ཏུ་གསལ། པད་མ་དང་སེང་གེའི་ཁྲི་ལ་ལྷམ་མེ་ལྷང་ངེ་ལྷན་ནེར་བཞུགས་པ་མཐོང་ངོ། །
ལྷམ་མེ་ལྷང་ངེ་ལྷན་ནེ་ཞེས་པ་གཞན་དུ་ལྷམ་མེ་ལྷན་ནེ་ལྷང་ངེ་ཞེས་ཀྱང་འབྱུང་སྟེ། སྤྱིར་འདི་གསུམ་གསལ་བའི་རྣམ་པའི་རྒྱན་ཚིག་དང༌། དེ་ཡང་འོད་ལྷམ་ལྷམ་དང་ལྷམ་མེར་བཀྲ་ལྟ་བུ་དང༌། ཐུགས་ལ་ལྷན་ནེར་འཆར་བ་དང་ལྷན་ནེར་བཞུགས་པ་ལྟ་བུ་དང༌། སྐད་ལྷང་ལྷང་དང་ལྷང་ངེར་གྲགས་ལྟ་བུ་འཇུག་ཡུལ་མི་འདྲ་བའི་སྐབས་ཡོད་པས། ལྷམ་མེ་བ་ནི་སྐུ་བརྗིད་པའི་ཉམས་དང༌། ལྷན་ནེ་བ་ནི་ཐུགས་བག་ཕེབས་པའི་ཉམས་དང༌། ལྷང་ངེ་བ་ནི་གསུང་དག་གསལ་གྱི་ཉམས་ལ་གོ་འོས་མོད། སྐབས་འདི་ལྟ་བུར་སྐུ་བརྗིད་པ་དང་སྐུ་གསལ་བ་སྐུ་ཉམས་བག་ཕེབས་ཚུལ་གྱི་རྣམ་པ་ལ་གོ་དགོས་ཏེ། དང་བའི་དད་པ་འདྲེན་པའི་སྐུ་རྟེན་གྱི་ཡོན་ཏན་ལ་བསྔགས་པའོ། །འདི་ནི་ཆོས་དཔེ་དང་བརྗིད་པའི་ཉམས་ཅན་ནོ།།
གཟི་བརྗིད་མཚུངས་པ་མེད་པ་དེ་མཐོང་ནས། །ཐལ་མོ་སྦྱར་ཞིང་སྤྱི་བོས་ཕྱག་ཀྱང་འཚལ། །རྒྱལ་བའི་འཕྲིན་ལས་ཉི་ཟེར་རབ་སྤྲོས་པས། །ལག་པའི་ཀུ་མུད་ཟུམ་པར་གྱུར་བ་བཞིན། །༡ ཞབས་མཐིལ་དམར་བའི་ཆུ་སྐྱེས་སྤྱི་བོར་བཀོད། །ནོར་བུས་མཚན་པའི་ཅོད་པན་སྐྱེངས་པར་བྱས། །དད་དང་ངེས་འབྱུང་འགྲན་བཞིན་རྣམ་རྒྱས་པས། །འདོད་སྲེད་ཐ་བའི་སེམས་ནི་རིང་དུ་བསྐྲད། །༢ རྨད་བྱུང་བྱིན་རླབས་ཟེར་གྱིས་སྡིག་པའི་སེམས། །བཞུ་བར་འགྱུར་བཞིན་མཆི་མའི་ཆུ་རྒྱུན་ཟགས། །དད་པའི་ཀླུ་དབང་གིས་བསྐུལ་མཁྱེན་བརྩེ་ཡི། །སྤྱན་སྤྲིན་ལས་ནི་ཐུགས་རྗེའི་ཆར་ཟིམ་བབས། །༣
དོན་ཇི་བཞིན་པ་ནི། གཟི་བརྗིད་མཚུངས་མེད་སྐུ་དེ་མཐོང་ཙམ་ནས་དད་པས་ཐལ་མོ་སྦྱར་ཞིང༌། རྒྱལ་བའི་མཛད་འཕྲིན་བསམ་བཞིན་ཞབས་ལ་མགོས་ཕྱག་འཚལ། དད་པ་དང་ངེས་འབྱུང་དྲག་པོས་འཁོར་བའི་འདོད་སྲེད་དག་ཀྱང་མེད་པར་བྱས། རྨད་བྱུང་བྱིན་རླབས་ཀྱིས་སེམས་ཀྱི་སྡིག་པ་དག་པས་དགའ་བའི་མཆི་མ་ཤོར། དད་པའི་སྟོབས་དེས་སངས་རྒྱས་ཀྱི་མཁྱེན་བརྩེ་བསྐུལ་བས་མངོན་སུམ་དུ་ཐུགས་རྗེའི་སྤྱན་ཀྱིས་གཟིགས་པར་གྱུར་ཅེས་པ་སྟེ། དད་པས་ཕྱག་བགྱིས་པའི་ཚུལ་ལོ། །ཐ་བ་ནི་རེངས་པའམ་རྩུབ་པ་སོགས་ཏེ། འདིར་མ་དུལ་བའོ།།
རྒྱན་ནི། ༡ བརྟེན་པའི་རབ་སྤེལ་ཏེ། བྱ་བ་རང་བཞིན་བརྗོད་པ་དང་གཟུགས་ཅན། རིགས་པའི་རྒྱུའམ་རིགས་པའི་གཟུགས་ཅན་རྣམ་འགྱུར་རབ་རྟོག་དང་བཅས་པའོ། ། ༢ གཟུགས་ཅན་རབ་རྟོག་སྟེ། རྐང་པ་དང་པོ་གཟུགས་ཅན་དང༌། སྐྱེངས་པར་བྱས། འགྲན་བཞིན་རྒྱས། རིང་དུ་བསྐྲད་ཅེས་པ་རྣམས་སྐབས་འདིར་ཏིང་འཛིན་རབ་རྟོག་གོ །༣ རབ་རྟོག་གཟུགས་ཅན་སྟེ། རྐང་པ་དང་པོའི་ཕྱེད་སྔ་མ་གཟུགས་ཅན། ཕྱེད་ཕྱི་མ་དང་གཉིས་པའི་ཕྱེད་སྔ་མ་ཏིང་འཛིན་རབ་རྟོག །ལྷག་མ་དག་ལྡན་གཟུགས།
དེ་ལྟར་གཞོན་ནུ་དེ་དག་བཅོམ་ལྡན་འདས་ཀྱི་དྲུང་དུ་འདུག་སྟེ་ཨུཏཔལ་དང༌། པུཎཌ་རཱི་ཀ་ལ་སོགས་མེ་ཏོག་རྣམ་པ་སྣ་ཚོགས་དང༌། ཨ་ཀ་རུ་དང༌། ཙན་དན་སྦྲུལ་གྱི་སྙིང་པོ་ལ་སོགས་པ་མཆོད་པ་རྣམས་ཀྱིས་མཆོད་ཅིང༌། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་ཚིགས་སུ་བཅད་དེ་བསྟོད་པ། གང་སྐུ་མཚན་དཔེ་འབར་བའི་དཔལ་གྱིས་བདུད་མོའི་ཆགས་པ་ཞི་མཛད་ཅིང༌། །བྱམས་པས་རབ་དགོད་ཐུགས་རྗེའི་མཐུ་ཡིས་མེ་ཏོག་གཞུ་ཅན་དཔུང་ཚོགས་བཅོམ། །བསམ་གཏན་ངང་ལ་གཡོ་མེད་བཞུགས་ཚེ་སྟོང་གསུམ་རྣམ་པ་དྲུག་ཏུ་གཡོས། །ཆགས་པ་ཀུན་བྲལ་ཐུབ་པ་མཆོག་ཁྱོད་མཆོད་སྤྲིན་རྒྱ་མཚོའི་ཚོགས་ཀྱིས་མཆོད། །༡ གཞོན་ནུ་མཉེས་གཤིན་བཟང་པོས་བསྟོད་པ། འགྲོ་ཀུན་ཐར་པར་ཡོངས་སུ་འགོད་ཕྱིར་སྲིད་པ་ཇི་སྲིད་རྟག་བཞུགས་ཤིང༌། །ཉོན་མོངས་ཚ་གདུང་བསིལ་བར་བྱ་སླད་ཡེ་ཤེས་མེ་ལྕེས་རྣམ་རྟོག་སྲེག །སྲེད་པའི་འདམ་རྫབ་སྐེམ་པར་བྱ་ཞེས་ཆོས་ཀྱི་བདུད་རྩིའི་ཆར་རྒྱུན་འབེབས། །ཡོན་ཏན་ཡལ་འདབ་རྒྱས་པར་བྱ་ཕྱིར་འཁོར་བའི་རྐང་འཐུང་གཅོད་པ་མཚར། །༢ གཞོན་ནུ་དགེ་བ་ཅན་གྱིས་ཀྱང་བསྟོད་པ། གྲགས་པའི་དྲི་བསུང་རིང་དུ་འཕྲོ་ཞིང་གདུལ་བྱའི་ཚོགས་རྣམས་ཉེ་བར་སྡུད། །བྱིན་རླབས་ཆུ་རྒྱུན་ཐུར་ལ་འབེབས་ཤིང་ཉམ་ཐག་སྐྱེ་བོ་གྱེན་ལ་འདྲེན། །ཀུན་ཏུ་དམ་པའི་སྤྱོད་ལ་དགྱེས་ཤིང་དམན་པ་རྣམས་ལ་ལྷག་པར་བརྩེ། །སྲེད་པའི་ཉེས་བརྒྱ་རྟག་ཏུ་སྟོན་ཅིང་ཞི་ལ་མི་གནས་ཁྱོད་ལ་བསྟོད། །ཅེས་སོ། །
སྙིང་དོན་ནི། རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པར་བསྟོད་ཅིང་མཆོད་པའི་ཚུལ། དོན་ཟབ་རྒྱ་ཆེ་ཡང་ཚིག་གོ་བདེའོ། །
རྒྱན་ནི། ༡ བྱ་བ་དང་ཡོན་ཏན་སྤེལ་མའི་རང་བཞིན་བརྗོད་པ། ༢ ངོ་མཚར་བརྟེན་པའི་རབ་སྤེལ་ཏེ། རྐང་པ་དང་པོ་རང་བཞིན་བརྗོད་པ་དང༌། གཞན་དག་ལྡན་གཟུགས་དང༌། དེ་ཡང་རྒྱུ་འབྲས་འགལ་བའི་མཚར་བའི་རྒྱུ་རྒྱན་དང་བཅས་པས་སོ།། ༣ བརྟེན་པའི་རབ་སྤེལ་ཏེ། རྐང་པ་ཐོག་མ་གཉིས་གཟུགས་ཅན་དང༌། ཐ་མ་གཉིས་བྱ་བའི་རང་བཞིན་བརྗོད་པ་དང༌། དེ་དག་ཀྱང་བྱ་བ་འགལ་བའི་རྒྱན་དང་བཅས་པའོ།།
དེ་ནས་གཡས་ཕྱོགས་སུ་བསྐོར་ཏེ་དོང་བ་ན་གཙུག་ལག་ཁང་གཞན་ཞིག་ན་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་སྐུ་དབང་པོའི་གཞུ་ཡིས་ཉེ་བར་མཚན་པའི་མཚམས་སྤྲིན་ལྟར་མཛེས་པ་༡མཐོང་ནས་དེ་ལ་ཕྱག་དང་མཆོད་པ་བྱས་ཏེ། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་བསྔགས་པ། སྲིད་པའི་འཆིང་བ་ཀུན་བཅད་ཅིང༌། །ཆོས་རྣམས་མ་ལུས་ཐུགས་སུ་ཆུད། །གླེགས་བམ་རལ་གྲི་རབ་འཛིན་པས། །སླར་ཡང་ཅི་ཞིག་མཛད་པར་དགོངས། །༢ འོནཀྱང་འགྲོ་བའི་ཉོན་མོངས་ཀུན། །རྩད་ནས་བཅད་དེ་རྒྱལ་བ་ཡི། །དགོངས་པ་མཆོག་ལ་འགོད་མཛད་པ། །ཉིད་ཀྱི་ཕྱག་མཚན་ལྷག་པར་མཛེས། །༣ ཞེས་སོ། །
དོན་ཇི་བཞིན་པ་ནི། སྔ་མོ་ཞིག་ནས་སྲིད་པའི་འཆིང་བ་ཀུན་ལས་གྲོལ་ནས་ཆོས་རྣམས་མ་ལུས་ཐུགས་སུ་ཆུད་དེ་སྤངས་རྟོགས་མཐར་ཕྱིན་ན་ཡང༌། ཆོས་ཀྱི་གླེགས་བམ་དང་ཤེས་རབ་ཀྱི་རལ་གྲི་ཕྱར་ནས་སླར་ཡང་དོན་ཅི་ཞིག་མཛད་པར་དགོངས་སམ། ཡིན་ཡང་འགྲོ་བ་མཐའ་ཡས་པའི་ཉོན་མོངས་ཀུན་རྩད་ནས་བཅད་དེ་རྒྱལ་བའི་དགོངས་པ་མཆོག་ཐམས་ཅད་མཁྱེན་པའི་སར་ལ་འགོད་པར་མཛད་པའི་ཡོན་ཏན་ཅན་ཉིད་ཀྱི་ཕྱག་མཚན་དེ་དག་ནི་ལྷག་པར་སྐུའི་མཛེས་རྒྱན་ནོ། །ཞེས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་ངོ་བོ་ལྷག་པའི་ལྷ་འཇམ་པའི་དབྱངས་ལ་བསྟོད་ཕྱག་ཕུལ་བའོ།།
རྒྱན་ནི། ༡ ངག་དོན་གཅིག་གི་དཔེ། རྩ་བ་ལྟར་ན་དཔེ་དོན་གཉི་ག་ངག་གི་དོན་ཅན་ཞིག་ཡིན་དགོས་མོད། གཞན་དུ་འདི་ལྟར་དཔེ་གཅིག་པུ་ངག་དོན་དང་དཔེ་ཅན་ངག་དོན་མ་ཡིན་པ་དང༌། ཡང་ན་དཔེ་ཅན་ངག་དོན་ཡིན་ལ་དཔེ་ངག་དོན་མ་ཡིན་པ་ཡོད་པས་མིང་དེ་སྐད་བཏགས་པའོ།། ༢ མངོན་འགྱུར་འགོག་པ་སྟེ། བྱ་བ་འགོག་པ་ཞེས་ཀྱང་འདོད་དོ།། ༣ རྣམ་གྲངས་བརྗོད་པའི་རྒྱན་སྟེ། འདིར་ཕྱག་མཚན་ལ་བསྔགས་པའི་ཚུལ་གྱིས་དོན་ལ་འཇམ་དཔལ་དབྱངས་ཀྱིས་གདུལ་བྱའི་རྨོངས་པ་སེལ་བའི་འཕྲིན་ལས་ལ་བསྟོད་པས་སོ།།
དེ་ནས་ཡང་སོང་བ་ལས། བྱང་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ན། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ་དྲང་སྲོང་གི་ཆ་བྱད་ཅན་ཀུ་མུ་ཏའི་ཕུང་པོ་ལྟར་དཀར་བར་༡བཞུགས་པ་དེའི་དྲུང་དུ་ཕྱིན་ཏེ་ཞབས་ལ་མགོ་བོས་གཏུགས་ཤིང༌། དེའི་ཚེ་གཞོན་ནུ་མཉེས་གཤིན་བཟང་པོས་བསྔགས་པ། དཀར་ཞིང་འོད་གསལ་དྲི་མེད་འདི། །གངས་རིའམ་ནོར་བུ་ཆུ་ཤེལ་ཡིན། །མཚན་དཔེ་ལྡན་པས་འདྲེན་བྱེད་ཀྱི། །བདུད་རྩི་ཁྱོད་སྐུ་ལགས་པར་མཐོང༌། །༢ འགྲོ་དོན་ལ་ཆགས་ཡི་དྭགས་རྣམས། །ཚིམ་པའི་བདེ་ལ་མཆོག་ཏུ་སྲེད། །འདོད་པ་ལ་སྡང་སྲིད་པ་ནི། །རྟག་ཏུ་དགྱེས་འདིས་སྲིད་བྲལ་མིན། །༣ དེ་སྐད་བསམས་ཚེ་སྙིང་རྗེའི་ཐུགས། །བདག་གི་བདེ་ལ་ཆགས་མེད་ཅིང༌། །སྲིད་ཞི་མཉམ་པར་མཁྱེན་ཞེས་པས། །འཕགས་མཆོག་ཀུན་གྱི་རྒྱལ་པོར་འཚལ། །༤
དོན་ཇི་བཞིན་པ་ནི། དཀར་གསལ་དྲི་མེད་མཚན་དཔེའི་མཛེས་སྐུས་མིག་དབང་འཕྲོག་པ། འགྲོ་བའི་དོན་ལ་ཆགས་ནས་ཡི་དྭགས་སོགས་བདེ་བར་འགོད་འདོད་འབའ་ཞིག་གི་དབང་གིས་འདོད་པའིཁམས་འདིར་བསམ་བཞིན་ཡང་སྲིད་ལེན་པའི་ཚུལ་ལ་བསམས་ཚེ་རང་བདེའི་ཞི་བ་ལའང་མ་ཆགས་པ་ཐུགས་རྗེ་ཆེན་པོ་འཕགས་མཆོག་ཀུན་ལས་ལྷག་པ་ཤེས་སོ། །ཞེས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་ངོ་བོ་ལྷག་པའི་ལྷ་སྤྱན་རས་གཟིགས་ལ་བསྟོད་ཕྱག་ཕུལ་བའོ།།
རྒྱན་ནི། ༡ ཆོས་དཔེ། ༢ ཐེ་ཚོམ་གཏན་འབེབས་དཔེ། ༣ བྱ་བ་འགལ་བ། ༤ ནང་ཤེས་བྱེད་རྒྱུ།
དེ་ནས་ཡང་རིམ་གྱིས་དོང་བ་ལས་གཡོན་ཕྱོགསཀྱི་གཙུག་ལག་ཁང་ཞིག་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུ་བཻཌཱུའི་རི་བོ་ལྟར་བརྗིད་པ། གསང་བ་པ་དུ་མས་བསྐོར་བ་མཐོང་ནས། གཞོན་ནུ་དགེ་བ་ཅན་གྱིས་ཐལ་མོ་སྦྱར་ཏེ་བསྔགས་པ། ཁོང་ཁྲོ་སྤངས་ཀྱང་ཁྲོ་བའི་ཞལ། །འགྲོ་བའི་ཞེ་སྡང་གཞོམ་དོན་དུ། །སྟོང་ཉིད་སྙིང་རྗེ་རྡོ་རྗེ་ཡིས། །ཉོན་མོངས་བགེགས་རྣམས་ཞི་མཛད་རྒྱལ། །
ཚིག་དོན་ཙམ་ནི། རང་རྒྱུད་ཁྲོ་བ་སྤངས་ན་ཡང་གདུག་ཅན་གྱི་གདུལ་བྱ་འདུལ་ཕྱིར་ཁྲོ་ཞལ་དྲག་པོའི་སྐུར་བསྟན་ནས། འགྲོ་བ་གཞན་རྒྱུད་ཀྱི་ཞེ་སྡང་དགྲ་བོ་གཞོམ་པའི་དོན་དུ། སྟོང་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་ཀྱི་ངང་ནས་ཉོན་མོངས་དགྲ་བགེགས་ཐམས་ཅད་ཞི་བར་མཛད་པའི་མཐུ་སྟོབས་བླ་ན་མེད་པའོ། །ཞེས་རྒྱལ་བ་ཀུན་གྱི་མཐུ་སྟོབས་ཀྱི་ངོ་བོ་གསང་བདག་ལ་བསྟོད་ཕྱག་ཕུལ་བའོ།།
རབ་སྤེལ་རྒྱན། རྐང་པ་དང་པོ་ཉམས་འགྱུར་འགལ་བ་དང༌། རྐང་པ་ཐ་མ་གཉིས་ངག་དོན་སྦྱར་གཟུགས་ཏེ། ཕྱི་རྣམ་པའི་ངོས་ནས་ཕྱག་མཚན་རྡོ་རྗེ་ཐོགས་ནས་དགྲ་བགེགས་འཇོམས་པའི་ཚུལ་དུ་དང༌། ངེས་དོན་གཞན་རྒྱུད་ཀྱི་ཉོན་མོངས་འདུལ་བར་བྱེད་པའི་ཚུལ་དུ་འགྲེལ་སྐབས་སྟོང་ཉིད་སྙིང་རྗེ་དེ་ཕྱག་མཚན་རྡོ་རྗེའི་གཟུགས་སུ་དང༌། ཉོན་མོངས་དག་དགྲ་བགེགས་ཀྱི་གཟུགས་སུ་བཀོད་པས་སོ། །སླར་ཡང་དེ་དག་བྱ་བ་འགལ་བ་དང༌། སྤྱིར་དྲག་ཤུལ་གྱི་ཉམས་དང་བཅས་པའོ།།
ང༽ མང་དུ་ཐོས་པ་འཚོལ་བའི་ཚུལ་བསྟན་པ་ནི།
དེ་ལྟར་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་བྱས་ནས། གཞོན་ནུ་དེ་དག་སེམས་མགུ་བཞིན་དུ་ཕྱིར་བྱུང་སྟེ། བདག་ཉིད་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་བསྟི་གནས་ག་ལ་ག་དེར་སོང་ནས། བཤེས་གཉེན་ཆེན་པོ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཞིང༌། བདག་གི་བདོག་པ་ཐམས་ཅད་ཀྱང་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །
འཁོར་བའི་དོང་དུ་རབ་ལྷུང་ཞིང༌། །ཉོན་མོངས་མེ་ཡིས་བསྲེགས་པ་རྣམས། །ཐུགས་རྗེའི་ཕྱག་གིས་རྣམ་དྲངས་ནས། །ཆོས་ཀྱི་བདུད་རྩིས་ཚིམ་མཛད་གསོལ། །༡ མུན་པར་སྣང་བ་ལོང་བ་ལ། །མིག་མཁན་བཀྲེན་ལ་ཡིད་བཞིན་ནོར། །ལམ་ལ་ལམ་མཁན་ཐར་པ་ཡི། །གླིང་ཁྲིད་དེད་དཔོན་ཁྱོད་ཉིད་ལགས། །༢ དེས་ཀྱང་བཀའ་སྩལ་པ། སྐལ་བཟང་རིང་ན་གོ་ཆ་གྱོན་ཞིང་ལེགས་བྱས་རབ་སྨིན་གཞོན་ནུ་ཁྱོད་ཅག་འོངས་པ་ལེགས། །ཚུར་ཤོག་ཆོས་ཀྱི་རྒྱ་མཚོར་ལེགས་ཞུགས་ཅི་འདོད་རིན་ཆེན་དགེ་ལེགས་འབྱུང་བ་སྦྱིན་པར་བྱ། །དབུལ་པོའི་ཁྱིམ་དང་ལྟེང་ཀ་དག་ཏུ་ཕོངས་པའི་མགྲོན་དང་སྐོམ་པས་ཉེན་རྣམས་འབྲས་མེད་དེ། །ཆུ་གཏེར་ཆེ་དང་རིན་ཆེན་གླིང་ནི་དེ་དག་ཀུན་གྱི་རེ་བ་མཆོག་ཏུ་རྫོགས་བྱེད་ཉིད། །༣
དོན་ཇི་བཞིན་པ་ནི། འཁོར་བར་ཉོན་མོངས་ཀྱིས་གདུང་བ་བདག་ཅག་ལ་ཐུགས་བརྩེ་བས་རྗེས་སུ་བཟུང་ནས་དམ་པའི་ཆོས་ཤིག་གནང་རོགས། ཐར་པའི་ལམ་སྟོན་པ་ནི་ཁྱོད་ཉིད་ལགས་སོ། །ཞུས་པ་དང༌། སྐལ་བ་བཟང་པོ། ཆེས་རིང་མོ་ཞིག་ནས་བརྩོན་འགྲུས་བརྩམས་པས་བསོད་ནམས་འབྲས་བཟང་དུས་སུ་སྨིན་པའི་གཞོན་ནུ་ཁྱོད་ཅག་འོངས་པ་ལེགས་སོ། །ཚུར་ཤོག །ཆོས་དོན་དུ་གཉེར་དང༌། དགེ་ལེགས་ཀུན་འབྱུང་དམ་པའི་ཆོས་སྦྱིན་པར་བྱའོ།།
རྒྱན་ནི། ༡ ངག་དོན་གཟུགས་ཅན། ༢ ཁྱད་གཞིར་ལྟོས་པའི་གཟུགས་ཅན། རྐང་པ་ཐ་མ་ནི་ཁྱད་ཆོས་ལ་ལྟོས་པའི་གཟུགས་ཅན་ནམ། རྒྱུའི་གཟུགས་ཅན་ནོ།། ༣ རབ་སྤེལ། རྐང་པ་དང་པོ་ནི་དཔེ་ཅན་ཤུགས་བསྟན་གྱི་གཟུགས་ཅན་ཏེ་བརྩོན་འགྲུས་ཀྱི་གོ་ཆ་ཞེས་པའི་དོན་བསྡུས་པས་སོ། །གཉིས་པ་མ་བསྡུས་པའི་གཟུགས་ཅན། གསུམ་པ་ནི་རིམ་པ་ཅན་དང༌། གསུམ་བཞི་གཉིས་མཉམ་དུ་བྱས་ན་སྡུར་བའི་རྒྱན་དང་བཅས་པས་སོ།།
དེ་ནས་བདག་ཉིད་ཆེན་པོ་དེས། སྒྲ་དང༌། ཚད་མ་དང༌། ལུང་དང༌། མན་ངག་ཐམས་ཅད་ལེགས་པར་བསྟན་ཅིང༌། གཞོན་ནུ་དག་གིས་ཀྱང་ལེགས་པར་ཁོང་དུ་ཆུད་པར་གྱུར་ཏོ། ཁྱད་པར་དུ་ཡང་གཞོན་ནུ་ལེགས་པའི་བློ་གྲོས་ནི་ཤིན་ཏུ་ཡིད་གཞུངས་ཤིང༌། ཤེས་རབ་དང་སྤོབས་པ་མཆོག་ཏུ་གྱུར་པས་སྡེ་སྣོད་གསུམ་དང༌། བསླབ་པའི་གནས་གསུམ་དང༌། བདག་མེད་པ་གཉིས་ལ་སོགས་པ་ཐམས་ཅད་ཀྱི་དོན་ཇི་ལྟ་བ་ཤེས་ཤིང་རྟོགས་པར་གྱུར་ཏོ། །གཞོན་ནུ་དེ་དག་གིས་དགེ་བའི་བཤེས་གཉེན་ལ་བསྔགས་པ། སྤྲོས་པ་ཀུན་དང་བྲལ་བ་ཉིད་ཅེས་སྤྲོས་པ་སྣ་ཚོགས་ཆོས་སྟོན་ཞིང༌། །བརྗོད་དུ་མེད་དོན་རྟོགས་པར་བྱ་སླད་ཐ་སྙད་སྒོ་རྣམས་རབ་ཏུ་བརྗོད། །རྣམ་པ་དུ་མས་ཡོངས་སུ་བཤད་ཀྱང་འགལ་བ་འགའ་ཡང་ཡོད་མིན་པ། །ཤེས་བྱ་ཇི་སྙེད་མ་འདྲེས་འབྱེད་ཀྱང་རང་བཞིན་གཅིག་ཏུ་སྡུད་པ་མཚར། །༡
༡ བྱ་བ་འགལ་བའི་མཚར་བའི་རང་བཞིན་བརྗོད་པ་སྟེ། སྙིང་དོན་ནི། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ལ་བསྔགས་པའོ།། འདི་ཡན་བླ་མ་བསྟེན་ནས་རིག་པའི་གནས་མཐའ་དག་སྦྱངས་པའི་ཚུལ་ལོ།།
ཅ༽ ཆོས་བཞིན་ཉམས་སུ་བླངས་པའི་མཛད་པ་བསྟན་པ།
དེ་ལྟར་གཞོན་ནུ་ལེགས་པའི་བློ་གྲོས་མང་དུ་ཐོས་པའི་ནོར་གྱིས་བློ་གྲོས་ཀྱི་བང་མཛོད་རབ་ཏུ་ཕྱུག་པ། བླང་བ་དང་དོར་བའི་གནས་ལེགས་པར་འབྱེད་པའི་སྤོབས་པ་ཅན་དེས་ཡང་དག་པར་བསྐུལ་ཏེ། གཞོན་ནུ་དགེ་བ་ཅན་གྱིས་གྲོགས་དག་ལ་སྨྲས་པ། འཇིག་རྟེན་འདི་ནི་རྨི་ལམ་སྨིག་རྒྱུ་དྲི་ཟའི་གནས་ལྟར་རྫུན་མ་ཉིད། །འདོད་པའི་ལོངས་སྤྱོད་རྩྭ་རྩེའི་ཟིལ་པ་དུག་གམ་ལན་ཚྭའི་ཆུ་དང་མཚུངས། །དེ་ལ་ཆགས་རྣམས་དུད་འགྲོའམ་བེམ་པོ་ཡང་ན་སྨྱོན་པ་ཉིད་ཡིན་ཏེ། །དེ་བས་བདག་ཅག་འདོད་པ་ཡོངས་བཏང་ཞི་བ་འཚོལ་ཕྱིར་ནགས་སུ་འགྲོ །
དོན་ཇི་བཞིན་པ་ནི། སྣོད་བཅུད་ཀྱི་འཇིག་རྟེན་འདི་ནི་བདེན་པར་མ་གྲུབ་པ་རྫུན་པའི་རང་བཞིན་ཉིད་དོ། །དེ་བས་འདོད་པའི་ལོངས་སྤྱོད་མི་རྟག་ཅིང་སྤྱད་པས་མི་ངོམ་པ་འདི་ལ་ཆགས་པ་ནིསྙིང་པོ་མེད་པས། བདག་ཅག་ཚེ་བློས་བཏང་ནས་ཞི་བ་འཚོལ་ཕྱིར་ནགས་སུ་བསམ་གཏན་སྒོམ་པར་འགྲོ་ཞེས་པའོ། །བེམ་པོ་ནི་འདིར་བླུན་པོའོ། །
རྒྱན་ནི། དཔེ་གཟུགས་སྤེལ་མ་སྟེ། རྐང་པ་དང་པོ་ཆོས་གཅིག་སྟོན་པའི་མང་དཔེ། གཉིས་པ་ཆོས་དུ་མ་སྟོན་པའི་མང་དཔེའོ། །མཚུངས་ཆོས་ཤུགས་སྟོན། གསུམ་པ་ནི་མང་པོའི་གཟུགས་ཅན།
གཞོན་ནུ་འདོད་ལྷའི་བུས་སྨྲས་པ། ཇི་ལྟར་བདག་ཅག་ཡོངས་བསྐྱེད་ཕ་མ་དང༌། །མཛའ་བཤེས་གཉེན་གྲོགས་བུ་དང་ཆུང་མ་སོགས། །རེ་ཐག་བཅད་ཅིང་བདེ་བའི་ཁྱིམ་རྣམས་དང༌། །འབྱོར་པ་ཡོངས་བཏང་ནགས་སུ་ཅི་ཞིག་བྱ། །༡ འོན་ཀྱང་ཁྱིམ་གྱི་དཔལ་རྣམས་ལོངས་སྤྱད་ཅིང༌། །གཉེན་བཤེས་བྲན་འབངས་རེ་བ་རྫོགས་བྱས་ནས། །ལང་ཚོ་ཡོལ་ཚེ་དཀའ་ཐུབ་ནགས་བསྟེན་ལ། །འདི་ཕྱི་གཉིས་ཀའི་འབྲས་བུ་བླང་བར་རིགས། །༢
༡ ༢ འདི་གཉིས་བྱ་བ་རང་བཞིན་བརྗོད་པ་སྟེ་དོན་གོ་སླའོ།།
གཞོན་ནུ་དགེ་བ་ཅན་གྱིས་སྨྲས་པ། ཇི་ལྟར་ཉིན་མོ་རྒྱུ་སྐར་མཁའ་ལ་མཐོང༌། །མཚན་མོ་གློག་འགྱུ་ཡུད་ཙམ་སྣང་བྱེད་ལྟར། །སྔོན་གྱི་ལེགས་བྱས་བརྒྱས་ཐོབ་དལ་འབྱོར་འདི། །རྙེད་པར་དཀའ་ཞིང་འཇིག་པར་སླ་བ་ཉིད། །༡ བདུད་རྩིའི་ཁང་པར་འོས་པའི་རིན་ཆེན་གྱི། །སྣོད་ནི་མི་གཙང་བླུགས་ཏེ་དོར་བྱ་མིན། །ཡོན་ཏན་མཐའ་ཡས་རྟེན་གྱུར་གཙང་མའི་ལུས། །སྐྱོན་རྣམས་བརྟེན་ཅིང་ཆུད་ཟོས་ག་ལ་རུང༌། །༢ སུ་ཞིག་བསྟེན་པས་བདག་ཉིད་བརླག་འགྱུར་བའི། །གཉེན་འདུན་དེ་ནི་དགྲ་བོའི་མཆོག་ཡིན་ཏེ། །སྣ་ཚོགས་ཐབས་ཀྱིས་སྡིག་ལ་རབ་སྦྱར་ནས། །དམྱལ་བར་ལྷུང་ཚེ་གཉེན་གྱིས་ཅི་ཞིག་ཕན། །༣ བསག་དང་བསྲུང་དང་བརླག་པར་དོགས་པ་ཡི། །སྡུག་བསྔལ་མི་བཟད་རང་གིས་སྤྱོད་མོད་ཀྱི། །སེར་སྣས་ཡི་དྭགས་གནས་སུ་ཁྲིད་པའི་ཚེ། །གནས་དང་ཡོ་བྱད་ཕུན་ཚོགས་གང་དུ་སོང༌། །༤ གསལ་བའི་བློ་མིག་ལྡན་ཡང་ལོག་པ་ཡི། །ལམ་ཞུགས་གཡོ་སྒྱུ་ངན་སྤྱོད་འབའ་ཞིག་གོམས། །དེ་ཡིས་དུད་འགྲོའི་གནས་ལྷུང་སྡུག་བསྔལ་དང༌། །རྨོངས་པས་བཅོམ་ཚེ་དེ་ལས་ཇི་ལྟར་ཐར། །༥ སྙིང་སྟོབས་ལང་ཚོ་ལྡན་ཚེ་དམན་པ་ཡི། །བྱ་བས་ལུས་སེམས་ལྷག་མར་བྱས་ནས་ནི། །རྒས་ཚེ་བདག་ཉིད་འཚོ་བར་མི་ནུས་ན། །དཀའ་ཐུབ་བསམ་གཏན་དེ་ཡིས་ཇི་ལྟར་བཟོད། །༦ གང་ལ་ཆགས་རྣམས་དབང་མེད་རབ་གཏོང་ཞིང༌། །འཆི་བདག་སྲིན་པོའི་ཁར་ནི་མངོན་སོང་སྟེ། །ནད་ཀྱི་མཆེ་བས་དྲག་བཏབ་ངན་འགྲོ་ཡི། །ལྟོ་བར་འཇུག་ཚེ་ནགས་སུ་འགྲོ་འམ་ཅི། །༧ ཡུད་ཙམ་ལོངས་སྤྱོད་རྩྭ་ཡི་རྩེ་དགའ་ལ། །རབ་ཆགས་གཏན་གྱི་བདེ་བ་འདོར་བྱེད་པ། །ཐ་ཤལ་དེ་ནི་ནོར་བུའི་ཕུང་པོ་དག །ཐལ་བར་འཚོང་བྱེད་དེ་བས་ཤིན་ཏུ་བླུན། །༨ ཐར་བའི་གེགས་བྱེད་མཛའ་གྲོགས་གཤིན་རྗེའི་མི། །ནོར་ནི་འཆིང་བྱེད་བདུད་ཀྱི་ཞགས་པ་ཉིད། །གནས་ལ་ཆགས་རྣམས་འཆི་བདག་རྒྱ་མཚོར་ཆུད། །འདོད་ཡོན་ལེགས་བྱས་སྲེག་པའི་མེ་དཔུང་ཡིན། །༩ ངེས་པར་འཆི་འགྱུར་དེ་དུས་ངེས་མེད་དེ། །གང་དུ་སྐྱེས་ཀྱང་བདེ་བ་ཡོད་མིན་པས། །དེ་ཕྱིར་ཆགས་པ་ཐམས་ཅད་རབ་སྤོངས་ལ། །ངེས་པར་འབྱུང་ལ་མངོན་པར་དགའ་བར་གྱིས། །༡༠
དོན་ཇི་བཞིན་པ་ནི། སྔོན་གྱི་བསོད་ནམས་དག་མཐུས་དལ་འབྱོར་གྱི་མི་ལུས་ཤིག་ཐོབ་པ་འདི་འདྲ་ནི་རྙེད་དཀའ་ཞིང་འཇིག་སླ་བ་དང༌། ཡོན་ཏན་མཐའ་ཡས་པའི་རྟེན་དུ་གྱུར་པའི་གཙང་མའི་ལུས་འདིར་ད་ནི་སྐྱོན་མང་འགོས་ནས་ཆུད་ཟོས་གཏོང་མི་རུང༌། གཉེན་འདུན་དག་ནི་ཆོས་ཀྱི་བར་གཅོད་པའི་དགྲ་ཆེན་སྟེ། རྨོངས་པའི་དབང་གིས་ཚེ་འདིར་སྣ་ཚོགས་ཐབས་ཀྱིས་སྡིག་པའི་ལས་ལ་རབ་སྦྱར་ནས་ཕྱི་མར་དམྱལ་བར་ལྷུང་ཚེ་གཉེན་གྱིས་མི་ཕན་ནོ། །རྒྱུ་ནོར་གྱི་ཆེད་དུའང༌། ཐོག་མར་གསོག་དང་བར་དུ་སྲུང་བ། ཐ་མར་བརླག་པར་དོགས་པའི་ལུས་སེམས་ཀྱི་སྡུག་བསྔལ་མི་བཟད་སྤྱད་ཀྱང་སེར་སྣས་ཡི་དྭགས་སུ་སྐྱེས་ཚེ་དེ་དག་གིས་མི་ཕན། གསལ་བའི་བླཱུ་གྲོས་ལྡན་ཡང་ལོག་ལམ་ཁོ་ནར་ཞུགས་ཏེ་གཡོ་སྒྱུ་ངན་སྤྱོད་འབའ་ཞིག་ལ་གོམས་པས་དུད་འགྲོའི་གནས་སུ་སྐྱེས་ནས་རྨོངས་པར་འགྱུར་བས་སྐྱེ་བ་དེ་ལས་ཡུན་རིང་ཐར་དཀའ་འོ། །སྙིང་སྟོབས་དང་ལང་ཚོ་གཞོན་དུས་བྱ་བ་ངན་པ་བྱས་ཏེ། ད་རྒས་ཚེ་རང་གི་འཚོ་བའི་མགོ་ཡང་མི་ཐོན་ན་དཀའ་ཐུབ་བསམ་གཏན་ཇི་ལྟར་ཐུབ། གཉེན་ཉེ་སོགས་ཆགས་ཡུལ་རྣམས་རང་དབང་མེད་པར་དོར་ནས་ན་ནས་ཤི་རྗེས་ནགས་སུ་འགྲོ་འམ་ཅི། ཡུད་ཙམ་གྱི་ལོངས་སྤྱོད་བདེ་བར་ཆགས་ནས་གཏན་གྱི་བདེ་བ་ཆེན་པོ་འདོར་བ་ནི་ཐ་ཤལ་བླུནན་པོའོ། །མདོར་ན། མཛའ་གྲོགས་དང་རྒྱུ་ནོར་སོགས་ལ་ཆགས་པ་སྐྱེད་བྱེད་འདོད་པའི་ཡོན་ཏན་དག་ནི་དགེ་བ་ཉམས་བྱེད་ཀྱི་རྒྱུ་དང༌། ཐམས་ཅད་ངེས་པར་འཆི་བ་དང༌། ཤི་ནས་གར་སྐྱེ་ངེས་པ་མེད་ལ་གང་དུ་སྐྱེས་ཀྱང་བདེ་བ་མེད་པས་ན་ཆགས་པ་ཐམས་ཅད་རབ་ཏུ་སྤོངས་ལ་འཁོར་བ་ལས་ངེས་པར་འབྱུང་ནས་རབ་ཏུ་དགའ་བར་གྱིས། ཞེས་པའོ།།
རྒྱན་ནི། ༡ ངག་དོན་དཔེ། ༢ ངག་དོན་ཟླ་བོ་དངོས་དཔེ། ༣ འབྱུང་འགྱུར་འབྲས་བུ་འགོག་པ། ༤ ཏིང་འཛིན་རྫས་མཐའ་གསལ་ཏེ། ཁྲིད་དང་གང་དུ་སོང་ཞེས་ནི་སེམས་ལྡན་གྱི་བྱ་བའི་ཆོས་དེ་སེམས་མེད་གཞན་ལ་བཀོད་པ་ནི་ཏིང་འཛིན་ཡོན་ཏན་ནམ་ཏིང་འཛིན་རབ་རྟོག་གོ །༥ མི་འོས་པའི་རྒྱུ། ༦ གཏན་ཚིགས་ཀྱིས་འགོག་པ་སྟེ། དགག་བྱ་ན་ཚོད་ཡོལ་ནས་བསམ་གཏན་སྒོམ་འདོད་པ་དང༌། འགོག་བྱེད་གཏན་ཚིགས་ནི་རྐང་པ་ཐོག་མ་གསུམ་པའོ།། ༧ གཟུགས་ཅན་འགོག་པ། ལྡན་པའི་གཟུགས་ཅན་དང་འབྱུང་འགྱུར་འགོག་པའོ།། ༨ གཟུགས་ཅན་སྡུར་དཔེ། ༩ ཁྱད་ཆོས་ལ་ལྟོས་པའི་གཟུགས་ཅན། ༡༠ གཏན་ཚིགས་ཀྱིས་གདམས་པའི་དྲང་བརྗོད།
དེ་ལྟར་རིགས་ཤིང་དོན་དང་མཐུན་པའི་ཚིག་ཐོས་པས་ལན་དུ་སྨྲ་བར་མ་སྤོབསཀྱང༌། ཡུན་རིང་པོ་ནས་འཇུངས་པ་ལ་གོམས་པས་འདོད་པའི་དབང་དུ་ནི་གྱུར། སྲིད་པའི་བདེ་བ་ཆུང་ངུ་ལ་ཆགས་ཤིང༌། ཐར་བའི་བདེ་བ་རྒྱ་ཆེན་པོ་བློར་མ་ཆུད་པས་སྐྲག་ཅིང་དངངས་པར་གྱུར་ནས། དེའི་མཚན་མོ་ནམ་ཕྱེད་དུ་ཉེ་བ་ན། སྐྱེ་འགྲོའི་རྒྱུ་བ་ཆད་ཅིང༌། བྱ་རྣམས་ཀྱང་མི་སྨྲ་བའི་བརྟུལ་ཞུགས་བླངས་༡ཏེ་འདུག་པ་ལ། སྤྲིན་གྱི་བླ་བྲེ་༢སྟུག་པོས་ཡོངས་སུ་ཁེབས་པས་ཟླ་བ་དང་སྐར་མའི་སྣང་བ་མེད་པའི་ཚེ། ཕུ་བོ་གསུམ་གཙུག་ལག་ཁང་དེ་ཉིད་ནས་བྲོས་ཏེ་སོང་ངོ། །རང་གི་གནས་སུ་མྱུར་དུ་སླེབས་པར་འདོད་ནས། དེ་ལྟར་ཚམ་ཚོམ་མེད་པར་རྒྱུགས་པ་ལས་ལམ་ནོར་ཏེ་རི་བོའི་ངོས་ལས་ཆུ་ཅུང་ཟད་འབེབས་པ་གྲང་རེག་རྩུབ་མོས་བསྐྱེད་པའི་ཆབ་རོམ་མེ་ལོང་ངོས་ལྟར་འཇམ་པར་གྱུར་པ་༣དག་ལ་འདྲེད་དེ། རིའི་ཟོམ་གཏིང་རབ་ཏུ་ཟབ་པ་ལམ་དང་ཐེམ་སྐས་མེད་ཅིང་འཇིགས་སུ་རུང་བ་གཤིན་རྗེའི་ཁ་ལྟ་བུའི་༤ནང་དུ་ལྷུང་བར་གྱུར་ཏོ། །དེར་ཤིང་ལོ་རྙིང་པ་ཟགས་པ་རྣམས་ཀྱིས་འབོལ་བླངས་ཏེ་ཡན་ལག་བསྣད་པར་མ་གྱུར་མོད་ཀྱི། ད་ནི་བདག་ཅག་འཆི་བ་ཁོ་ནའོ་སྙམ་ནས་མྱ་ངན་གྱིས་ནོན་པའི་སྨྲེ་ངག་དཔག་ཏུ་མེད་པ་འབྱིན་ཞིང་འདུག་གོ །
སྙིང་དོན་ནི། བློ་ཆུང་དང་སྐལ་བ་དམན་པ་དག་གིས་ལེགས་པར་བཤད་ཀྱང་མིཤེས་པ་དང༌། མི་ཉན་པའིངང་ཚུལ་བསྟན་པ་སྟེ་གོ་སླའོ། །འཇུངས་པ་ནི་སེར་སྣ། བླ་བྲེ་ནི་ཐོག་ཡོལ་སྟེ་བླ་རེ་དང་གནམ་རྒྱན་ཡང་ཟེར། རིའི་ཟོམ་ནི་རི་རྩེ། འབོལ་བླངས་ནི་འབོལ་སྟན་བཞིན་ལུས་མཉེན་པར་བྱས་པ། བསྣད་པ་ནི་རྨས་པའོ།།
རྒྱན་ནི། ༡ སེམས་ལྡན་རབ་རྟོག །༢ མ་བསྡུས་པའི་གཟུགས་ཅན། ༣ ༤ གཉིས་ཆོས་དཔེའོ།།
དེ་ནས་ནང་པར་ནམ་ལངས་ཚེ། ནུ་བོ་རྣམས་ཀྱིས་གང་དུ་བཙལཀྱང་ཕུ་བོ་གསུམ་མ་རྙེད་པར། ངེས་པར་རང་གི་ཡུལ་ཉིད་དུ་བྲོས་སོ་སྙམ་ནས། ལམ་དུ་ཞུགས་ཏེ་རིངས་པ་རིངས་པར་ཕྱིན་པ་དང༌། ལམ་དང་ཉེ་བ་ན་ཆོ་ངེའི་སྒྲ་གྲགས་པ་ཐོས་ནས་དེར་དོང་བ་ལས། ཕུ་བོ་རྣམས་དེ་ལྟར་གྱུར་བ་མཐོང་ངོ། །དེའི་ཚེ་གཞོན་ནུ་དགེ་བ་ཅན་ཡིད་སྐྱོ་བར་གྱུར་ནས་གྲོགས་དག་ལ་སྨྲས་པ། གྲོགས་པོ་དག་ཇི་ལྟར་ཆུ་བོའི་རྒྱུན་ལྟར་མི་བརྟན་ཞིང་ཐུར་ཁོ་ནར་རྒྱུགས་པའི་སྤུན་ཟླ་༡འདི་དག་ཇི་ཙམ་འབད་ཀྱང་ལེགས་པའི་ལམ་ལ་མི་འཇུག་ཅིང༌། བདག་ཅག་གི་ངེས་པར་འབྱུང་བ་ལ་གེགས་བྱེད་པར་ཟད་ཅིང༌། ད་ནི་འདི་དག་གི་ཆེད་དུ་ངལ་བས་ཅི་ཞིག་བྱ་དོར་ཞིག །བདག་ཅག་དཀའ་ཐུབ་ཀྱི་ནགས་སུ་འགྲོ་བར་བྱའོ། །གཞོན་ནུ་མཉེས་གཤིན་བཟང་པོས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །གྲོགས་པོ། དེ་ལྟ་བུའི་ཚིག་བརྗོད་པར་མི་བྱའོ། །ཇི་ལྟར་བདག་ཅག་སེམས་ཅན་ཐམས་ཅད་སྒྲོལ་བ་ལ་ཞུགས་པ་མ་ཡིན་ནམ། འདི་ལྟར་སྤུན་ཟླར་གྱུར་པ་ལའང་བརྩེ་བར་མི་བྱེད་པའི་དཀའ་ཐུབ་ཀྱི་ནགས་ཀྱིས་ཅི་ཞིག་བྱ། མྱུར་དུ་ཞུགས་ནས་ཕུ་བོ་རྣམས་དབུགས་དབྱུང་བར་བྱའོ་ཞེས་ཏེ། དེར་ཕྱིན་ནས་གྲོགས་པོ་དག་ཅི་ཉེས་ཞེས་སྨྲས་པ་ན། རང་རང་གི་སྲོག་ལས་ལྷག་པའི་སྤུན་བླ་མ་ལྟར་གདམས་ངག་སྟོན་པར་བྱེད་པ་༢ཁྱེད་ཅག་གི་ཚིག་ལས་འགལ་བའི་ཕྱིར་མི་བཟད་པའི་གནོད་པ་འདིར་བདག་ཅག་ལྷུང་ངོ། །ཡོངས་སུ་སྐྱོབས་ཤིག །སླན་ཆད་བླ་མའི་བཀའ་བཞིན་དུ་བགྱིད་དོ། །ཞེས་ཕྱག་འཚལ་ལོ། །
སྙིང་དོན་ནི། ཕན་པའི་ངག་ལ་མ་ཉན་ན་རྗེས་སུ་འགྱོད་པར་འགྱུར་བ་དང༌། རྒྱལ་སྲས་སེམས་དཔའ་རྣམས་ནི་རང་རྒྱལ་དང་མི་འདྲ་བར་གཞན་དོན་ལ་སྐྱོ་བ་མེད་པའི་བརྩོན་འགྲུས་རྩོམ་པ་སྟེ་ཚིག་དོན་གོ་སླ། ༡ ༢ ཆོས་དཔེའོ།།
དེ་ནས་གཞོན་ནུ་གསུམ་གྱིས་ཕུ་བོ་རྣམས་དབུགས་ཕྱུང་ནས་གཅོང་རོང་དེར་རབ་ཏུ་ཞུགས་ཏེ་ངོགས་ཀྱི་ས་རྣམས་རབ་ཏུ་བརྐོས་ཤིང་ལམ་བྱས་ནས་ཚུར་ཤོག་ཅིག་ཅེས་སྨྲས་པ་ན། དེ་རྣམས་སྐྲག་ཅིང་སྤ་ཀོང་ནས་ཡན་ལག་འཁུམས་ཏེ་འཛེག་པར་མ་ནུས་པ་དང༌། ལུས་སྟོབས་རབ་ཏུ་ཆེན་པོ་བསོད་ནམས་ཀྱི་མཐུ་དང་མཚུངས་པ་དེ་དག་གིས་རེ་རེ་བཞིན་ཁུར་ནས་སྟེང་དུ་ཕྱིན་པར་བྱས་ཏེ། སྤུན་རྣམས་འགྲོགས་ནས་མངོན་པར་དགའ་བའི་གཙུག་ལག་ཁང་དེ་ཉིད་དུ་སོང་ངོ༌། །
བསོད་ནམས་འཁྲི་ཤིང་ལས་གྲུབ་དྲན་པའི་འཁྱུད་མོས་བསྡོམས་ཤིང་སྤོབས་པའི་བ་དན་ལེགས་པར་འཕྱར། །སྐྱོ་བའི་གདོས་ཀྱིས་རབ་བསྐུལ་ངེས་འབྱུང་ལྕགས་སྐུད་བརྟན་ཅིང་དགེ་བའི་བཤེས་གཉེན་དེད་དཔོན་བཟང༌། །མང་དུ་ཐོས་པའི་ཤུགས་ཀྱིས་བསྟན་པའི་རྒྱ་མཚོར་ཉེར་ཞུགས་ཉོན་མོངས་ཆུ་སྲིན་འཇིགས་དང་བྲལ། །ཐར་པའི་གླིང་དུ་མྱུར་འགྲོ་བྱང་ཆུབ་ནོར་བུ་ལེགས་ཐོབ་བརྩོན་འགྲུས་གྲུ་ཆེན་རྨད་དུ་བྱུང༌། །
དོན་ཇི་བཞིན་པ་ནི། བསོད་ནམས་ལས་བྱུང་དྲན་པ་བརྟན་ལ་སྤོབས་པ་མཐོ་བ། སྐྱོ་བས་རབ་བསྐུལ་ངེས་འབྱུང་བརྟན་ཅིང་དགེ་བའི་བཤེས་གཉེན་བཟང་བར་བསྟེན་ནས་མང་དུ་ཐོས་པས་བསྟན་པ་ལ་ཞུགས་ཏེ་ཉོན་མོངས་དང་བྲལ་ནས་མངོན་མཐོ་ཐར་པ་དང་ངེས་ལེགས་བྱང་ཆུབ་ཀྱི་གོ་འཕང་ཡང་ལེགས་པར་འཐོབ་བྱེད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་རྨད་དུ་བྱུང་བའོ། །ཞེས་པའོ། །གདོས་ནི་འདིར་གདོས་པ་སྟེ་སྐྱ་བའམ་གྲུ་ཁེམ།
འདི་ལྟ་བུར་ལྡན་གཟུགས་དང༌། བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། ངག་དོན་གཟུགས་ཅན། མཐའ་དག་གཟུགས་ཅན་གང་རུང་དུ་བརྗོད་ཀྱང་མི་འགལ་སྟེ། རྒྱན་གྱི་ངོས་འཛིན་ཚུལ་མི་འདྲ་བས་དེ་ལྟར་མིང་དུ་བཏགས་སོ།།
དེ་ལྟར་སྐྱེ་འགྲོ་རྣམས་འཆི་བའི་ཆོས་ཅན་ནོ་ཞེས་པ་དང༌། རྨོངས་པ་དང་ལེ་ལོའི་ཉེས་པ་བསྟན་པ་དང༌། ཡིད་སྐྱོ་བ་ནི་དགེ་བ་ཐམས་ཅད་ལ་བསྐུལ་མ་འདེབས་པའོ་ཞེས་བརྗོད་ཅིང༌། དཀོན་མཆོག་མཆོད་པ་དང༌། མང་དུ་ཐོས་པའི་ཡོན་ཏན་ལ་རབ་ཏུ་བསྔགས་ཏེ་སྐྱེས་བུ་ཆེན་པོའི་བརྩོན་འགྲུས་ནི་འདི་ལྟར་ཕུལ་དུ་བྱུང་བའོ་ཞེས་བརྗོད་པར་བྱའོ། །རབ་བྱེད་ལྔ་པའོ། །(རབ་བྱེད་འདིའི་ནང་དོན་མདོར་བསྟན་པའོ།།)