བཀའ་ཁྲི་ཟམ་གདོང་རིན་པོ་ཆེ།
༄༅། །དེ་རིང་འདིར་ཕེབས་པའི་དགེ་འདུན་པ་རྣམས་དང༌། ཕྱག་སྦྲེལ་ཤེས་རིག་བཀའ་བློན། ཤེས་རིག་དྲུང་ཆེས་དབུས་པའི་ཤེས་རིག་ལས་བྱེད་རྣམ་པ། རིགས་ལམ་སློབ་གཉེར་ཁང་དང༌། ས་རཱ་མཐོ་སློབ་ཀྱི་དབུ་ལས་རྣམ་པ། དེ་རིང་མགྲོན་གྱི་གཙོ་བོ་བསླབ་པ་མཐར་ཕྱིན་ཏེ་དམིགས་བསལ་དགེ་རྒན་འོས་སྦྱོང་ལ་ཞུགས་མཁན་གྱི་དགེ་འོས་སློབ་སྦྱོང་བ་རྣམ་པ་ཚོ་དང༌། གཞན་ཡང་འདིར་ཕེབས་པའི་ཆོས་གྲོགས་ཚང་མར། དེ་རིང་དམིགས་བསལ་དགེ་རྒན་འོས་སྦྱོང་དེ། རེ་དོགས་སྣ་ཚོགས་ཀྱི་འོག་ནས་འགོ་འཛུགས་བྱེད་ཐུབ་པར་དགའ་པོ་བྱུང༌། དེ་རིང་འགོ་འཛུགས་དེའི་ཐོག་གངས་ཅན་སྐྱིད་གཤོངས་ལ་བྲེལ་ཟིང་མང་པོ་ཡོད་པའི་བར་གསེང་ནས་ང་རང་ངོ་མ་འདིར་བཅར་ཐུབ་པར་དགའ་པོ་ཞེ་དྲག་བྱུང༌། བྱས་ཙང༌། ཤེས་རིག་བཀའ་བློན་དྲུང་ཆེས་དབུས་པའི་ཤེས་རིག་གི་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།
ད་ལྟ་འདིར་བྲེལ་བ་ཡང་དེ་ཙམ་མེད། དེ་འདྲ་ཡིན་སྟབས། ངས་ཁྱེད་རང་ཚོར་སྒྲུང་དང་གནས་ཚུལ་འདྲ་མི་འདྲ་ཁ་ཤས་ཞུ་རྒྱུའི་འདོད་པ་ཡོད། ད་ངས་ཞིབ་ཚགས་པོ་ཤེས་ཀྱི་མེད་དེ། ངའི་རེ་བ་ལ། ད་རེས་འདིའི་ནང་ལ་མི་བཅུ་བདུན་ཡོད་པ་ཚང་མ། ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དེ་ཚོ་ཤེས་ནས་ད་རེས་འོས་སྦྱོང་འདི་བྱེད་པར་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དང་བླངས་བྱས་ནས་ཕེབས་མཁན་ཤ་སྟག་ཡིན་པར་རེ་བ་བྱེད་ཀྱི་ཡོད། དེ་འདྲ་མ་ཡིན་པར་སྐབས་དང་དུས་ཀྱིས་མ་འགྲོ་རང་འགྲོ་ཆགས་པ་དང༌། གཞན་དག་གིས་བསྐོས་བཞག་པ། ཡང་མིན་ན་གནས་སྐབས་ཤིག་ལ་འགྲོ་ས་སྡོད་ས་གཞན་དག་མེད་པའི་སྐབས་ལ་ཡོང་བཞག་པ་དེ་འདྲ་མིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ད་ལྟ་ང་ཚོས་འབད་བརྩོན་བྱེད་པའི་ལས་དོན་འདི་ལས་སླ་པོ་ཞིག་གང་ཡང་མ་རེད། ལྷག་པར་དུ་ལས་དོན་འདིའི་ནང་ཞུགས་མཁན་དེ་ཚོས་ལས་དོན་འདིའི་ངོ་བོ་དང༌། ལས་དོན་འདི་ལ་བརྟེན་པའི་མི་རིགས་དང་སྤྱི་ཚོགས་ཀྱི་ད་ལྟའི་གནས་སྐབས་དང་མ་འོངས་པའི་གནས་སྐབས་ཀྱི་རྙོག་འཛིང་ག་རེ་ཡོང་གི་ཡོད་པ་དང༌། དགེ་མཚན་ག་རེ་ཡོང་གི་ཡོད་པ་ཚང་མ་ཚོད་དཔག་ཐིག་པ་དང་མཁྱེན་ནས་ཕེབས་པ་ཞིག་ཡིན་དགོས་ཀྱི་རེད། དེ་མ་གཏོགས་སྤྱི་ཡོངས་ཀྱི་ནམ་རྒྱུན་དགེ་རྒན་འོས་སྦྱོང་བྱེད་མཁན་ཚོ་དང་འདྲ་གི་ཡོད་པ་མ་རེད། ནམ་རྒྱུན་དགེ་རྒན་འོས་སྦྱོང་བྱེད་མཁན་གཅིག་ཡིན་ན། ལམ་ཁ་འདྲ་ཞིག་ཡོད་ཡོད་པ་རེད། ལམ་ཁ་དེའི་ཐོག་ལ་འཁོར་ལོ་གཏོང་སྟངས་གང་འདྲ་ཡིན་པ། ལམ་གྱི་གཡས་གཡོན་དུ་རྟ་འདྲ་ཞིག་ཡོང་ན། གང་འདྲ་བྱེད་དགོས་པ། སྣུམ་འཁོར་གྱི་ཁ་ལོ་བའི་སློབ་སྦྱོང་བྱེད་ས་ལྟ་བུ་ཞིག་ཆགས་ཚར་ཡོད་པ་རེད། ལམ་ཁ་གཏན་འཁེལ་འཁེལ་པ་རེད། ལམ་ཁ་དེའི་ནང་འགྲོ་སྟངས་ཀྱང་གཏན་འཁེལ་འཁེལ་པ་རེད། དེའི་ནང་འགྲོ་ལུགས་འགྲོ་སྟངས་བསླབ་རྒྱུ་ཙམ་ཞིག་མ་གཏོགས་པའི་དམིགས་བསལ་རང་འགུལ་གྱི་གསར་གཏོད་དང༌། འགན་འཁུར་བྱེད་དགོས་པའི་གནས་བབས་ཞེད་པོ་ཞིག་ཆགས་ཀྱི་ཡོད་པ་མ་རེད།
ད་ལྟ་འདིར་འོས་སྦྱོང་སྤྲོད་ཡུལ་ཁྱེད་རང་ཚོ་མི་བཅུ་བདུན་པོ་དེ་མ་འོངས་པར་ག་རེ་ཆགས་ཀྱི་ཡོད་དམ་ཟེར་ན། ལམ་ཁ་བཟོ་རྒྱུ་དང་ལམ་ཁ་དེའི་སྟེང་འཁོར་ལོ་གཏོང་རྒྱུ་གཉིས་ཀྱི་ལས་འགན་འཁྱེར་མཁན་ཆགས་ཀྱི་ཡོད་པ་རེད། ད་ལྟ་ལམ་ཁ་བཟོས་ཚར་ཡོད་པ་མ་རེད། ཤིང་ནགས་ཡོད་པ་རེད། བྲག་ཡོད་པ་རེད། ཆུ་ཡོད་པ་རེད། དེ་ཚོར་གང་འདྲ་གང་འདྲ་བྱས་ནས་ལམ་ཁ་བཟོ་དགོས་པ་དང༌། ལམ་ཁ་བཟོས་ཚར་བའི་རྗེས་ལ་དེའི་སྒང་ལ་མི་ཚོ་གང་འདྲ་བྱས་ནས་འཁྲིད་དགོས་པ། འཁོར་ལོ་གང་འདྲ་བྱས་ནས་གཏོང་དགོས་པ་རེད། དེ་གཉིས་ཀ་མཉམ་དུ་བྱེད་དགོས་པ་ཡིན་སྟབས། ཁྱེད་ཚོའི་བསམ་བློའི་ནང་གལ་སྲིད་བཙན་བྱོལ་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་དོ་སྣང་ཆེན་པོ་ཞིག་བྱེད་བཞིན་པའི་ལས་གཞི་ཡིན་སྟབས། ལས་སླ་པོ་ཞིག་ལ་འགྲིག་འགྲོ་གི་རེད། ཡང་མིན་ན་དེའི་ནང་འཚོ་ཐབས་ཡག་པོ་ཞིག་རག་འགྲོ་གི་རེད་བསམ་པའི་དགོངས་ཚུལ་ཡོད་ཀྱི་མ་རེད་ལ། གལ་སྲིད་ཡོད་པ་ཡིན་ན་དེ་ནོར་བསྡད་ཡོད་པ་རེད།
བྱུང་རབས་ཤིག་ལ་འགྱུར་བ་གཏོང་རྒྱུའི་མི་རིགས་ཤིག་གི་མ་འོངས་པའི་མདུན་ལམ་ཐོག་ལ་ཕན་ནུས་ཡོད་པའི་ལས་ཀ་བྱེད་མཁན་གྱི་གདོང་ལེན་པ་ཞིག་ཆགས་ཀྱི་ཡོད་པ་རེད། མདུན་བསྐྱོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་སྟབས་ལམ་འགྲོ་རྒྱུག་པོ་དང་གྲ་འགྲིག་པོ་ཞིག་བྱུང་ན། འབྱུང་འགྱུར་བོད་ཀྱི་བྱུང་བའི་ནང་ཞབས་འདེགས་ཆེན་པོ་ཞུ་ཐུབ་པའི་གོ་སྐབས་ཡོད་པ་ནང་བཞིན། ནོར་འཁྲུལ་ཕྱིན་པ་དང་འཐུས་ཤོར་ཕྱིན་པ། གྲ་མ་འགྲིག་པ་བྱུང་བ་ཡིན་ན། མི་རིགས་ཤིག་གི་བདེ་རྩའི་དོན་དག་ལ་གནོད་སྐྱོན་འགྲོ་རྒྱུའི་ཉེན་ཁ་ཡོད་པ་བཅས་གཉིས་ཀ་ཡོད་པ་ཞིག་རེད། གོ་སྐབས་དང་ཉེན་ཁ་གཉིས་ཀ་ཡོད་པའི་གནས་སྟངས་ཤིག་ཡིན་དུས་ཁྱེད་རང་ཚོ་གལ་འགངས་ཆེན་པོ་ཞིག་དང༌། གནད་འགག་ཆེན་པོའི་ལས་ཀྱི་སྣེར་གཏོགས་པ་ཞིག་ཆགས་ཀྱི་ཡོད་པ་དེ། ཡིན་གཅིག་མིན་གཅིག་སེམས་ནང་ཚོར་བ་ཡོད་པ་ཞིག་དང་མཁྱེན་གནང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག །ངས་ད་ལྟ་ཁྱེད་རང་ཚོར་གསལ་འདེབས་ཞུ་དགོས་པ་དེ་ས་བཅད་འདྲ་པོ་རིམ་པ་གསུམ་ལ་ཕྱེ་ནས་ཞུ་གི་ཡིན། ཐུགས་ལ་བཅངས་ནས་དཔྱད་པ་གནང་སླ་བ་ཡོང་གི་རེད་བསམ་གྱི་འདུག །
གང་ཡང་མ་ཞུས་པའི་སྔ་རོལ་དུ་སྔོན་འགྲོའི་གསལ་འདེབས་ཞུ་རྒྱུ་དེ་ག་རེ་རེད་གསུངས་པ་ཡིན་ན། ངས་ད་ལྟ་ཁྱེད་རང་ཚོར་ཞུ་བཞིན་པ་འདི་ལམ་སྟོན་ཡང་མ་རེད། གདམས་ངག་ཀྱང་མ་རེད། བཀའ་ཡང་མ་རེད། དེ་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་བསམ་འཆར་ཞིག་རེད། མཐོང་སྣང་ཞིག་རེད། དེ་ཁྱེད་རང་ཚོས་གསལ་པོ་མཁྱེན་དགོས་པ་དེ་གལ་ཆེན་པོ་ཞིག་རེད། གསལ་པོ་མཁྱེན་པའི་ཐོག་ཁྱེད་རང་ཚོ་རང་ངོས་ནས་ཞིབ་འཇུག་གནང་ནས་འདོད་པ་མཐུན་པ་དང་ཉམས་སུ་བླངས་འོས་པ་འདུག་བསམ་པ་ཡིན་ན། དེའི་ཐོག་ཡང་བསྐྱར་གཏིང་ཟབ་པོའི་བསམ་གཞིགས་ལྷུག་པོ་གནང་རྒྱུ་དང༌། དེ་འགྲུབ་ཐབས་ཀྱི་ཆེད་དུ་ཕྱག་ལས་གནང་དགོས་པ་ཞིག་རེད། ད་ཡང་དེ་འགྲིག་གི་མི་འདུག་དགོངས་པ་ཡིན་ན། མ་འགྲིག་པའི་རྒྱུ་མཚན་ག་རེ་ག་རེ་འདུག །དེ་ཚོ་ངེས་པར་དུ་སྤོབས་པ་མཐོན་པོའི་ཐོག་ནས། ལྷག་བསམ་རྣམ་དག་གི་ཐོག་ནས། སྐྱོན་བརྗོད་བྱེད་པའི་ཆེད་དུ་སྐྱོན་བརྗོད་བྱེད་པ་མ་ཡིན་པ། རང་གི་མཐོང་ཚུལ་དེ་རིགས་པའི་སྒྲུབ་བྱེད་དང་ལྡན་པ་ཡིན་པ་གཞིར་བཞག་ནས་དགོངས་འཆར་གནང་དགོས་རྒྱུ་དང༌། སྐྱོན་བརྗོད་བྱེད་དགོས། ཐུགས་འདོད་མཐུན་གྱི་མེད་པ་ཡིན་ན། ང་འདིར་འདོད་པ་མཐུན་གྱི་མེད། ངས་འདིར་ཁས་ལེན་བྱེད་ཀྱི་མིན་ཞེས་བསམ་ཕོད་པ་ཞིག་དང་བཤད་ཕོད་པ་ཞིག་དགོས་པ་རེད། དེ་མིན་ན་གཅིག་གིས་ལབ་གཅིག་གིས་ཉན་ཏེ་ཕྱིན་པ་ཡིན་ན། བརྡར་ཤ་ཆོད་པ་ཞིག་ཡོང་གི་མ་རེད་ལ་ཕན་ཐོགས་ཀྱང་ཡོང་གི་མ་རེད།
ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་ཟེར་གྱི་ཡོད་པ་རེད། ནང་པ་མཚན་ཉིད་པ་ཞིག་ཆགས་ཡོད་མེད་མི་ཤེས་ཏེ། ང་རང་ཚོའི་བསམ་ཚོད་ལ་མང་ཆེ་བ་ཞིག་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པར་ཁས་འཆེ་གི་ཡོད་པ་རེད། དེ་ཡིན་པ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་བུ་གླིང་གི་ཆོས་ལུགས་གཞན་དག་ཚོའི་སྟོན་པ་དང་མི་འདྲ་བ་བྱས་ནས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་མགར་བ་དེ་ཚོས་གསེར་མེའི་ནང་བསྲེགས་པ་དང༌། གཟོང་གིས་བཅད་པ་དང༌། རྡོ་ལ་བརྡར་བ་ལ་སོགས་པ་དེ་འདྲའི་དཔྱད་པ་བྱས་ནས་གསེར་ཚད་ལྡན་ཡིན་མིན་བརྟག་དཔྱད་བྱེད་པ་ཇི་བཞིན། ངས་ལབ་པའི་གདམས་ངག་དེ་ཚོ་ལའང༌། སངས་རྒྱས་ཀྱི་གསུང་དེ་ཚོ་ལ་ཡང་མངོན་གྱུར་བསྟན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་ཡོད་མེད་དང༌། ཅུང་ཟད་ལྐོག་གྱུར་བསྟན་པའི་ཆ་ལ་དངོས་སྟོབས་རྗེས་དཔག་གི་གནོད་པ་ཡོད་མེད། ཤིན་ཏུ་ལྐོག་གྱུར་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གི་གནོད་པ་ཡོད་མེད་ལ་སོགས་པའི་དཔྱད་པ་གསུམ་གྱིས་དག་པར་བྱས་ནས་ངེས་པ་རྙེད་པ་བྱུང་བ་ཡིན་ན། གཞི་ནས་ཉམས་ལེན་བྱེད་དགོས་པ་རེད་མ་གཏོགས་སངས་རྒྱས་ལ་དད་པ་ཡོད་པ་དང༌། སངས་རྒྱས་ལ་གུས་ཞབས་ཡོད་པ། ཚིག་དེ་རྒྱ་གར་གྱི་ཚིག་ངོ་མ་ནང་བཞིན་བྱས་པ་ཡིན་ན། སངས་རྒྱས་ལ་དམིགས་པའི་སྤོབས་པ་ཡོད་པ་དེ་ཙམ་གྱིས་ངས་ལབ་པ་དེ་ཁས་ལེན་བྱས་ན་འགྲིག་གི་མ་རེད་གསུངས་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།
དེར་བརྟེན་ང་རང་ཚོས་གནས་ཚུལ་ག་རེ་ཡིན་ནའི་རང་རང་སོ་སོའི་བློ་ཡི་ངོས་ནས་དཔྱད་པ་བྱས་ནས་དཔྱད་མཐའ་རྙེད་པ་དེ་ལ་ཁས་ལེན་དགོས་པ་ཞིག་རེད། དེར་བརྟེན། དེ་རིང་ངས་ཞུ་རྒྱུ་དེ་ཚོ་ཚང་མ་དཔྱད་གཞི་རེད། དཔྱད་གཞིའི་ཆེད་དུ་ཞུ་གི་ཡོད་པ་རེད། དེ་ལ་ཁྱེད་རང་ཚོས་དཔྱད་པ་གནང་དགོས་རེད་ཅེས་དེ་ངས་སྔོན་དང་པོ་དཻར་ཞུས་པ་རེད་མ་གཏོགས། ཁྱེད་རང་ཚོ་ཁ་ཤས་ཀྱིས་ང་ཚོ་དགེ་རྒན་འོས་སྦྱོང་གི་སྒྲིག་འཛུགས་ནང་ཡོད་པ་ཡིན་སྟབས། བཀའ་བློན་ཁྲི་པས་གང་ལབ་པ་དེ་ཇི་མ་ཇི་བཞིན་ཁས་ལེན་དགོས་ཀྱི་ཡོད་པ་རེད་བསམ་པའི་ལོག་རྟོག་དེ་འདྲ་ཡོད་པ་ཡིན་ན་དེ་ཕར་བཞག་དགོས་རེད།
དེ་ནས་ད་དོན་དག་དང་པོ་དེ་ང་རང་ཚོ་བོད་ཟེར་བའི་ལུང་པ་དེ་དང༌། ལུང་པ་དེ་ལས་རྒྱ་ཆེ་བ་བོད་ཟེར་བའི་མི་རིགས་དེའི་འདས་པའི་ལོ་ངོ་ཉིས་སྟོང་ཙམ་གྱི་བྱུང་བ་ལ་ཕྱིར་བལྟས་ཤིག་སློག་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་རེད། བོད་ལ་སངས་རྒྱས་ཀྱི་བསྟན་པ་མ་དར་གོང་ལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་གྱི་གནས་བབ་གང་འདྲ་ཡོད་པ་དང༌། གང་འདྲ་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་ཡོད་མེད། དེའི་རྗེས་ལ་བོད་ནང་སངས་རྒྱས་དང་སངས་རྒྱས་ལས་གཞན་པའི་ཆོས་ལུགས་ཀྱི་གྲུབ་མཐའ་འཛིན་མཁན་ཚང་མའི་ཤེས་ཡོན་གྱི་རྣམ་གཞག་གང་འདྲ་ཞིག་བྱུང་ཡོད་མེད། དེ་མཁྱེན་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། དེའི་ཐོག་ཕྱིར་བལྟས་ཤིག་སློག་པ་ཡིན་ན། བོད་པ་ནང་བཞིན་གྱི་ཤེས་ཡོན་རྒྱ་ཆེ་གཏིང་ཟབ་ཡོད་པ་དང༌། བོད་པ་ནང་བཞིན་མཁས་པ་མང་པོ། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་བྱེད་ནུས་མཁན་གྱི་མཁས་པ་མང་པོ་བྱུང་བའི་རྒྱལ་ཁབ་དང་མི་རིགས་གཞན་སུ་ཡང་ཡོད་པ་མ་རེད་ཅེས་ངས་ཐག་བཅད་ནས་ལབ་བསྡད་ཀྱི་ཡོད།
བོད་མི་ཚོ་ནང་ཁུལ་འཛོམས་པའི་སྐབས་ཙམ་མ་ཡིན་པར་རྒྱལ་སྤྱིའི་མཁས་པ་ཚོ་འཚོགས་པའི་སྡིང་ཆ་ལ་ཡང་ངས་དེ་ག་རང་ལབ་བསྡད་ཀྱི་ཡོད། ད་ལྟ་ཕན་ཆད་ལ་སུ་གང་གིས་ཀྱང་དེ་ལྟར་མ་ཡིན་པར་སྒྲུབ་པའི་རིགས་པ་དང༌། དན་རྟགས་སྟོན་མཁན་བྱུང་མ་སོང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་འཆད་པ་དང་རྩོད་པ་གཉིས་པོ་དེ་གང་ཟག་གཅིག་གི་མི་ཚེ་གཅིག་གི་རིང་ཡོང་དགོས་པ་ཞིག་རེད་མ་གཏོགས། མི་ཚེ་རྫོགས་པའི་རྗེས་ལ་ལག་རྗེས་འཇོག་རྒྱུ་གང་ཡང་ཡོད་པ་མ་རེད། རྩོམ་པའི་བྱ་བ་དེ་ཇི་སྲིད་རྩོམ་ཡིག་གནས་པ་དེའི་བར་དུ་མཐོང་རྒྱུ་ཡོད་པ་གཅིག་རེད། ཡིན་ན་ཡང༌། ཚད་ལྡན་གྱི་མཁས་པ་ཡིན་ཕྱིན་ཆད་ལ། འཆད་རྩོད་རྩོམ་གསུམ་ག་གནང་དགོས་པའི་ངེས་པ་ཡང་ཡོད་པ་མ་རེད། མཁས་པ་མང་པོ་སྒྲུབ་པ་ཉམས་ལེན་རྐྱང་རྐྱང་མ་གཏོགས་འཆད་རྩོམ་གྱི་བྱ་བ་ཅི་ཡང་མི་གནང་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཁ་ཤས་སྒྲུབ་པ་ཉམས་ལེན་དང་འཆད་པའི་བྱ་བ་ཙམ་མ་གཏོགས། ཤོག་ལྷེ་གཅིག་ཀྱང་རྩོམ་པའི་བྱ་བ་མི་གནང་མཁན། རྩོད་པའི་བྱ་བ་ཡང་མི་གནང་མཁན་དེ་འདྲ་མང་པོ་ཞེ་དྲག་ཡོད་པ་རེད། འཆད་རྩོད་རྩོམ་གསུམ་གའི་བྱ་བ་གནང་མཁན་གྱི་མཁས་པ་ལ་ཆ་བཞག་ན། སྤྱི་ཡོངས་ཀྱི་མཁས་པའི་གྲངས་འབོར་ནང་ནས་སུམ་ཆ་གཅིག་ལོང་གི་ཡོད་དམ་མེད་དེ་ཡང་ཐེ་ཚོམ་རེད། ཕལ་ཆེར་སུམ་ཆ་གཅིག་ཀྱང་ལོང་གི་མ་རེད་ལབ་ཀྱང༌། བརྒྱ་ཆ་ལྔ་དྲུག་བདུན་བརྒྱད་གཅིག་མ་གཏོགས་ཡོད་པ་མ་རེད་ལབ་ནའང་འགྲིག་ངེས་ཤིག་རེད། ཡིན་ན་ཡང༌། བོད་ཀྱི་རྩོམ་རིགས་ཀྱི་འབོར་དང༌། རྩོམ་རིགས་ཀྱི་བརྗོད་གཞིའི་རྣམ་གྲངས་མི་འདྲ་བ། རྩོམ་རིགས་ཀྱི་གཏིང་ཟབ་ཀྱི་ངེས་པ་རྙེད་པའི་རླབས་དེ་ཚོ་ད་ལྟ་མཐོང་རྒྱུ་ཡོད་པ་དེ་ཚོར་ཆ་བཞག་ན། རྩོམ་གྱི་ཆ་རྐྱེན་འཛོམས་ངེས་ཀྱི་མཁས་པ་རྐྱང་རྐྱང་གྲངས་ལས་འདས་པ་བྱུང་བསྡད་ཡོད་པ་རེད། བོད་ཀྱི་ནང་ལ་ངག་གི་རང་བཞིན་གྱི་རྩོམ་ཡིག་གི་འབོར་ཡོད་པ་ནང་བཞིན་ཞིག་འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་སུ་ལའང་ཡོད་པ་མ་རེད། རྩོམ་པའི་ལག་རྗེས་འཇོག་མཁན་གྱི་མཁས་པ་འགྲན་ཟླ་མེད་པ་དེ་ཙམ་མང་པོ་ཞིག་ཕེབས་ཡོད་ན། ད་གིན་ངས་གོང་དུ་ཞུས་པ་ནང་བཞིན་འཆད་རྩོད་རྩོམ་པའི་བྱ་བ་མི་གནང་མཁན་དང༌། འཆད་རྩོད་ཀྱི་བྱ་བ་གནང་བ་ཡིན་ནའང་རྩོམ་པའི་བྱ་བ་མི་གནང་མཁན་གྱི་མཁས་པ་ག་ཚོད་ཙམ་བྱོན་པ་ཡོད་པ་དེ་ང་ཚོས་གྲངས་ཀ་ཐེབས་ཐབས་ཤིག་ཡོད་པ་མ་རེད།
འཛམ་བུ་གླིང་གི་ནང་ལ་རྒྱ་གར་དང་རྒྱ་ནག་གཉིས་ཀ་ལ་ལོ་སྟོང་ཕྲག་བདུན་ལྷག་ཙམ་གྱི་བྱུང་རབས་ཡོད་པ་རེད། ལོ་སྟོང་ཕྲག་བདུན་གྱི་བྱུང་རབས་དེ་ཡིག་ཐོག་ལ་འཁོད་པ་དང༌། བྱུང་བ་རིགས་པའི་མཚན་ཉིད་དང་མཐུན་པའི་བྱུང་རབས་ཡོད་པ་ཞིག་རེད། སྒྲུང་གཏམ་བཤད་པར་བྱས་ན། ལོ་སྟོང་ཕྲག་བདུན་ལས་བརྒལ་བ་ཡོད་པ་རེད། མི་འབོར་ཧ་ཅང་གིས་ཆེན་པོ་རེད། བོད་ཀྱི་མི་འབོར་གྱིས་རྒྱ་དཀར་ནག་གི་མི་འབོར་གྱི་བརྒྱ་ཆའི་ཀླད་ཀོར་ཀླད་ཀོར་ཀླད་ཀོར་ནས་ཛར་ཛར་གཅིག་ལ་མ་གཏོགས་སླེབས་ཀྱི་མ་རེད། བརྒྱ་ཆ་གཅིག་ཀྱང་ལོངས་པ་ཞིག་ཡོད་པ་མ་རེད། དེ་འདྲའི་རིག་གཞུང་རྙིང་པའི་བྱུང་རབས་ཡོད་པའི་རྒྱལ་ཁབ་དེ་གཉིས་ཀྱི་མཁས་པའི་གྲངས་འབོར་དང༌། རྩོམ་ཡིག་གི་ལག་རྗེས་ཕྱོགས་གཅིག་ལ་བཞག །བོད་པ་ལོ་གཅིག་སྟོང་ཉིས་བརྒྱ་སུམ་བརྒྱ་ཞིག་གི་བྱུང་རབས་ཡོད་པ་དང༌། དུས་ཚོད་ཐུང་ཐུང་ཞིག་གི་བྱུང་རབས་ཡོད་པ། གནས་སྐབས་ག་དུས་ཡིན་ནའང་མི་འབོར་ས་ཡ་དྲུག་ལས་མི་བརྒལ་བ་ཞིག་ལ་ཆ་བཞག །ང་ཚོ་བོད་རིགས་ཀྱི་མི་འབོར་ས་ཡ་དྲུག་ལས་ཕལ་ཆེར་བརྒལ་ཡོད་པ་མ་རེད་བསམ་གྱི་འདུག །འདས་པའི་ལོ་རྒྱུས་ལྟར་ན། ང་ཚོའི་དེ་རིང་སང་ཉིན་ཡོངས་གྲགས་ཀྱི་ཁ་རྒྱུན་ལ་བོད་མི་ས་ཡ་དྲུག་ཟེར་ལབ་བསྡད་ཡོད་པ་རེད། དེ་འདྲའི་ཉུང་ཉུང་ཞིག་ལས་མེད་མཁན་གྱི་མི་རིགས་ཤིག་གིས་རླབས་ཆེན་གྱི་རིག་གནས་ཀྱི་ཐོག་ལ། ནང་དོན་རིག་པ་ཙམ་མ་ཡིན་པར་ཕྱི་ནང་ཐུན་མོང་བའི་རིག་པའི་གནས་ཡོངས་སུ་རྫོགས་པར་ལག་རྗེས་འཇོག་མཁན་གྱི་མཁས་པ་མང་པོ་ཞེ་དྲག་ཐོན་པ་གཉིས་མཚུངས་བསྡུར་བྱས་པ་ཡིན་ན། འཛམ་བུ་གླིང་གི་མི་རིགས་སུ་གང་གིས་ཀྱང་འགྲན་དུ་མེད་པ། བསྒྲུན་དུ་མེད་པ། མཚུངས་བསྡུར་བྱེད་ཐབས་མེད་པའི་མཁས་པ་མང་པོ་ཞེ་དྲག་བྱུང་བ་རེད། དེ་ཞེ་དྲག་གསལ་པོ་རེད། དེ་ངས་སྒྲུབ་བྱེད་མང་པོ་བཀོད་ནས་ཁྱེད་རང་ཚོར་ལབ་དགོས་དོན་མི་འདུག །དེ་ཡང་རྩིས་རྒྱག་རྒྱུ་རེད། གཅིག་གཉིས་ཟེར་ནས་གྲངས་ཀ་རྒྱག་རྒྱུ་རེད།
དེ་འདྲའི་མཁས་པ་མང་པོ་ཞིག་གང་འདྲ་བྱས་ནས་བྱུང་བ་རེད་ཟེར་ན། ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཞིག་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས། ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཁྱོན་ནས་མེད་པ་ཞིག་གི་ཐོག་ནས་སངས་རྒྱས་རང་བྱུང་བ་ཟེར་བ་ནང་བཞིན་རང་བྱུང་གི་མཁས་པ་ཡོང་རྒྱུ་ཡོད་པ་མ་རེད། སློབ་སྦྱོང་བྱས་ནས། ཤེས་ཡོན་སྦྱངས་ནས་གཞི་ནས་ཡོང་དགོས་པ་ཞིག་རེད། ཕྱོགས་གཅིག་ནས་བལྟས་པ་ཡིན་ན་བོད་ལ་ཤེས་ཡོན་གྱི་གོ་སྐབས་དེ་ཡོངས་ཁྱབ་ལ་ཡོད་པ་མ་རེད།
དེ་རིང་སང་ཉིན་གྱི་ཡུ་ནི་ཝར་སི་ཁྲིའི་(university)ཟེར་བ་དེ་ཡོད་མ་རེད། བོད་པའི་ན་གཞོན་ཞིག་ཡིན་ཕྱིན་ཆད། ཡིན་གཅིག་མིན་གཅིག་སློབ་གྲྭར་འགྲོ་དགོས་རྒྱུ་དང༌། གཞི་རིམ་འཛིན་གྲྭ་མ་ཐོན་ན་ཆོག་གི་མ་རེད་ཟཻར་བ་དེ་འདྲའི་གནས་སྟངས་ཡོད་པ་མ་རེད། དེ་འདྲ་ཡིན་སྟབས་རྒྱ་མིས་དང་པོ་ང་ཚོར་བཅིངས་གྲོལ་གཏོང་བར་ཡོང་བའི་སྐབས་ལའང་ཁོང་ཚོ་ལྐུགས་པ་རེད། ཁོང་ཚོ་མུན་ནག་རེད། ཁོང་ཚོ་རྗེས་ལུས་རེད། ཆེས་མུན་ནག་ནང་བསྡད་ཡོད་པ་རེད། སློབ་གྲྭ་གཅིག་ཀྱང་ཡོད་པ་མ་རེད་ཅེས་ལབ་ཀྱི་ཡོད་པ་རེད། དེ་ཡང་ཆ་ཤས་ཁ་ཤས་ཤིག་བདེན་པ་འདྲ་པོ་ཡོད་པ་རེད། སློབ་གྲྭ་ལ་མ་འགྲོ་ན་མི་ཆོག་པའི་སྒྲིག་གཞི་ཡང་ཡོད་པ་མ་རེད་ལ། སློབ་གྲྭ་ལ་འགྲོ་འདོད་ཡོད་ན་ལམ་སེང་སྒོའི་འགྲམ་དུ་འགྲོ་སའི་སློབ་གྲྭ་གཅིག་ཀྱང་མེད་པ་ཡང་དངོས་ཡོད་གནས་ཚུལ་རེད། ཡིན་ནའང༌། ཕྱོགས་གཞན་ཞིག་ནས་སློབ་སྦྱོང་བྱེད་རྒྱུའི་དོན་གཉེར་ཡོད་མཁན་གྱི་གང་ཟག་ཅིག་ཡིན་ན། བཟའ་རྒྱུ་འཐུང་རྒྱུ་མེད་པའི་སྤྲང་པོ་ཞིག་ཡིན་ནའང་འདྲ། བོད་རྒྱལ་ཁབ་ལ་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་པོ་ཞིག་ཡིན་ནའང་འདྲ། དེ་ཚོ་ཚང་མ་ལ་རང་གི་སེམས་ནང་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཡོད་ན། སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རག་གི་ཡོད་པ་རེད། སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་ཚང་གི་ཡོད་པ་རེད། དེ་རིང་སང་ཉིན་ནང་བཞིན་སྒྲིག་འཛུགས་དང་ལྡན་པའི་སྒྲོམ་གཞི་(structure)འདྲ་ཆགས་པོ་ཞིག་དང་ལས་སྡོམ་སྐྱོར་ཆོག་ཆོག་ཅིག་ཡོད་པ་མ་རེད། ཡིན་ནའང་བོད་ཀྱི་ནང་ལ་ཤེས་ཡོན་གྱི་འདུན་པ་ཡོད་པའི་ན་གཞོན་ཞིག་ཤེས་ཡོན་སློབ་སྦྱོང་མ་རག་པར་ལུས་པ་རེད་ཟེར་བ་ཞིག་ཧ་ལམ་བཙལ་བ་ཡིན་ནའང་རྙེད་རྒྱུ་མེད་པ་ཞིག་རེད།
དེར་བརྟེན། དེ་འདྲའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འཛམ་གླིང་གི་ཡུལ་གྲུ་གཞན་དང་མི་རིགས་གཞན་གྱིས་བསྒྲུན་དུ་མེད་པའི་ཁྱད་པར་བ་ཞིག་ཡོད་པ་དེ་ལ་བརྟེན་ནས་ད་རེས་ང་ཚོ་ཧ་ཅང་གི་དཀའ་ངལ་ཅན་གྱི་གནས་སྐབས་ཤིག་ལ་སླེབས་པའི་སྐབས་ལ་ཡང༌། བོད་པའི་ངོས་འཛིན་དང་བོད་པའི་མཚན་སྙན་གྲགས་དེ་མ་བརླག་པར་འཛམ་བུ་གླིང་གི་མི་ཚང་མས་བོད་པའི་མདུན་ལ་ཚུར་སྐད་ཆ་འདྲི་བར་སླེབས་པ་མ་གཏོགས། དགེ་རྒན་བྱེད་རོགས་ཞེས་ཡོང་བ་མ་གཏོགས། ཁྱེད་ཚོས་ཤེས་ཀྱི་མི་འདུག ཁྱེད་ཚོ་མུན་ནག་རེད་འདུག ཁྱེད་ཚོ་རྨོངས་པ་རེད་འདུག །ང་ཚོས་ཕར་བསླབ་དགོས་ཟེར་བ་ཞིག་ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་བཞི་ཅུ་ཞེ་དྲུག་ཕྱིན་པ་ཡིན་ན་ཡང་བྱུང་ཡོད་པ་མ་རེད། བཙན་བྱོལ་གྱི་ནང་ལ་བསྐྱར་དུ་གཞི་ནས་སློབ་སྦྱོང་བྱེད་མཁན་གྱི་བོད་པ་དེ་ཚོས་ཀྱང་ཡར་ཐོན་ཕྱིན་པའི་རྒྱལ་ཁབ་ཚོའི་ནང་ལ་དགེ་རྒན་བྱས་ནས་འགྲོ་གི་ཡོད་རེད་མ་གཏོགས་དགེ་ཕྲུག་བྱས་ནས་འགྲོ་མཁན་དཀོན་པོ་རེད། དེ་རིང་སང་ཉིན་དགེ་ཕྲུག་བྱས་ནས་འགྲོ་མཁན་ཏོག་ཙམ་མང་དུ་འགྲོ་གི་ཡོད་པ་རེད། ལོ་བཅོ་ལྔ་ཉི་ཤུའི་སྔོན་ལ་ཡིན་ན། དགེ་རྒན་བྱས་ནས་འགྲོ་མཁན་མ་གཏོགས་དགེ་ཕྲུག་བྱས་ནས་འགྲོ་མཁན་ཞེ་དྲག་དཀོན་པོ་རེད།
བོད་ཀྱི་ནང་ལ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་མ་དར་དབང་གིས་བོད་ཀྱི་ཆབ་སྲིད་ཀྱི་ཆ་ནས་སྐྱོ་པོ་ཆགས་པ་རེད་ཅེས་ཤོད་མཁན་ཡོད་པ་རེད། གཅིག་བྱས་ན་ཡིན་ཤས་ཆེ། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་བར་དུ་བོད་ནང་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་མ་དར་བ་དེས་ད་རེས་ང་ཚོ་དཀའ་ངལ་འདི་འདྲ་ཞིག་བྱུུང་བའི་སྐབས་ལའང༌། ལྟོགས་ཤི་ཐེབས་དགོས་པའི་ཉམ་ཐག་པོ་མ་བྱུང་བར་ད་དུང་ང་རང་ཚོ་མི་རིགས་ཀྱི་སྤོབས་པ་དང༌། མི་རིགས་ཀྱི་གཟི་བརྗིད་དེ་བཟུང་ནས་འགྲོ་ཐུབ་པ་དེ་དེའི་དབང་གིས་བྱུང་བ་རེད་བསམ་གྱི་ཡོད། བོད་པའི་ངོས་འཛིན་དེ་དེ་ག་རང་རེད། དེ་ལས་གཞན་པའི་ང་ཚོ་བོད་པའི་ངོས་འཛིན་གང་ཡང་ཡོད་པ་མ་རེད། དེ་འདྲའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་བཟང་པོ་གཅིག་གིས་ང་ཚོ་བོད་མ་ཤོར་བར་དུ་མ་ཉམས་པ་བྱས་ནས་བསྡད་ཡོད་པ་རེད་ལ། དེ་ཡི་འཕྲོས་འཛར་ཟེར་ནའང་མི་འདུག །དེ་ལས་མར་འཛར་ཡོང་བའི་རྒྱུད་པ་འདྲ་པོ་གཅིག་དེ་རིང་ཡང་ཡོད་བསྡད་པ་རེད།
དྷ་ས་རིགས་ལམ་སློབ་གྲྭ། ངས་གདན་ས་ཁག་གི་སྐད་ཆ་མ་བཤད་པ་ཡིན་ན། ད་ལྟ་ཁྱེད་རང་ཚོ་བཞུགས་སའི་ས་རཱ་མཐོ་སློབ་འདི་ཚོ་ཚང་མ་དབྱིན་ཇི་དང༌། ཨང་རྩིས་དང༌། ཚན་རིག་དང༌། འཕྲུལ་ཆས་ལ་སོགས་པ་དེ་འདྲའི་མཐོ་སློབ་མ་རེད། སྲོལ་རྒྱུན་གྱི་སློབ་ཚན་ཁག་སློབ་ས་དེ་འདྲ་ཆགས་བསྡད་ཡོད་པ་རེད། དེའི་རྒྱུན་དེ་ད་ལྟ་ཡང་གནས་ཡོད་པ་རེད། ད་ལྟ་གནས་དོན་དེ། འཛམ་བུ་གླིང་གི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱིས་དོ་སྣང་བྱེད་ཀྱི་ཡོད་པ་ཡིན་སྟབས་དེའི་ཆ་ནས་གནས་ཡོད་པ་རེད། མུན་ནག་རེད། རྗེས་ལུས་རེད་ཅེས་ལབ་ནས་ཤེས་ཡོན་ལྡན་པའི་མི་སུ་གང་གིས་ཀྱང་དེ་ལ་མཐོང་ཆུང་གཏོང་གི་ཡོད་པ་མ་རེད། འཛམ་བུ་གླིང་གི་མི་ཚང་མས་རེ་བ་ཆེན་པོ་ཞིག་བརྒྱབ་ནས་བལྟས་བསྡད་ཀྱི་ཡོད་པ་རེད།
ཡིན་ནའང་དེ་འདྲའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་དེར་དུས་ཚོད་དང་མཉམ་དུ་དགོས་ངེས་ཐིག་ངེས་ཀྱི་འགྱུར་བ་མ་བཏང་བའི་ཞན་ཆ་ཞིག་ང་ཚོ་ལ་ཏན་ཏན་བྱུང་ཡོད་པ་རེད། དེ་ང་རང་ཚོས་ཁས་ལེན་བྱེད་དགོས་པ་རེད། དེ་ཡང་ཐུན་མོང་ཐ་སྙད་རིག་གནས་ཀྱི་ཤེས་ཡོན་གྱི་ལམ་སྲོལ་དེའི་ཐོག་ལ་དུས་དང་མཐུན་པའི་དགོས་ངེས་ཀྱི་ཡན་ལག་ཁ་ཤས་ཤིག་ང་ཚོས་མ་བླངས་པར་ལུས་པ་དེ། ད་ལྟ་ཕྲན་བུའི་སྐྱོན་ཆ་བྱུང་ཡོད་པ་རེད། དེ་ང་ཚོས་ངོ་ཤེས་དགོས་པ་ཞིག་རེད། དོན་སྙིང་བོད་ཀྱི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་འདས་པའི་བྱུང་རབས་ཀྱི་ནང་ལ་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཚད་དང་ལྡན་པ་གཅིག་ཡོད་པ་དང༌། དེ་ལ་བརྟེན་ནས་བོད་མི་རིགས་དེ་འཛམ་བུ་གླིང་གི་མི་རིགས་གཞན་ལས་ཁྱད་པར་འཕགས་པ་ཞིག་ཡིན་པ་དེ། ད་ལྟའི་བོད་རིགས་ན་གཞོན་ཚོས་མཐོང་དགོས་པ་ཞིག་དང༌། ཤེས་དགོས་པ་ཞིག །ངོ་འཕྲོད་དགོས་པ་ཞིག་རེད་བསམ་གྱི་ཡོད། དེ་ཞུ་རྒྱུའི་དོན་དག་གཅིག་ཡིན།
དོན་དག་གཉིས་པ་དེ། ལྔ་བཅུ་ང་དགུའི་ལོ་ལ་ང་ཚོ་སྐྱབས་བཅོལ་ལ་སླེབས་མ་ཐག་ྋསྐྱབས་མགོན་རིན་པོ་ཆེས་ཕུགས་རྒྱང་རིང་པོའི་དགོངས་པ་གཅིག་བཞེས་ནས་བོད་ཀྱི་སློབ་གྲྭ་ཟུར་འཛུགས་གནང་བ་རེད། དེ་ངས་རྒྱས་བཤད་བྱེད་རྒྱུ་མིན། ཁྱེད་རང་ཚོ་མང་ཆེ་བ་བོད་ཀྱི་སློབ་གྲྭ་ཟུར་དུ་ཡོད་པ་དེ་ནས་ཐོན་པ་ཤ་སྟག་ཡིན་གྱི་རེད། དེ་ལ་བརྟེན་ནས་འདས་པའི་ལོ་བཞི་ཅུ་ཞེ་དྲུག་རིང་ལ་ང་རང་ཚོས་ཞན་ཆ་མང་པོ་ཞིག་ཡོ་བསྲང་ཐུབ་པ་དང༌། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་མང་པོ་ཞིག་བསྒྲུབས་ཐུབ་པ་བྱུང་ཡོད། དེ་ཏན་ཏན་བྱུང་ཡོད་པ་རེད། ཡིན་ནའང་དེ་ལ་ཡང་ཞན་ཆ་དེ་ག་རང་རེད། ང་ཚོ་ལྔ་བཅུ་ང་དགུ་ལ་སླེབས་པའི་ལོ་དེ་ག་རང་ལ། རྒྱ་གར་ལ་སླེབས་མ་ཐག་ལམ་སེང་རྒྱ་གར་གྱི་ལམ་སྲོལ་དེ་ག་རང་གི་ཐོག་ཕྱིན་པ་མ་གཏོགས་ཐབས་ལམ་གཞན་གང་ཡང་ཡོད་པ་མ་རེད། ཡིན་ནའང་དྲུག་ཅུ་རེ་གྲངས་བདུན་ཅུ་དོན་གྲངས་ནས། ཉུང་མཐའ་ལ་ཡང་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གྲངས་ནས་ང་རང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་དགོས་མཁོ་དང་འཚམ་པའི་དེང་རབས་ཀྱི་སློབ་སྦྱོང་སྤྲོད་སྟངས་ཀྱི་ལམ་སྲོལ་ཞིག་མ་བཟོ་ཐབས་མེད་བྱུང་བ་རེད། དེའི་ཐོག་ལ་ཡིན་ན་ཡང་ང་ཚོ་རྗེས་ལུས་ཞེ་དྲག་ཐེབས་པ་རེད། ད་ལྟ་ཤེས་རིག་དྲུང་ཆེས་ང་ཚོ་ལ་དཀའ་ངལ་དང་ཞན་ཆ་མང་པོ་གཅིག་བྱུང་ཡོད་པ་རེད་ཅེས་གསུངས་སོང་བ་དེ་ངོས་ལེན་གནང་དགོས་པ་རེད། ང་ཚོས་དུས་དང་མཐུན་པའི། ང་རང་ཚོའི་གནའ་རབས་ཀྱི་ཤེས་ཡོན་དང༌། གནའ་རབས་ཀྱི་ཡོན་ཏན་གྱི་ནང་ནས་ད་ལྟ་ལམ་སེང་ལག་ལེན་ལ་འཁེལ་བའི་ཁེ་ཕན་དེ་ཚོ་བླངས་ནས་བྱེད་མ་ཐུབ་སྟབས། རྒྱུན་དུ་རྒྱ་གར་དང༌། དེ་རིང་ཁ་སང་གི་འཛམ་བུ་གླིང་སྤྱི་ཡི་སློབ་སྦྱོང་ཐོན་པར་གྲགས་པའི་མི་དེ་ཚོ་དང་གཅིག་པ་གཅིག་པའི་དཀའ་ངལ་ཡོང་བ་དེ། ང་ཚོ་བཙན་བྱོལ་བ་གཞིས་ཆགས་པ་ནས་བཟུང༌། ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཐོག་ལ་བསམ་བློ་བཏང༌། འཆར་གཞི་བྱས་ཏེ་འགྱུར་བ་གཏོང་མ་ཐུབ་པ་དེས་བྱུང་བ་རེད་བསམ་གྱི་ཡོད། དེར་བརྟེན་དེ་དོན་དག་ཅིག་རེད།
ལྔ་བཅུ་ང་དགུའི་སྔོན་ལ་བོད་ཀྱི་སྤྱི་ཚོགས་ནང་ལ་ཤེས་ཡོན་ལམ་སྲོལ་གང་འདྲ་ཞིག་ཡོད་པ་རེད་དམ། དེས་ང་ཚོའི་མི་རིགས་དེ་གང་འདྲ་ཞིག་ཏུ་བསྐྲུན་ཐུབ་པ་རེད་དམ། ལྔ་བཅུ་ང་དགུུའི་རྗེས་ལ་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ང་ཚོར་དེང་རབས་ཀྱི་སློབ་སྦྱོང་གི་གོ་སྐབས་གང་ཞིག་རག་པ་རེད། དེས་ད་ལྟ་ང་ཚོ་ག་པར་བར་དུ་བསྐྱལ་ཡོད་དམ། འདི་གཉིས་ལ་བསྐྱར་ཞིབ་གནང་རྒྱུ་དེ་ཁྱེད་རང་ཚོའི་ལས་འགན་ཞིག་རེད། ངས་དེ་གཅིག་དང་གཉིས་བྱས་ནས་ཞིབ་ཚགས་ཞུ་རྒྱུའི་དུས་ཚོད་དང་གོ་སྐབས་ཡོད་པ་མ་རེད། ངས་དེ་ས་བོན་ཙམ་དུ་ཞུས་པ་རེད། དེ་གཉིས་ཁྱེད་རང་ཚོས་ཡིན་གཅིག་མིན་གཅིག་གཏིང་ཟབ་པོ་བྱས་ནས་ཉམས་ཞིབ་བྱེད་དགོས་ཀྱི་རེད། གཟིགས་དགོས་ཀྱི་རེད། སྐྱོན་ག་པར་འདུག །དགེ་ག་པར་འདུག །དེ་དོན་དག་ཅིག་རེད།
དོན་དག་གསུམ་པ་དེ། ལྔ་བཅུ་ང་དགུ་ནས་ད་ལྟ་བར་དུ་ང་ཚོས་ལག་ལེན་ལ་བསྟར་བསྡད་པའི་ཤེས་ཡོན་ལམ་སྲོལ་དེ་གང་འདྲ་བྱས་ནས་བྱུང་བ་རེད་དམ། ད་ལྟ་ག་པར་སླེབས་ཡོད་པ་རེད་དམ། དེ་མང་ཆེ་བས་མཁྱེན་གྱི་ཡོད་ཀྱི་རེད། ཡིན་ནའང་འདིར་ངས་སྒྲུང་གཅིག་ཞུས་ན་བསམ་བྱུང༌། སྒྲུང་ཟེར་བ་དེ་ངས་སྙན་ངག་གི་འུད་བརྒྱབ་ནས་ལབ་པ་ཡིན་མ་གཏོགས། ངས་ད་ལྟ་ཞུས་བསྡད་པ་དེ་བྱུང་རབས་རང་རེད། དོན་དངོས་ལོ་རྒྱུས་ཞུ་གི་ཡོད་མ་གཏོགས། དོན་མེད་སྒྲོ་བཏགས་ཀྱི་མ་འོས་འོས་ཚུལ་འདྲ་གང་ཡང་ཞུ་གི་ཡོད་པ་མ་རེད། ང་ཚོའི་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ཡོང་ས་དེ་རྒྱ་གར་རང་རེད། དེ་འདྲ་ཡིན་སྟབས། རྒྱ་གར་གྱི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་དེ་ཡང་ཆེས་ཕུན་སུམ་ཚོགས་པོ་ཡོད་སའི་ལུང་པ་ཞིག་ཆགས་བསྡད་ཡོད་པ་བཤད་མི་དགོས་པ་རེད།
ཡིན་ནའང་དུས་ཕྱིས་དང་པོ་ཨིསི་ཨིནདྲིཡ་ཀམ་པ་ནི་(East India Company) ཟེར་བ་དེས་རྒྱ་གར་གྱི་ས་ཁྱོན་གང་ལ་གང་འཚམས་ཤིག་ལ་བརྒྱ་ཕྲག་བཅུ་བདུན་པའི་མཇུག་དང༌། བརྒྱ་ཕྲག་བཅོ་བརྒྱད་པའི་མགོ་ནས་དབང་བསྒྱུར་བྱས། དེའི་མཇུག་ལ་དབྱིན་ཇིའི་གཞུང་རང་གིས་དབང་བསྒྱུར་བྱེད་རྒྱུ་འགོ་ཚུགས་ནས་རྒྱ་གར་དབྱིན་ཇིའི་མངའ་འོག་ལ་ཧ་ལམ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཙམ་ཞིག །རྒྱ་གར་གྱིས་སོ་སོའི་ཆབ་སྲིད་མངའ་དབང་གཅིག་ཀྱང་མེད་པར་རྒྱ་གར་ཡོངས་རྫོགས་འཛིན་སྐྱོང་གི་གནས་བབ་གང་འདྲ་ཞིག་ཡིན་པ་ཡིན་ནའང༌། གང་ལྟར་དབྱིན་ཇིའི་མངའ་དབང་འོག་ལ་བསྡད་རྒྱུའི་དབྱིན་ཇིའི་སོའོ་ཝ་རན་ཁྲི་(sovereignty)ཟེར་བ་དེའི་འོག་ལ་བསྡད་རྒྱུའི་གོ་སྐབས་གང་ལ་གང་འཚམས་ཡོད་ནས་ཕྱིན་པ་རེད། དེའི་སྐབས་ལ་དབྱིན་ཇིའི་གཞུང་གིས་རྒྱ་གར་ནང་ལ་ཁོང་རང་ཚོའི་ཆབ་སྲིད་དབང་བསྒྱུར་བརྟན་པོ་ཡོང་རྒྱུའི་ཆེད་དུ་མཁས་པ་དེ་ཚོས་དུས་ནས་དུས་སུ་ཉམས་ཞིབ་བྱེད་ཀྱི་ཡོད་པ་རེད། དེ་འདྲའི་ཉམས་ཞིབ་བྱེད་མཁན་སྐད་གྲགས་ཆེ་བ་གཅིག་སྐུ་ཞབས་མར་ཁེ་ལེ་(Macauly)ཞུ་བ་དེ་རེད། རྗེས་སུ་དེ་ལོར་གྲེ་(Lord)ཆགས་ནས་ལོར་གྲེ་མར་ཁེ་ལེ་ལབ་ཀྱི་རེད། ལོར་གྲེ་མར་ཁེ་ལེ་དེ་ཆིག་སྟོང་བརྒྱད་བརྒྱ་སུམ་ཅུ་སོ་གྲངས་ནང་ལ་རྒྱ་གར་ལ་ཕྱིན་ནས་ལོ་བཞི་ལྔ་བསྡད་འདུག །དེ་ལོ་བཞི་ལྔ་བསྡད་པའི་རིང་མང་ཆེ་བ་མདྲཱས་་དང༌། ཧཡེདརབཱད། འཀ་ལི་ཀ་ཏ། ལྡི་ལི། ཝཱ་རཱ་ཎ་སཱི་ལ་སོགས་པའི་རྒྱ་གར་ཤར་ནུབ་ལྷོ་བྱང་གི་གྲོང་ཁྱེར་ཆེན་པོ་དེ་ཚོའི་ནང་དང༌། གྲོང་གསེབ་ཀྱང་གང་ལ་གང་འཚམས་ལ་བསྐོར་བ་བརྒྱབ་ནས་ཞིབ་འཇུག་བྱས་ཏེ་ཕར་ལོག་པའི་རྗེས་ལ། ཁོ་རང་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་མི་ཆགས། གྲོས་ཚོགས་འོག་མའི་ནང་གཏམ་བཤད་རིང་པོ་གཉིས་བྱས་ཡོད་པ་རེད།
དེའི་གཏམ་བཤད་རིང་པོ་དེའི་ནང་ག་རེ་བཤད་ཡོད་པ་རེད་དམ་ཟེར་ན། རྒྱ་གར་གྱི་ནང་ལ་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་ལམ་སྲོལ་ཆེས་ཕུན་སུམ་ཚོགས་པ་ཞིག་འདུག །དེ་འདྲ་ཡིན་སྟབས་རྒྱ་གར་མི་མང་ཡོངས་རྫོགས་ཡི་གེ་འབྲི་ཀློག་ཤེས་པ་དང༌། སློབ་སྦྱོང་ཡོད་པ་མིན་ན་ཡང༌། ཉུང་ཤས་ཤིག་གི། གྲལ་རིམ་དམིགས་བསལ་བ་གཅིག་གི། ཧ་ཅང་གི་ཤེས་ཡོན་གྱི་གནས་ཚད་མཐོན་པོ་དང༌། བསམ་བློའི་གནས་ཚད་མཐཽན་པོ་ཡིན་སྟབས། འདིའི་གནས་བབ་དེ་ལ་ང་ཚོས་སྐྱོན་གཅིག་གཏང་མ་ཐུབ་ན། འགྱུར་བ་ཞིག་གཏང་མ་ཐུབ་པ་ཡིན་ན། དབྱིན་ཇིའི་མངའ་གཞུང་གིས་རྒྱ་གར་གྱི་ཐོག་ལ་དབང་བསྒྱུར་རྒྱུན་རིང་པོ་གནས་ཐུབ་པའི་རེ་བ་རྩ་བ་ཉིད་ནས་མི་འདུག །གལ་སྲིད་ང་ཚོའི་དབང་བསྒྱུར་རྒྱ་གར་གྱི་ཐོག་རྒྱུན་རིང་པོ་བསྡད་དགོས་ཀྱི་ཡོད་ན། རྒྱ་གར་གྱི་ན་གཞོན་དེ་ཚོ་ལ་ང་རང་ཚོའི་འདོད་པ་དང་མཐུན་པའི་ཤེས་ཡོན་སྤྲད་ནས་རྗེས་མ་ཁོང་ཚོ་ང་ཚོ་ལ་དུས་རྟག་ཏུ་ཡིད་ཆེས་བློས་འགེལ་བྱས་ནས། ཅི་གསུང་བཀའ་སྒྲུབ་བྱེད་མཁན་ཞིག་བཟོ་དགོས་ཀྱི་རེད། དེ་འདྲ་ཞིག་བཟོ་མ་ཐུབ་པ་ཡིན་ན། ང་ཚོའི་དབང་བསྒྱུར་རྒྱ་གར་ནང་ལ་ལོ་གྲངས་ཀ་བརྒྱབ་བཞག་པ་(Our years of domination is countable)དེ་འདྲའི་གཏམ་བཤད་ཚ་པོ་གཉིས་གྲོས་ཚོགས་ནང་བྱས་པའི་རྗེས་ལ་དབྱིན་ཇིའི་གཞུང་གིས་དེ་དངོས་ནས་རེད་འདུག །དེར་བརྟེན། ཁྱེད་རང་ཚོགས་ཆུང་ལ་བསྐོ་གི་ཡིན། ཁྱེད་རང་གི་དབུ་ཁྲིད་འོག་ལ་རྒྱ་གར་ལ་ང་ཚོའི་ཤེས་ཡོན་ལམ་སྲོལ་གསར་པ་ཞིག་འཛུགས་རྒྱུའི་འཆར་གཞི་སྒྲིགས་ཞེས་ལབ་པའི་སྐབས་ལ། ངས་མིང་དེ་བརྗེད་འདུག་མ་གཏོགས་དེའི་ནང་རྒྱ་གར་གྱི་པནྜི་ཏ་གཅིག་ཡོད་པ་རེད། མཁས་པ་གཅིག་ཡོད་པ་རེད། དབྱིན་ཇིའི་མཁས་པ་གཉིས་ཡོད་པ་རེད། ཁོང་རང་དེའི་ཚོགས་གཙོ་དེ་རེད། མི་གསུམ་གྱིས་ཀ་ལི་ཀ་ཏར་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་བཞི་ཅུ་ཞེ་དྲུག་ལ་ཡིན་ནམ། ཞེ་བདུན་ཡིན་དེ་འདྲའི་དུས་ཚོད་གཅིག་ལ་ཁོང་ཚོས་ལོར་གྲེ་མར་ཁེ་ལེ་ཆེད་གཉེར་ཚོགས་ཆུང་( Lord Macauly Commission)ཞེས་པ་གཅིག་བཙུགས་ཏེ་རྒྱ་གར་ནང་ལ་ཤེས་ཡོན་ལམ་སྲོལ་གསར་པ་ཞིག་འཛུགས་རྒྱུའི་འབད་བརྩོན་བྱས་པ་རེད། དེ་ལ་མིང་དེ་ག་རེ་བཏགས་ཡོད་དམ་ཞེ་ན། དེང་རབས་ཀྱི་ཤེས་ཡོན་སོགས་གང་ཡང་ལབ་ཡོད་པ་མ་རེད། དེ་ལ་མིང་བཏགས་པ་དེ་ཨིང་ལེ་ཤི་ ཨེ་ཅུ་ཁའི་ཤོན། (English Education)དབྱིན་སྐད་ཐོག་ནས་བསླབ་རྒྱུའི་ཤེས་ཡོན་ཟེར་བ་ཞིག་བཏོན་པ་རེད། ཁོང་ཚོའི་ཚོགས་ཆུང་དེ་ཡིས་གྲོས་བསྡུར་བྱས་པའི་ཚིག་ཐོ་ཚང་མ་དེ་རིང་སང་ཉིན་ཡོད་པ་རེད། རྗེས་མ་ཁྱེད་རང་ཚོར་ངས་ཡིག་ཆ་ངོ་མ་འདིར་མར་བཏང་རོགས་ལབ་ཀྱི་ཡིན།
དེའི་ཚིག་ཐོ་དེ་ཚོ་ཡིན་གཅིག་མིན་གཅིག་ཀློག་ན་ཡག་པོ་ཡོད་པ་རེད། དེའི་ནང་ལ་ཁོ་རང་གི་རོགས་པ་དབྱིན་ལན་ནས་ཡིན་པ་ད་ལྟ་ངས་མིང་མ་དྲན་པ་དེས་ག་རེ་ལབ་ཡོད་དམ་ཞེ་ན། དབྱིན་སྐད་ཤེས་ཡོན་གྱི་སྒྲོམ་གཞི་དེ་རྒྱ་གར་ནང་ལ་འགོ་འཛུགས་བྱས་ན་ཉེན་ཁ་ཆེན་པོ་རེད། གང་ཡིན་ཟེར་ན་ཁོང་ཚོས་དབྱིན་ཇི་སྦྱངས་ནས་དེང་རབས་ཀྱི་ཤེས་ཡོན་མཐོན་པོ་ཡོད་པ་ཞིག་ཆགས་སོང་ན། དབྱིན་ཇི་ལ་ངོ་རྒོལ་བྱེད་མཁན་གྱི་འགོ་ཁྲིད་དེ་འདྲ་འདི་ནས་ཐོན་སྲིད་པ་རེད། དེ་ལས་ད་ལྟ་ཁོང་རང་ཚོར་ག་རེ་ཡོད་པ་དེ། རྗེས་ལུས་དང་མུན་ནག་ག་རེ་ཡིན་ནའང་དེ་ག་རང་ལ་བཞག་པ་ཡིན་ན། ང་ཚོའི་དབང་བསྒྱུར་དེ་བརྟན་པ་གནས་ཀྱི་རེད་མ་གཏོགས། མི་སི་ཀྲར་མར་ཁེ་ལེ་ཡི་(Mr Macauly)བསམ་བློ་ནང་བཞིན་ང་ཚོས་ཁོང་ཚོར་དབྱིན་ཇིའི་སློབ་སྦྱོང་ཡག་པོ་ཞིག་སྤྲད་བཞག་པ་ཡིན་ན། ཏན་ཏན་དེའི་ནང་ང་ཚོ་ལ་ངོ་རྒོལ་བྱེད་མཁན། རང་དབང་བསྐྱར་རྩོད་བྱེད་མཁན་གྱི་མི་དེ་འདྲ་ཐོན་སྲིད་ཀྱི་རེད། དེ་དཔེ་ཉེན་ཁ་ཆེན་པོ་རེད་ཟེར་ཁོས་ཤུགས་ཆེན་པོ་བཤད་འདུག །ཡིན་ནའང་མར་ཁེ་ལེ་དང་རྒྱ་གར་གྱི་མི་དེས་ཁས་ལེན་རྩ་བ་ཉིད་ནས་བྱས་ཡོད་པ་མ་རེད། རྒྱ་གར་གྱི་མི་དེས་མར་ཁེ་ལེ་ལ་རྒྱབ་སྐྱོར་བྱས་ནས་དེ་འདྲ་རྩ་བ་ཉིད་ནས་ཡོང་ཐབས་ཡོད་པ་མ་རེད། སློབ་སྦྱོང་དེ་ཡག་པོ་གཅིག་སྤྲད་པ་ཡིན་ན་ཏན་ཏན་རྒྱ་གར་གྱི་ན་གཞོན་མི་རིགས་དེ་ཚོ་དབྱིན་ཇིའི་དབང་བསྒྱུར་ལ་ལུས་ངག་ཡིད་གསུམ་གྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ང་ཚོས་བཟོ་ཐུབ་ཀྱི་རེད། དེ་ང་ཚོས་བཟོ་དགོས་ཀྱི་རེད་ཟེར་ཐ་མ་ཁོང་ཚོས་ཤེས་ཡོན་སྲིད་བྱུས་དེ་(Education Policy)ཁོ་རང་ཚོས་རྒྱབ་གཉེར་བྱས་པ་ནང་བཞིན་དབྱིན་ཇིའི་གཞུང་གིས་ངོས་ལེན་བྱས་ནས་རྒྱ་གར་གང་ས་གང་ལ་དབྱིན་ཇིའི་སློབ་གྲྭ་གསར་པ་འཛུགས་རྒྱུའི་འགོ་འཛུགས་དེ་དེ་འདྲ་བྱས་ནས་བྱུང་བ་རེད། དེར་བརྟེན། ལོར་གྲེ་མར་ཁེ་ལེས་གསལ་པོ་བྱས་ནས་ག་རེ་ལབ་ཡོད་དམ་ཟེར་ན། ང་ཚོས་རྒྱ་གར་གྱི་པགས་པའི་ཚོས་གཞི་དེ་བརྗེ་པོ་བརྒྱབ་ཐུབ་ཀྱི་མ་རེད། དེ་དུས་རྒྱ་གར་ནག་པོར་བརྩི་ཡི་ཡོད་པ་དང་ཁོ་རང་ཚོའི་མི་རིགས་དེ་དཀར་པོར་བརྩི་ཡི་ཡོད་པ་རེད། རྒྱ་གར་གྱི་པགས་པ་དེ་དཀར་པོ་བཟོ་ཐུབ་ཀྱི་མ་རེད། པགས་པ་ལས་གཞན་པ་ཚང་མ་དབྱིན་ཇི་རང་ཡིན་པ་གཅིག་ང་ཚོས་བཟོ་ཐུབ་ཀྱི་རེད་ཟེར། བསམ་བློ་གཏོང་སྟངས། འབྲེལ་བ་བྱེད་སྟངས། མངོན་འདོད་དེ་ཚོ་ཚང་མ་མི་དཀར་པོ་དང་མཐུན་པ་བཟོ་ཐུབ་ཀྱི་རེད། དེ་འདྲ་ཞིག་བཟོ་ཐུབ་པ་ཡིན་ན་ང་ཚོའི་དབང་བསྒྱུར་དེ་བརྟན་པོ་བྱས་ནས་བསྡད་ཐུབ་ཀྱི་རེད་ཟེར། དེ་ཡིས་བཟོས་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་ཕྱི་ལོ་ཉིས་སྟོང་ལྔ་ཡི་བར་དུ། དེ་རིང་གི་བར་དུ་རྒྱ་གར་ནང་དུ་གྲ་མ་ཞིག་གྲུ་མ་ཉམས་པར་བསྡད་ཡོད་པ་རེད།
རྒྱ་གར་རང་བཙན་བྱུང་བའི་རྗེས་ལ་ཤེས་ཡོན་སྲིད་བྱུས་གསར་པ་བཟོ་ཡི་ཡིན་ཟེར་ཚོགས་ཆུང་རིམ་པ་ལྔ་བཙུགས་པ་རེད། ར་ཏ་ཀེ་རི་ཤན་ ཁ་མི་ཤོན་(Radhakrishan Commission)ནས་མར་བྱུང་ནས་ཉེ་ཆར་གྱི་ཇན་ཏ་ཡི་རྗེས་ལ་ཀོང་རེ་སི་དུས་ཡུན་ཐུང་ཐུང་བྱེད་པའི་སྐབས་དེར། ནིའུ་ཨེ་ཅུ་ཁེ་ཤོན་ཟེར་བ་དེའི་བར་དུ་ཁ་མིན་ཤོན་དེ་ཚོས་བསམ་ཚུལ་མང་པོ། ཚོགས་ཆུང་དེ་ཚོས་བསམ་ཚུལ་ཚད་ལྡན་དེ་འདྲ་མང་པོ་བཏོན་ཡོད་པ་རེད་དེ། གང་ལྟར་ལོ་གྲེ་མར་ཁེ་ལེ་ཡི་སྒྲོམ་གཞི་དེ་ལ་འགྱུར་བ་གཅིག་ཀྱང་གཏོང་ཐུབ་ཡོད་པ་མ་རེད། ཚོགས་ཆུང་དེ་ཚོའི་རྒྱབ་གཉེར་དེ་ཚོ་ཡང་རྒྱ་གར་གྱི་སྲིད་གཞུང་རིམ་པས་རྩ་བ་ནས་ལག་ལེན་བསྟར་ཡོད་པ་མ་རེད། དགེ་རྒན་ཚོའི་ཕོགས་རིམ་དེ་ག་དུས་ཡིན་ནའང་ལམ་སེང་ལམ་སེང་ལག་ལེན་བསྟར་གྱི་རེད། ཀོ་ཁྲ་རི་ཁ་མིན་ཤོན་(Kotary Commission)བཙུགས་པའི་རྗེས་ལ། སྔོན་ལ་དང་པོ་དེ་ཀོ་ཁྲ་རི་ཁ་མིན་ཤོན་གྱིས་རྒྱབ་གཉེར་བྱས་པའི་ཕོགས་རིམ་དེ་སྤྲད་ཡོད་པ་རེད་མ་གཏོགས། ཀོ་ཁྲ་རི་ཁ་མིན་ཤོན་གྱིས་རྒྱབ་གཉེར་བྱས་པའི་དོན་དག་གཞན་གཅིག་ཀྱང་ད་ལྟ་བར་དུ་ལག་ལེན་ལ་བསྟར་ཡོད་པ་མ་རེད།
དེའི་དབང་གིས་ང་རང་ཚོའི་དབུས་བོད་སློབ་འཛིན་ཚོགས་(central School for Tibetan)ཡིན་ནའང་འདྲ། ང་ཚོས་ད་ལྟ་སི་བི་ཨེ་སེ་ཨི་(Central Board of Secondary Education)སྒྲོམ་གཞིའི་ནང་ད་ལྟ་བར་དུ་ང་ཚོས་གསར་པ་ཞིག་ག་རེ་བཅུག་ཡོད་དམ་ཟེར་ན། བོད་སྐད་དེ་མ་སྐད་ཚུལ་དུ་བསླབ་རྒྱུ་ཞིག་བཅུག་པ་རེད་མ་གཏོགས། གཞན་ཇི་མ་ཇི་བཞིན་མར་ཡོང་བསྡད་པ་ཞིག་རེད། དེ་ལ་བརྟེན་ནས་ད་ལྟ་ང་རང་ཚོར་གྲུབ་འབྲས་རྡོག་རྡོག་འདྲ་པོ་ག་རེ་ཡོད་དམ་ཟེར་ན། རྒྱ་གར་དང་གཅིག་པ་བྱས་ནས་ན་གཞོན་ལས་མེད་ཟེར་བ་དེ་ལོ་རེ་ནས་ལོ་རེ་མང་དུ་འགྲོ་གི་ཡོད། ག་རེ་བྱས་ནས་ན་གཞོན་ལས་མེད་མང་དུ་འགྲོ་གི་ཡོད་པ་རེད་དམ། ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་དེའི་ནང་ནས་སློབ་སྦྱོང་ཐོན་ཡོང་བའི་སྐབས་ལ་གླ་ཆ་སྤྲད་ནས་གཡོག་པོར་བཀོལ་མཁན་ཞིག་མ་རག་ན། རང་གི་རྐང་པའི་ཐོག་རང་ལངས་ནས་སོ་སོ་རང་དབང་གི་མི་ཚེ་སྐྱེལ་རྒྱུའི་འདུན་པ་དང༌། ནུས་པ། གཤིས་ཀ་གསུམ་ག་མེད་པ་རེད། དེ་བཟོ་ཐུབ་ཀྱི་ཡོད་པ་རེད། ད་ལྟ་བར་དུ་ང་རང་ཚོའི་ནང་ལ་བལྟས་པ་ཡིན་ན་བཟོ་ཐུབ་པ་རེད། བྷི་ཨེ། བྷིའི་ཀོམ། ཨེམ་ཨེ་གཅིག་ཐོན་ཡོང་བའི་སྐབས་ལ་ལམ་སེང་ག་རེ་བྱེད་ཀྱི་འདུག་བལྟས་ན། ལས་ཀ་ཞིག་འཚོལ་གྱི་ཡོད་ཟེར་གྱི་རེད། ལས་ཀ་གཅིག་བྱེད་ཀྱི་ཡོད་ཟེར་མཁན་ཞེ་དྲག་ཉུང་ཉུང་རེད། ལས་ཀ་གཅིག་འཚོལ་གྱི་ཡོད་ཟེར་མཁན་ནང་དུ་ལས་ཀ་གཅིག་རག་སོང་ཟེར་མཁན་དེ་ཞེ་དྲག་ཉུང་ཉུང་རེད། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་ཚོགས་པའི་ཚོགས་གཙོ་བྱེད་པའི་སྐབས་ལ། ངས་ཚོགས་ཚོའི་གཏམ་བཤད་དེའི་ནང་གསལ་པོ་བྱས་ནས་ལབ་ཡོད། སུ་གང་གིས་ཀྱང་དེ་མ་རེད་ཅེས་ལབ་མཁན་བྱུང་ཡོད་པ་མ་རེད། དེ་རིང་སང་ཉིན་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཡོངས་སུ་རྫོགས་པ་དེ། ན་གཞོན་ལས་མེད་ལས་ཀ་མི་འཕེར་མཁན་དེ་འདྲ་བསྐྲུན་སའི་བཟོ་གྲྭའི་ངོ་བོར་ཆགས་ཟིན་པ་རེད། དེར་བརྟེན་ང་རང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ལ་གཞི་རིམ་གྱི་འགྱུར་བ་ཞིག་མ་གཏང་ན། གཏོང་མ་ཐུབ་པ་ཡིན་ན་རེ་བ་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། ཅེས་ལབ་ཡོད། གཅིག་བྱས་ན་གཏམ་བཤད་དེ་འདྲ་ཞིག་ལབ་པ་དེ་ཤུགས་ཆེན་པོ་དང་ཧམ་པ་ཚ་པོ་ཞིག་རེད་དེ་དོན་དག་དེ་ངོ་མ་རང་རེད། གང་ལྟར་རང་གི་ཕ་མ་དེ་ཚོ་རང་འཚོ་ཐུབ་ངེས་ཡིན་པ་ཞིག་ཡིན་ནའང་ཕྲུ་གུ་མཐོ་རིམ་སློབ་གྲྭ་ནས་ཐོན་ཡོང་བའི་སྐབས་ལ། ཞེ་དྲག་ཀྱི་ཚོང་པ་ཆེན་པོ་དེ་འདྲ་ཡིན་ན་གནས་ཚུལ་ཁག་ཁག་རེད་མ་གཏོགས། མང་ཆེ་བས་གཡོག་ལས་འཚོལ་རྒྱུ་དེ་མ་གཏོགས་ཐབས་ལམ་གང་ཡང་མེད་པ་མཐོང་ནས་གང་འཚམས་ཤིག་ནས་གཡོག་པོར་བཀོལ་མཁན་ཞིག་མ་རག་པ་ཡིན་ན། དེ་ནས་མྱོས་རྫས་བཟའ་རྒྱུ་དང༌། ཆང་རག་འཐུང་རྒྱུ། བར་དུ་འཁྱམས་སྡོད་རྒྱུ། དེ་འདྲ་དེ་འདྲའི་ནང་མི་ཚེ་ཟད། སྤྱི་ཚོགས་དང་གང་ཟག་སྒེར་གཉིས་ཀར་ཕན་མ་ཐོགས་པར་འགྲོ་རྒྱུའི་གནས་སྟངས་ཤིག་ང་ཚོའི་མདུན་ལ་ཡོང་བསྡད་ཡོད་པ་རེད། དེའི་སྒྲུང་དེ་དོན་དག་གསུམ་པ་འདྲ་པོ་ཡིན།
འདི་ཡན་ང་ཚོས་ད་ལྟ་བར་དུ་ཉམས་ལེན་བྱས་བསྡད་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་གྱི་ལམ་སྲོལ་དཻ་གང་འདྲ་ཞིག་ཡོད་པ་དང༌། དེ་གང་འདྲ་བྱས་ཏེ་བྱུང་བ་རེད། དེ་ངས་མདོ་ཙམ་ཞུས་པ་ཡིན། དེ་ཁྱེད་རང་ཚོས་ཞིབ་ཚགས་པོ་བྱས་ནས་ཉམས་ཞིབ་བྱས་ཏེ་མཁྱེན་དགོས་ཀྱི་རེད་བསམ་གྱི་འདུག །
དེ་ནས་དོན་དག་བཞི་པ་དེ་རྒྱ་གར་གྱི་ནང༌། དེའི་ཤེས་ཡོན་གྱི་ལམ་སྲོལ་དེ་འགྲིག་གི་མི་འདུག །དེ་ལ་འགྱུར་བ་གཏང་དགོས་ཀྱི་འདུག །དེ་ལ་གདམ་ག་གཞན་དག་ཅིག་འཚོལ་དགོས་ཀྱི་འདུག(Other alternative Education system)དགོས་ཀྱི་འདུག་ཟེར་མཁན་ཞེ་དྲག་བྱུང་བ་རེད། མི་ཆེན་པོ་དེ་འདྲ་བྱུང་བ་རེད། མི་ཆུང་ཆུང་དེ་འདྲ་ཡང་བྱུང་བ་རེད། འདྲ་མི་འདྲ་སྣ་ཚོགས་བྱུང་བ་རེད། ར་བིན྄དྲནཱཐཋེ་གོར་(Rabindranath Tagore)གྱིས་ཤན་ཏི་ནི་ཁེ་ཏན་(Shantineketan)འགོ་ཚུགས་རྒྱུ་དེ་ཡང་ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་གཏོད་རྒྱུའི་ཆེད་དུ་བཙུགས་པ་རེད།
ཤྲི་ཨརབིནྡགྷོཥ་(Sri Aurobindo Gosh)ཡིས་ཨརབིནྡ་ཨ་ཤི་རམ་(Auorbindo Ashram)སོགས་བཙུགས་པ་དེ་ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་འཛུགས་རྒྱུའི་ཆེད་དུ་འབད་བརྩོན་བྱས་པ་རེད། ལྕམ་ཨ་ནི་བེ་སན་ཊི་(Annie Beasant)ཡིས་ཧིན་རྡུའི་སུ་ཁུལ་དང༌།(Hindu School)ཧིན་རྡུའི་ཀོ་ལི་ཇི་(hindu College)ཟེར་བ་བཙུགས་ནས་མཐའ་མ་དེ་མ་ཌན་མལ་བི་ཡ་(Madan Maulviya)ཡིས་ཝཱ་རཱ་ཎ་སཱིའི་ཡུ་ནི་ཝ་སི་ཊི་(university)ཟེར་བ་དེ་འགོ་འཛུགས་དུས་སྐབས་ལ། དབྱིན་ཇིས་བཟོས་པའི་ཤེས་ཡོན་ལམ་སྲོལ་དེ་ལས་ལྡོག་ནས་གདམ་ག་གསར་པ་ཞིག་སྤྲོད་རྒྱུའི་ཆེད་དུ་ཡིན་པ་ལ་དམིགས་ནས་བཙུགས་པ་ཞིག་རེད། གོ་རུ་ཀོ་ཀང་རིེསྀ་ཟེར་བ་ཞིག་ཡོད། དེ་ཡང་དེ་འདྲའི་དོན་དུ་རེད། བདག་ཉིད་ཆེན་གཱཾདྷཱིའི་ཀཱ་ཤཱི་ཝི་ད྄ཡཱཔིཋ་(Kashividyapita)ཟེར་བ་ཞིག་ཡོད་པ་རེད། དེ་ཡང་དེ་འདྲའི་དོན་དུ་རེད། གུཇརཱཏ་ཝི་ད྄ཡཱཔིཋ་ཟེར་བ་དེ་ཡང་དེ་འདྲའི་དོན་དུ་རེད། ཡིན་ནའང་ལོ་གཅིག་སོང་གཉིས་སོང་གསུམ་སོང་བཞི་སོང་གི་རྗེས་ལ། ག་ལེ་ག་ལེར་འདག་པའི་ཐོག་འདྲེད་བརྡབ་ཤོར་བ་བཞིན་མཐའ་མ་དེ་ལ་རྒྱ་གར་ཁྱོན་ཡོངས་དེ་ལོར་གྲེ་མར་ཁེ་ལེ་ནས་མར་ཡོང་བསྡད་པའི་ཤེས་ཡོན་གྱི་བརྒྱུད་རིམ་དེའི་ནང་ཕར་སིམ་སོང་བ་ཞིག་མ་གཏོགས། རང་རྐྱ་འཕེར་བ་བྱས་ནས་སྡོད་མ་ཐུབ་པ་གཅིག་བྱུང་བསྡད་ཡོད་པ་རེད།
དེ་ཚོ་ཚང་མའི་ནང་ནས་ཕྲན་བུའི་ཁྱད་དུ་ཐོན་པ། ལྷག་པར་དུའང་གཞི་རིམ་ཤེས་ཡོན་དང་འབྲཻལ་བ་ཡོད་པ་དེ་བདག་ཉིད་ཆེན་པོ་གནྡྷིའི་ཤེས་ཡོན་ལམ་སྲོལ་གསར་པ་ཟེར་བ་དེ་རེད། ཚིག་ངོ་མ་དེ་ནཨིའ་ཏཱ་ལཱིམ་(Nai Talim)ཟེར་བ་དེ་རེད། ནཨཱི་ཟེར་ན་གསར་པ་རེད། ཏཱ་ལཱིམ་ཟེར་ན་ཤེས་ཡོན་རེད། དེ་ཡི་བྱུང་སྟངས་དེ་ལ་ཡང་བྱུང་རབས་ཤིག་ཤོད་རྒྱུ་ཡོད་པ་རེད། ཁྱེད་རང་ཚོས་ཀྱང་གོ་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག །གཱཾདྷཱི་ནི་ག་རེ་ཡིན་ནའང་ཚོད་ལྟ་ཤ་སྟག་བྱས་ཏེ་ཕེབས་མཁན་ཞིག་རེད། ལས་དོན་གང་འདྲ་ཞིག་ཡིན་པ་ཡིན་ནའང༌། ངེས་པ་མ་རྙེད་པ་ཡིན་ནའང་ཚོད་ལྟ་བྱས་ཚོད་ལྟ་བྱས་ནས་ཕེབས་རྒྱུ་དེ་ཁོ་རང་ལ་བློ་ཁོག་འདྲ་ཞེ་དྲག་ཡོད་པ་རེད། དེར་བརྟེན་ཁོ་རང་གི་རང་རྣམ་དེ་ལ་ཡང་ངའི་བདེན་པའི་ཚོད་ལྟ་(My Experiments with truth)ལབ་དགོས་པ་དེ་ཡང་ཁོང་རང་གི་ཚེ་གང་བདེན་པ་འཚོལ་རྒྱུའི་ཆེད་དུ་ཚོད་ལྟ་ཤ་སྟག་བྱས་ནས་ཕེབས་པ་ཡིན་ཟེར་གྱི་ཡོད་པ་རེད། ཤེས་ཡོན་གྱི་ལམ་སྲོལ་རྙིང་པ་དེས་འགྲིག་གི་མི་འདུག །ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་དེ་དེ་སྔོན་ནས་བྱུང་བསྡད་ཡོད་པ་རེད།
སེ་ཝ་ཀ་རམ་ཨཱཤ་རམ་(Seva karam Ashram)མར་ཕེབས་པའི་རྗེས་ལ། དེའི་སྔོན་ནས་གནྡྷིའི་སྒེར་དྲུང་འདྲ་པོ་བྱས་ནས་མཉམ་དུ་ཕྱག་ལས་མུ་མཐུད་ནས་ཁོ་རང་དགོངས་པ་མ་རྫོགས་བར་དུ་གནང་མཁན་མཧཱ་དེ་ཝ་དེ་སཨཱི་(Mahadeva Desai)ཟེར་མཁན་སྐད་གྲགས་ཆེན་པོ་ཞིག་བྱུང་བ་རེད། མཧཱ་དེ་ཝ་དེ་སཨཱི་གཱཾདྷཱི་དང་མཉམ་དུ་སེ་ཝ་ཀ་རམ་ཨཱ་ཤ་རམ་དུ་བཞུགས་བསྡད་པའི་སྐབས་ལ་གུ་རུ་ར་བིའན྄དྲནཱཐཋེ་གོར་མཉམ་དུ་ཡོད་མཁན་ཤྲཱིལང་ཀཱའི་ཤེས་ཡོན་སློབ་སྦྱོང་གི་ལས་ཀ་བྱེད་མཁན། ངས་མིང་དང་པོ་དེ་བརྗེད་ཚར་འདུག །མིང་མཐའ་མ་དེ་ན་ཡ་ཀམ་ཟེར། དེ་དང་ཁོ་རང་གི་ལྕམ་གཉིས་ཀ་ལོན་ཏྲོན་དང་ཨོག་སེ་ཧཕོར་ཊི་ནས་པིའི་ཨའི་ཅུ་ཏྲི་ཐོན་པ་ཞིག་རེད། གུ་རུ་ར་བིའན་དྲ་ནཱ་ཐ་ཋེ་གོར་དང་མཉམ་དུ་ཕྱག་ལས་གནང་བསྡད་པའི་སྐབས་ལ། གཱཾདྷཱིས་ནག་པུར་གཡས་གཡོན་ལ་སློབ་གྲྭ་གསར་པ་དེ་འདྲ་འཛུགས་དགོས་ཀྱི་འདུག །སློབ་གྲྭ་ཡག་པོ་འཛུགས་དགོས་ཀྱི་འདུག །དེ་འདྲ་ཡིན་སྟབས། དེ་འདྲ་ཞིག་གནང་རོགས་ཞེས་ན་ཡ་ཀམ་ཁོང་ཚོ་མར་ཁྲིད་ཡོང་ནས་སློབ་གྲྭ་ཞིག་བཙུགས་པ་རེད། ཡིན་རྒྱུ་སྐབས་དེ་དུས་ཀྱི་རྒྱ་གར་གྱི་སློབ་གྲྭའི་ལམ་སྲོལ་དང་གཅིག་པ་ཡིན་པ་ལ་དེའི་ནང་ཏོག་ཙམ་ཚུལ་ཁྲིམས་དང་སྤྱོད་ལམ་དང་དེ་འདྲ་བསླབས་ཏེ་མི་འདྲ་བ་གཅིག་བཟོ་རྒྱུའི་ཐབས་ཤེས་བྱས་ནས་སློབ་གྲྭ་དེའི་སློབ་སྤྱི་དེ་ན་ཡ་ཀམ་ཡིན་པའི་སྐབས་དེར་རེད། མཧཱ་དེབ་དེ་སཱཨི་ཞེས་པ་དེའི་བུ་འབྲིང་བ་ནཱརཱཡན་དེ་སཱཨི་ཁོང་ད་ལྟའང་བཞུགས་ཡོད། ད་ལོ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་རེད། ནཱརཱ་ཡན་དེ་སཨཱི་དེ་དུས་ལོ་བཅུ་རེད། སློབ་སྦྱོང་ཡག་པོ་ཡོང་བའི་དོན་དུ་ར་བིའན྄དྲནཱཐཋེ་གོར་གྱི་ས་ནས་མར་ཁྲིད་ཡོང་བའི་ན་ཡ་ཀམ་གྱིས་སློབ་སྤྱི་བྱེད་སའི་སློབ་གྲྭ་དེའི་ནང་ལ་བཅུག་འདུག །སློབ་གྲྭར་ཉིན་མོ་གཉིས་ཕྱིན་ནས་ཚུར་ལོག་ཡོང་བའི་སྐབས་ལ་མཧཱ་དེབ་དེསཨཱི་འགྲམ་ལ་ནཱརཱཡན་དེ་སཨིས་ད་ང་སང་ཉིན་ནས་སློབ་གྲྭར་འགྲོ་གི་མིན། ཕ་གི་ལ་བྱབ་གང་ཡང་མི་འདུག་ཟེར། རྒྱ་གར་གྱི་སྐད་ལ་བྱས་ན་ཛི་ཏི་ཟེར་གྱི་རེད། ཁོ་རང་གིས་ཨུ་ཚུགས་བརྒྱབ་ནས་ད་ང་སློབ་གྲྭར་འགྲོ་གི་མིན་ཟེར་ལབ་འདུག །པ་ཕས་ཀྱང་སློབ་གྲྭར་གཏོང་རྒྱུའི་ཐབས་ཤེས་ཞེ་དྲག་བྱས་ཀྱང་རྩ་བ་ནས་འགྲོ་གི་མིན་ཞེས་བཤད་འདུག ཁོ་རང་གི་པ་ཕས་མཐའ་མ་ཁྱེད་རང་སློབ་གྲྭར་མ་ཕྱིན་ནའང་འགྲིག་གི་རེད། ཡིན་ནའང་སློབ་གྲྭར་འགྲོ་དང་མི་འགྲོ་བཱ་བཱུ་ལ་སྐད་ཆ་དྲིས་ན་འགྲིག་གི་མ་རེད་དམ་ཞེས་བཤད་འདུག །འདིའི་བཱ་བཱུ་ཟེར་བ་དེ་གཱཾདྷཱི་ལ་ཟེར་གྱི་ཡོད་པ་རེད། འགྲིག་གི་འདུག །ང་བཱ་བཱུ་ལ་སྐད་ཆ་འདྲི་གི་ཡིན་ཞེས་ནཱརཱཡན་དེ་སཱཨི་ཁོ་རང་གིས་གཱཾདྷཱྀ་ཇཱི་ལ་ཤོག་བུའི་སྒང་ལ་ང་སློབ་གྲྭར་ཉིན་མོ་གཉིས་ཕྱིན་པ་ཡིན། བྱབ་གང་ཡང་མཐོང་མ་སོང༌། ད་ང་སློབ་གྲྭར་དེར་འགྲོ་གི་མིན། མི་འགྲོ་བའི་རྒྱུ་མཚན་འདི་འདྲ་འདི་འདྲ་ཡིན། སློབ་གྲྭ་གཡུག་བཞག་གི་ཡིན་ཞེས་ཡི་གེ་རིང་པོ་ཞིག་བྲིས་ནས་མཧཱ་དེ་བིན་གྱི་ལག་པར་བསྐུར་འདུག །མཧཱ་དེ་བིན་གྱིས་ཡི་གེ་དེ་གཱཾདྷཱི་ལ་ཕུལ་བའི་སྐབས་ལ་གཱཾདྷིས་ལམ་སེང་ལན་དེ་ལ་ཚིག་གཅིག་རང་བེཊཱ་ཤཱབཱཤ་(Beta Shabash) ཟེར་བ་དེ་མ་གཏོགས་འགྲོ་དང་མི་འགྲོའི་སྐད་ཆ་གང་ཡང་གསུངས་མེད། བེཊཱ་ཤ་བཱཤ་ནི་ང་ཚོས་བྱས་ན། ལེགས་སོ་འགྲིག་འདུག་ཟེར་བ་རེད། ཚིག་དེ་བྲིས་ནས་གཱཾདྷཱྷིས་དེའི་སང་ཉིན་དེར་ཡི་གེ་དེ་མར་བཏང་ནས་ནཱརཱཡན་དེ་སཨི་དེ་ནས་སློབ་གྲྭར་ཕྱིན་ཡོད་པ་མ་རེད། ནཱརཱཡན་དེ་སཱཨི་སློབ་གྲྭར་མ་ཕྱིན་པ་ཡིན་སྟབས། ད་ལྟའི་སློབ་སྤྱི་དེས་གཱཾདྷཱི་ལ་ཡི་གེ་གཅིག་བྲིས་ནས། ཁྱེད་རང་གི་ནཱརཱཡན་དེ་སཱཨཱི་སློབ་གྲྭར་མ་ཕྱིན་པར་ཤ་བ་ཤིའི་ཞེས་ལབ་འདུག་ཀྱང༌། དེས་ཕྲུ་གུ་དེའི་མ་འོངས་པའི་མདུན་ལམ་ལ་རྩེད་མོ་རྩེས་པ་འདྲ་པོ་མ་རེད་དམ། ཁོ་སློབ་གྲྭར་མ་ཕྱིན་ན་ད་ག་རེ་བྱེད་ཀྱི་རེད་དམ། རྗེས་མ་གང་འདྲ་བྱས་ཏེ་སློབ་སྦྱོང་བྱེད་ཀྱི་རེད་དམ། ཞེ་དྲག་དཀའ་ལས་ཁག་པོ་ཆགས་ཀྱི་མ་རེད་དམ་ཞེས་གྷན་དྷི་ལ་ཁོ་རང་གི་རྒྱུ་མཚན་འདྲ་མང་པོ་བཀོད་ནས་ཡི་གེ་རིང་པོ་ཞིག་བྲིས་ཡོད་པ་རེད། དེ་བྲིས་པའི་སྐབས་ལ་གཱཾདྷཱི་ས་ཁྱེད་རང་གིས་ལབ་པ་དེར་ཡང་རྒྱུ་མཚན་ཡོད་པ་འདྲ་པོ་འདུག །ནཱརཱ་ཡན་གྱིས་ལབ་པ་དེ་ལ་ཡང་རྒྱུ་མཚན་ཡོད་པ་འདྲ་པོ་འདུག །ང་ཚོ་གསུམ་ཚོགས་འདུ་འཚོགས་དགོས་རེད། ནཱརཱཡན་ལ་ག་རེ་ལབ་རྒྱུ་ཡོད་པ་དེ་ཁོང་རང་ལ་ལབ་ཏུ་བཅུག ཁྱེད་རང་ག་རེ་ལབ་རྒྱུ་ཡོད་པ་ཁྱེད་རང་གིས་ལབ། ངས་དེའི་དཀྱིལ་ལ་བསྡད་ནས་ཡག་ཤོས་དེ་ག་རེ་ཡིན་མིན་གྲོས་བསྡུར་བྱེད་དོ་ཟེར། ནཱརཱཡན་ལོ་བཅུ་བྱས་པའི་ཕྲུ་གུ་ཆུང་ཆུང་ཞིག་རེད། གཅིག་པོ་དེ་པིའི་ཨེ་ཆུ་ཌི་ཐོན་པ། གཟུགས་པོ་ཡང་ཆེན་པོ་གཱཾདྷཱི་ལས་ཆེ་བ་ཞིག་ཡོད། དེ་ནས་རྟག་པར་ཉི་མ་གསུམ་བཞིའི་རིང་ལ་གཱཾདྷཱྷི་དང༌། ནཱརཱཡན། ན་ཡ་ཀམ་བཅས་ཁོང་ཚོ་གསུམ་དེ་དགོང་དྲོ་འཆམ་འཆམ་ལ་ཕེབས་པའི་སྐབས་ལ་གཱཾདྷཱིའི་ཕྱག་ཡ་གཅིག་ནཱརཱཡན་སྒང་ལ་བཞག །ཕྱག་ཡ་གཅིག་དེ་ན་ཡ་ཀམ་སྒང་ལ་བཞག ཁོང་ཚོ་གསུམ་དེ་འདྲ་བྱས་ཏེ་སེ་ཝཱ་ག་རམ་(Sevagram)གཡས་གཡོན་འཆམ་འཆམ་ལ་ཕེབས་ཀྱི་ཡོད་པ་རེད། དེ་ཕེབས་པའི་སྐབས་ལ་ན་ར་ཡན་གྱི་ཁྲིམས་རྩོད་པ་འདྲ་བོ་དེ་གཱཾདྷཱིས་རོགས་བྱས། ན་ཡ་ཀམ་ཁོང་གིས་ཁོ་རང་གི་དེ་བྱས་ཏེ་ཉི་མ་གསུམ་གྱི་རིང་ལ་ཁོང་རང་ཚོ་དེའི་ཐོག་ལ་ད་ལྟའི་ཤེས་ཡོན་གྱི་གནས་སྟངས་དང༌། དེ་ག་རེ་ཡིན་མིན་ཐོག་ལ་གྲོས་བསྡུར་བྱས་པའི་མཐའ་མ་དེ་ལ། ན་ཡ་ཀམ་གྱིས་ཀྱང་ན་ར་ཡན་སློབ་གྲྭར་མ་འགྲོ་གསུངས་པ་དེ་འགྲིག་འདུག་ཅེས་ལབ་དགོས་པ་ཞིག་དང༌། ལམ་སེང་ཁོང་རང་གིས་ཀྱང་ད་ལྟ་སློབ་སྤྱི་བྱེད་ས་དེ་ནས་དགོངས་པ་ཞུས་ཏེ་ན྄ཡ་ཏ་ལིམ་གྱི་ལམ་སྲོལ་བཟོ་རྒྱུའི་མི་དང་པོ་དེ་ཁོ་རང་རེད། ཁོང་ཚོས་ལས་ཀ་གཞི་ནས་བྱས་ཏེ་ང་ཚོས་ད་ལྟའི་འདི་ཉམས་གསོ་ཤ་སྟག་བྱས་ནས་འགྲོ་རྒྱུ་དེ་འགྲིག་གི་མི་འདུག །གཞི་རིམ་གྱི་འགྱུར་བ་གཅིག་བཏང་ན་མ་གཏོགས་འགྲིག་ཐབས་མི་འདུག །ཅེས་ནཨཱིཏཱལཱིམ་གྱི་འགོ་བཙུགས་སྟངས་འདྲ་པོ་དེ་འདྲ་བྱས་ཏེ་བཙུགས་པ་རེད།
ཁྱེད་རང་ཚོས་གོ་མྱོང་ཡོད་ཀྱི་རེད། ཌོག་ཊར་ཛ་ཀིར་ཧུ་སེན་(Dr.Zakir hussain)དང༌། ཀུམརཱབ། ན་ཡ་ཀམ་ལ་སོགས་པའི་མཁས་པ་མང་པོ་དེ་ཚོས་ལོ་ནས་ལོ་བསྟུད་ནས་ཉམས་ཞིབ་བྱས་ཏེ་ད་ལྟའི་ནཨཱིཏཱལཱིམ་ཟེར་བའི་གནས་ཚུལ་དེ་བྱུང་བ་རེད། ཡིན་ནའང་སྟབས་ཉེས་པ་གཅིག་ལ་གཱཾདྷཱི་དགོངས་པ་རྫོགས་ཏེ་རྒྱ་གར་རང་བཙན་བྱུང་བའི་རྗེས་ལ་གཞུང་གི་ངོས་ནས། སྤྱི་ཚོགས་ཀྱི་ངོས་ནས་ནཨཱིཏཱལཱིམ་ལག་ལེན་བསྟར་རྒྱུའི་ལས་ཀ་བྱེད་མཁན་བྱུང་ཡོད་པ་མ་རེད། དེ་འདྲ་བྱས་ཏེ་ལུས་ཏེ་ད་ལྟའི་གནས་སྐབས་ལའང་ལག་བསྟར་(Implementatioin)གྱི་ཆ་ཤས་དེ་ཡོད་པ་མ་རེད། གཱཾདྷཱི་དགོངས་པ་མ་རྫོགས་ཙམ་གྱི་སྐབས་ལ་གཱཾདྷཱིས་གཏམ་བཤད་གཅིག་གནང་ཡོད་པ་རེད། ག་རེ་གནང་ཡོད་དམ་ཟེར་ན། ནཨཱིཏཱལཱིམ་དེ་ངའི་མི་ཚེ་གཅིག་གི་ནང་གི་ཞབས་འདེགས་ཡག་ཤོས་དང༌། མཐའ་མ་དེ་ཡིན་གསུངས་ཡོད། (This is my last and the best contribution to the nation of India) ཞེས་རྒྱ་གར་མི་རིགས་སྤྱི་ཡོངས་ཀྱི་དོན་དུ་ངའི་ཞབས་ཞུ་ཡག་ཤོས་དེ་དང༌། ངའི་ཞབས་ཞུ་མཐའ་མ་དེ། ཤེས་ཡོན་གྱི་ལམ་སྲོལ་འདི་ཡིན་ཞེས་གཱཾདྷཱིའི་ཁ་ཆེམས་ཟེར་ནའང་འདྲ། དགོངས་པ་མ་རྫོགས་གོང་ཙམ་དུ་བཀའ་མོལ་གསུངས་པ་དེ་འདི་རེད། ཡིན་ནའང་སྟབས་ཉེས་པ་ཞིག་ལ་ངས་ད་གིན་གོང་དུ་ཞུས་པ་ནང་བཞིན་དེ་ལག་བསྟར་བྱེད་ཐུབ་མེད། ལག་བསྟར་བྱེད་མི་ཐུབ་པའི་རྒྱུ་མཚན་དེ་ག་རེ་ལ་ཐུག་པ་རེད་ཟེར་ན། ད་ལྟའི་འཇིག་རྟེན་ནང་དར་བཞིན་པའི་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་(Modern Civilization)དེ་ལ་ཐུག་བསྡད་ཡོད་པ་རེད།
གཱཾདྷཱིའི་ཤེས་ཡོན་གྱི་ལམ་སྲོལ་དང༌། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་གཉིས་པོ་དེ་ཏག་ཏག་ཁ་གཏད་ཞིག་རེད། ཁ་གཏད་བྱས་པ་ཙམ་དུ་མ་ཟད་པར་འདི་འདྲ་བྱས་ནས་འགྲོ་མ་ཐུབ་པའི་(ཕན་ཚུན་གདོང་ཐུག་བྱེད་ཁར་གཟུར་བའི་ཕྱག་བརྡ་གནང༌།)གདོང་ཐུག་རང་བྱས་པ་ཞིག་ཡིན་དུས། དེང་རབས་ཀྱི་མི་ཕལ་ཆེ་བས་དེ་ལ་དོ་སྣང་སྤྲད་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་ད་ལྟ་འཛམ་བུ་གླིང་གི་གནས་སྟངས་དང༌། ད་ལྟ་རྒྱ་གར་གྱི་གནས་སྟངས་ག་རེ་ཡིན་མིན་དེ་ང་ཚོའི་མདུན་ལ་ཡོད་བཞིན་པ་ཞིག་རེད། ངས་ནཨཱིཏཱལཱིམ་གྱི་བྱུང་རབས་དེ། སྒྲུང་དེ་ཞིབ་ཚགས་པོ་བྱས་ནས་ཁྱེད་རང་ཚོར་བཤད་དོན་ག་རེ་རེད་ཟེར་ན། ང་ཚོའི་ཤེས་ཡོན་གྱི་སྲིད་བྱུས་དེའི་ནང་ལ་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ཕ་གི་ནས་ཚུར་བླངས་ཡོད་པ་རེད། བསམ་ཚུལ་དང་ལྟ་གྲུབ་ཀྱི་གཞི་རྩ་མང་པོ་ཞིག་ཕ་གི་ནས་ཚུར་བླངས་ཡོད་པ་ཡིན་སྟབས་དེའི་བྱུང་སྟངས་གང་འདྲ་ཡྀན་པ་དེ་ཁྱེད་རང་ཚོས་མཁྱེན་དགོས་པ་ཞིག་རེད།
དེ་ནས་དོན་དག་ལྔ་པ་དེར་མང་པོ་ལབ་དགོས་པ་མི་འདུག །ཤེས་ཡོན་གྱི་སྲིད་བྱུས་ཁྱེད་རང་ཚོའི་མདུན་ལ་ཡོད་པ་རེད། ཡིག་ཐོག་ལ་ཡོད་པ་རེད། དེ་ཀློག་ན་མཁྱེན་རྒྱུ་ཞིག་རེད། ཡིན་ནའང་ངས་དེ་རིང་སྡོམ་བརྒྱབ་ནས་ཞུ་རྒྱུ་ཞིག་ལ་དེ་ཀློག་པའི་སྐབས་ལ་སྤྱིར་བཏང་དབྱིན་ཇིའི་ལབ་སྟངས་འདྲ་པོ་རེད། ཡིན་ནའང་དེ་འགྲིག་གི་འདུག ཁྱེད་རང་ཚོས་ཡི་གེའི་ཡིག་ཕྲེང་རྐྱང་རྐྱང་མ་ཀློག་པར་ཡིག་ཕྲེང་བར་གྱི་སྟོང་པ་དེ་ཚོ་ཡིན་གཅིག་མིན་གཅིག་དོ་ནན་པོ་བྱས་ནས་ཀློག་དགོས་རེད། Between the line ནང་ག་རེ་འདུག །ང་ཚོ་བོད་པའི་ལབ་སྟངས་བྱས་ན་མཐའ་དྲུག་ཚུལ་བཞིའི་སྒོ་ནས་དངོས་བསྟན་ག་རེ་རེད། ཤུགས་བསྟན་ག་རེ་རེད། དོན་གྱིས་འཕངས་པ་ག་རེ་རེད། ཚིག་ཁོ་རང་གི་ཚིག་ཟིན་ལ་ག་རཻ་ལབ་ཀྱི་འདུག །དེའི་ཤུགས་ལ་ག་རེ་བསྟན་གྱི་འདུག །དེའི་དོན་གྱིས་འཕངས་པ་ག་རེ་འདུག་དེ་ཚོ་ཆ་ཚང་གཅིག་གཟིགས་པ་ཡིན་ན། གཞི་ནས་ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་དེ་གསལ་པོ་བྱས་ནས་མཁྱེན་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན།
ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དེ་ཞིབ་ཚགས་པོ་བྱས་ནས་གཏན་ལ་ཕབ་པ་རེད། ད་ལྟ་ངས་གོང་དུ་ཞུས་པའི་རྒྱ་གར་གྱི་གཱཾདྷཱིའི་རྗེས་འབྲངས་མཁས་པ་མང་པོ་དང་གོ་བསྡུར་བྱས་པ་རེད། ད་ལྟ་བོད་པའི་ཤེས་ཡོན་གྱི་ནང་ལ་ཕྱག་ལས་གནང་བཞིན་པའི་དགེ་རྒན་དང་སློབ་སྤྱི་ལ་སོགས་པ་དྲག་པ་ཚང་མ་ལ་གོ་བསྡུར་ཞུས་པ་རེད། དེ་ནས་ནུབ་ཕྱོགས་པའི་མཁས་པ་མང་པོ་དང་གོ་བསྡུས་ཞུས་པ་རེད། དེར་བརྟེན་ང་ཚོ་མི་མང་པོ་ཞིག་དང་མཉམ་དུ་གོ་བསྡུར་ཞུས་ནས་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཟིན་བྲིས་ཤིག་རེད་མ་གཏོགས། མི་གཅིག་གཉིས་ཀྱིས་རལ་གྲི་གནམ་གཡུགས་བྱས་ནས་བྲིས་བཞག་པའི་ཟིན་བྲིས་ཤིག་ཆགས་ཀྱི་ཡོད་པ་མ་རེད། དེ་ཡིན་གཅིག་མིན་གཅིག་མཁྱེན་དགོས་པ་ཞིག་རེད། མཐའ་མ་དེ་ལ་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་རེད། གྲོས་ཚོགས་ནང་ལ་བགྲོ་གླེང་གང་འདྲ་བྱུང་འདུག །དེ་ཚོ་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་ལ་འཁོད་ཡོད་པ་རེད། དེ་ཡང་ཁྱེད་རང་ཚོས་མཁྱེན་དགོས་པ་ཞིག་རེད། གྲོས་ཚོགས་ནང་ལ་རྒྱབ་སྐྱོར་གྱི་སྐད་ཆ་ག་རེ་བྱུང་འདུག །འགལ་ཟླའི་བཀའ་མོལ་ག་རེ་བྱུང་འདུག །གྲོས་ཚོགས་ཀྱི་བགྲོ་གླེང་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་རེད། གྲོས་ཚོགས་ཀྱི་ཚོགས་ཆུང་དུ་བགོས་པའི་ཚོགས་ཆུང་གི་དགོངས་འཆར་དེ་ཚོ་ཡང་གཟིགས་དགོས་པ་རེད། དེ་ཚོ་ཚང་མའི་རྗེས་ལ་གྲོས་ཚོགས་ཀྱིས་སྣོན་འཕྲི་སྤོ་གཅོག་གནང་དགོས་པ་ཆ་ཚང་གནང་ནས་ད་ལྟའི་ཁྱེད་རང་ཚོའི་ཕྱག་ལ་ཡོད་པའི་ཤེས་ཡོན་སྲིད་བྱུས་འདི། མང་གཙོའི་ལམ་སྲོལ་དང་མཐུན་པ་བྱས་ནས། མི་མང་པོ་ཞིག་གི་དགོངས་འཆར་ཕྱོགས་མཐུན་བྱས་ནས་སླེབས་པའི་ཤེས་ཡོན་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་ཟླ་བ་གསུམ་ཟུར་དུ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་ལྟེ་བ་དེ་ཤེས་ཡོན་སྲིད་བྱུས་འདི་ལ་ཐུག་གི་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་དེའི་དོན་དག་ཆ་ཚང་གཅིག་ཁྱེད་རང་ཚོས་མཁྱེན་པ་ཡིན་ན། ཁྱེད་རང་ཚོས་སློབ་སྦྱོང་བྱེད་དགོས་པའི་སློབ་ཚན་དེ་ག་རེ་རེད་འདུག །དེའི་ཐོག་ནས་ངོ་འཕྲོད་རྒྱུ་ཞིག་རེད་མ་གཏོགས། ཁྱེད་ཚོར་འདི་བསླབ་དགོས་རེད། འདི་བསླབ་དགོས་མ་རེད་ཅེས་ཕྱི་ལོགས་ནས་ལབ་ཐུབ་པ་ཞིག་མ་རེད།
ཁྱེད་རང་ཚོ་ཚང་མས་ཤེས་ཡོན་སྲིད་བྱུས་ལྗགས་ཀློག་གནང་ཡོད་ཀྱི་རེད། ལྗགས་ཀློག་གནང་བ་དེའི་ཐོག་ནས་སོ་སོའི་ཁམས་དང་བསམ་པ་དང་དབང་པོ་དང་བག་ལ་ཉལ་ཇི་ལྟ་བ་བཞྀན་དུ་དགོངས་ཚུལ་ག་རེ་ཡོད་པ་དེ་བགྲོ་གླེང་གནང་དགོས་རེད། བར་ལམ་བཀའ་ཤག་བྲེལ་བ་ཚ་པོ་ཞེ་དྲག་བྱས་ཙང་ཁྱེད་རང་ཚོའི་སློབ་ཚན་དེ་གྲ་སྒྲིག་བྱེད་རྒྱུར་ཆ་ཤས་ཆ་ཚང་ལེན་ཐུབ་མ་སོང༌། ཡིན་ནའང་ཤེས་རིག་ལས་ཁུངས་ནས་ཡག་ཐག་ཆོད་གནང་བཞག །ཡིན་ནའང་ཟླ་བ་མཐའ་མ་དེའི་ནང་རྒྱ་གར་གྱི་ནང་ནས་ང་ཚོས་མཁས་པ་གདན་འདྲེན་ཞུ་རྒྱུའི་གྲས་ལ་ད་ལྟ་ཡོད་པ་ཙམ་མ་ཟད། ད་དུང་ཁ་ཤས་ཤིག་ཁ་སྣོན་བརྒྱབ་རྒྱུ་དང་དེ་ཚོ་དང་མཉམ་དུ་ཁྱེད་རང་ཚོ་གཏིང་ཟབ་པོའི་བགྲོ་གླེང་བྱེད་རྒྱུ། ཚང་མས་ཉན་རྐྱང་བྱས་ནས་དེ་ག་རང་ཡིན་པ་རེད་བསམ་ནས་ཆ་མ་བཞག་པར་ད་གིན་ངས་གོང་དུ་ཞུས་པ་ནང་བཞིན་རེད། རྒྱ་གར་གྱི་མཁས་པ་དང་མཉམ་དུ་ཁྱེད་རང་ཚོ་སློབ་སྦྱོང་བྱེད་པའི་སྐབས་ལ་ཡང་དྲི་བ་དྲི་ལན་དང༌། བགྲོ་གླེང་དང༌། རང་གི་བསམ་ཚུལ་གང་ཡོད་པ་དེ་གསལ་པོ་བྱས་ནས་འདོན་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། ཟླ་བ་གསུམ་སློབ་སྦྱོང་བྱས་པའི་རྗེས་ལ་ཁྱེད་ཚོའི་ནང་ནས་མང་ཆེ་བ་ཞིག་གིས་ང་ཚོས་གཏན་ལ་ཕབ་པའི་ཤེས་ཡོན་སློབ་སྦྱོང་དེ་འགྲིག་གི་མི་འདུག །ང་ཚོ་དེའི་ནང་ལས་ཀ་བྱེད་ཀྱི་མིན་ལབ་ནའང་ང་ཚོ་ལ་འགྱོད་པ་རྩ་བ་ནས་མེད། དེ་ང་ཚོས་ཁྱེད་རང་ཚོའི་ཐོག་ལ་བཙན་དབང་གི་ཐོག་ནས་བཀོལ་རྒྱུ་ཞིག་མ་རེད། མི་རང་རང་སོ་སོའི་བསམ་བློའི་རྣམ་དཔྱོད་ཀྱི་ཐོག་ནས་དབྱེ་བ་འབྱེད་དགོས་པ་ཞིག་རེད། མི་བཅུ་བདུན་གྱིས་བཅུ་བདུན་ང་ཚོ་འདིའི་འོག་ལ་འགྲོ་གི་མིན་ཞེས་ལབ་པ་ཡིན་ནའང་ངས་དེ་ཞེ་དྲག་འདྲོགས་དགོས་པ་དང༌། འཐུས་ཤོར་ཞེད་པོ་གཅིག་ཕྱིན་པ་རེད་བསམ་པ་དྲན་གྱི་མེད། དེའི་རང་དབང་དེ་ཆ་ཚང་གཅིག་ངེས་པར་དུ་ཁྱེད་རང་ཚོར་ཡོད་དགོས་པ་ཞིག་རེད། ཡང་དེ་འགྲིག་ད་འགྲིག་གི་འདུག་སྟེ། འདིའི་ནང་ལ་འགྱུར་བ་འདི་འདྲ་འདི་འདྲ་གཏོང་དགོས་ཀྱི་འདུག་དགོངས་མཁན་ཡོད་པ་ཡིན་ནའང་དེ་ངེས་པར་དུ་ང་ཚོས་ཉན་གྱི་རེད། བསམ་བློ་གཏང་གི་རེད། བགྲོ་གླེང་བྱེད་དགོས་པ་ཞིག་རེད། ག་དུས་ཡིན་ནའང་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་དེ་ཡོད་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད།
ད་འདི་འགྲིག་གི་འདུག །འདིའི་ཐོག་ལ་ང་ཚོས་ལས་ཀ་བྱེད་ཀྱི་ཡིན་དགོངས་མཁན་ཞིག་ཡིན་ན། དེ་དཀའ་ལས་ཁག་ཤོས་དེ་རེད། མང་པོ་ཞིག་བློས་གཏོང་དགོས་ཀྱི་རེད། མི་ཚེ་ཁོ་རང་འདིའི་ཐོག་ལ་བློས་བཏང་བྱེད་ཐུབ་པ་ཞིག་མ་བྱུང་བ་ཡིན་ན། ལོ་ཁ་ཤས་ཤིག་འདིའི་ནང་ལས་ཀ་བྱས། དེ་ནས་ཡང་ག་ལེ་ག་ལེར་མི་ཚེ་དེ་གཞན་དག་ཅིག་བསྐྱལ་བ་ཡིན་ན་དེ་ཚད་ལྡན་ཞིག་ཡོང་གི་མ་རེད། དེར་བརྟེན་ཁྱེད་རང་ཚོ་ཕར་མེད་ཚུར་མེད་པ་གཅིག་ལ་མ་བཞུགས་པར་ཐག་ཆོད་པོ་ཞིག་ཟླ་བ་གསུམ་སློབ་སྦྱོང་བྱས་པའི་རྗེས་ལ་འདི་ཡག་པོ་འདུག་དགོངས་པ་ཡིན་ན། སོ་སོའི་མི་ཚེའི་ཆ་ཤས་མང་ཤོས་ཤིག་འདིའི་ཐོག་ལ་བཏང་ནས། སྔོན་ལ་རང་གི་མི་ཚེའི་ནང་ལ་ཉམས་ལེན་བྱེད་ཐུབ་པ་ཞིག་དང༌། དེ་ནས་སློབ་སྦྱོང་ཕར་སྤྲོད་ཐུབ་པ་ཞིག་གནང་རོགས།
ཤེས་ཡོན་སློབ་སྦྱོང་གསར་པའི་ནང་དོན་ཧྲིལ་པོ་འདྲ་པོ་གཅིག་ག་རེ་ཡོད་པ་རེད་དམ་ཟེར་ན། དགེ་རྒན་གྱི་མི་ཚེའི་ནང་ལ་སྲིད་བྱུས་དེའི་དོན་དག་དེ་ཉམས་ལེན་བྱེད་མ་ཐུབ་པ་ཡིན་ན། ལན་ཙམ་སྤྲོད་པ་དེས་ནུས་པ་ཐོན་པ་ཁག་པོ་ཞེ་དྲག་རེད། དེའི་ནང་ལ་འདི་འདྲ་བྲིས་ཡོད་པ་རེད། འདི་འདྲ་རེད་ཅེས་སོ་སོས་ཉམས་ལེན་བྱེད་མི་དགོས་པ་བྱས་ནས་དེབ་ནང་ཡོད་པ་དང༌། མི་གཞན་གྱིས་བཤད་བཞག་པ་དེ་སློབ་ཕྲུག་ཚོ་ལ་མར་ལན་སྐྱེལ་མཁན་དེ་འདྲའི་ལས་ཀ་བྱེད་རྒྱུའི་བསམ་བློ་བཏང་བ་ཡིན་ན། ནུས་པ་ཐོན་གྱི་མ་རེད། སློབ་ཕྲུག་གི་སེམས་ནང་འཛུལ་གྱི་མ་རེད། དེ་ངས་འཛེམས་ཟོན་མེད་པའི་ཐོག་ནས་ཉི་མ་དང་པོ་འདི་རང་ནས་གསལ་པོ་བྱས་ནས་ཞུ་དགོས་བསམས་བྱུང༌།
རང་དབང་གི་རྣམ་དཔྱོད་ཐོག་ནས་ཚང་མས་བརྟག་དཔྱད་གནང༌། ཟླ་བ་གསུམ་གོ་སྐབས་ཐུང་ཐུང་གང་ཡང་མ་རེད། བརྟག་དཔྱད་གནང་རྒྱུའི་གོ་སྐབས་ཆ་ཚང་ཡོད་པ་རེད། སློབ་སྦྱོང་ཆ་ཚང་བྱས། མགོ་མ་འཚོས་པ་དང༌། དོགས་པ་མ་ཆོད་པ་འདུག་ན་ག་དུས་ཡིན་ནའང་གཞན་དག་ལ་དྲིས་གནང༌། བགྲོ་གླེང་གནང༌། ང་ཚོ་ཡང་ཡང་བཅར་གྱི་ཡིན། ང་ཚོ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཡོང་གི་རེད། ཁྱེད་རང་ཚོ་ཟླ་བ་གསུམ་གྱི་དུས་ཚོད་དེ་ཆུད་ཟོས་སུ་མ་ཕྱིན་པ་གཅིག་དང༌། མཐའ་མ་ཐག་གཅོད་གང་འདྲ་ཞིག་ལ་འགྲོ་གི་ཡོད་མེད་ལ་མ་བལྟོས་པའི། གང་ལྟར་རྣམ་དཔྱོད་ཀྱི་རྩལ་ཆ་ཚང་འདོན་ཐུབ་པ་གཅིག་གནང་རོགས་གནང་ཟེར་ནས་ངས་མཐའ་དོན་ཞུ་རྒྱུ་དེ་ཡིན། ཐུགས་རྗེ་ཆེ།། །།