སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན།

གཡུང་དྲུང་བོན་གྱི་བསྟན་པ་འཕེལ་འགྲིབ་དང་འབྲེལ་བའི་ལོ་ཚིགས་རགས་བསྡུས།

༄༅། །བོད་གངས་ལྗོངས་ཆོས་རིག་ཐམས་ཅད་ཀྱི་ཐོག་མའམ་གཞི་རྩ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་བསྟན་པའི་མངའ་བདག་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཕྱི་ལོའི་སྔོན་(B.C༡༦༠༡༧)ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་ལོར་སྐུ་འཁྲུངས་ཤིང་འཛམ་གླིང་འདིར་འགྲོ་དོན་མཐར་ཕྱིན་ནས་ཕྱི་ལོའི་སྔོན་(B.C ༧༨༡༧) ཆུ་ཡོས་ལོར་སྐུ་མི་རྟག་མྱ་ངན་ལས་འདས། ཁོང་གི་རྗེས་འཛིན་མཆོག་གྱུར་རྣམས་ཀྱིས་བསྟན་པ་འདི་ཉིད་རིམ་བཞིན་རྟག་གཟིགས་ཞང་བོད་སོགས་འཛམ་གླིང་ཕྱོགས་མཐའ་གང་སར་ཁྱབ་སྤེལ་གནང༌། ལྷག་ཏུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙད་པོ་བོད་ཀྱི་རྒྱལ་སར་བཀོད་(B.C༡༡༣༦) ༼ཤིང་བྱི།༽པ་ནས་བོད་རྒྱལ་བརྒྱད་པ་གྲི་གུམ་བཙད་པོའི་(B.C༧༡༠) ༼ལྕགས་རྟར་འཁྲུངས།༽བར་བོད་གངས་ཅན་ལྗོངས་སུ་གཡུང་དྲུང་བོན་གྱི་བསྟན་པ་ཤིན་ཏུ་འཕེལ་ཞིང་རྒྱས་པ་དང་འདུས་ཚོགས་རྒྱ་ཆེ་ལ་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་ཁག་ལ་འཆད་རྩོད་དང་ཉམས་རྟོགས་ཕུལ་དུ་ཕྱིན་པའི་བོན་གཤེན་རྣམས་སྙན་གྲགས་ཆེ་བ་སོགས་ཀྱིས་རྒྱལ་གཤེན་བསྟན་པ་མཉམ་ཆགས་བྱུང་ནའང༌། གྲི་གུམ་གྱི་སྐུ་ཚེའི་སྨད་ལ་བོད་དབུས་གཙང་གི་ཁུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་ཤིང་བོན་གཤེན་རྣམས་མཐའ་རུ་བཀར་བ་སོགས་བྱུང་སྐབས་ཕྱི་ལོའི་སྔོན་(B.C ༦༨༣) མེ་བྱ་ལོ་ནས་བོན་སྡེ་ཁག་གཅིག་ཟབ་གཏེར་དུ་སྦས་འགོ་ཚུགས། (B.C་ ༦༨༠)ལྕགས་བྱི་ལོར་གྲི་གུམ་བཙད་པོ་བློན་ལོ་ངམ་རྟ་རྫིས་བཀྲོངས། (B.C་༦༦༧)ཆུ་གླང་ལོར་གྲི་གུམ་གྱི་སྲས་སྤུ་ལྡེ་གུང་རྒྱལ་གྱིས་བོད་ཀྱི་རྒྱལ་ས་བཟུང་ཞིང་གཡུང་དྲུང་བོན་གྱི་བསྟན་པ་ཉམས་གསོ་མཛད་དེ་སྔར་མེས་པོ་རྣམས་ཀྱི་སྐུ་དུས་བཞིན་རྒྱལ་གཤེན་བསྟན་པ་མཉམ་ཆགས་བྱུང༌། བོད་རྒྱལ་སུམ་ཅུ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་(A.D ༧༡༨)༼ས་རྟར་འཁྲུངས།༽གྱིས་ཚེ་སྟོད་གཡུང་དྲུང་བོན་ལ་སྤྱད་ཀྱང་ཚེ་སྨད་སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་སོགས་རྒྱ་གར་ནས་གདན་དྲངས་ཏེ་དམ་པའི་ཆོས་ལ་སྤྱད་ནས་གཡུང་དྲུང་བོན་ལ་མཆོག་ཏུ་གཅེས་པའི་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་སྐུ་བཀྲོངས་ཤིང་ཞང་ཞུང་མངའ་འོག་ཏུ་བསྡུས། བོད་ཀྱི་རྒྱལ་ཁམས་ཡོངས་སུ་བོན་བསྟན་ལ་སྔར་གྲགས་མ་མྱོང་བའི་གྱོང་གུད་ཐེབས་པ་དང་གཤེན་པོ་རྣམས་ཀྱིས་ཐབས་ཇུས་སྣ་ཚོགས་བཏོན་ཏེ་བོན་སྡེ་ཇི་སྙེད་ཅིག་བོད་ཡུལ་སྟོད་སྨད་ཀྱི་ས་ཕྱོགས་གང་སར་ཟབ་གཏེར་(A.D ༧༤༩)༼ས་གླང༌།༽དུ་སྦས་གནང་མཛད།
དུས་ཕྱིས་(A.D༩༡༣)ཆུ་བྱ་ལོར་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་བོན་གཏེར་ཐོག་མར་བཞེས་པ་དང༌། སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་(A.D༩༩༦ -༡༠༣༥)འབྲིག་མཚམས་མཐའ་དཀར་ནས་(A.D ༡༠༡༧)མེ་སྦྲུལ་ལོར་ཟབ་གཏེར་བཞེས་པ་སོགས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་ཕྱི་དར་གྱི་དབུ་བརྙེས་ནས་བོད་ཁམས་སྟོད་སྨད་གང་སར་བྲུ་ཞུ་སྤ་རྨེའུ་གཤེན་ལྔས་གཙོས་པའི་བོན་གྱི་དགོན་སྡེ་ཤིན་ཏུ་གྲངས་མང་ལ་འདུས་སྡེ་དར་ཞིང་རྒྱས་པ་བྱུང་ཡོད། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་སློབ་བུ་མཆོག་གྱུར་བླ་མ་བྲུ་ཆེན་ནམ་མཁའ་གཡུང་དྲུང་(A.D ༩༩༤-༡༠༥༤)མཆོག་གིས་(A.D ༡༠༣༦)མེ་བྱི་ལོར་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལ་བཀའ་འགྲེལ་བཏབ་ཅིང༌། ཁོང་གི་སྲས་བྲུ་རྗེ་གཡུང་དྲུང་བླ་མས་(A.D༡༠༤༠)་ ༼བྲུ་བདག་ཉིད་རྗེ་བཙུན།༽ བོད་རབ་བྱུང་དང་པོའི་ཆུ་བྱི་ལོར་(A.D ༡༠༧༢)དཔལ་ལྡན་གཡས་རུ་དབེན་ས་ཁ་ཡི་དགོན་སྡེ་ཕྱག་བཏབ་ནས་འཆད་རྩོད་ཀྱི་འདུས་ཚོགས་རྒྱ་ཆེར་དར་འགོ་ཚུགས་པ་དང་བོན་པོ་ཀུན་གྱིས་བརྩི་མཐོང་ཆེ་ཞིང་གྲགས་སྙན་རབ་ཏུ་འབར་བའི་བོན་གྱི་མ་དགོན་ཞིག་ཏུ་གྱུར་ཡོད་ནའང་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ (A.D༡༣༥༦ – ༡༤༡༥)མཆོག་གིས་གཡས་རུ་དབེན་ས་ཁའི་མཁན་པོ་གནང་རིང་འབྱུང་འཁྲུག་གིས་འཇིག་པའི་ཤུལ་ད་ལྟ་ཡང་གསལ་པོར་མཇལ་ཐུབ། དེ་རྗེས་(A.D ༡༤༠༥)ཤིང་བྱ་ལོར་རྒྱལ་བ་མཉམ་མེད་ཆེན་པོ་མཆོག་གིས་བོན་གྱི་གདན་ས་གོང་མ་བཀྲ་ཤིས་སྨན་རིའི་གླིང་ཕྱག་བཏབ་ཅིང་སྔར་གྱི་དབེན་ས་ཁའི་སྲོལ་རྒྱུན་བསྐྱངས་ཏཻ་ (A.D ༡༩༥༩)བོད་ས་ཕག་ལོའི་བར་སྨན་རིའི་ཁྲི་འཛིན་སུམ་ཅུ་སོ་གཉིས་ཀྱི་རིང་བོན་གྱི་རྩ་བའི་གྲྭ་ས་རུ་གྱུར་ནས་མདོ་སྔགས་ཟུང་འབྲེལ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཁུངས་བཙུན་ལ་གཞི་རྒྱ་ཆེ་བའི་དར་རྒྱས་བྱུང་ཡོད།
བོད་དུ་དུས་འགྱུར་བྱུང་སྐབས་བོད་ས་སྟོད་སྨད་གང་དུའང་བོན་གྱི་དགོན་སྡེ་རྩ་གཏོར་མ་བཏང་བ་གཅིག་ཀྱང་ལྷག་མྱོང་མེད།  ༡༩༥༩ ས་ཕག་ལོར་བོན་གྱི་གདན་ས་གོང་མ་སྨན་རིའི་ཁྲི་འཛིན་སོ་གཉིས་པ་སྐྱབས་རྗེ་ཤེས་རབ་བློ་གྲོས་(༡༩༣༥-༡༩༦༢)རིན་པོ་ཆེ་མཆོག་དང་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས་བཅུ་པ་ཤེས་རབ་བསྟན་པའི་རྒྱལ་མཚན་(༡༩༡༢-༡༩༦༩)རིན་པོ་ཆེ། སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་(༡༩༡༢-༡༩༧༨)རིན་པོ་ཆེ། སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་(༡༩༢༦- )རིན་པོ་ཆེ་སོགས་ཀྱིས་གཙོས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་ཁག་གཅིག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཤིང༌། དེའི་ནང་ནས་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་དགེ་བཤེས་སངས་རྒྱས་བསྟན་འཛིན།(༡༩༢༩- )༼ད་ལྟའི་ཁྲི་འཛིན་སོ་གསུམ་པ་མཆོག༽(S.TJONGDONG)དགེ་བཤེས་བསམ་གཏན་རྒྱལ་མཚན་༡༩༩༥ ནས་ ༢༠༠༠ ལོའི་བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ།བཅས་༡༩༦༡ལོར་དབྱིན་ལན་དུ་བོན་གྱི་རྒྱལ་རབས་དང་ཆོས་རིག་གི་དགེ་རྒན་དུ་ཕེབས་ཤིང་ཞོར་དུ་ཕྱི་རྒྱལ་གྱི་སྐད་ཡིག་ཀྱང་སྦྱངས་པར་མཛད། ༡༩༦༢ ལོར་སྨན་རིའི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་མཆོག་རྒྱ་གར་བྱང་ཕྱོགས་མ་ནཱ་ལིའ་རུ་དགོངས་པ་རྫོགས། དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ ༡༩༦༤ ལོར་རྒྱ་གར་ལ་ཕྱིར་ཕེབས་ཤིང་མ་ནཱ་ལིའ་དང༌། དེཧ་རཱ་དུན་བཅས་སུ་བོན་གྱི་གཞིས་ས་ཞིག་ཐོབ་རེའི་སྐུ་ངལ་རྒྱ་ཆེར་གནང་ཡང་རེ་འབྲས་མ་སོན། མཐར་སོ་ལན་གྱི་ཉེ་འགྲམ་སིར་མོར་ཁོངས་གཏོགས་འདོ་ལན་ཇི་ནས་རྒྱ་གར་གྱི་ཁྲིམས་མཐུན་དེབ་སྐྱེལ་འོག་ས་ཉོས་གནང་སྟེ། ༡༩༦༧ ལོར་བོན་གཞིས་ཐོབ་རྒྱལ་གསར་པ་གསར་འཛུགས་གནང་ནས་ཁ་འཐོར་བོན་གྱི་བླ་སྤྲུལ་དང་མི་མང་རྣམས་བསྡུ་རུག་གིས་བོན་འབངས་རྣམས་ལའང་འཁོར་ས་བརྟེན་ས་ཞིག་ཡོད་པར་གྱུར།
༡༩༦༨ ལོར་སྔར་སྲོལ་སྨན་རིའི་ལུགས་བཟང་ལྟར་དགེ་བཤེས་སངས་རྒྱས་བསྟན་འཛིན་(S.T JONGDONG)མཆོག་སྨན་རིའི་ཁྲི་འཛིན་སོ་གསུམ་པར་གསར་བསྐོས་གནང་ཞིང་མཚན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ཞེས་གསོལ། ༡༩༦༩ ལོ་ནས་བཟུང་དཔལ་གཤེན་བསྟན་སྨན་རིའི་གླིང་དབུ་འཛུགས་གནང་སྟེ་རིམ་བཞིན་སྔར་སྲོལ་རྒྱུན་འཛིན་གྱི་འཆད་ཉན་གནང་བས་མ་ཚད་ལྷག་ཏུ་ ༡༩༧༨ ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་ཉིན་རེའི་སྒྲིག་སྲོལ་རྣམས་གཏན་ལ་ཕབ་ཅིང་ཕྱག་བསྟར་གནང་བའི་འབྲས་བུར་ ༡༩༨༦ ལོར་སྐབས་དང་པོའི་རབ་འབྱམས་དགེ་བཤེས་ཀྱི་མཛད་སྒོ་ཚུགས་པ་ནས་ད་ལྟ་ ༢༠༠༢ བར་དགེ་བཤེས་མཛད་སྒོ་ཐེངས་བཅུ་གཅིག་རིང་ཁྱོན་དགེ་བཤེས་དྲུག་ཅུ་མ་ཟིན་ཙམ་ལ་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ྋགོང་ས་ྋརྒྱལ་བའི་དབང་པོ་མཆོག་གི་སྐུ་ཚབ་ཆོས་རིག་ལས་ཁུངས་ཀྱི་ཕྱག་རྟགས་འབྱར་མའི་བོན་གྱི་དགེ་བཤེས་ཀྱི་ཕྱག་འཁྱེར་ཐོབ་པ་བྱུང་ཡོད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་གནང་ཕྱོགས་ལ་ྋགོང་ས་དོན་གྱི་བདག་པོ་མཆོག་ ༡༩༨༨ ལོར་བོན་གཞིས་སུ་ཆིབས་བསྒྱུར་བསྐྱངས་སྐབས་བཅོས་མིན་གྱི་བསྔགས་བརྗོད་གནང་བས་མ་ཚད་གཞན་ལའང་སློབ་གཉེར་གནང་ཕྱོགས་ཐད་བོན་པོ་ཚང་ལ་མིག་དཔེ་བལྟ་དགོས་པའི་བསྐུལ་མ་ཡང་གནང་མྱོང་ཡོད།
ཡང་ ༡༩༨༧ ལོ་ནས་བཟུང་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེས་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་གནས་ཆེན་གླང་རུ་ལུང་བསྟན་གྱི་ཞོལ་དུ་བོན་དགོན་ཁྲི་བརྟན་ནོར་བུའི་རྩེ་གསར་བཞེངས་གནང་ཞིང་སློབ་གཉེར་གྱི་སྒྲིག་འཆར་སོགས་སྨན་རིའི་བཤད་སྒྲུབ་འདུས་སྡེ་དང་དབྱེར་མེད་པ་ཞིག་བསྐྱངས་བའི་ཉེར་འབྲས་ཀྱིས་ ༢༠༠༡ ལོར་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཀྱིས་སྐབས་དང་པོའི་དགེ་བཤེས་དྲུག་ཐོན་པ་རྣམས་དང༌། ༢༠༠༣ ལོར་སྐབས་གཉིས་པའི་དགེ་བཤེས་དྲུག་བཅས་ཀྱི་ཕྱག་འཁྱེར་ཁག་ལ་སྨན་རིའི་མཁན་སློབ་ཟུང་དང་རང་གཞུང་ཆོས་རིག་ལས་ཁུངས་བཅས་ནས་རྒྱབ་གཉེར་སྩལ་གནང་ཡོད། རྒྱ་གར་དུ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་བལ་ཡུལ་དུ་ཁྲི་བརྟན་ནོར་བུའི་རྩེ་བཅས་སུ་བོན་གྱི་དགེ་བཤེས་བཏང་བའི་སྲོལ་བཙུགས་གནང་བ་ནི་ཁུལ་དེ་རྣམས་སུ་མི་ལོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ནང་གྲགས་མ་མྱོང་བའི་མཛད་རྗེས་འབུར་དུ་ཐོན་པ་ཞིག་ཡིན།
མདོར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང༌། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང༌། སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་རླབས་ཆེའི་མཛད་འཕྲིན་ཉག་གཅིག་ལ་བརྟེན་ནས་དེང་འཛམ་གླིང་ཤར་ནུབ་གང་དུ་ཡང་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱ་ཡུལ་གྱི་བསྟི་གནས་གོང་སྨྲོས་རྒྱ་བལ་ཁུལ་གྱི་དགོན་སྡེ་གཉིས་ལས་ལྷག་པ་ཞིག་མེད་པ་ཡིན་ནོ།། །།

ལྷོ་གཏེར་ཐེག་དགུའི་མདོར་དོན།

༡)    ནད་གདུང་བཟང་ངན་པྲ་ལྟས་མོ་ཡིས་བརྟག་ནས། ལེགས་ཉེས་བླང་དོར་རྣོ་མཐོང་རྩིས་ཀྱིས་གཞལ་ཏེ། སྣང་ཡུལ་བདེ་སྡུག་ནད་གསོ་གཏོ་ཡིས་སེལ་ཞིང༌། དུས་མིན་འབྱུང་འཁྲུག་འཆི་བསླུ་དཔྱད་ཀྱིས་གསོ་བར་བྱེད་པའི་ཕྱྭ༷་གཤེ༵ན་ཐེ༵ག་པ༵།
༢)    གྱེར་སྒོ་བཞི་དང་སྐད་གཅོང་དགུ་ཡི་སྒོ་ནས་སྨེ་མནོལ་མི་གཙང་འབག་གྲིབ་བསལ་ཞིང་འདྲེ་དགུ་སྲི་བཅུ་ཐབས་ཀྱིས་འདུལ་བ་དང༌། ཀླུ་གཉན་ས་བདག་གི་འགྲམ་འཁྲུག་བསྡུམ་ཞིང་མཁའ་ཀློང་དབྱིངས་གསུམ་གྱི་མ་ཚོགས་རྣམས་མཆོད་མདོས་བསྐང་རྫས་ཀྱིས་མཉེས་ནས་བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་འཕེལ་ཏེ་མི་མཐུན་སྙིགས་མའི་རྒུད་པ་ཞི་བར་བྱེད་པའི་སྣ༵ང་གཤེ༷ན་ཐེ༷ག་པ༵།
༣) རྫུ་འཕྲུལ་བཅུ་གསུམ་གྱི་བརྡ་ཐབས་ལ་བརྟེན་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་གཞུང་བསྲང་སྟེ་བསྟན་པའི་དགྲ་བགེགས་རྣམས་སྒྲོལ་བར་བྱེད་པའི་འཕྲུལ༵་གཤེ༵ན་ཐེ༵ག་པ༵།
༤)    ཚེ་འདས་ཀྱི་བློ་ཡིད་སེམས་གསུམ་ཐུགས་རྗེས་བཟུང་ཞིང་འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་ལུས་སེམས་གཅིག་ཏུ་བསྡུ་ཞིང་བར་ས་བདེ་ལ་ཡངས་པའི་གནས་སུ་བཀོད་པར་བྱེད་པའི་སྲི༷ད་གཤེ༷ན་ཐེ༷ག་པ༵་བཅས་རྒྱུ་ཡི་ཐེག་པ་བཞི།
༥) དད་བརྩོན་ཤེས་རབ་ཀྱིས་རྒྱུད་སྦྱངས་ཤིང་བོན་སྤྱོད་སྣ་ཚོགས་ཀྱིས་གཞུང་བསྲང་ནས་རྩ་བ་དང་ཡན་ལག་གི་ཁྲིམས་རྣམས་སྲུང་བར་བྱེད་པའི་ད༵གེ་བ༵སྙེན་ཐེ༷ག་པ༵།
༦)    ལུང་སྡེ་སྣོད་གསུམ་གྱི་བོན་ལ་འཆད་ཉན་དང༌། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཉམས་སུ་ལེན་པའི་སྒོ་ནས་བདེན་མེད་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་ཅིང་ཐེག་པ་ཆེན་པོ་ལམ་ལྔ་ས་བཅུའི་ཡོན་ཏན་མཐར་ཕྱིན་ནས་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་རྙེད་པར་བྱེད་པའི་དྲ༵ང་སྲོ༷ང་ཐེ༷ག་པ༵།
༧)    བསྙེན་པའི་གཞི་མ་སྒོ་དགུ་དང༌། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཆོང་ཆེན་སྡེ་དགུ་སོགས་ཀྱིས་ཡི་དམ་གསས་མཁར་གྱི་གཞུང་བསྲང་ནས་ཡེ་ཤེས་ཀྱི་སྣང་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་སྒྱུར་བར་བྱེད་པའི་ཨ༵་དཀ༵ར་ཐེ༷ག་པ༵།
༨)    དབྱིངས་ཤེས་གཉིས་སུ་མེད་པའི་བདེ་སྟོང་ཡེ་ཤེས་ཀྱི་རྫོགས་རིམ་ཉམས་སུ་ལེན་པ་ལ་བརྟེན་ནས་ཟུང་འཇུག་སྒྱུ་ལུས་མངོན་དུ་བྱེད་ཅིང༌། སྣང་སྟོང་གཉིས་མེད་ལྷག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་རྩོལ་མེད་ལྷུན་གྲུབ་ཀྱི་གསས་མཁར་ཡོངས་སུ་རྫོགས་པར་བྱེད་པའི་ཡེ་གཤེན་ཐེག་པ་སྟེ་འབྲས་བུའི་ཐེག་པ་བཞི།
༩)    ཡེ་སྟོང་སྤྲོས་བྲལ་ཇི་བཞིན་ཉིད་ཀྱི་གནས་ལུགས་བླ་མེད་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་གི་དོན་གཏན་ལ་དབབ་པར་བྱེད་པའི་ཡང་རྩེ་བླ་ན་མེད་པའི་ཐེག་པ་བཅས་སོ།།

བསང་གསོལ་དང་རླུང་རྟའི་སྐོར།

ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།

    དང་པོ་བསང་གསོལ་གྱི་བྱུང་རིམ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཐེག་པ་གཉིས་པ་སྣང་གཤེན་གྱི་བོན་སྒོའི་སྐབས། རྩི་ཤིང་དང༌། ཞུགས་ཤང༌། གསེར་སྐྱེམས། ནམ་རྒྱང༌། ཤིང་རིས། བལ་ཚོན་སྣ་ལྔ༌། གསེར་གཡུ། དར་ཟབ་སོགས་ཕུན་སུམ་ཚོགས་པའི་ཡོ་བྱད་བསགས་ཏེ་ལྷ་བསང་དང༌། མནོལ་བསང༌། གྲིབ་བསང༌། བཙོག་བསང་བཅས་བསང་གི་རྣམ་གྲངས་དུ་མ་ཞིག་གཏན་ལ་ཕབ་པ་ནས་བསང་གསོལ་ལྷ་མཆོད་ཀྱི་ཤེས་རིག་འདི་ཉིད་དབུ་བརྩམས་ཤིང༌། སྟོན་པའི་རྗེས་འཇུག་རྣམས་ཀྱིས་ཕྱག་ལེན་གྱི་སྲོལ་དེ་ཉིད་མ་ཉམས་པར་རྒྱུན་བསྐྱངས་གནང་བ་དང༌། ལྷག་ཏུ་སྟོན་པ་རྫོགས་པའི་སངས་རྒྱས་དེ་ཉིད་བོད་གངས་ཅན་གྱི་ཞིང་འདིར་ཕེབས་གནང་སྐབས་བོད་ཀྱི་བོན་པོ་རྣམས་ལ་ཡར་ལྷ་གསོལ་བ་དང༌། མར་གླུད་བཀར་བའི་ཐབས་རྒྱུ་བོན་ཕྲན་ཚེགས་རེ་བསྟན་པ་ནས་རིམ་བཞིན་བོད་མིའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་གྱུར་ཏེ་བོད་རྗེ་ཐོག་མ་གཉའ་ཁྲི་བཙད་པོའི་སྐབས་གངས་ཅན་གྱི་ལྗོངས་འདིར་རྒྱུ་འབྲས་ཀྱི་བོན་ཡོངས་རྫོགས་དར་བ་དང༌། བས༵ང་མཆོད་ལྷ་གསོ༵ལ་གྱི་རིམ་པའང་སྔར་ལས་དར་རྒྱས་སུ་ཕྱིན་ནས་དུས་དེ་རིང་ལ་མ་ཐུག་གི་བར་དུ་བོད་ཀྱི་བླ་དཔོན་མི་དྲག་དང༌། ཆབ་འབངས་སེར་སྐྱ་སོགས་ཀྱིས་རྒྱུན་བཀོལ་གནང་བས་མ་ཚད། སྔར་དར་མ་མྱོང་བའི་ཕྱི་རྒྱལ་ཡུལ་གྲུ་གང་སར་འཕེལ་རྒྱས་འགྲོ་བཞིན་པ་ཡིན།
བསང་གསོལ་གྱི་ངོ་བོ་ནི། བསལ་བྱའི་རིགས་སེལ་བ་དང་དག་པར་བྱེད་པའམ། མི་གཙང་སྐྱོན་གྲིབ་ཀྱི་ཉེས་ཚོགས་དག་ཅིང་ཚངས་པར་བྱེད་པས་ན་བས༵ང་ཞེས་དང༌། མགྲོན་རིགས་རྣམ་པ་བཞིར་མཆོད་ཅིང་བསྟོད་དེ་མཉེས་སུ་གསོ༵ལ་བས་ན་དེ་སྐད་དུ་བྱེད་ལས་ཀྱི་ཆ་ནས་བརྗོད་པའོ།།
བསང་རྫས་ནི། དྲི་བཟང་བདུད་རྩི་ཅན་གྱི་ཤིང་སྣ་དང༌། དཀར་མངར་འབྲུ་རིགས། རིན་ཆེན་དར་ཟབ། ཕྱེ་མར་འོ་ཀོན། ཆང་ཕུད་གསེར་སྐྱེམས་སོགས་ཕུན་སུམ་ཚོགས་པའི་མཆོད་རྫས་གང་འབྱོར་རྣམས་དང༌། མནོལ་བསང་སོགས་དམིགས་བསལ་ཅན་རྣམས་ལ་བསང་རྫས་གཞན་ཡང་སྲིད་དོ།།
བསང་གསོལ་འབུལ་ཚུལ་ནི། ཡིན་ལུགས་བྱུང་རབས་ཀྱི་སྨྲང་བརྗོད་ཅིང༌། སྒྲ་སྙན་རོལ་དབྱངས་ཀྱིས་སྣ་དྲངས་ནས། སྲི་ཞུའི་མགྲོན་ལ་སྒྲིབ་སྦྱོང་ཚོགས་རྫོགས་ཀྱི་ཆེད་དང༌། ཡོན་ཏན་མགྲོན་ལ་བསྟན་སྲུང་གྲོགས་བཅོལ་གྱི་ཆེད། ལན་ཆགས་མགྲོན་ལ་གནོད་སེམས་གདུག་པ་ཞི་ཕྱིར་དང༌། སྙིང་རྗེའི་མགྲོན་ལ་མ་ནུས་སྦྱིན་གཏོང་གི་ཆེད་དུ་འབུལ་བའམ། ཡང་ན་ལྷ་སྲུང་ངོ་སོ་མཐོ་བ་དང༌། ནད་སེལ་བར་ཆད་ཟློག་པ། སྲིད་སྤེལ་སྲིའུ་གསོ་བ། ལོ་ལེགས་བཙའ་སད་སྲུང་བ། དུས་མིན་འཁྲུག་རྩོད་ཞི་བ། ཆར་ཆུ་དུས་སུ་འབབ་པ་སོགས་ཀྱི་ཆེད་དུ་འབུལ་བའོ། །
བསང་གསོལ་གྱི་ཕན་ཡོན་ནི། ཚེ་གཡང་ལོངས་སྤྱོད་འཕེལ་ཞིང་ཆག་ཉམས་འགལ་འཁྲུལ་སེལ་བ་དང༌། བདེ་སྐྱིད་ལེགས་པའི་དཔལ་ཡོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་སོགས་སོ།།
གཉིས་པ་རླུང་རྟའི་རིམ་པ་ལ། རླུང་རྟའི་རྒྱུ་ནི་འབྱུང་ལྔའི་ཁ་དོག་གང་རུང་གིས་མཚོན་པའི་ཤོག་བུ་དང་དར་ཚོན་ཅི་རིགས་པའི་དབུས་ཚེ་སྲོག་གི་རྒྱུན་མཚོན་བྱེད་ཅང་ཤེས་ཀྱི་རྟ་དང༌། བར་ཆོད་རྐྱེན་ཚོགས་ཀྱིས་འགོག་པ་མེད་པའི་བརྡ་རུ་སྲབ་མེད་ཁ་རྒོད་ཅན། ཕུན་ཚོགས་འདོད་དགུ་འབྱུང་བའི་བརྡར་ནོར་བུ་ཁལ་ཁུར་དང་རིན་ཆེན་རྒྱན་སྤྲས། དབང་ཐང་དགུང་དང་མཉམ་པའི་བརྡར་མགྱོགས་འགྲོ་འཕུར་སྟབས་ཀྱིས་གར་བསྒྱུར་བ། དཔལ་གྲགས་དབུ་འཕང་གྱེན་དུ་འཕྱུར་བའི་བརྡ་རུ་སྟག་སེང་ཁྱུང་འབྲུག་རིས་ཀྱིས་ཟུར་ནས་བརྒྱན་པའམ། ཡང་ན་ནམ་མཁའི་མཚོན་རྟགས་སུ་ཁྱུང༌། ས་ཡི་མཚོན་རྟགས་སུ་སེང་གེ། ཆུ་ཡི་མཚོན་རྟགས་སུ་འབྲུག །མེ་ཡི་མཚོན་རྟགས་སུ་སྟག །རླུང་གི་མཚོན་རྟགས་སུ་རྟ་སོགས་བཀོད་རྗེས་སྲོག་ལུས་དབང་ཐང་ཀླུང་རྟ་བླ་དཔལ་རྣམས་བསྐྱེད་པའི་གཟུངས་དང༌། ཤམ་བསྒྱུར་དུ་བདག་འཆང་བ་པོའི་ལོ་ཁམས་དང་མིང་རུས་བཅས་བྲིས་ལ་གང་མོས་འདོད་གསོལ་གྱིས་བརྒྱན་ཏེ་ཀི་བསྭོ་ལྷ་རྒྱལ་དང་བཅས་རླུང་ལ་འཕྱར་བའོ།།
རླུང་རྟའི་དགོས་ཕན་ནི། དེ་ལྟར་བགྱིས་པས་རླུང་ལྕམ་སྒྲོན་མ་ལ་སོགས་རླུང་གི་ལྷ་མོ་རྣམས་ཀྱི་བྱིན་རླབས་དང་ནུས་པ་ཁྱད་པར་ཅན་ཞུགས་ནས་འཆང་བ་པོའི་འབྱུང་ཁམས་བདེ་ཞིང་ཚེ་བསོད་དཔལ་གྲགས་བདེ་སྐྱིད་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་འགྱུར་བ་ཡིན་ཏེ། ལུང་ལས། ཤིང་རྩེར་རླུང་རྟ་གཟུག་ལ་དར་ཆེན་ཕྱར། །དེ་ཡིས་ཤིང་གི་ཟིན་ཀེག་བཟློག་པར་འགྱུར། །ཞེས་དང༌། འབྱུང་བ་རླུང་གི་ལྷ་མོས་བྱིངས་བ་སེལ། །ཞེས་སོགས་གསུང་པ་ལྟར་རོ།། །།
གཡུང་དྲུང་བོན་གྱི་བསྟན་འབྱུང་སོགས་དཔེ་དེབ་ཁག་གཅིག་གི་ངོ་སྤྲོད།
མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད། བཀའ་འགྱུར་མདོ་སྡེ། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད།༼༡༣༦༠ ལོར་བློ་ལྡན་འཁྲུངས།༽
མཛད་མདོ་འབྲིང་པོ་གཟེར་མིག །བཀའ་འགྱུར་མདོ་སྡེ། དྲང་རྗེ་བཙུན་པ་གསེར་མིག་གིས་ཕྱི་ལོའི་དུས་རབས་བཅུ་པར་གཏེར་ལས་བཏོན།
མཛད་མདོ་བསྡུས་པ་མདོ་འདུས། བཀའ་འགྱུར་མདོ་སྡེ། དུས་རབས་བཅུ་པར་ཨ་ཙ་ར་མི་གསུམ་གྱིས་གཏེར་ལས་བཏོན།
མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག ། ༡༡༠༨ ལོར་གྱེར་མི་ཉི་འོད་ཀྱིས་གཏེར་ལས་བཏོན།
རྩ་རྒྱུད་ཉི་ཟེར་སྒྲོན་མ། བྲ་བོ་སྒོམ་ཉག་གིས་གཏེར་ལས་བཏོན།
སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་དང༌། བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས། ༡༣༠༡ ལོར་ཁོད་སྤུངས་བློ་གྲོས་ཐོགས་མེད་ཀྱིས་བཏོན།
བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། ༡༣༢༤ ལོར་སྤ་བསྟན་རྒྱལ་བཟང་པོས་མཛད།
རྒྱལ་རབས་བོན་གྱི་འབྱུང་གནས། དུས་རབས་བཅུ་བཞིའི་ནང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད།
སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ། ཞུ་ཉི་མ་གྲགས་པས་མཛད།
སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་དང༌། བསྟན་རྩིས་རྣམ་བཤད། བཀའ་བརྟེན་འགྱུར་གྱི་བཀའ་ཆག་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ། སྨན་རིའི་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད།༼༡༨༡༤ ལོར་འཁྲུངས།༽
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད། ༼༡༨༥༩།༡༩༣༤༽
གཡུང་དྲུང་བོན་གྱི་བསྟན་འབྱུང་སྣང་བ་དཀར་པོའི་དཔལ།  ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད། ༼༡༨༩༣ ལོར་འཁྲུངས།༽
གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་གྱིས་མཛད། ༼༡༩༠༣།༡༩༧༢༽
མཛད་ཆེན་བཅུ་གཉིས་ཀྱི་རྣམ་བཤད། ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱིས་མཛད། ༼༡༩༡༢།༡༩༧༨༽
སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ། གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ཉུང་བསྡུས། སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་མཛད། ༼༡༩༢༦ ལོར་འཁྲུངས།༽ གཞན་ཡང་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་བོ༵ན་སྒོ༵་ཁག་དང༌། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་ལོ་དེབ་བགྲེ༵ས་པོའི༵་འབེ༵ལ་གཏ༵མ་བཅས་སུ་གཟིགས་པར་བྱའོ།།

དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནི། བོན་པོའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་ཕྱག་ལས་གནང་བཞིན་བཞུགས།