རྩོམ་སྒྲིག་པ། ངག་དབང་ཕུན་ཚོགས་ལགས་བཀྲིས་བདེ་ལེགས། ཁྱེད་རང་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བོད་མི་ཤེས་ཡོན་སློབ་སྦྱོང་དང་ལས་དོན་ཐོག་གྲུབ་འབྲས་ཡག་པོ་ཡོད་པ་ཞིག་རེད། ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་ང་ཚོར་ངོ་སྤྲོད་གནང་རོགས།
ངག་ཕུན། ང་བོད་ནས་བཙན་བྱོལ་དུ་འབྱོར་རྗེས་འབྲུག་ཡུལ་ལ་འཁྱུག་ཙམ་བསྡད། དེ་ནས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕེབས་ཙང༌། ང་རང་གི་པ་ལགས་དང་ཨ་མ་ལགས་རྣམ་གཉིས་འབྲུག་ཡུལ་བརྒྱུད་ནས་རྒྱ་གར་ལ་ཕེབས་པ་རེད། སྦག་ས་ནས་ང་རང་རྡོ་རྗེ་གླིང་ལ་སློབ་གྲྭ་འགོ་འཛུགས་བྱས་ཡོད་ཙང་དེར་བཏང་གནང་སོང༌། དེར་ལོ་བདུན་བརྒྱད་བསྡད་པ་ཡིན། དེ་ནས་ང་རང་གི་སྤུན་མཆེད་ཆུང་བ་ཌལ་ཧོར་ལ་ཡོད་ཙང་དེར་འཁྱུག་ཙམ་བསྡད་པ་ཡིན། རྩ་བའི་སློབ་སྦྱོང་མང་ཆེ་བ་བོད་གཞུང་སློབ་གྲྭའི་ནང་བྱས་པ་ཡིན། དེ་རྗེས་ལག་ནའོ་རྒྱ་གར་སློབ་གྲྭའི་ནང་ལོ་ངོ་བཞི་ལྔ་ཙམ་བསྡད་པ་ཡིན། སློབ་གྲྭ་དེ་ཐོན་རྗེས་མཱ་ཌ་ར་སི་ལ་རྒྱ་གར་གྱི་མཐོ་སློབ་ཞིག་ཡོད་པ་རེད། དེའི་ནང་ཚན་རིག་ཐོག་སློབ་སྦྱོང་བྱེད་པར་ཕྱིན་ནས་དེར་ལོ་ངོ་གསུམ་ཙམ་བསྡད། དེ་ཐོན་རྗེས་ཤེས་རིག་ལས་ཁུངས་ཁོངས་སུ་ཞབས་ཕྱི་ཞུས་ནས་མ་ནཱ་ལིའ་ལ་སློབ་གྲྭ་དང་པོ་འགོ་འཛུགས་བྱེད་སྐབས་ཀྱི་ལས་ཀ་བྱེད་མཁན་གཅིག་ང་རང་ཡིན། སློབ་གྲྭ་དེར་ཟླ་བ་ལྔ་དྲུག་ཙམ་བསྡད། དེ་རྗེས་དགེ་རྒན་འོས་སྦྱོང་བྱེད་པར་ལྡི་ལིར་ཕྱིན་པ་ཡིན། དགེ་རྒན་འོས་སྦྱོང་ཚར་རྗེས་རྩ་བའི་ཞབས་ཞུ་བྱེད་ཐབས་བྱས་ཀྱང་དོན་དག་མ་འགྲིག་པར་ལོ་འགའ་ཤས་རིང་ལས་ཀ་མེད་པར་ལུས་བྱུང༌། དེ་ནས་རྒྱ་གར་གྱི་སློབ་གྲྭ་ཞིག་གི་ནང་ཚན་རིག་གི་དགེ་རྒན་བྱེད་པར་ཕྱིན་ཏེ། སློབ་གྲྭ་དེའི་ནང་དགེ་རྒན་ལོ་བཞི་ཙམ་བྱས་རྗེས་རྒྱ་གར་ནང་དཀའ་ངལ་ཆེན་པོ་ཞིག་བྱུང་སོང༌། སྐབས་དེ་དུས་ཨིན་དར་གྷན་དྷི་སྲིད་བློན་བྱེད་པའི་སྐབས་རེད། དེ་སྐབས་སེམས་ཏོག་ཙམ་མ་སྐྱིད་པའི་གནས་ཚུལ་བྱུང་ནས་ཨ་རིར་སློབ་སྦྱོང་བྱེད་པར་ཕྱིན་ན་ཏོག་ཙམ་ཡག་པ་མི་ཡོང་ངམ་བསམས་ནས་ཕྱི་ལོ་ ༡༩༨༦ ལོར་ཨ་རིར་སློབ་སྦྱོང་བྱེད་པར་ཕྱིན་པ་ཡིན། ཕ་གིར་རིག་པའི་ཆུ་གཏེར་གྱི་སློབ་སྦྱོང་བྱས་པ་ཡིན། རང་ཉིད་སློབ་གྲྭ་གང་དུ་ཕྱིན་མིན་གྱི་སྐོར་མདོར་ཙམ་ཡིན།
རྩོམ་སྒྲིག་པ། ཌལ་ཧོར་ལ་འཛིན་རིམ་ག་ཚོད་བར་འགྲིམས་གནང་བ་ཡིན་ནམ།
ངག་ཕུན། ཌལ་ཧོར་ལ་འཛིན་གྲྭ་བརྒྱད་པ་བར་བསྡད་པ་རེད། འཛིན་རིམ་བརྒྱད་པའི་ཡིག་རྒྱུགས་བཏང་རྗེས་ང་རང་ལ་ཕྱི་རྒྱལ་གྱི་སྦྱིན་བདག་ཞིག་རག་པ་རེད། ཁོ་རང་གིས་འདིར་སློབ་གྲྭའི་ནང་གི་ཁ་ལག་སོགས་ཞེ་དྲག་སྐྱོ་པོ་འདུག་ཅེས་ཁོ་རང་གིས་རོགས་པ་བྱས་ཏེ་ལག་ནའོ་ལ་དབྱིན་ཇིའི་སློབ་གྲྭ་ཞིག་གི་ནང་བཏང་བ་རེད། དེར་ང་རང་ལོ་བཞི་ཙམ་བསྡད་པ་ཡིན།
རྩོམ་སྒྲིག་པ། ད་ལྟ་ཨ་རིར་ཕྱག་ལས་གཙོ་བོ་གང་གནང་གི་ཡོད་དམ།
ངག་ཕུན། ད་ལྟ་ང་རང་ཨ་རིའི་མཐོ་སློབ་ཁང་ཞིག་གི་ནང༌། རྩ་བའི་མངའ་སྡེའི་མཐོ་སློབ་ཁང་རེད། དེའི་ནང་དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་གཞི་རྩ་གཙོ་བོར་བཞག་པ་གང་ཞིག་ལ། སློབ་གྲྭའི་ནང་དགེ་རྒན་གནང་བཞིན་པ་ཚོར་ཤེས་རིག་གི་བསམ་ཚུལ་ཐོག་ལ་སློབ་སྟོན་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། ལོ་རྒྱུས་ཉན་དུས་ཁྱེད་རང་ང་རང་ཚོ་བོད་པའི་སློབ་གྲྭའི་ནང་ཕེབས་ཏེ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་ཚན་གང་ཡོད་པ་རྣམས་སྦྱངས། དེ་ནས་རྒྱ་གར་དང་ཨ་རིའི་སློབ་གྲྭའི་ནང་ཕེབས་ནས་དེང་དུས་ཤེས་ཡོན་སློབ་སྦྱོང་གནང་བ་བཅས་གང་ལྟར་ཁྱེད་རང་གི་མི་ཚེའི་ནང་དེང་རབས་ཀྱི་ཤེས་ཡོན་དང་ང་རང་ཚོ་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གཉིས་ཀ་ཐོབ་འདུག །དེ་བཞིན་ང་ཚོའི་སྤྱི་ཚོགས་དང་དེང་དུས་ཕྱི་རྒྱལ་གྱི་སྤྱི་ཚོགས་ཚང་མ་གཟིགས་ཡོད་པ་རེད། བྱས་ཙང་དེང་རབས་ཀྱི་ཤེས་ཡོན་དང་ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་དབར་ཁྱད་པར་གཙོ་བོ་གང་འདུག་གམ།
ངག་ཕུན། ང་ཚོའི་སྲོལ་རྒྱུན་ཤེས་ཡོན་གྱི་ཐད། རྩ་བའི་ང་ཚོ་བོད་མིའི་ངོ་བོ་དང་མི་རིགས་ཀྱི་འཛིན་སྐྱོང༌། དེ་བཞིན་སོ་སོའི་མི་རབས་ཀྱི་ལོ་རྒྱུས། ཆོས་འབྱུང༌། རྒྱལ་ཁབ་ཀྱི་ལོ་རྒྱུས་བཅས་གཞི་ལ་བཞག་པའི་ཐོག་ནས་སློབ་སྦྱོང་དངོས་གནས་ཡག་པོ་ཞིག་ཐོབ་བྱུང་བསམ་པ་རང་ཉིད་ཀྱི་སེམས་ནང་དགའ་ཚོར་དང་སྤཽབས་པ་ཡོད། བྱས་ཙང་དེ་འདྲ་ཐོབ་པའི་ཁེ་ཕན་འོག་ང་རང་རྒྱལ་ཁབ་མང་པོའི་ནང་ད་ལྟ་བར་ལོ་མང་པོ་དེ་ཙམ་བསྡད་པ་རེད་ཀྱང༌། བོད་མིའི་མི་རིགས་ཀྱི་སྤོབས་པ་དང་སོ་སོའི་གོམས་གཤིས་ཡག་པོ་དེས་ང་རང་མི་ཡག་པོ་ཞིག་ཆགས་བྱུང་བསམ་པའི་དགའ་ཚོར་དང་སྤོབས་པ་ཞེ་དྲག་ཡོང་གི་ཡོད། དངོས་གནས་དྲང་གནས་བོད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་དེའི་བཀའ་དྲིན་ལ་བརྟེན་ནས་ང་རང་གི་སེམས་ནང་ག་དུས་ཡིན་རུང་གཞན་ཕན་བྱེད་རྒྱུ་དང་མི་སྐྱོ་པོ་ཞིག་མཐོང་ན་ལམ་སེང་རོགས་པ་བྱེད་འདོད། དེ་བཞིན་མི་གཞན་ལ་གནོད་འཚེ་བྱེད་འདོད་མེད་པའི་རང་བཞིན་གྱི་གོམས་གཤིས་ཡག་པོ་ཞིག་འཇགས་འདུག །བྱས་ཙང་དེ་ཕལ་ཆེར་སྲོལ་རྒྱུན་ཡོན་ཏན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཏུ་མཐོང་གི་འདུག །
དེ་བཞིན་ཨ་རིའི་ནང་ང་རང་ལོ་མང་པོ་བསྡད་པ་རེད། རྒྱ་གར་ནང་འཚར་ལོངས་བྱེད་དུས་དེང་དུས་ཀྱི་ཚན་རིག་དང་ཨང་རྩིས། དེང་དུས་ཀྱི་ལོ་རྒྱུས་དང་རྒྱལ་རབས་དེ་ཚོའི་ཐོག་སློབ་སྦྱོང་བྱུང་བ་དེས་སོ་སོའི་སྲོལ་རྒྱུན་གྱི་གཞི་རྩ་ཡག་པོ་ཡོད་པ་གང་ཞིག་ལ་དེའི་མཛེས་རྒྱན་ཡན་ལག་འདྲ་བོ་ཆགས་དུས། ང་རང་མི་ཆ་ཚང་བ་ཞིག་ཆགས་ཡོད་བསམ་པ་འདུག །དེང་དུས་ཀྱི་ཤེས་རིག་ནང་སེམས་རྒྱུད་ཡག་པོ་བྱེད་རྒྱུ་དང་མིའི་བཟང་སྤྱོད་ལ་བསམ་བློ་གཏོང་སྟངས་དེ་ཚོར་ཡང་སློབ་སྦྱོང་ཏན་ཏན་ཡོད་པ་རེད། ཡང་འགའ་ཤས་ཀྱི་བསམ་ཚུལ་ལ་དེང་དུས་ཀྱི་ཤེས་ཡོན་ནང་མིའི་གཤིས་རྒྱུད་ཡག་པོ་ཆགས་ཐབས་མེད་པ་རེད་དགོངས་ཀྱི་འདུག་ཀྱང་དེ་འདྲ་ཏན་ཏན་རང་མ་རེད། ཡིན་ན་ཡང་བོད་པའི་སྲོལ་རྒྱུན་ནང་སེམས་རྒྱུད་ཡར་རྒྱས་གཏོང་རྒྱུ་དེ་ཏན་ཏན་ཤུགས་ཆེན་པོ་ཞེ་དྲག་ཡོད་པ་རེད། ཞོགས་པ་ལངས་པ་ནས་དགོང་མོ་མ་ཉལ་བར་གོམས་གཤིས་དེ་ཚོ་ཡག་པོ་ཞིག་འཇགས་འདུག་བསམ་པ་དྲན་གྱི་འདུག །དེའི་ཁེ་ཕན་ལ་བརྟེན་ནས་ད་ལྟ་ང་རང་གིས་ཕྱི་རྒྱལ་བར་སློབ་སྐབས་ང་རང་གི་སྐུལ་སློང་དངོས་གནས་དྲང་གནས་ཞེ་དྲག་ཡག་པོ་མེད་འགྲོ་བསམ་པ་མཐོང་གི་འདུག །དེ་ཡང་ང་རང་ཡག་པོ་ཡིན་ཞེས་འུད་ཤོབ་བཤད་པ་དེ་འདྲ་མིན། ང་རང་གི་དགེ་ཕྲུག་ཕྱི་རྒྱལ་བ་དེ་ཚོས་དང་པོ་ངའི་འཛིན་གྲྭའི་ནང་སླེབས་སྐབས། ང་བོད་པ་ཡིན་ཙང་ཁོ་ཚོའི་མྱོང་ཚོར་ནང་དོགས་འཆར་འདྲ་མིན་ཡོང་གི་འདུག་ཟེར། དེ་ནས་བཟུང་ད་ལྟ་བར་ལོ་བཅུ་ཙམ་འགྲོ་སྐབས་དེང་སང་ཉེ་འཁོར་ཚང་མའི་ནང་ང་རང་དགེ་རྒན་གང་འདྲ་ཞིག་ཡིན་མིན་ཤེས་སྟབས་ངའི་འཛིན་གྲྭའི་ནང་ཡོང་མཁན་གྱི་ཕྲུ་གུ་འཚང་ག་ཡོང་གི་འདུག ཁོ་ཚོས་གང་ཟེར་གྱི་འདུག་ཟེར་ན། རྒན་ལགས་འདི་དངོས་གནས་དྲང་གནས་དགེ་ཕྲུག་ལ་བརྩེ་བ་གནང་མཁན་དང་ཁོ་རང་གི་སློབ་རྒྱུའི་སློབ་ཚན་དེ་གཅིག་པུའི་འགན་ཙམ་མ་ཡིན་པར་དགེ་ཕྲུག་གི་བདེ་སྡུག་ལ་བསམ་བློ་གཏོང་མཁན་གྱི་དགེ་རྒན་བཟང་པོ་ཞིག་འདུག་ཟེར་གྱི་ཡོད་པ་རེད། ཁོང་ཚོས་ང་བཟང་པོ་ཡིན་པ་གང་ཞིག་ལ་སློབ་སྦྱོང་སྤྲོད་སྟངས་ཡག་པོར་བརྩི་ཡི་འདུག །ང་རང་བོད་པ་ཡིན་ཙང་ང་ཚོའི་གོམས་གཤིས་ཀྱི་ཐོག་ནས་དཔེ་མཚོན་ཤོད་སྐབས་ཁོ་ཚོར་ཞེ་དྲག་ཕན་གྱི་ཡོད་ས་རེད། གང་ཡིན་ཟེར་ན་ནམ་རྒྱུན་སློབ་མཁན་དེ་ཚོར་དཔེ་དེ་འདྲ་བཤད་རྒྱུ་ཡོད་པ་མ་རེད། ང་རང་ལ་དཔེ་མང་པོ་ཤོད་རྒྱུ་ཡོད་པ་རེད། ལོ་རྒྱུས་ཏོག་ཙམ་ཤོད་སྐབས་སློབ་ཕྲུག་ཚོས་ཞེ་དྲག་དགའ་པོ་བྱེད་ཀྱི་འདུག ཁོ་ཚོས་གང་ཟེར་གྱི་ཡོད་ཟེར་ན། ཁྱེད་རང་གིས་སློབ་སྐབས་གནས་ཚུལ་དེ་རྣམས་བཤད་པ་ཙམ་མ་ཡིན་པར་ཁྱེད་རང་སྒེར་གྱི་གནས་ཚུལ་དེ་འདྲ་བཤད་ཡོང་དུས་ཁོ་རང་ཚོར་དགའ་ཚོར་ཆེན་པོ་ཞེ་དྲག་ཡོང་གི་འདུག་ཟེར་གྱི་འདུག །ང་རང་གི་དགེ་རྒན་འདི་གཞན་དང་མི་འདྲ་བའི་དམིགས་བསལ་ཞེ་དྲག་འདུག་བསམ་པ་དང༌། ང་རང་གིས་བཤད་པ་དེ་རྣམས་ཀྱང་སྒྲུང་འདྲ་བོ་མ་ཡིན་པར་འབྲེལ་བ་ཡོད་པའི་གནས་ཚུལ་བཤད་དུས་ཞེ་དྲག་དགའ་པོ་བྱེད་ཀྱི་ཡོད་པ་མ་ཟད་དགེ་ཕྲུག་ཚོས་ང་ལ་ཡི་གེ་ཞེ་དྲག་མང་པོ་འབྱོར་གྱི་འདུག །བྱས་ཙང་ང་རང་གི་སེམས་ལ་ཞེ་དྲག་དགའ་ཚོར་ཡོང་གི་འདུག །
རྩོམ་སྒྲིག་པ། ཁྱེད་རང་ད་ལྟ་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་ཤིག་གི་ནང་བཞུགས་ཡོད་དུས། སྔོན་མ་སློབ་གྲྭ་དང་ཕ་མའི་ས་ནས་འཇགས་པའི་བཟང་པོའི་གོམས་གཤིས་ཡག་པོ་ཞིག་ཡོད་པ་དེ། དེང་དུས་སྤྱི་ཚོགས་དང་མཉམ་དུ་འགྲོ་བའི་སྐབས་བརླག་པའི་ཉེན་ཁའམ། ཡང་ན་སྤྱི་ཚོགས་དེ་དང་མཐུན་གྱི་མེད་པའི་དཀའ་ངལ་རིགས་འཕྲད་ཀྱི་འདུག་གམ།
ངག་ཕུན། རང་ཉིད་སློབ་སྦྱོང་བྱེད་པའི་སྐབས་དང་དགེ་ཕྲུག་ཡིན་པའི་སྐབས་ཏོག་ཙམ་དཀའ་ངལ་ཟེར་ནའང་མི་འདུག །ང་ཚོ་བོད་པའི་བཟང་སྤྱོད་ནང་ཧམ་པ་བྱེད་རྒྱུ་མེད་པ་དང་རྒྱུན་དུ་སྙེམ་ཆུང་བྱེད་དགོས་ཞེས་ཤུགས་ཆེན་པོ་བཤད་ཡོད། རྩ་བའི་དེ་དངོས་གནས་དྲང་གནས་ཡག་པོ་རེད། ཡིན་ནའི་ཨ་རི་སོགས་ལ་ཆ་བཞག་ན་ཧམ་པ་ག་ཚོད་ཆེ་ན་ཡག་པ་དང་མ་ཤེས་ཀྱང་ཤེས་ཀྱི་ཡོད་མདོག །འཇོན་གྱི་མེད་ཀྱང་འཇོན་གྱི་ཡོད་མདོག་བྱེད་མཁན་གྱི་མི་དེ་ཚོ་ག་དུས་ཡིན་ཡང་སྔོན་དུ་སླེབས་ཀྱི་འདུག །རྩ་བའི་རྒྱུན་རིང་པོ་གནས་ཁག་པོ་རེད། ཡིན་ན་ཡང་ཁེ་ཕན་དང་པོ་དེ་ཐོབ་པ་བྱེད་ཀྱི་འདུག །བྱས་ཙང་དེ་ཚོའི་ཐོག་ལ་ཀུན་སློང་ཡག་པོ་ཡོད་པ་དེ་ཚོར་འགྱུར་བ་འགྲོ་གི་མ་རེད། འོན་ཀྱང་ཧམ་པ་ཆེ་ཙམ་བྱེད་རྒྱུ་དེ་ཚོ་གལ་ཆེན་པོར་ང་རང་གིས་མཐོང་བྱུང༌། སྐབས་རེ་རང་ཉིད་ལ་ཡག་པོ་ཞིག་བཤད་རྒྱུ་ཡོད་ཀྱང་གོ་སྐབས་ཐོབ་ཀྱི་མི་འདུག །བྱས་ཙང་དེའི་ཐོག་ལ་ང་རང་གིས་ལོ་མང་པོ་ཞིག་འབད་བརྩོན་བྱས་ཏེ་དེང་སང་རང་གིས་བཤད་ས་ལ་ཤོད་ཐུབ་པ་དང་སྙེམ་ཆུང་བྱས་ཏེ་ཁྱོན་ནས་བསྡད་ཀྱི་མེད། རང་ཉིད་ཀྱིས་བཤད་པ་དེ་ཡག་སྡུག་ལ་མ་ལྟོས་པར་གོ་སྐབས་ཐོབ་ན་བཤད་རྐྱང་དེ་འདྲ་བྱས་པ་དེས། ཡ་རབས་སྤྱོད་བཟང་ནང་གནོད་སྐྱོན་འགྲོ་གི་རེད་བསམ་པ་དྲན་གྱི་མི་འདུག །ད་དུང་དེ་ཡག་པོ་རེད་བསམ་པ་འདུག །
རྩོམ་སྒྲིག་པ། ང་རང་གི་ཚོར་སྣང་ལ་ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ལོའི་ནང་གི་མི་རབས་ཚོ་བོད་གཞིས་བྱེས་གཉིས་ཀའི་ནང་ཞེ་དྲག་གྱོང་པོ་བྱུང་འདུག་བསམ་གྱི་འདུག །སློབ་སྦྱོང་དང་ལས་དོན་སོགས་ཀྱི་ཐད་དུས་དེའི་མི་ལ་གྲུབ་འབྲས་ཡག་པོ་ཐོབ་འདུག །ང་རང་ཚོ་བཙན་བྱོལ་ནང་ད་ལྟ་མཐོང་རྒྱུ་ཡོད་པའི་མི་འཇོན་པོ་དང་གནད་ཆེ་བ་ཕལ་ཆེ་བ་དུས་དེའི་མི་རེད། མི་རབས་དེ་རྣམས་ཀྱིས་མི་རབས་གོང་མའི་མཇུག་ཡག་པོ་ཞིག་མཐུད་ཐུབ་པ་དང༌། མི་རབས་དེ་ལ་བོད་ཀྱི་རིག་གཞུང་ཐོག་ནས་བལྟས་ཀྱང་ནག་ཁུང་མ་ཡིན་པར་ཡག་པོ་ཞིག་དང༌། དེང་དུས་ཤེས་ཡོན་ཐོག་ལ་ཡང་སྐབས་དེ་དུས་ཀྱི་ཆ་རྐྱེན་སྐྱོ་བོ་ག་ཚོད་ཡིན་ཀྱང་ཡག་པོ་ཆགས་འདུག །དེར་བརྟེན་ཡག་པོ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་གང་ལ་ཐུག་ཡོད་དམ་ཞེས་ག་དུས་ཡིན་ཡང་རང་གིས་རང་ལ་དྲི་བ་ཞིག་སླེབས་ཀྱི་འདུག ཁྱེད་རང་སྤྱི་ཚོགས་དེའི་ནང་ནས་དངོས་སུ་ཕེབས་པ་ཞིག་ཡིན་ཙང་རྒྱུ་མཚན་གང་ཡིན་པ་ཞིག་གསུང་རོགས།
ངག་ཕུན། ང་རང་སྤྱི་ཚོགས་དེའི་ནང་འཚར་ལོངས་བྱས་པ་སོང་ཙང༌། ང་རང་སྒེར་གྱི་མྱོང་ཚོར་གྱི་ཐོག་ནས་ཞུ་གི་ཡིན། ང་རང་འཚར་ལོངས་བྱས་པའི་མྱོང་ཚོར་དེ་ལ་ཕྱི་མིག་བལྟས་ནས་ཞུས་པ་ཡིན་ན། དེའི་སྐབས་ལ་ང་རང་དང་ལོ་མཉམ་རྣམས་འཚར་ལོངས་བྱེད་སྐབས་ང་ཚོས་བསམ་རྒྱུ་དང་དྲན་རྒྱུ། ག་དུས་ཡིན་ཡང་བོད་མི་དམངས་དང་ྋརྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཞུ་གི་ཡིན་ཞེས་པའི་བློ་ཞིག་མ་གཏོགས་གཞན་གྱི་བསམ་བློ་ང་རང་ལ་འཁོར་མྱོང་མེད། ཞོགས་པ་ལངས་སྐབས་དང་པོ་བསམ་བློ་དེ་བཏང་ནས་ལངས་ཀྱི་ཡོད། མར་ཉལ་སྐབས་སྨོན་ལམ་དེ་དང་བོད་རང་བཙན་མགྱོགས་པོ་ཐོབ་པར་ཤོག །ང་ཚོ་བོད་ལ་ལོག་ནས་བོད་མི་དམངས་དང་ྋརྒྱལ་བ་རིན་པོ་ཆེ་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཤོག་ཅེས་བསམ་བློ་དེ་གཙོ་བོར་བཞག་གི་ཡོད། དེའི་སྐབས་ལ་ང་རང་གི་བསམ་ཚུལ་ལ་བོད་ལ་མགྱོགས་པོ་ལོག་རྒྱུ་ཡོང་གི་རེད་བསམ་པ་ཤུགས་ཆེན་པོ་འཁོར་གྱི་ཡོད། བྱས་ཙང་དེ་འདྲ་བྱུང་བ་ཡིན་ན་ང་ཚོར་ལས་ཀ་ཞེ་དྲག་བྱེད་རྒྱུ་བསྡད་ཡོད་པ་རེད། དེའི་ཐོག་ལ་ངས་སློབ་སྦྱོང་མ་བྱས་ན་བོད་མི་དམངས་དང་དེ་ག་ནང་བཞིན་ྋརྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ཞུ་ཐུབ་ཀྱི་མ་རེད། བྱས་ཙང་སློབ་སྦྱོང་བྱེད་དགོས་པ་དེ་ཛ་དྲག་ཅིག་ལ་མཐོང་ནས་ལས་འགན་འདི་ངས་མ་བྱས་ན་ག་ལ་འགྲིག་བསམ་གྱི་ཡོད། ངས་བྱེད་མ་ཐུབ་ན་ང་རང་མི་མཐའ་མ་ཞིག་རེད་དྲན་གྱི་ཡོད། དེའི་སྐབས་ཀྱི་སྤྱི་ཚོགས་ལ་ཡང་བསམ་བློ་ཕལ་ཆེར་དེ་འདྲ་ཞིག་མ་གཏོགས་གཞན་དག་འཁོར་གྱི་ཡོད་པ་ང་རང་གིས་མཐོང་གི་མི་འདུག །
དེ་དུས་བོད་མི་ཚང་མ་ཞེ་དྲག་མཛའ་མཐུན་ཆེན་པོ་རེད། ད་ལྟ་ཡང་མཐུན་པོ་མི་འདུག་ཅེས་ཞུ་གི་མེད། དེའི་སྐབས་ཀྱི་མཐུན་སྒྲིལ་དེ་ཚོ་དངོས་གནས་ཧ་ལས་དགོས་པ་འདྲ་བོ། གལ་སྲིད་ྋརྒྱལ་བ་རིན་པོ་ཆེ་མཆོག་ནས་ཆུའི་ནང་མཆོངས་གསུངས་པ་ཡིན་ན་ཕལ་ཆེར་བོད་པ་དེ་རྣམས་གྲལ་སྒྲིག་ནས་ཆུའི་ནང་མཆོང་གི་རེད་བསམ་པ་འདུག །བྱས་ཙང་དེ་འདྲའི་དུས་ཚོད་སྐབས་ལ་ང་ཚོ་འཚར་ལོངས་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་གཅིག་བྱས་ན་ང་རང་བསོད་ནམས་ཆེན་པོ་ཞེ་དྲག་རེད་བཞག་བསམ་གྱི་འདུག །གལ་སྲིད་ང་དེའི་སྐབས་ལ་འཚར་ལོངས་བྱུང་མེད་ན། ད་ལྟ་བོད་མི་ཞིག་ཡིན་པའི་ཆ་ནས་ང་རང་གི་བསམ་བློ་གཏོང་སྟངས་དང་སྐུལ་སློང་འཁྱེར་སྟངས། སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཞེན་བྱེད་པའི་སེམས་ཤུགས་ཞེ་དྲག་ཡོད་པ་དེ་ཙམ་ཁག་པོ་རེད་སྙམ། སྐབས་རེ་ཨ་རིའི་ནང་སེམས་པ་གཡེང་འགྲོ་གི་འདུག །སྐབས་དེ་དུས་རང་གིས་རང་ལ་དེ་སྡུག་ཅག་ཞེ་དྲག་རེད་ཅེས་བྲང་ལ་ཁུ་ཚུར་བཞུ་དགོས་པ་དེ་འདྲ་ཡོང་གི་འདུག །ཡིན་ཡང་སྐབས་རེ་ལས་ཀ་མང་པོ་ཡོད་པའི་སྐབས་བྲེལ་ཟིང་གི་བར་ལ་བརྗེད་པ་འདྲ་བོ་བྱེད་ཀྱི་འདུག་མ་གཏོགས་གཞན་སེམས་ནང་ག་དུས་ཡིན་ཡང་ང་བོད་མི་ཡིན། ངས་གཅིག་མ་བྱས་ན་འགྲིག་གི་མེད། ངས་གང་ཡང་མ་བྱས་པར་ཤི་ན་མི་ལུས་བླངས་ནས་གང་ཡང་བྱུང་མ་སོང་བསམ་པ་རྟག་པར་དྲན་ཡོང་གི་འདུག་ལ། ད་ལྟ་ཡང་དེ་རང་དྲན་ཡོང་གི་འདུག །བྱས་ཙང་དེའི་སྐབས་ལ་ཕལ་ཆེར་སྤྱི་ཚོགས་དང་དུས་ཚོད། སློབ་ཕྲུག་ཚོའི་སེམས་ལ་དམིགས་ཡུལ་བཟུང་ས་གཅིག་རང་ཡིན་དུས། ང་ཚོ་ཚང་མ་འཚར་ལོངས་བྱེད་པའི་བསམ་བློ་གཅིག་པ་འདྲ་བོ་མིན་འགྲོ་བསམ་གྱི་འདུག །དེང་སང་བསམ་བློ་འདྲ་མིན་མང་པོ་གཏོང་གི་ཡོད་པ་རེད། ང་རང་གིས་བལྟ་སྐབས་མང་པོ་ཞིག་བོད་རང་བཙན་ཐོབ་ཀྱང་ལོག་གི་ཡོད་མེད་ཞུ་ཡང་ཤེས་ཀྱི་མི་འདུག །དེ་འདྲ་སོང་ཙང་ང་ཚོའི་བསམ་བློ་གཏོང་སྟངས་ཐོག་ལ་འགྱུར་བ་ཆེན་པོ་ཕྱིན་པའི་རྣམ་པ་མཐོང་གི་འདུག།
རྩོམ་སྒྲིག་པ། ཁྱེད་རང་སྔོན་མ་བོད་པའི་སློབ་གྲྭའི་ནང་བཞུགས། བོད་པའི་སློབ་གྲྭའི་ནང་བོད་པའི་དགེ་རྒན་དང་སློབ་གྲྭའི་ནང་ཕྱག་ལས་གནང་མཁན་ཚོའི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་གཟིགས་ཡོད་པ་རེད། དེ་ནས་རྒྱ་གར་སྤྱི་ཚོགས་ནང་ཕེབས་པ་དང་ཕྱི་རྒྱལ་ལ་ཕེབས་པ་རེད། རྒྱ་གར་དང་ཕྱི་རྒྱལ་གྱི་དགེ་རྒན་ཚོའི་སློབ་སྦྱོང་སྤྲོད་སྟངས་ཆ་ཚང་ཞིག་གཟིགས་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་རྣམས་ཆ་ཚང་གཟིགས་པའི་ཉམས་མྱོང་གཞིར་བཞག་བྱས་ན། ང་ཚོའི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐོག་ལ་མ་འོངས་པར་ཡར་རྒྱས་གཏོང་དགོས་པ་དང་འགྱུར་བ་གཏོང་དགོས་པ་གལ་ཆེ་བ་གང་གཟིགས་ཀྱི་ཡོད་དམ།
ངག་ཕུན། དེའི་ཐོག་ལ་ང་རང་གིས་བསམ་བློ་གཏོང་སྐབས། སྔོན་མ་རྒན་ལགས་རྣམ་པ་དང་ལྷག་པར་དུ་བོད་དགེ་རྣམ་པ་ཚོས་དགེ་རྒན་གྱི་ལས་འགན་ལས་འདས་པའི་ཕྱག་ལས་ཞེ་དྲག་གནང་གི་ཡོད་པ་རེད། ནམ་རྒྱུན་གྱི་དགེ་རྒན་ཡིན་ན། ལས་འགན་དེ་ཞོགས་པ་ཚོུད་དགུ་པ་ནས་དགོང་མོ་ཆུ་ཚོད་ལྔ་པ་བར་འཁྱེར་ནས་རྫོགས་འགྲོ་བ་ཞིག་རེད། ཁོང་རྣམ་པས་དེ་འདྲའི་བསམ་བློ་རྩ་བ་ནས་བཏང་གནང་གི་མེད་པ་རེད། སྐབས་དེའི་རྒན་ལགས་རྣམ་པར་རྩ་བའི་ཡོན་ཏན་སློབ་པའི་ཐབས་ཤེས་མཁས་པ་ཞེ་དྲག་མེད་ཀྱང་ཀུན་སློང་ཧ་ཅང་ཡག་པོ་དང་སྐྱོན་མེད་པ་ཞིག་ཡོད་པ་མཐོང་གི་འདུག །དེ་ག་ནང་བཞིན་དེའི་སྐབས་ཀྱི་དགེ་ཕྲུག་ཚོར་སེམས་ཤུགས་ཞེ་དྲག་ཡོད་ཙང༌། དགེ་རྒན་དང་དགེ་ཕྲུག་སེམས་ཤུགས་ཆེན་པོ་ཡོད་ན་མཐུན་རྐྱེན་དང་སློབ་སྟངས་ཡག་པོ་མེད་ཀྱང་འགྲིག་འགྲོ་གི་ཡོད་པ་རེད། ང་རང་གི་བསམ་ཚུལ་བྱས་ན་མི་རབས་དེའི་སྐབས་ཀྱི་སྐྱབས་བཅོལ་སྤྱི་ཚོགས་ནང་སློབ་སྦྱོང་ཡག་པོ་ཐོན་པ་དེ། ཕལ་ཆེར་དེ་འདྲ་ཞིག་གི་མཐུན་རྐྱེན་འཛོམས་པ་ཡིན་ཙང་མིན་འགྲོ་བསམ་གྱི་འདུག །
ང་རང་གིས་ཕྱི་མིག་བལྟ་སྐབས་མཐོང་ཚུལ་གཅིག་དེའི་སྐབས་ཀྱི་རྒན་ལགས་དང་དེང་སང་གི་སློབ་སྟངས་དཔེར་ན་བོད་ཡིག་སློབ་ཁྲིད་བྱེད་སྐབས་མཁྲེགས་པོ་ཞིག་སློབ་ཀྱིན་བསྡད་ན་ཀླད་པའི་ནང་འཛུལ་གྱི་མ་རེད། དེང་སང་གི་ཕྲུ་གུ་ཚོར་སྔོན་མ་ནང་བཞིན་གྱི་བྱེད་དགོས་བསམ་པ་ཕལ་ཆེར་ཉུང་དུ་ཕྱིན་ཡོད་དུས། སློབ་སྟངས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་ཀྱི་རེད། བོད་ཡིག་སློབ་སྟངས་དང་དེ་བཞིན་བོད་པའི་རིག་གཞུང་ལ་སོགས་པ་སློབ་སྟངས་ལ་འགྱུར་བ་མ་བཏང་བ་ཡིན་ན། ཁོ་ཚོའི་སེམས་ནང་སླེབས་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད་བསམ་གྱི་འདུག །ཨ་རིའི་ནང་ལ་ཡིན་ཡང་དེ་རང་རེད་འདུག །འགྱུར་བ་འགྲོ་སྟངས་འདྲ་པོ་རེད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་སྔོན་མ་དེ་འདྲ་ཡོད་པ་མ་རེད། དེང་སྐབས་ཕྲུ་གུ་ཚོར་ཕྱིའི་མཐུན་རྐྱེན་ཡར་རྒྱས་མང་པོ་འགྲོ་སྐབས། མིའི་སེམས་ནང་བྲེལ་བ་མང་དུ་འགྲོ་གི་ཡོད་པ་རེད། བྱས་ཙང་སེམས་ལ་ག་དུས་ཡིན་རུང་བྲེལ་བ་ཡོད་དུས་ག་ཚོད་བསླབས་ཀྱང་ཀླད་པའི་ནང་སླེབས་ཀྱི་ཡོད་པ་མ་རེད། བྱས་ཙང་དེང་སྐབས་དགེ་རྒན་ཚོས་ཐབས་ཤེས་གསར་པ་དང་དགེ་ཕྲུག་ཚོའི་སེམས་ནང་སླེབས་ཐུབ་པའི་ཐབས་ཤེས་ཞེ་དྲག་བྱེད་ཀྱི་ཡོད་པ་རེད།
ང་རང་གི་བསམ་ཚུལ་ལ་བོད་ཡིག་སྙན་ངག་སློབ་སྐབས་མཁྲེགས་པོ་དང་ཚང་མ་ངག་ལ་ཟིན་དགོས་ཀྱི་འདུག །ངག་ལ་འཛིན་པའི་དགོས་པ་ཞེ་དྲག་ཡོད་པ་མ་རེད། སྙན་ངག་ལ་སེམས་གཏིང་ནས་དགའ་ཚོར་སྐྱེ་བ་ཞིག་བློ་ལ་ཤར་སོང་ན། ངག་ལ་ཟིན་རྒྱུ་དང་སྙན་ངག་འབྲི་རྒྱུ་སོགས་རང་བཞིན་གྱིས་ཡོང་གི་རེད། དང་པོ་སེམས་ནང་དགའ་ཚོར་མ་སྐྱེས་བར་ངག་ལ་ཟིན་བསྡད་ན། ང་རང་གིས་ད་ལྟ་ཡང་དྲན་སོས་ཀྱི་འདུག །སྔོན་མ་ངས་ྋརྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་སྙན་ངག་ལ་སོགས་ངག་ལ་ཟིན་པ་རེད། ཡིན་ན་ཡང་དེ་རྣམས་ངག་ལ་བཟུང་བའི་ཕན་ཡོན་གྱིས་ང་ལ་བོད་ཀྱི་སྙན་ངག་ཐོག་ལ་དགའ་མོས་སླེབས་མེད་ན་རྫོགས་པ་རེད། ང་རང་དགའ་མོས་ཡོད། དེང་དུས་ཕྲུ་གུ་ཚོར་སློབ་སྟངས་ལ་འགྱུར་བ་ཞིག་མ་བཏང་བ་ཡིན་ན། ངག་ལ་ག་ཚོད་བཟུང་ཡང་རྫོགས་འགྲོ་གི་ཡོད་པ་རེད། སློབ་སྟངས་ལ་ངེས་པར་དུ་བསམ་བློ་བཏང་ནས་དགེ་རྒན་ཚོས་གང་བསླབས་པ་དེ་རྣམས་དགེ་ཕྲུག་ཚོའི་ཀླད་པའི་ནང་སླེབས་ཐུབ་པ་དང་གང་བསླབས་པ་དེར་དགའ་མོས་ཡོང་བའི་སློབ་ཕྲུག་ཞིག་ཆགས་པ་ཡིན་ན། སློབ་ཚན་ལས་སླ་པོ་ཞེ་དྲག་ཆགས་ཚར་བ་རེད། མེ་ཏོག་ལ་སོགས་སྐྱེས་ཆོག་ཡོད་པའི་སྐབས་བདག་གཅེས་མ་བྱས་པར་དེའི་ཐོག་ཕར་འགྲོ་ཚུར་འགྲོ་བྱས་ན་མེ་ཏོག་ག་ཚོད་བཏབ་ཀྱང་སྐྱེ་གི་མ་རེད། དེ་ལ་ངེས་པར་དུ་བདག་གཅེས་ཡག་པོ་བྱས་ཏེ་སྐྱེ་འཕེལ་ཡོང་ཐབས་བྱེད་དགོས།
རྩོམ་སྒྲིག་པ། བོད་པ་མང་པོ་ཞིག་ཕྱི་རྒྱལ་ལ་ཕྱིན་ཡོད་པ་རེད། མང་པོ་ཞིག་གིས་འགྲོ་ཐབས་བྱེད་བཞིན་པ་རེད། ང་རང་གི་བསམ་ཚུལ་བྱས་ན་ཁྱེད་རང་ཨ་རི་ལ་ཕྲུ་གུ་ཡོད་པ་དང་བུ་ཕྲུག་ཚོ་ཡང་སློབ་སྦྱོང་གནང་བཞིན་ཡོད་པ་རེད། བོད་པ་རྗེས་སུ་ཡོང་མཁན་གྱི་ཕྲུ་གུ་ཡང་གཟིགས་ཡོད་པར་མ་ཟད་ཕྲུ་གུ་དེ་ཚོ་ཡང་གང་འདྲ་ཆགས་འགྲོ་གི་ཡོད་མེད་གཟིགས་ཡོད་དུས། དེའི་ཐད་ལ་གཟིགས་ཚུལ་གང་འདྲ་ཡོད་པ་དང་དེ་ལ་སྐྱོན་གང་ཆགས་ས་རེད། དེ་བཞིན་བོད་གཞུང་གི་ཐོག་ནས་ཕྱི་རྒྱལ་ལ་ཡོད་པའི་ཕྲུ་གུ་ཚོའི་ཐོག་དོ་སྣང་བྱེད་དགོས་པ་གང་ཡོད་དམ།
ངག་ཕུན། དེ་ང་རང་གིས་ནམ་རྒྱུན་འཆར་ཅན་ངོ་ཤེས་པ་ལ་སོགས་པས་སྐད་ཆ་འདྲི་སྐབས་ཏན་ཏན་ཞུ་གི་ཡོད། ཕྱི་རྒྱལ་ལ་བཞུགས་མཁན་དང་རྒྱ་གར་ལ་བཞུགས་མཁན་རེད། བོད་ལ་བཞུགས་མཁན་རེད། སློབ་སྦྱོང་གང་བྱས་ཀྱང་སློབ་སྦྱོང་བྱས་པ་དེ་རྩེ་ཕུད་ཅིག་ཡོང་བ་བྱེད་པར་མ་ཟད་གཞན་ལས་ལྷག་པ་ཞིག་བྱེད་ཀྱི་ཡིན་ན། ཁོ་རང་བོད་མི་ཞིག་སོང་ཙང་བོད་མིའི་ཁེ་ཕན་གྱི་ཆེད་དུ་ཐད་ཀར་ལས་ཀ་བྱས་ཡོད་མེད་ལ་མ་ལྟོས་པར། མི་རྣམས་ཀྱིས་ཁོ་རང་བོད་པ་ཞིག་རེད་འདུག་བསམ་པ་ཙམ་གྱིས་བོད་ཀྱི་གནས་ཚུལ་ལ་སོགས་པའི་ཐོག་ངེས་པར་དུ་ཕན་གྱི་རེད་བསམ་པ་འདུག །ཡང་ཕར་མ་སླེབས། ཚུར་མ་སླེབས། དཀྱིལ་དེ་ཚོར་བསྡད་ན་ཨ་རི་དང་རྒྱ་གར། བོད་ནང་བསྡད་ན་ཡང་དེ་རང་རེད། དེ་ང་རང་གིས་ཞེ་དྲག་ཡག་པོ་མཐོང་གི་མི་འདུག །ྋརྒྱལ་བ་རིན་པོ་ཆེ་ཨ་རིའི་ནང་ཐེངས་མང་པོ་ཕེབས་པའི་སྐབས་བཀའ་གནང་སོང༌། ང་ཚོས་རིགས་གཅིག་རྐང་འཛིན་བྱས་ནས་མཐའ་འཁྱོལ་བ་བྱེད་དགོས་གསུངས་སོང༌། ང་རང་ལ་ཡང་དེའི་ཐོག་སྐྱོན་ཏོག་ཙམ་ཡོད། ང་ཚོས་ལས་ཀ་གང་བྱས་ཀྱང་སྤུས་དག་ཅིག་མ་བྱས་པར་འགྲིག་འགྲོ་གི་རེད་བསམ་པའི་འདོད་ཆུང་ཆོག་ཤེས་བྱེད་པ། དེའི་གོམས་གཤིས་སྔོན་མ་ང་རང་ལ་ཡང་ཡོད། དེས་ང་རང་ལ་སྐྱོན་ཆེན་པོ་ཞེ་དྲག་ཡོང་གི་འདུག །ཨ་རིའི་ནང་མིག་བལྟ་སྐབས་ངའི་མཉམ་དུ་དགེ་རྒན་བྱེད་མཁན་ཚོས་ལས་དོན་གཅིག་བྱེད་སྐབས་ལུས་སེམས་ཚང་མ་དེའི་ཐོག་བཞག་ནས་ལས་ཀ་བྱེད་ཀྱི་འདུག །དེ་འདྲ་ཞིག་ང་ཚོས་མ་བྱས་པ་ཡིན་ན་ཨ་རིའི་ནང་ང་ཚོ་ཚང་མ་སྤོས་པ་ཡིན་ན་ཡང་ཧ་ལས་པ་གང་ཡང་ཡོང་གི་རེད་བསམ་པ་དྲན་གྱི་མི་འདུག །དེ་ག་ནང་བཞིན་རྒྱ་གར་ནང་སློབ་གྲྭའི་མཐུན་རྐྱེན་ཚང་མ་འཛོམས་ཡོད་ཀྱང་དེའི་ནང་སྡོད་མཁན་དགེ་ཕྲུག་དང་དགེ་རྒན་གང་ཡིན་ཀྱང༌། དེས་རྩེ་གྲ་ཞིག་མ་བྱས་པ་ཡིན་ན་སྔོན་མ་ནང་བཞིན་ལོ་རྒྱུས་ཙམ་ལས་ནུས་ཤུགས་ཐོན་པ་དེ་ཙམ་བྱེད་ཐུབ་ཀྱི་མ་རེད་བསམ་པ་དྲན་གྱི་འདུག།
བོད་གཞུང་དང་སྐུ་ཚབ་དོན་གཅོད་ཁག་གིས་བོད་རིགས་དེ་རྣམས་ལ་བོད་མི་ཞིག་ཡིན་པའི་ཆ་ནས་ངོ་བོ་འཛིན་ཕྱོགས་སྐོར་དང་སྐབས་རེ་བོད་ཡིག་སློབ་པའི་གོ་སྐབས་དེ་འདྲ་བཟོ་ཐུབ་པ་ཡིན་ན། ལྷག་པར་དུ་དབྱར་ཁའི་གུང་གསེང་སྐབས་ལ་སློབ་གྲྭ་ཞིག་འགོ་འཛུགས་གནང་རྒྱུའི་དགོངས་བཞེས་གནང་ན། དམའ་མཐར་ཡང་བོད་པ་ཡིན་བསམ་པ་དེ་བརླག་གི་མ་རེད། བྱས་ཙང་དེ་འདྲ་ཞིག་གི་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག།
རྩོམ་སྒྲིག་པ། དེང་སྐབས་མི་མང་པོས། གཞོན་སྐྱེས་ཚོའི་རྒྱུད་ནས་བོད་པའི་ཡ་རབས་བཟང་སྤྱོད་ཉམས་འགྲོ་གི་འདུག་ཅེས་གསུངས་པའི་སྐབས། གཞོན་ནུ་དེ་ཚོས་སྐྲ་རིང་པོ་བཞག་པ་དང༌། ཕྱི་ཚུལ་གྱི་གུས་ཞབས། ཞེ་སའི་ཚིག་བེད་སྤྱོད་ཞེ་དྲག་གཏོང་གི་མེད་པ། གོང་དུ་ཁྱེད་རང་གིས་གསུངས་པ་ནང་བཞིན་གུས་གུས་ཞུམ་ཞུམ་དང་དམའ་ས་བཟུང་གི་མེད་པ་སོགས་ལ་བརྟེན་ནས་ང་རང་གི་དོགས་པར་རྒན་པ་མང་པོ་ཞིག་གིས་ཡ་རབས་བཟང་སྤྱོད་ཉམས་འདུག་ཅེས་ལབ་ཀྱི་མེད་འགྲོ་བསམ་གྱི་འདུག ཁྱེད་རང་གིས་བྱས་ན་དགོངས་ཚུལ་ག་རེ་ཡོད་དམ།
ངག་ཕུན། ཕྱིའི་རྣམ་པར་ཏོག་ཙམ་འགྱུར་བ་ཕྱིན་པར་མ་རབས་དང་བཟང་སྤྱོད་མི་འདུག་ཅེས་སུས་ཀྱང་ལབ་ཐུབ་ཀྱི་མ་རེད་བསམ་གྱི་འདུག །དེ་འདྲའི་རྣམ་པ་ཏོག་ཙམ་བྱུང་བར་བློ་ཕམ་དང་སྡུག་ཅག་རེད་ཅེས་ལབ་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། རྩ་བའི་ཕྱི་ཚུལ་ལ་གང་ཡོད་མེད་ལ་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད། ཡིན་ན་ཡང་མི་དེའི་བསམ་བློ་གཏོང་སྟངས་དྲང་པོ་དང་སྐྱག་རྫུན་མ་བཤད་མཁན། དེ་ག་ནང་བཞིན་མི་དེ་ལ་བློས་བཀལ་ན་བློས་འཁེལ་ཆོག་གི་རེད་ཟེར་བའི་མི་ཞིག་ཡིན་ན། ཕྱིའི་རྣམ་པ་དེ་ལ་ང་རང་གིས་གང་ཡང་མཐོང་གི་མི་འདུག །ཡང་འགའ་ཤས་ཕྱིའི་རྣམ་པར་གུས་གུས་ཞུམ་ཞུམ་གྱིས་འགྲམ་པ་ས་ལ་སྦྱར་གྲབས་བྱེད་ཀྱི་ཡོད་ན་ཡང༌། ཀུན་སློང་སྡུག་ཅག་ཅིག་འཁྱེར་ཡོད་ན་ཕྱི་ཚུལ་གང་བྱས་ཀྱང་ང་རང་ཧ་རྩ་བ་ནས་ལས་ཀྱི་མི་འདུག །ནང་རུལ་ཡོད་པ་རེད། ནང་མ་རུལ་པར་བརྟན་པོ་ཞིག་བསྡད་ཡོད་ན་ཕྱིའི་རྣམ་པ་དཔེར་ན་ཁོ་རང་གི་ཨ་ཅོག་མ་ཚ་ན་གང་གྱོན་ན་ཡང་གྱོན། དེར་གང་ཡང་སྡུག་པ་མཐོང་གི་མི་འདུག །དེ་ནི་དུས་ཀྱིས་འགྱུར་བ་འགྲོ་གི་ཡོད་པ་རེད། ཡང་ཕྱོགས་གཞན་པ་དང་རྒྱ་ཆེ་ས་ནས་བཤད་ན། ཕྱིའི་རྣམ་པ་དེ་དང་ནང་བསམ་བློ་ལ་ཡང་འབྲེལ་བ་མེད་པ་མ་རེད། བྱས་ཙང་ཕྱི་ནང་གཉིས་ཀ་ཡག་པོ་བྱུང་ན་ཡག་ཤོས་རེད། དེའི་སྒང་ལ་མི་རིགས་སོ་སོ་ལ་སྤྱོད་ལམ་ཡག་ཉེས་བརྩི་སྟངས་ཤིག་མང་ཆེ་བར་འདུག །ཕྱི་རྒྱལ་དེ་ཚོ་མི་རིགས་གཞན་པའི་ལུང་པར་འགྲོ་དུས། ཁོང་ཚོས་མི་རིགས་དེའི་སྤྱོད་ལམ་དང་གང་མཐུན་མཐུན་བྱེད་ཀྱི་འདུག །བྱས་ཙང་ཕྱིའི་སྤྱོད་ལམ་དེ་ཚོར་ཡང་གནད་འགག་ཏན་ཏན་ཡོད་རེད།
རྩོམ་སྒྲིག་པ། ང་རང་གི་བསམ་ཚུལ་ལྟར་བྱས་ན་ཁྱེད་རང་གི་མི་ཚེ་དེ་གྲུབ་འབྲས་ལྡན་པ་ཞིག་རེད་བསམ་གྱི་འདུག །དཀའ་ངལ་མང་པོ་ཞིག་བརྒྱུད་ནས་མི་ཚེ་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པ་རེད། གཞོན་ནུ་མང་པོ་ཞིག་གིས་མི་ཚེ་འདི་དོན་དང་ལྡན་པ་གྲུབ་འབྲས་ལྡན་པ། རྒྱལ་ཁ་ཐོབ་པ་ཞིག་བསྐྱལ་འདོད་ཡོད་པ་རེད། ཡིན་ནའི་སྐྱེལ་སྟངས་ཀྱི་གནད་འགག་ཤེས་ཀྱི་ཡོད་པ་མ་རེད། བྱས་ཙང་མི་ཚེ་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་རྩ་བའི་གནད་འགག་བརྩི་དགོས་ས་དང་དཀའ་ལས་རྒྱག་དགོས་སའི་ཕྱོགས་གང་རེད་དམ། དྲི་བ་འདི་ངའི་འཆར་གཞིའི་ནང་མེད་ཀྱང་གློ་བུར་དུ་དྲན་སོང༌།
ངག་ཕུན། རྩ་བའི་འགའ་ཤས་ངས་གོང་དུ་ཞུས་པ་ནང་བཞིན་རེད། དང་པོ་ང་རང་གི་དམིགས་ཡུལ་ཨ་རིའི་མཐོ་སློབ་ནང་ཕྱིན་ཏེ་དགེ་རྒན་བྱས་བསམ་པ་མེད། ཡིན་ན་ཡང་སློབ་སྦྱོང་ཡག་པོ་ཞིག་མ་བྱས་ན་འགྲིག་མ་སོང་བསམ་པ་དྲན་གྱི་ཡོད། བྱས་ཙང་མ་འོངས་པར་ང་རང་གིས་ལས་ཀ་གང་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་ད་ལྟའི་གནས་སྐབས་ཀྱི་ལས་ཀའི་ཐོག་བསམ་བློ་རྩེ་གཅིག་ཏུ་བཞག་ན་གྲུབ་འབྲས་ངེས་པར་དུ་ཡག་པོ་ཐོན་གྱི་རེད། ཡང་སྒྲུབ་འདོད་ཆེན་པོ་ཡོད་ཀྱང་འབད་བརྩོན་མ་བྱས་ན་ཁོ་གཉིས་མཐུན་གྱི་ཡོད་པ་མ་རེད། ང་རང་གི་ཉམས་མྱོང་ཐོག་ནས་ཞུས་པ་ཡིན་ན། ང་རང་ཨ་རིའི་ནང་སློབ་སྦྱོང་བྱས་ནས་ ངཔྱྣཐྟཔྲཔྲྣཔྱ ཆགས་ཡས་ཀྱི་དམིགས་ཡུལ་རྩ་བ་ནས་མེད། ང་རང་གི་བསམ་ཚུལ་ལ་བོད་གཞུང་གི་ཤེས་རིག་ཐོག་ལ་ཞབས་ཞུ་བྱེད་རྩིས་རང་ཡོད་མ་གཏོགས་དེ་འདྲ་ཐོབ་ཀྱི་རེད་བསམ་པ་མེད། ཡིན་ན་ཡང་སློབ་སྦྱོང་བྱེད་སྐབས། རང་ནུས་གང་ཡོད་བཏོན་ནས་སློབ་ཕྲུག་གཞན་ལ་དཔེ་མཚོན་འོས་པ། ང་རང་གི་དགེ་རྒན་རྙིང་པ་དབྱིན་ཇིའི་རྒན་ལགས་ཤིག་གིས་གསུང་གི་འདུག ཁྱེད་རང་ངའི་དགེ་ཕྲུག་དམིགས་བསལ་ཞིག་ཡིན་གསུངས་ཀྱི་ཡོད། ངས་འཛམ་གླིང་ནང་དམིགས་བསལ་འོས་པའི་ལས་ཀ་གང་ཡང་བྱས་ཡོད་པ་མ་རེད་ཀྱང༌། ཁོ་རང་ངའི་དགེ་རྒན་ཡིན་པའི་སྐབས་ལ་ངས་བཀའ་གསུང་ཅི་སྒྲུབ་ཞུས་ཡོད་བསམ་པ་འདུག །དེ་འདྲ་ཞིག་གི་བསམ་ཚུལ་ཁྱེར་ནས་བྱེད་ཀྱི་ཡིན་ན། ཏན་ཏན་གྲུབ་འབྲས་ཡག་པོ་ཐོན་གྱི་རེད།
རྩོམ་སྒྲིག་པ། ཐུགས་རྗེ་ཆེ།། །།