(དུས་དེབ་གོང་མའི་འཕྲོ།) ཉན་ཤུལ་མཁྱེན་རབ་འོད་གསལ།
བོད་ཡིག་དང་བོད་དུ་དར་བའི་ནང་པའི་ཆོས་ལུགས་བར་གྱི་འབྲེལ་བ་བཤད་པ།
༄༅། །བོད་དུ་དར་བའི་ནང་པའི་ཆོས་ལུགས་དང༌། བོད་ཀྱི་སྐད་ཡིག་བར་གྱི་འབྲེལ་བ་ནི་ལོ་རྒྱུས་ཐོག་མཐའ་བར་གསུམ་དུ་བོད་ཡིག་དང་ཆོས་ལུགས་གཉིས་དར་ན་དར་མཉམ་དང༌། རྒུད་ན་རྒུད་མཉམ་ཡིན་པ་ད་ལྟ་རང་རེས་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་གསལ་པོ་ཡོད་པ་རེད། ད་ལྟ་རང་རེས་སྤྱོད་བཞིན་པའི་བོད་ཡིག་ཐོན་མི་ལོ་ཙཱ་བས་ཐོག་མར་གསར་གཏོད་མཛད་སྐབས་དང༌། ནང་པའི་ཆོས་ལུགས་དར་བའི་དུས་གཉིས་ཀྱང་དུས་མཚུངས་པ་འདི་ལ་ལེགས་པར་བསམས་ན་ནང་པའི་ཆོས་ལུགས་བོད་སྐད་དུ་བསྒྱུར་བའི་དགོས་པ་གཙོ་བོར་བཟུང་ནས་བོད་ཡིག་གསར་བཟོ་གནང་བ་ཡིན་སྲིད་པ་ནི། སྲོང་བཙན་ནས་ཡར་བརྩིས་པའི་རྒྱལ་པོ་དྲུག་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་རྒྱ་གར་གྱི་པནྜི་ཏ་བློ་སེམས་འཚོ་དང༌། ལོ་ཙཱ་བ་ལི་ཐེ་སི་རྣམ་གཉིས་ནས་འཁྱེར་འོང་བའི་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཀྱི་ཆོས་སྐོར་རྣམས་ལ་གཉན་པོ་གསང་བ་ཞེས་མིང་བཏགས་ཤིང་རྩ་ཆེན་དུ་བརྩིས་ཏེ་རྒྱལ་ཐོག་དྲུག་གི་རིང་ལ་བསྒྱུར་མ་ཐུབ་པར་ལུས་པ་དེ་ཐོག་མ་རང་ལ་མཁན་པོས་ཆོས་སྐོར་དེ་དག་བསྒྱུར་ཏེ་བོད་ཁམས་སུ་དམ་པའི་ཆོས་ཀྱི་སྲོལ་བཏོད་པར་གྲགས་སོ།།
རྒྱུ་མཚན་དེ་དག་ལ་བསམས་ན་གནའ་དེང་གི་མཁས་པ་རེ་འགས་སྲོང་བཙན་གོང་དུ་བོན་གྱི་ཆོས་ལུགས་ལོ་དེ་སྙེད་ཅིག་ཏུ་དར་བ་ཡིན་པས་བོད་ལ་ཡི་གེ་མེད་པ་མི་སྲིད་གསུངས་ཀྱང་གལ་ཏེ་སྐབས་དེར་བོད་ལ་ཕན་ཐོགས་པའི་ཡི་གེ་ཞིག་ཡོད་ན་གཉན་པོ་གསང་བའི་ནང་དོན་མ་རྟོགས་པར་རྒྱལ་ཐོག་དྲུག་གི་རིང་ལ་ལུས་དགོས་པའི་རྒྱུ་མཚན་མི་འདུག་སྙམ། དེས་ན་ད་བར་ལོ་ཆིག་སྟོང་ལྷག་གི་རིང་རང་རེས་སྤྱད་པའི་བོད་ཡིག་འདི་ནི་བོད་རྒྱལ་སྲོང་བཙན་དུས་ཐོན་མིས་གསར་བཟོ་མཛད་པར་ཐེ་ཚོམ་མི་དགོས་པ་ཡིན་པ་དེབ་དཀར་ལས་ཀྱང༌། “ལར་རྒྱལ་པོ་འདིའི་ཕྱག་རྗེས་གཙོ་བོ་གསུམ་ནི། བོད་ཀྱི་ཡུལ་གྲུ་རྒྱལ་ཁབ་ཆེན་པོའི་ས་ཁྱོན་དུ་བསྐྱེད་པ་དང༌། སྔོན་ཆད་མེད་པའི་ཡི་གེའི་སྲོལ་ཕྱེ་བ་དང༌། ཐུབ་པའི་བསྟན་པ་རིན་པོ་ཆེ་ཐོག་མར་སྤེལ་བ་འདི་རྣམས་ཡིན་ནོ།།” ཞེས་གསུངས་པས་རྟོགས་ཐུབ་བོ། །སྤྱིར་སྐབས་དེར་བོད་ཡིག་གསར་བཟོ་དགོས་པའི་རྒྱུན་མཚན་དུ་མ་ཞིག་ཡོད་ངེས་ནའང་གཙོ་བོ་བོད་ཡིག་གསར་བཟོ་མཛད་པ་དང་ཆབས་ཅིག་བོད་ཀྱི་པཎ་གྲུབ་ཧ་ཅང་མང་པོས་མངའ་བདག་ཁྲི་རལ་གྱི་སྐུ་དུས་བར་རྒྱལ་བའི་བཀའ་དང༌། རྗེས་འཇུག་གི་བསྟན་བཅོས་སོགས་མདོ་རྒྱུད་མན་ངག་རིག་གནས་རྒྱ་མཚོ་ལྟ་བུ་ཞིག་བོད་ཡིག་ཏུ་བསྒྱུར་བ་ནི་མཐོང་དུ་མེད་པའི་ལོ་རྒྱུས་ཙམ་མིན་པར་ད་ལྟ་རང་རེས་མཇལ་དུ་ཡོད་པ་འདི་ག་ལགས་ཤིང༌། སྐབས་དེར་བོད་དུ་ནང་པའི་ཆོས་ལུགས་དར་བ་ཙམ་རྒྱ་གར་དུའང་མ་བྱུང་བ་བསྟན་པ་ཕྱི་དར་གྱི་དུས་སུ་བོད་དུ་ཕེབས་པའི་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ནས། “དེ་དུས་བོད་ཀྱི་བསྟན་པ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་”ཅེས་གསུངས་པས་ཀྱང་རྟོགས།
བསྟན་པ་སྔ་དར་དུས་རྒྱལ་བློན་རྣམས་ཀྱིས་འཇིག་རྟེན་སྲིད་ལུགས་ཀྱི་ཐད་ལའང་བོད་ཡིག་སྤྱད་ཡོད་པ་གདོན་མི་ཟ་བ་ཡིན་པ་ནི། དུས་རབས་ཉི་ཤུ་པའི་ནང་བྱུང་བའི་ཏུན་ཧོང་གི་གཏེར་ཡིག་དག་དང༌། རྡོ་རིང་གི་ཡི་གེ་རྣམས་ཀྱིས་ཀྱང་ར་སྤྲོད་ཐུབ་པ་ཡིན། འདིའི་ཐད་ལ་དེབ་དཀར་ལས། “རང་རེ་རྣམས་ལའང་སྔོན་གྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཅི་མཛད་ཀྱི་ལོ་རྒྱུས་ཤིན་ཏུ་རྒྱས་པ་ཡོད་པ་གོར་མ་ཆག་ལ། འོན་ཀྱང་ལྷ་སྲས་དར་མའི་རྗེས་འབངས་གྱེན་ལོག་བྱུང་བ་ནས་བཟུང་རྒྱལ་རྒྱུད་རྣམས་ཀྱི་བཞུགས་ཡུལ་དུ་མར་སྤོས་པ་དང༌། སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས་ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་འཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང་”ཞེས་གསུངས་པ་ལྟར་ཡིན་ཞིང༌། དོན་དུ་ལྷ་སྲས་དར་མའི་རྗེས་ཙམ་ལ་ཐོག་མར་བོད་ནང་ཁུལ་དུ་ཆིག་སྒྲིལ་མེད་པའི་གནས་ཚུལ་དུ་མ་ཞིག་བྱུང་ནས་ཐ་ན་སྔར་བོད་རྒྱལ་ཚོའི་བང་སོ་ཁག་གི་རིག་གཞུང་གནའ་རྫས་རིན་ཐང་བྲལ་བ་རྣམས་ཀྱང་གཏོར་བརླག་བཏང་སྟེ་བོད་དང་བོད་ཆེན་པོའི་དཔལ་ཡོན་ཉམས་པའི་འགོ་ནང་ནས་བརྩམས་ཤིང༌། རིམ་བཞིན་གོ་སྐབས་དེ་ལ་བརྟེན་ནས་ཕྱི་ནས་ཀྱང་ཞི་དྲག་སྣ་ཚོགས་ཀྱིས་ཐབས་ལམ་བརྒྱུད་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་སྔར་གྱི་ལོ་རྒྱུས་ཀྱི་ཡིག་ཆ་འགངས་ཆེན་ཁག་དང༌། རིག་གཞུང་གི་གནའ་རྫས་གྲངས་མེད་ཅིག་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་པ་དེ་ཚོ་ད་ལྟ་རང་རེའི་དྲན་པའི་ཡུལ་ཙམ་དུ་གྱུར་པ་ལགས། འོན་ཀྱང་ཆོས་ལུགས་ཀྱི་དཔེ་ཆ་རྣམས་ལ་གཏོར་བརླག་ཚབས་ཆེན་དེ་ཙམ་མ་བྱུང་བར་གནས་ཐུབ་པ་ལ་རྒྱུ་མཚན་ཁ་ཤས་ཡོད་པའི་དང་པོ་ནི། ཐོག་མར་ནང་གི་གཏོར་བརླག་མཁན་ཚོས་སྲིད་དབང་འཕྲོག་རེས་བྱེད་པ་དང༌། རྒྱུ་དངོས་འཕྲོག་བཅོམ་བྱེད་པ་ལས་ཆོས་ལུགས་གཏོར་བརླག་བཏང་ན་བོད་མི་སྤྱི་མི་དགའ་བ་དང༌། ལྟ་ལོག་པའི་ངན་མིང་ཡོང་རྒྱུར་འཇིགས་ཏེ་ཅི་མི་སྙམ་དུ་བཞག་པ་དང༌།
གཉིས་པ་ཆོས་ལུགས་ཀྱི་དཔེ་ཆ་ནི་སྐབས་དེར་ཤིང་དཔར་སོགས་མེད་ཀྱང་བོད་རྒྱ་ཁྱབ་ཏུ་ཆོས་དཔེ་བྲིས་མ་ནི་གྲངས་ལས་འདས་པ་ཞིག་ཡོད་པས་རྩ་མེད་དུ་འགྲོ་དཀའ་བ་དང༌། འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་དཔེ་ནི་སྐབས་དེར་བོད་རྒྱ་ཁྱབ་ཏུ་མེད་པར་ཤིན་ཏུ་ཉུང་བ་ཞིག་ལས་མེད་པས་གཏོར་བརླག་གཏོང་བདེ་བ་ཡིན།
འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་པའི་ནང་ཏུན་ཧོང་ཞེས་པའི་ས་གནས་ནས་བོད་རྒྱལ་ཁག་གི་དུས་སུ་བྲིས་པའི་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་དཔེ་རྙིང་ཕོན་ཆེ་ཐོན་པ་རྣམས་ནོར་བདག་པོའི་ལག་ཏུ་འཕྲོད་པ་ཞིག་ངེས་པར་དགོས་ཀྱང་དེ་ལས་ལྡོག་སྟེ་རྒྱལ་ཁབ་དུ་མས་བགོ་བཤའ་བྱས་ཏེ་རང་རང་གི་རྒྱལ་ས་ན་ནོར་བུ་ལྟར་བརྩིས་ཏེ་ཡོད་པ་རྣམས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཉེན་ཁར་མ་འཛེམས་པར་ཐབས་ལམ་དུ་མ་བརྒྱུད་དེ་བྱུང་བ་རྣམས་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པར་དེབ་དཀར་དུ་བཀོད་དེ་ད་ལྟ་རང་རེའི་མིག་ལམ་དུ་གྱུར་པ་འདི་ག་ལགས་ཤིང༌། དཔེ་རྙིང་དེའི་གྲས་ཕོན་ཆེན་ཞིག་སྐབས་དེར་པེ་ཅིང་དུའང་ཁྱེར་ཞེས་བཤད་འདུག་ཀྱང་ད་ལྟ་གང་དུ་ཡོད་ཆ་མ་འཚལ།
རྒྱུ་མཚན་གསུམ་པ་ནི་བོད་ཀྱི་ཆོས་བྱེད་མི་སྣ་ཙམ་མ་ཟད། བོད་མི་ཞིག་ཡིན་ཕྱིན་ཆོས་ལུགས་ཀྱི་ནང་དོན་ཤེས་མིན་ལ་མ་བལྟོས་པར་ཆོས་དཔེ་ཞིག་ཡིན་ཕྱིན་རྟེན་གསུམ་གྱི་ནང་ཚན་གསུང་རྟེན་དུ་བརྩི་བ་ནི་སྔར་ནས་ད་ལྟའི་བར་དུ་ཡོད་པ་ཡིན་པས་བོད་མི་ཀུན་གྱིས་ཆོས་དཔེས་མཚོན་པའི་རྟེན་གསུམ་ལ་སྲུང་སྐྱོབ་བྱེད་པའི་གོམས་གཤིས་ཡོད་ཅིང༌། འདིའི་ཐད་ཀྱི་དཔེ་ངོ་མཚར་ཅན་ཞིག་ཡོད་པ་ནི། རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པའི་དུས་དཔལ་ཆུ་བོ་རིའི་སྒོམ་གྲྭ་ནས་དམར་བན་ཤཱཀྱ་མུ་ནེ་དང༌། གཡོ་དགེ་འབྱུང༌། གཙང་རབ་གསལ་གསུམ་གྱིས་འདུལ་མངོན་གྱི་ཆོས་དཔེ་རྣམས་ཁྱེར་ཏེ་བློ་ཡུལ་ལས་འདས་པའི་དཀའ་སྤྱད་ཀྱིས་ཐོག་མར་མངའ་རིས་སུ་བྲོས། དེ་ནས་ཧོར་ཡུལ་ལ་བྲོས། དེ་ནས་མདོ་སྨད་དུ་བྲོས་ཏེ། དེར་རྒྱལ་བསྟན་སྤེལ་བར་མཛད་པ་ལྟ་བུ་དང༌། འདིའི་སྐོར་དེབ་སྔོན་ལས་ཀྱང་འདི་ལྟར་གསུངས་པ་”བསྟན་པ་བསྣུབས་རྗེས་བོད་ཀྱི་ཁྱིམ་པ་རྣམས་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་གུས་པར་བྱས་ནས་ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ཆེན་པོ་རྣམས་མ་ཞིག ཁྱིམ་དང་རི་སུལ་ན་གནས་པའི་སྔགས་པ་རྟེན་སྐྱ་བོར་གྱུར་པ་དེ་དག་གིས་ཀྱང་རང་ཉིད་ཀྱིས་སྒྲུབ་པ་ཚུལ་བཞིན་དུ་ཉམས་སུ་བླངས་ཤིང་བསྟན་པ་སྤྱི་ལ་ཡང་གུས་པར་བྱས་པས། མངའ་བདག་རལ་བ་ཅན་ཡན་ཆོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཀྱི་པུསྟི་རྣམས་ལེགས་པར་བསྲུངས་པས། སྔོན་འགྱུར་བ་ཕལ་ཆེ་བ་ད་ལྟ་ལོངས་སྤྱོད་དུ་ཡོད་པ་འདི་ཡིན་ལ་”ཞེས་གསུངས་པ་ལྟར་ཡིན། ལོ་རྒྱུས་ཐོག་ཆོས་ལུགས་སོགས་བོད་ཀྱི་རིག་གནས་ལ་ཉམས་ཉེས་ཆེ་ཆུང་ཅི་འདྲ་ཞིག་བྱུང་སྐབས་ཐོག་མར་རྟེན་གསུམ་ལ་སྲུང་སྐྱོབ་བྱེད་པ་ལས་ཆོས་ལུགས་མིན་པའི་དཔེ་ཆའི་རིགས་ལ་སྲུང་སྐྱོབ་མི་བྱེད་པ་ཡིན་པས་ད་ལྟ་གནའ་རབས་བོད་ཀྱི་འཇིག་རྟེན་སྲིད་ལུགས་ཀྱི་དཔེ་ཆ་ནི་ཆོས་དཔེའི་བརྒྱ་ཟུར་རེ་ཟུང་ཡང་མེད་པའང་རྒྱུ་མཚན་དེར་ཐུག་པ་ཡིན།
རྒྱུ་མཚན་བཞི་པ་ནི་སྲོང་བཙན་ནས་ཁྲི་རལ་བར་བོད་ཀྱི་ནང་པའི་ཆོས་ལུགས་དེ་ལ་གྲུབ་མཐའ་མི་འདྲ་བ་སྣ་ཚོགས་སུ་གྱེས་མེད་པས་ཚང་མ་མ་བགྲོས་གཅིག་མཐུན་གྱིས་སྲུང་སྐྱོབ་བྱེད་པ་ལས་གྲུབ་མཐའ་མི་འདྲ་བའི་ཕྱོགས་འཐེན་གྱི་སྐྱོན་ཆའང་མེད་པ་ཡིན། གཙོ་ཆེ་བ་གོང་གི་རྒྱུ་མཚན་བཞི་ལ་བརྟེན་བོད་ལ་དར་རྒུད་མང་པོ་ཞིག་བྱུང་ཡང་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་དང་མི་འདྲ་བར་ཆོས་དཔེ་རྣམས་རྒྱུན་རིང་གནས་ཐུབ་པ་ཡིན། དེ་བཞིན་གོང་དུ་དེབ་དཀར་གྱི་ལུང་སྨོས་པ་བཞིན་ཕྱི་ནས་ཀྱང་འཇིགས་པ་མི་ཉུང་བ་བྱུང་ཡོད་ཀྱང་ཆོས་ལུགས་རྩ་མེད་གཏོང་མ་ཐུབ་པའམ་མ་བཏང་བ་རེད། དེའི་རྒྱུ་མཚན་དང་པོ་ནི། བོད་མི་ཀུན་གྱིས་ཆོས་ལ་དད་པ་བྱེད་པ་དེ་ནི་ཧ་ཅང་གཏིང་ཟབ་པ་དང་རྒྱ་ཁྱབ་ཏུ་གནས་པས་རྩ་བརླག་གཏོང་རྒྱུ་དེ་སྟབས་བདེ་པོ་ཞིག་མིན་པ་དང༌། རྒྱུ་མཚན་གཉིས་པ་ནི། ཁོ་རང་ཚོའང་ཆོས་ལ་དད་པ་ཡོད་ཁུལ་གྱིས་ཆོས་ལུགས་ལ་རྒྱབ་སྐྱོར་གང་འཚམ་རེ་བྱས་ན་ཁོ་ཚོའི་འདོད་དོན་སྒྲུབ་པའི་ཐབས་མཆོག་བླ་ན་མེད་པ་ཞིག་ཡིན་པ་ཤེས་ཏེ་གནས་ཐུབ་པ་རེད། གླང་དར་གྱི་བསྟན་པ་བསྣུབས་ཏེ་མི་ལོ་བདུན་ཅུ་རྩ་བརྒྱད་པ་ལ་ཁམས་ནས་ནང་པའི་ཆོས་ལུགས་དབུས་ཕྱོགས་སུ་དར་བ་རེད། དེ་ལ་བསྟན་པ་ཕྱི་དར་ཞེས་གྲགས་པ་རེད། དེ་དུས་བོད་སིལ་བུར་གྱུར་ཏེ་བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་སྟོབས་ཆེན་པོ་དེ་ཉམས་ཉེས་སུ་གྱུར་ཟིན་ཏེ་བོད་ཀྱི་རྒྱལ་རྒྱུད་དག་གི་གནས་ཡུལ་ཡང་ཁ་འཐོར་དུ་གནས་པ་ཡིན་ཡང་བོད་དུ་དར་བའི་ནང་པའི་ཆོས་ལུགས་ནི་བསྟན་པ་སྔ་དར་གྱི་ཆོས་ལུགས་ཀྱི་རྨང་གཞི་བརྟན་པོ་དེའི་ཐོག་མངའ་རིས་ཙམ་ལ་དབང་སྒྱུར་བའི་བོད་ཀྱི་རྒྱལ་རྒྱུད་དག་གིས་སླར་ཡང་ལུས་སྲོག་ལོངས་སྤྱོད་ཕང་མེད་དུ་སྤྱད་དེ་སྔར་གྱི་རྒྱུན་མཐུད་དེ་ལོ་ཆེན་རིན་ཆེན་བཟང་པོ་སོགས་བོད་ཀྱི་ལོ་ཙཱ་བ་མང་པོ་རྒྱ་གར་དང་ཁ་ཆེ་སོགས་སུ་དཀའ་བ་བརྒྱ་ཕྲག་སྤྱད་དེ་ལོ་ཙཱ་བ་ཕུལ་དུ་བྱུང་བ་མང་པོ་ཐོན་པ་དང༌། དེ་དག་དང་རྒྱ་གར་དང་ཁ་ཆེའི་པནྜི་ཏ་རྣམས་ནས་སླར་ཡང་ནང་པའི་མདོ་རྒྱུད་རིག་གནས་རྒྱ་མཚོ་ལྟ་བུ་བོད་ཡིག་ཏུ་བསྒྱུར་བ་དང༌། འཆད་ཉན་གྱི་རྒྱུན་ཡང་ད་བར་གནས་པ་ཡིན། གོང་གི་ལོ་རྒྱུས་ངོ་མ་དེ་ཚོའི་ཐོག་ནས་བལྟས་ན། བོད་ཡིག་གིས་མཚོན་བོད་ཀྱི་རིག་གནས་དང་ཆོས་ལུགས་གཉིས་པོ་ནི་དར་ན་དར་མཉམ་དང༌། འཇིག་ན་འཇིག་མཉམ་ཡིན་པ་མཐོང་ཐུབ། སྤྱིར་ཡི་གེ་གང་འདྲ་ཞིག་ཡིན་ཡང་ཆོས་དང་ཆོས་མ་ཡིན་པའི་འཇིག་རྟེན་གྱི་བྱ་བ་གང་དང་གང་ལའང་སྤྱད་ཆོག་མོད། བོད་མི་ཚོའི་གོམས་གཤིས་ལ་བོད་ཡིག་ནི་ཧ་ལམ་ཆོས་ལུགས་རྐྱང་པའི་དོན་སྟོན་བྱེད་ཅིག་ཡིན་པའི་ཚོར་སྣང་སྐྱེ་བ་རེད། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི། སྙན་གྱི་གོང་རྒྱན་ལས། “ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང༌། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས།།” ཞེས་གསུངས་པ་དང༌། དེའི་དབང་གིས་གོང་དུ་བཤད་པ་བཞིན་རྟེན་གསུམ་གྱི་བྱེ་བྲག་གསུང་རྟེན་ཡང་ཡི་གེར་བརྩི་བ་རེད། ལར་བོད་ཡིག་ཙམ་དུ་མ་ཟད་ཡིག་རིགས་གང་འདྲ་ཞིག་ཡིན་རུང༌། དེའི་ནང་དོན་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་དག་གི་ནང་དོན་ལ་དད་གུས་བྱེད་དགོས་པའི་དོན་དུ་ཡིན་པ་ལས་ཡི་གེ་ཙམ་ལ་དད་གུས་བྱེད་དགོས་པ་ཅི་ལ་ཡིན། དེ་འདྲ་ཡིན་ན་རྒྱལ་བའི་དགོངས་པའི་ལྡོག་ཕྱོགས་ཀྱི་ནང་དོན་འཁོད་པའི་ཡི་གེ་ལའང་དད་གུས་བྱེད་དགོས་ཏེ། ཡི་གེ་ཙམ་ཡིན་པ་འདྲ་བའི་ཕྱིར། བོད་མི་ལ་གོམས་གཤིས་དེ་འདྲ་ཡོད་པས་སྔོན་ཆད་བོད་ཀྱི་ས་གནས་གང་སར་བུ་བོད་ཡིག་སློབ་མཁན་ཞིག་ཡིན་ཕྱིན་གྲྭ་པ་དང༌། གལ་ཏེ་བུ་མོ་བོད་ཡིག་སློབ་མཁན་ཞིག་ཡིན་ཕྱིན་བཙུན་མ་ཡིན་ཤག་ཤག་བྱེད་པ་རེད། དེའི་དབང་གིས་བོད་ཡིག་གིས་མཚོན་པའི་བོད་ཀྱི་རིག་གནས་མཁས་པའང་སྤྲུལ་པའི་སྐུ་དང༌། མཁན་པོ། དགེ་བཤེས་དང༌། གྲྭ་པ་དཀྱུས་མ་བཅས་ཀྱི་ནང་ནས་བྱུང་བ་ཤ་སྟག་ཡིན། སྔར་སྤྱི་ཚོགས་རྙིང་པའི་དུས་ལྷ་སར་སྐུ་དྲག་གི་བུ་བུ་མོ་ཚོས་བོད་ཡིག་སློབ་སྲོལ་ཡོད་པ་དང༌། ལོ་རྒྱུས་ཐོག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་མཁས་གྲགས་ཅན་འགའ་ཞིག་ཁྱིམ་པ་ཡིན་པ་དེ་ཚོའི་མི་གྲངས་ནི་བོད་ཀྱི་མི་གྲངས་ཀྱི་བརྒྱ་ཆ་གཅིག་ཀྱང་མི་ཟིན། སྤྱི་ཚོགས་རྙིང་པའི་དུས་དེང་དུས་ཀྱི་སློབ་གྲྭ་ལྟ་བུ་ནི་བོད་ཡུལ་གང་དུའང་མེད། འོན་ཀྱང་བོད་ཡུལ་ཀུན་ཏུ་དགོན་པ་ཆེ་ཆུང་ཁྲི་ཕྲག་དུ་མ་ཞིག་ཡོད་པ་དེ་ཚོ་དོན་དུ་སློབ་གྲྭ་རང་ཡིན། དགོན་པ་ཆེ་ཆུང་དེ་ཚོའི་ནང་སྤྱིར་བཏང་བཤད་ན་བསླབ་བྱ་བཅུ་ཕྲག་རིག་པའི་གནས་ཡིན་ནའང་དགོན་པ་ཕལ་མོ་ཆེའི་ནང་དུ་ནང་དོན་རིག་པ་སྟེ་སྡེ་སྣོད་གསུམ་བསླབ་བྱའི་གཙོ་བོར་འཇོག་པ་མ་ཟད། དགོན་སྡེ་འགའ་ཞིག་ཏུ་སྙན་ངག་སུམ་རྟགས་སོགས་ཐ་སྙད་རིག་པའི་གནས་རྣམས་སློབ་མི་འོས་པའམ་གལ་ཏེ་སློབ་འདོད་ཡོད་ཀྱང་ལྐོག་ཏུ་སློབ་དགོས་པ་ཙམ་གྱི་གོམས་གཤིས་ཡོད་པ། དེ་བཞིན་དགོན་པའི་ནང་དུ་གྲྭ་པ་ཚོས་མི་རིགས་གཞན་ཞིག་གི་སྐད་ཡིག་སློབ་པ་ནི་དེ་བས་ཀྱང་མི་སྲིད་པ་ཙམ་དུ་བརྩི་བ་རེད། གོམས་གཤིས་དེ་དག་དང་གོང་དུ་བཤད་པའི་བོད་ཡིག་སློབ་པ་ནི་གྲྭ་པ་དང་བཙུན་མ་ཁོ་ན་ཙམ་གྱི་ལས་འགན་ལྟ་བུར་བརྩི་བ་ནི་ལུགས་གཉིས་གང་དུའང་མི་མཐུན་པའི་གོམས་གཤིས་ངན་པ་ཞིག་ཡིན་པ་བཤད་མི་དགོས་པ་ཡིན། དཔེར་ན་གྲྭ་བཙུན་གྱིས་ཐ་སྙད་རིག་གནས་སློབ་པ་ལ་བཀག་འགོག་ཙམ་ཡོད་པའི་རྐྱེན་གྱིས་དགོན་པ་འགའ་ཞིག་ཏུ་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པར་གྲགས་པའི་ནང་དུ་བོད་ཡིག་རྩོམ་པ་ཤོ་ལོ་ཀ་གཅིག་ཙམ་ཡང་འབྲི་མི་ཐུབ་པའི་མཁས་པའང་མཐོང་དུ་ཡོད་པ་དང༌། སྡེ་སྣོད་གསུམ་གྱི་དགོངས་པའི་གཙོ་བོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་པ་དེ་ཡིན་ན་ཐ་སྙད་ཀྱི་རིག་གནས་མི་མཁྱེན་པའི་ཐམས་ཅད་མཁྱེན་པ་ཞིག་ག་ལ་ཡོང༌། དེ་བཞིན་བོད་ཡིག་གྲྭ་བཙུན་གྱིས་མ་གཏོགས་སློབ་སྲོལ་མེད་པ་དེས་རང་རེ་བོད་མི་རིགས་སྤྱི་ལ་གྱོང་གུན་ཆེན་པོ་ཞིག་བཟོས་ཡོད་པ་རེད། རང་རེ་བོད་ཀྱི་མི་གྲངས་ལ་དཔགས་པའི་ཡིག་ལོང་གི་མིའི་གྲངས་ཚད་ཀྱང་མཐོན་པོ་ཡིན་པའང་དེ་ལ་ཐུག་པ་རེད།
དེ་བཞིན་མི་རིགས་གཞན་གྱི་སྐད་ཡིག་སོགས་དང་རིག་གནས་སློབ་སྲོལ་མེད་པ་དེ་མ་གཞི་བོད་ཀྱི་རིག་གནས་དང་ཆོས་ལུགས་སོགས་མི་ཉམས་པའི་ཐབས་སུ་བསམས་པར་སྣང་ཡང་དོན་ལ་དེས་ཀྱང་མི་རིགས་སྤྱི་ལ་གྱོང་གུན་ཚབས་ཆེ་བ་ཞིག་བཟོས་ཤིང༌། ཁྲོན་པའི་སྦལ་བའི་སྤུན་ཟླ་རུ་གྱུར་པ་ཞིག་བྱུང་བ་རེད། མི་རིགས་རང་ཉིད་ཀྱི་ཐུན་མོང་མིན་པའི་རིག་གནས་དང་ཆོས་ལུགས་སོགས་ཇི་སྲིད་བར་མི་ཉམས་པར་གནས་དགོས་པ་ནི་རང་རེ་བོད་ཙམ་མ་ཟད་མི་རིགས་སུ་འདྲ་ཞིག་རུང་མིག་འབྲས་ལྟར་སྲུང་སྐྱོབ་བྱེད་དགོས་རྒྱུར་ཐེ་ཚོམ་སྤུ་ཙམ་མེད་པ་ཡིན། ཡིན་ནའང་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་ཐད་ལ་བླང་དོར་ཅི་འདྲ་ཞིག་དགོས་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་མི་རིགས་སྤྱི་ལ་ཕན་པའི་གསུང་འདི་འདྲ་ཞིག་གནང་ཡོད་པ་སྟེ། “ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས། །ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད། །རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲག །གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ལྟས་ངན་ཉིད་དུ་སྒོམ། །ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ། །འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།།”ཞེས་གསུངས་པའི་དོན་ལ་ད་ཆ་རང་རེས་གྲུབ་མཐའ་ཕྱོགས་རིས་སོགས་ཀྱིས་རང་མིག་རང་གིས་མ་བསྒྲིབས་པར་བོད་རིགས་སྤྱིའི་ཁེ་ཕན་སེམས་ལ་བཅངས་ཏེ་ཁོང་གི་བོད་ཀྱི་ལམ་ལུགས་རྙིང་པར་རྣག་ཐོག་གཙག་འཁེལ་གྱི་ཟུར་ཟའི་གསུང་དུམ་བུ་དེར་ལེགས་པར་དཔྱད་ན་ཁོང་ནི་དངོས་འབྲེལ་མི་རིགས་ཀྱི་མཁས་དབང་འགྲན་ཟླ་མེད་པ་ཞིག་ཡིན་པ་མ་ཟད། ཁོང་ནི་མི་རིགས་ཀྱི་ལྷད་མེད་པའི་དཔའ་བོ་ཞིག་ཀྱང་ཡིན་ཏེ། ཁོང་གིས་དེ་གསུང་སྐབས་བོད་སྡེ་པ་གཞུང་གིས་རྩ་ཚིག་དང་བཀའ་སོགས་ཀྱི་མགོར། “ཉི་འོག་ཏུ་འཁོད་པའི་སྐྱེ་དགུ་སྤྱི་ལ་བཟློ་བ་” ཞེས་སྣང་བ་སྐྱིད་པོ་ཤ་སྟག་འབྲི་བཞིན་པའི་སྐབས་དེ་འདྲ་ཞིག་ལ་ཁོང་གིས་ཉེན་ཁར་མ་འཛེམས་པར་བོད་རིགས་སྤྱི་ལ་ཕན་པའི་གདམས་ངག་ཟབ་མོ་དེ་འདྲ་ཞིག་ཀྱང་བཏོན་གནང་བ་རེད། འོན་ཀྱང་བོད་ཀྱི་གཏམ་དཔེར། “ངོ་མ་བཤད་ན་མི་མི་དགའ། རྒྱུག་པ་འཕྱར་ན་ཁྱི་མི་དགའ་” ཞེས་པ་ལྟར་སྐབས་དེར་བོད་ཀྱི་དབང་སྒྱུར་པ་ཉུང་ཤས་དང༌། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི་ཕྱི་མི་ཁག་ཅིག་མ་དགའ་བར་ཁྱི་སྤྱང་ལག་སྦྲེལ་གྱིས་ཁོང་ལ་དྲང་བདེན་སྤུ་ཙམ་མེད་པའི་བྱ་ངན་སྣ་ཚོགས་བྱས་པ་མ་ཟད། གཅིག་བྱས་ན་ད་ལྟའང་སྤྱི་སེམས་མེད་པའི་མི་གླེན་པ་རེ་ཟུང་མི་དགའ་མཁན་ཡོད་སྲིད་ནའང༌། དེ་ནི་གདམས་ངག་གི་མཆོག་མཚང་ཐོག་ཏུ་ཕོག་པ་ཡིན་པས་ཁོང་གི་གསུང་དེ་གཟི་བརྗིད་ཆེ་རུ་ཕྱིན་པ་ཙམ་ཞིག་ཡིན། དེང་སྐབས་སྔར་དང་མི་འདྲ་བར་བོད་རིགས་ཀྱི་ས་གནས་གང་སར་བོད་ཀྱི་མི་གྲངས་ལ་དཔགས་པའི་རེ་བ་ཆེ་བའི་གཞོན་ནུ་ཤེས་ལྡན་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་དེ་ཚོ་ནི་སྤྱི་སེམས་ལྡན་པའི་མི་ཡོད་དོ་ཅོག་གིས་དེ་འདྲའི་གཞོན་ནུ་གང་མང་མང་ཞིག་ཡོང་རྒྱུའི་རེ་བ་དང༌། ཁོང་ཚོར་རེ་བ་དང་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ནའང་གླེན་པ་གཏི་མཐུག་རེ་འགས་དེ་ཚོ་ལའང་ངན་སྨྲས་དང༌། གནོད་འཚེ་གཏོང་བའང་ཡོད་ཚོད་འདུག་པ་ནི། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ཞལ་སྔ་ནས། “དེང་སང་དུས་ན་ལོ་གྲངས་རྒན་གྱུར་ན། །བླུན་པོ་རྣམས་ཀྱང་གཙུག་ཏོར་ཇི་བཞིན་ཏེ། །ཤེས་རབ་རྒྱ་མཚོའི་ངོས་ལྟར་ཡངས་པ་ཡང༌། །གཞོན་ནུར་གྱུར་ན་ཚད་མར་འཛིན་པ་དཀོན།།” ཞེས་གསུངས་པ་ལྟར་ཡིན་མོད། གང་ལྟར་གཞོན་ནུ་དེ་ཚོའི་ནུས་པ་འགོག་ཐབས་མེད་པར་མདུན་ཕྱོགས་སུ་བསྐྱོད་ངེས་ཡིན། སྤྱིར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་རིང་རང་ཅག་བོད་ཀྱི་རིག་གནས་ཁག་དང་ཆོས་ལུགས་གནས་ཐུབ་པ་ནི་མི་རིགས་དང་སྐད་ཡིག །ཆོས་ལུགས་བཅས་གཅིག་ལ་གཅིག་བརྟེན་གྱིས་གནས་པ་ཞིག་ཡིན་ལ། དེའང་རྩ་བ་ནི་མི་རིགས་ལ་ཐུག་ཡོད། གལ་ཏེ་མི་རིགས་ཉམས་པར་གྱུར་ན་དེའི་སྐད་ཡིག་དང་ཆོས་ལུགས་སོགས་ཀྱང་སྡོང་པོ་མེད་པའི་ཡལ་ག་དང་མཚུངས། འོན་ཀྱང་དེང་དུས་ཀྱི་འཇིག་རྟེན་འདིར་ཉི་ཟླ་སྐར་གསུམ་ལ་མུ་མཐུད་དཔུང་འཇུག་བྱེད་བཞིན་པའི་དུས་རབས་འདིར་རང་ཅག་བོད་མི་རིགས་ནི་ད་དུང་ལོ་ངོ་བརྒྱ་སྟོང་གོང་གི་རིག་གནས་ཀྱི་མ་རྩ་ཙམ་ལ་བརྟེན་ནས་སྣང་བ་སྐྱིད་པོ་འདྲ་བཤད་དེ་སྡོད་འདོད་ཡོད་ཀྱང་སྡོད་ཐབས་བྲལ་བ་ཡིན། འོ་ན་ཅི་ཞིག་བྱེད་དགོས་ཤེ་ན། “སོ་ནམ་མི་ཤེས་ན་གྲོང་པར་ལྟོས་”ཟེར་བའི་དཔེ་ལྟར་དེང་སང་འཛམ་གླིང་ན་སྙན་པར་གྲགས་པའི་རྒྱལ་ཁབ་དེ་ཚོ་གདོད་མ་ནས་དེ་འདྲ་ཞིག་མིན་ནའང༌། སྡོད་ས་གཅིག་ཏུ་ཨུ་ཚུགས་ཀྱིས་མ་བསྡད་པར་མདུན་དུ་བསྐྱོད་ནས་དེ་ལྟར་གྱུར་པ་དང༌། ད་དུང་ཡང་ཇི་སྲིད་བར་མདུན་བསྐྱོད་བྱེད་ངེས་ཡིན། འོ་ན་མདུན་དུ་བསྐྱོད་ཅེས་པ་གང་འདྲ་ཞིག་ལ་གོ་དགོས་ཤེ་ན། དེ་ནི་མདོར་བསྡུས་ཏེ་བཤད་ན་སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་པ་ཞིག་དང༌། རིག་གནས་རྙིང་པའི་མ་རྩ་སྟབས་བདེ་ཞིག་ལ་དམ་བཟུང་གིས་མ་བསྡད་པར་ཡ་ང་བའི་འཐབ་རྩོད་ཁྲི་ཕྲག་བརྒྱུད་སྤྱི་ཚོགས་ཀྱི་ལམ་ལུགས་དེ་དུས་རབས་དང་བསྟུན་བསྒྱུར་བཀོད་བྱས་པ་དང་ཆབས་ཅིག་ཚན་རིག་གི་ལམ་ལ་བརྟེན་ནས་དེ་ལྟར་གྱུར་པ་ཞིག་ཡིན་པ་ལས་སྟེས་དབང་གིས་བྱུང་བ་ཞིག་གཅིག་ཀྱང་མེད། ད་ལྟ་འཛམ་གླིང་ན་དར་རྒྱས་ཆེ་བའི་རྒྱལ་ཁབ་བམ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀུན་ཚན་རིག་གི་ལམ་ལ་བརྟེན་ཏེ་དར་རྒྱས་བཏང་བ་ལས་ཚན་རིག་ལ་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་བམ་མི་རིགས་དར་རྒྱས་ཕྱིན་པ་ནི་སྔར་གཅིག་ཀྱང་མ་བྱུང་ལ། མ་འོངས་པ་ནའང་འབྱུང་མི་སྲིད་ཅེས་ཁ་ཚོན་བཅད་དེ་བཤད་ཆོག །དེར་བརྟེན་རང་རེ་བོད་མི་རིགས་ཀྱང་འགྲོ་ལམ་དེ་བརྒྱུད་དེ་དར་རྒྱས་ཡོང་ཐབས་ལ་བརྩོན་པ་ལས་ཐབས་ལམ་གཞན་པ་ཞིག་གཏན་ནས་མེད། དེས་ན་རང་རེ་བོད་ཀྱི་ན་གཞོན་ཚོས་འགོག་རྐྱེན་སྣ་ཚོགས་ཁྱད་བསད་དང་བརྩོན་པ་དྲག་པོས་མི་རིགས་གཞན་གྱི་སྐད་ཡིག་གིས་མཚོན་དེང་རབས་འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་ཤེས་བྱར་གྱུར་པའི་ཚན་རིག་གི་ཤེས་བྱ་ཁག་ལ་སློབ་སྦྱོང་བྱེད་དགོས་པ་ནི་ཐེ་ཚོམ་སྤུ་ཙམ་མེད་པ་ཞིག་ཡིན། ཐབས་ལམ་དེ་འདྲ་ཞིག་ལ་བརྟེན་ནས་མདུན་བསྐྱོད་བྱེད་སྐབས་སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་བ་བྱུང་བ་ལས་ཐོག་མ་ཉིད་ནས་རྗེས་ལུས་དང་སྔོན་ཐོན་ཞེས་པ་ངོ་བོ་ཉིད་ནས་གྲུབ་པ་ཞིག་གཏན་ནས་མེད། རང་རེ་བོད་མི་རིགས་ནི་རྗེས་ལུས་ཚབས་ཆེ་ཙམ་ཐེབས་པའི་མི་རིགས་ཤིག་ཡིན་མོད་འབད་བརྩོན་བྱས་ན་རྗེས་ལུས་ཀྱི་གནས་ལས་ཐར་ངེས་ཡིན་པས་བློ་ཕམ་སྐྱེ་མི་དགོས། འཛམ་གླིང་གི་རྒྱལ་ཁབ་བམ་མི་རིགས་གང་འདྲ་ཞིག་ཡིན་ཡང་སྔ་ཕྱི་བྱས་ཏེ་དར་རྒྱས་ཕྱིན་པ་ལས་དུས་གཅིག་ལ་ཡར་རྒྱས་ཕྱིན་པ་ཞིག་མ་རེད།
དེ་བས་རང་རེ་བོད་མི་རིགས་རྗེས་ལུས་ཡིན་པ་ངོས་འཛིན་མ་ཐུབ་པའམ་ངོས་འཛིན་བྱེད་མི་འདོད་པ་བྱུང་ན་དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་དང༌། བློ་ཕམ་སྐྱེ་དགོས་པ་ཞིག་ཡིན། གོང་དུ་དྲངས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་དེ་དུས་སྐབས་དེར་བོད་ཀྱི་ལམ་ལུགས་དེ་འདྲ་ཡིན་པ་མ་ཟད། ད་ལྟ་ཡང་བོད་རིགས་ཀྱི་ས་གནས་འགོལ་པོ་དག་ན་ཁྲོན་པའི་སྦལ་བའི་བརྟུལ་ཞུགས་ཅན་རེ་འགའ་ཡོད་ཚོད་འདུག་པས་རྣམ་དཔྱོད་ལྡན་པའི་བོད་རིགས་ཀྱི་གཞོན་ནུ་ཚོས་མི་དེ་ཚོར་དོགས་ཟོན་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། གལ་ཏེ་མི་དེ་ཚོའི་ཁ་རྗེས་སུ་འབྲངས་ཚེ་རང་རེ་བོད་མི་རིགས་དེ་རྗེས་ལུས་ཀྱི་གནས་ལས་ཐར་དཀའ་བ་ཡིན། དེས་ན་གཞོན་ནུ་ཚོས་རྒྱ་སྐད་རྒྱ་ཡིག་གིས་མཚོན་པའི་མི་རིགས་གཞན་གྱི་རིག་གནས་མཐའ་དག་ལ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེར་འཛིན་དགོས་པ་དང༌། དེ་བས་གཞོན་ནུ་དཔྱོད་ལྡན་ཚོས་ཐུགས་ལ་ངེས་དགོས་པའི་ཆེས་གལ་ཆེ་བ་ཞིག་ནི་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སློབ་པའི་དོན་སྙིང་དང་དགོས་པ་གསལ་པོར་རྟོགས་དགོས་པ་དེ་ཡིན། དེ་ནི་ཕྱོགས་གང་ཅིའི་ཐད་ནས་རང་རེ་བོད་མི་རིགས་འདི་སྔོན་ཐོན་གྱི་མི་རིགས་གཞན་གྱི་རྗེས་ཟིན་ཐུབ་པ་ཞིག་བྱས་ཏེ་རྟག་ཏུ་གཞན་བརྟེན་གྱི་འཚོ་འབུ་ཞིག་བྱས་ཏེ་སྡོད་མི་དགོས་པའི་ཆེད་དུ་ཡིན་པ་ལས་སྒེར་དོན་རྐྱང་པ་བློ་ལ་བཅངས་ཏེ་སློབ་སྦྱོང་བྱེད་པ་ཞིག་ཡིན་མི་རུང༌། དེ་བཞིན་མི་རིགས་ཀྱི་སྲོག་རྩ་ལྟ་བུར་གྱུར་པའི་རང་གི་སྐད་ཡིག་གཉིས་ཕུན་སུམ་ཇེ་ཚོགས་དང་ཆ་ཇེ་ཚང༌། རྒྱ་ཁྱབ་ཇེ་ཆེར་འགྲོ་བའི་དོན་དུ་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སློབ་དགོས་པ་ཞིག་ཡིན་པ་ལས་མི་རིགས་རང་གི་སྐད་ཡིག་ཉམས་ཞན་དུ་གཏོང་བའི་དོན་དུ་སློབ་པ་ལྟ་བུར་མི་འགྲོ་བའི་ཐད་ལ་གཟབ་ནན་བྱེད་དགོས། ལེགས་པར་བསམས་ན་བོད་ཀྱི་ལོ་རྒྱུས་ཐོག་མཁན་པོ་ཐོན་མིས་གཙོས་བོད་མི་ཧ་ཅང་མང་པོ་ཞིག་གིས་འགྲིམ་འགྲུལ་དང་འཚོ་བ། གཞན་གྱི་ཆ་རྐྱེན་ཧ་ཅང་ཞན་པའི་སྐབས་ལུས་སྲོག་ལ་ལྟོས་མེད་ཀྱིས་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་མཐར་ཕྱིན་པ་བསླབས་ཏེ་བོད་ཡིག་གསར་བཟོ་གནང་བ་དང༌། དེ་ནས་རིམ་བཞིན་བོད་ཀྱི་རིག་གནས་མཐའ་དག་དུས་སྐབས་དེ་དག་ལ་བལྟོས་ནས་བཤད་ན་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད་ན། ད་ལྟ་རང་རེས་གང་ཅིའི་ཐད་ནས་ཆ་རྐྱེན་འཛོམས་པོ་འདི་འདྲའི་དུས་གཞན་གྱི་སྐད་ཡིག་དང་རིག་གནས་སོགས་བསླབས་ཏེ་མི་རིགས་རང་གི་སྐད་ཡིག་དང་རིག་གནས་རྣམས་ཕུན་སུམ་ཇེ་ཚོགས་སུ་གཏོང་མི་ཐུབ་པ་ཅི་ལ་ཡོང༌། ཡང་བསམ་བཟང་ཤེས་རྒྱ་ཞན་པའི་བོད་མིའི་ཁྲོད་དུ་རྙིང་སྲུང་གསར་འགོག་གི་བསམ་པ་ཡོད་མཁན་འབྱུང་སྲིད་ནའང༌། ཁྱེད་ཚོས་རྙིང་པ་མ་བསྲུངས་ཀྱང་མི་གཞན་སུ་འདྲ་ཞིག་གིས་ཀྱང་བཙན་ཤུགས་ཀྱིས་ཁྱེད་ཚོའི་རྙིང་པ་གཏོར་ཏེ་གསར་པ་མི་འདོད་བཞིན་དུ་བཙན་འགེལ་བྱེད་མི་སྲིད་ཀྱང༌། དུས་རབས་ཀྱི་དགོས་མཁོ་དང་མ་མཐུན་ཚེ་བསྲུངས་ཀྱང་རུང༌། མ་བསྲུངས་ཀྱང་རུང༌། ནམ་ཞིག་རང་ཡལ་དུ་འགྲོ་བ་ལས་འོས་མེད། དུས་རབས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་ཡིན་ཚེ་བཀག་ཀྱང་རུང༌། མ་བཀག་ཀྱང་རུང༌། དར་ངེས་ཡིན། དེས་ན་བོད་མི་སེམས་བཟང་ཅན་དེ་ཚོས་ཀྱང་རང་གི་སྐད་ཡིག་དང་རིག་གནས་རྣམས་སྐུ་ཚེ་རིང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་དོན་དུ་བོད་གཞོན་དཔྱོད་ལྡན་རྣམས་ལ་ཕྱར་བ་གྲུ་འདེགས་ཀྱིས་རམ་འདེགས་གནང་གལ་ཆེ་སྙམ།
ཡང་ཁ་ཅིག་ན་རེ། རང་ཅག་བོད་ཀྱི་སྐད་ཡིག་དང་རིག་གནས་ནི་ལོ་རྒྱུས་རྒྱུན་རིང་ཡོད་པ་དང༌། ཕུན་སུམ་ཚོགས་པ་ཞིག་ཡིན། སྔར་བོད་ཀྱི་ལོ་ཙཱ་བ་ཚོས་མདོ་རྒྱུད་རིག་གཞུང་རྒྱ་མཚོ་ལྟ་བུ་ཞིག་བོད་ཡིག་ཏུ་ལེགས་པར་བསྒྱུར་ཐུབ་ཡོད་པས་ད་ཆ་དེས་མ་འགྲིག་པ་དང་མ་འདང་བ་ཅི་ཞིག་ཡོད་ཅེ་ན། དྲི་བ་འདི་ལ་འགྲིག་པའི་ཕྱོགས་དང་མི་འདང་བའི་ཕྱོགས་གཉིས་ཡོད། འགྲིག་པའི་ཕྱོགས་དེ་བོད་ཡིག་གིས་མ་འདང་བ་མེད་ཟེར་བ་དེ་རེད། དེང་སང་འཛམ་གླིང་སྤྱིའི་སྐད་ཡིག་ཏུ་གྲགས་པའི་དབྱིན་ཡིག་གི་གྲངས་ཉི་ཤུ་རྩ་དྲུག་གིས་འདངས་ན། བོད་ཡིག་དབྱངས་གསལ་སོ་བཞིས་མ་འདང་བ་མེད་ངེས་ཡིན་པ་མ་ཟད། འཛམ་གླིང་ན་བོད་ཡིག་འདི་སྔོན་ཐོན་གྱི་ཡི་གེའི་གྲས་སུ་བརྩི་བར་གྲགས། མི་འདང་བའི་ཕྱོགས་ནི་སྔར་གྱི་དུས་ཕུན་སུམ་ཚོགས་པ་དེས་ད་ལྟའི་ཕུན་སུམ་ཚོགས་པའི་གོ་ཆོད་པར་ལྟ་བ་དེ་ཡིན། ཞན་ཆ་དེའི་འབྱུང་གཞི་ནི་དུས་རབས་འགྱུར་བ་དང་དེའི་དགོས་མཁོ་མཐོང་མ་ཐུབ་པ་ཙམ་ཞིག་ཡིན། དེ་ནི་དཔེར་ན། མི་གླེན་པ་ཞིག་གིས་དབྱར་ཁ་ནམ་དུས་དྲོ་བའི་སྐབས་ཀྱི་ཟླ་བ་ཁ་ཤས་རིང་གོས་སྲབ་པོ་ཞིག་གྱོན་ན་སྐྱིད་པོ་ཡོད་པའི་ཉམས་མྱོང་དེ་དགུན་ནམ་དུས་གྲང་བའི་སྐབས་ད་དུང་དབྱར་དུས་ཀྱི་ཉམས་མྱོང་མཁྲེགས་བཟུང་བྱས་ཏེ་གཞན་གྱིས་གོས་སྣོན་པ་གྱོན་ཞེས་བཤད་ཀྱང་ཁ་ལ་མ་ཉན་པས་མཐར་གྲང་བའི་སྡུག་བསྔལ་གྱི་གྱོང་གུན་བྱུང་བ་ལྟ་བུ་ཞིག་ཡིན། ནམ་ཟླ་དུས་བཞིའི་འགྱུར་བ་ཙམ་ལ་བརྟེན་མ་ཤེས་པར་གྱོང་གུན་ཡོང་ན་དུས་རབས་ཀྱི་འགྱུར་བ་ཆེན་པོ་ལ་བསྟུན་མ་ཐུབ་ན་བསམ་ཡུལ་ལས་འདས་པའི་གྱོང་གུན་ཡོང་ངེས་ཡིན་པ་བཤད་མི་དགོས་པ་ཡིན། ལོ་རྒྱུས་རྒྱུན་རིང་ཐུང་གི་ཐོག་ནས་བཤད་ན་ཀྲུང་གོའི་(རྒྱ་ནག)་ནང་རྒྱ་ཡིག་དང༌། རྒྱའི་རིག་གནས་སོགས་གོང་དུ་ཕུད་དེ་འོག་བོད་ཡིག་དང་བོད་ཀྱི་རིག་གནས་ཙམ་ཡིན་པ་ཁོ་བོ་རྒྱ་ཡིག་གི་ཐད་ནས་ཡིག་ལོང་ཞིག་ཡིན་པས་བཤད་མི་སྤོབས་ཀྱང༌། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་ནག་ཏུ་ནང་པའི་ཆོས་ལུགས་བྱུང་ནས་ལོ་ཆིག་སྟོང་ཉིས་བརྒྱ་སོང་བར་སྦ་བཞེད་དུ་གསལ་བ་དང༌། ཐང་ཐའི་ཛུང་གི་རིང་ལ་རྒྱ་ཡི་ལོ་ཙཱ་བ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ། ཐང་ཟན་ཙང་སྟེ། བོད་སྐད་དུ། ཐང་སྡེ་སྣོད་གསུམ་པ་མ་བྱུང་བའི་གོང་དུ་རྒྱ་ཡི་ལོ་ཙཱ་བ་ཉིས་བརྒྱ་བྱུང་བར་དེབ་སྔོན་དུ་གསལ། བོད་རྒྱལ་གྱི་བཙུན་མོ་ཀོང་ཇོ་རྣམ་གཉིས་ཀྱི་རིང་ལ་རྩིས་དང་སྨན་སོགས་རིག་གནས་ཁག་ཀྱང་རྒྱ་ཡུལ་ནས་བོད་དུ་དར་བ་ལོ་རྒྱུས་ཁག་ཏུ་གསལ་ཞིང་རྒྱའི་སྐད་ཡིག་དང་རིག་གནས་བཅས་ལ་ལོ་རྒྱུས་རྒྱུན་རིང་ཡོད་པ་ཙམ་མ་ཟད། དུས་སྐབས་དེ་ལ་བལྟོས་ནས་བཤད་ན་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན། འོན་ཀྱང་སྐབས་དེའི་ཕུན་སུམ་ཚོགས་པའི་མ་རྩ་ཙམ་ལ་བརྟེན་ནས་དུས་ཡུན་ཧ་ཅང་རིང་པོ་ཞིག་ལུས་ཀྱང༌། དུས་རབས་ཉི་ཤུ་པའི་ནང་རྣམ་དཔྱོད་དང་ལྡན་ཞིང་རླབས་ཆེ་བའི་རྒྱ་རིགས་མི་སྣ་འགས་སྣེ་ཁྲིད་དེ་ཐོས་པ་ཙམ་གྱིས་ཡ་ང་དགོས་པའི་ཕྱི་ནང་གི་འགལ་རྐྱེན་བརྒྱ་སྟོང་དུ་མ་ཁྱད་དུ་བསད་དེ་ད་ཆ་གང་ཅིའི་ཐད་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཟིན་པའི་དངོས་དོན་འདི་ཚོ་ང་ཚོ་བོད་མི་ཚོས་ཀྱང་མཐོང་མི་ཐུབ་པ་ག་ལ་ཡིན། དེ་ཙམ་མ་ཟད་ད་ལྟ་ཤིན་ཅང་དང༌། ནང་སོག །ཡན་པེན་ཁྲའོ་ཤན་རིགས་ས་ཁུལ་བཅས་སུ་སློབ་གྲྭ་ཆུང་བ་ནས་སློབ་གྲྭ་ཆེ་བའི་བར་གྱི་སློབ་དེབ་ཁག་མི་རིགས་སོ་སོའི་ཡིག་རིགས་ཡིན་པ་མ་ཟད། སློབ་ཁྲིད་ཀྱང་མི་རིགས་སོ་སོའི་སྐད་ཀྱི་ཐོག་ནས་བྱེད་བཞིན་ཡོད་པ་འདི་ལ་བསམས་ན་རང་རེའི་སྐད་ཡིག་ཐོག་ནས་དེ་ལྟར་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ཀྱི་སྲོག་རྩ་ལྟ་བུའི་གནད་དོན་འདི་ལ་བསམ་བློ་གཏིང་ཟབ་ཏུ་མི་གཏོང་ཀ་མེད་ཅིག་ཆགས་བསྡད་ཡོད་པ་རེད། མི་ལ་ལས་གནད་དོན་འདིའི་ཐད་ལ་དབྱེ་ཞིབ་རྣམ་དག་ཅིག་བྱེད་མ་ཐུབ་པར་བོད་ཡིག་གིས་མ་འདངས་པ་ཞེས་པ་དང༌། བོད་ཡིག་ནི་བླ་མའི་ཡི་གེ་རེད་ཟེར་བ་སོགས་ཡང་མ་དག་པ་དང་ཆ་མི་ཚང་བའི་མཇུག་སྡོམ་བྱས་པ་རེད། དེ་ལས་བོད་ཡིག་གིས་མ་འདང་བ་ཞེས་པར་ངོས་རང་གི་ལྟ་ཚུལ་གོང་དུ་བཤད་ཟིན་ནོ།།
བོད་ཡིག་ནི་བླ་མའི་ཡི་གེ་རེད་ཅེས་བཤད་སྲོལ་དེ་ཡང་ཆ་མི་ཚང་བ་ཞིག་རེད། གང་ལགས་ཤེ་ན། མཁན་པོ་ཐོན་མིས་ཐོག་མར་བོད་ཡིག་གསར་གཏོད་གནང་སྐབས་བོད་ཀྱི་སྐད་ལ་བརྟེན་ནས་བོད་མིའི་ཆེད་དུ་མཛད་གནང་བ་ཞིག་ཡིན་པ་ལས་བླ་མ་རྐྱང་པའི་ཆེད་དུ་མིན་ཞིང༌། ཡང་ན་བླ་མའི་ཡི་གེ་ཟེར་བ་ཞིག་དང༌། ཁྱིམ་པའི་ཡི་གེ་ཟེར་བ་ཞིག་ཐ་དད་དུ་བཟོས་པའི་ལོ་རྒྱུས་ནི་དེ་བས་བྱུང་མེད། སྤྱིར་འཛམ་གླིང་གི་ཡིག་རིགས་གང་འདྲ་ཞིག་ཡིན་ཡང་ཆོས་ལུགས་ཀྱི་ཐད་ལ་སྤྱད་ཆོག་ལ། ཆོས་ལུགས་མ་ཡིན་པའི་ཐད་ལ་ཡང་སྤྱད་ཆོག་པ་ཞིག་ཡིན་ནའང༌། རང་ཅག་བོད་ཀྱི་ལོ་རྒྱུས་ཐོག་བོད་ཡིག་དེ་ཆོས་ལུགས་ཁོ་ནའི་ཐད་ལ་སྤྱད་པ་ལས་ཞིང་ལས་དང༌། འབྲོག་ལས། ལག་ཤེས་བཟོ་ལས་སོགས་ཀྱི་ཐད་ལ་བོད་ཡིག་གི་བསྟན་བཅོས་ཤིག་ནི་ཧ་ལམ་མཐོང་དུ་མེད་པ་ལྟ་བུ་ཞིག་ཡིན་པ་དང༌། ཚན་རིག་གི་ཐད་ལ་ནི་དེ་བས་ཀྱང་མེད་པ་རེད། འོན་ཀྱང་སྔར་གྱི་མཁས་པ་ཚོའི་ཁྲོད་དུའང་བོད་ཡིག་ཞིང་ལས་དང༌། ཕྱུགས་ལས་སོགས་འཇིག་རྟེན་པའི་འཚོ་ཚིས་ཀྱི་ཐད་ལ་སྤྱོད་གཏན་ནས་མ་མྱོང་བ་ཞིག་ཀྱང་མིན་པ་ནི། དེབ་སྔོན་དུ་རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་རྒྱུས་ཀྱི་སྐབས་སུ་འདི་འདྲ་ཞིག་གསུངས་ཏེ། “ཕྱི་ནང་གི་རིག་པའི་གནས་དང༌། སཾ་སྐྲི་ཏ་དང་སྐད་རིགས་ཀྱི་བྱེ་བྲག་མང་པོ་ལ་མ་རྨོངས་པ། བོད་ཀྱི་སྐད་ཉིད་ལའང་འདི་ནི་དོན་འདི་ཙམ་ལ་འཇུག་གོ །ཞེས་བྱ་བའི་ཁྱད་པར་ཕྲ་མོ་དག་ཀྱང་གཞན་ལས་ཆེས་ལྷག་པ། ཐ་ན་འཇིག་རྟེན་པའི་འཚོ་ཚིས་ཞིང་ལས་དང༌། ཕྱུགས་སྐྱོང་བ་དང༌། དཀར་ཤེ་ཇི་ལྟར་སྒྲུབ་པའི་ཚུལ་གྱི་བསྟན་བཅོས་ཀྱང་མཛད་ལ་” ཞེས་དང༌། ཡང་ “བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ངོ༌།།” ཞེས་གསུངས་འདུག་ཀྱང་བསྟན་བཅོས་དེ་རིགས་ད་ལྟ་ཡོད་མེད་ནི་ཆ་མ་འཚལ། གོང་གི་དེབ་སྔོན་གྱི་ལུང་ཚིག་ལས། “ཐ་ན་འཇིག་རྟེན་པའི་འཚོ་ཚིས་” ཞེས་ཐ་མའི་གྲས་སུ་བཞག་གནང་འདུག་པ་འདིས་ཀྱང་བོད་ཡིག་ནི་ཆོས་ལུགས་ཀྱི་ཐད་ལ་སྤྱོད་པ་ལས་འཇིག་རྟེན་གྱི་ལུགས་སུ་སྤྱོད་མི་འོས་པ་ལྟ་བུ་ཞིག་བསྟན་གནང་མི་འདུག་གམ། དེ་མིན་བོད་ཀྱི་གསོ་བ་རིག་པ་དང༌། རྩིས་ཀྱི་རིག་པ་སྤྱིར་བཏང་བཤད་ན་ཆོས་ལུགས་ཀྱི་བསྟན་བཅོས་ཤིག་མིན་ཡང་རིག་གནས་དེ་ཚོའི་ཁུངས་ཀྱང་ཆོས་ལུགས་ལ་གཏུགས་གང་ཐུབ་བྱས་པ་དང༌། ཆོས་ལུགས་དང་གཏན་ནས་མི་འགལ་བ་ཞིག་ཡིན་དགོས། དེ་མིན་འཛམ་གླིང་དུ་སྙན་པར་གྲགས་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང༌། གླུ་གཞས་སོགས་ཀྱི་ནང་དུའང་ཆོས་ལུགས་ཀྱི་མིང་ཚིག་ཅི་རིགས་པས་ཁྱབ་ཡོད་པ་དང༌། དེ་ཚོའང་ཆོས་ལུགས་དང་གཏན་ནས་མི་འགལ་བ་ཞིག་དགོས་པ་མ་ཟད། དངོས་སུ་ཆོས་ལུགས་དང་མི་འགལ་ན་ཡང་ཆོས་ལུགས་ཀྱི་ནང་དོན་དང་མིང་ཚིག་གཏན་ནས་མ་འདྲེས་པའི་རྩོམ་པ་ཅི་འདྲ་ཞིག་ཡིན་རུང་དགོས་དོན་མ་ཚང་བའམ་ཡང་ན་སྙན་པོ་མེད་པའི་འཆར་སྣང་ཞིག་སྐྱེ་བ་རེད། དེར་བརྟེན་བོད་མི་ཞིག་ཡིན་ཕྱིན་རྒྱུ་མཚན་ཡང་དག་པ་ཞིག་ཤེས་མིན་ལ་མ་བལྟོས་པར་ཆོས་ལ་དད་པ་བྱེད་རྒྱུ་དེ་བྱ་བ་ཀུན་གྱི་ནང་ནས་གཙོ་བོར་འཇོག་པ་རེད། སྤྱིར་མི་ཕལ་མོ་ཆེས་རང་རང་གི་ཆོས་ལ་དད་གུས་བྱེད་པ་དེ་བོད་མི་ཙམ་མ་ཟད་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པ་ཞིག་ཡིན་པས་དེ་ལ་ཡ་མཚན་དགོས་པ་ཞིག་མ་རེད། ཡིན་ནའང་ལོ་རྒྱུས་ཐོག་དབང་སྒྱུར་མཁན་དག་གིས་ཀྱང་ཆོས་ལུགས་ལ་དད་པ་ཡོད་ཁུལ་གྱིས་རང་ལ་དབང་སྒྱུར་གྱི་གོ་གནས་ཡོང་བའི་ཆེད་དུ་ཆོས་ལུགས་བེད་སྤྱད་དེ་ཁོ་པ་ཚོའི་ཕན་ཁེ་དང་མཐུན་ཚེ་ལ་ལས་ཆོས་ལ་དད་གུས་ཡོད་པའི་ཟོལ་གྱིས་ཆོས་ལུགས་སྲུང་སྐྱོབ་བྱེད་པའི་ཁུལ་དང༌། ལ་ལས་བསྟན་པའི་སྦྱིན་བདག་གི་ཟོལ་གྱིས་དངུལ་དངོས་གང་འཚམས་རེ་ཆོས་ཕྱོགས་སུ་གཏོང་བ་ལ་བརྟེན་ནས་མི་དམངས་རྣམས་མགོ་བོ་འཁོར་དུ་འཇུག་པ་དང༌། གལ་ཏེ་ཁོ་པ་ཚོའི་ཕན་ཁེ་དང་མི་མཐུན་པའི་ཚེ་དགོན་པ་དང་རྟེན་གསུམ་རྩ་མེད་དུ་གཏོང་བ་དང༌། བླ་གྲྭ་དམར་གསོད་གཏོང་བ་སོགས་ཀྱི་ལོ་རྒྱུས་སྔ་ཕྱི་བར་གསུམ་དུ་གྲངས་ལས་འདས་པ་ཞིག་བྱུང་ཡོད་ཀྱང་རང་རེ་བོད་ཀྱི་ས་གནས་འགོལ་པོ་དག་ན་མཆིས་པའི་བོད་མི་ཚོས་ནི་དབང་སྒྱུར་མཁན་དེ་ཚོའི་ངན་གཡོའི་བྱ་བ་ལ་ངོས་འཛིན་གསལ་པོ་ཞིག་བྱེད་མ་ཐུབ་པ་མ་ཟད། ད་དུང་དབང་སྒྱུར་མཁན་དེ་ཚོ་སངས་རྒྱས་དང་བྱང་སེམས་ཆེ་གེ་མོའི་སྤྲུལ་པ་ཡིན་ཚུལ་གྱི་ལོང་གཏམ་ཁོ་ན་ལ་མགོ་བོ་གདུགས་ལྟར་འཁོར་བ་ནི་ཡ་མཚན་དགོས་པ་ཞིག་དང༌། ངོ་ཚ་དགོས་པ་ཞིག །བློ་ཕམ་དགོས་པ་ཞིག་བཅས་ཡིན། དཔེར་ན་རྒྱ་ཆེའི་མང་ཚོགས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པ་དང༌། དབང་སྒྱུར་མཁན་གྱིས་ཆོས་ལ་དད་པ་བྱེད་པ་གཉིས་ནི་ནང་དོན་དང་དམིགས་ཡུལ་གཏན་ནས་མི་འདྲ་བ་ཞིག་ཡིན་པ་ཤེས་དགོས། ཡང་ཆོས་ལུགས་ཀྱི་ནང་དོན་ཕྲ་མོ་ཙམ་ཡང་མི་ཤེས་པའི་མི་ལ་ལས་ཆོས་ལུགས་ནི་རྨོངས་དད་རེད་ཅེས་བཤད་པ་ནི་ཆོས་དད་དང་རྨོངས་དད་གཉིས་ངོ་བོ་གཏན་ནས་མི་འདྲ་བའི་རིགས་གཉིས་ཡིན་པ་མ་ཤེས་པས་བྱས་པ་རེད། གལ་ཏེ་ཆོས་དད་དང་རྨོངས་དད་གཉིས་གཅིག་པ་ཡིན་ན་དེང་སྐབས་འཛམ་གླིང་ཤར་ནུབ་ཀུན་ཏུ་དེང་རབས་ཀྱི་ཆོས་ལུགས་ཆེན་པོ་གསུམ་སྟེ། ནང་པའི་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་བཅས་ལ་དད་པ་བྱེད་མཁན་དེ་སྙེད་ཅིག་ཡོད་པ་ཀུན་རྨོངས་ཤིང་ཁྱོད་གཅིག་པུ་མཁས་པ་ཡིན་པ་ངོ་མཚར་ཤིན་ཏུ་ཆེ། ཡང་མི་ལ་ལས་བོད་ཀྱི་སྤྱི་ཚོགས་རྗེས་སུ་ལུས་པ་ནི་ཆོས་ལུགས་དར་བས་བྱས་པ་རེད་ཅེས་བཤད། འོ་ན་བོད་དུ་དར་བའི་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ཞིང༌། ཆོས་ལུགས་དེ་ནི་བོད་ཡུལ་གཅིག་པུར་དར་བ་ཙམ་ཞིག་མིན་པར་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་འཇའ་པན་(རི་པན་)དང་སི་ཡམ། (ཐའེ་གོ་དང༌།)འབར་མ་དང་སིངྒ་ལ་ལ་སོགས་པའི་རྒྱལ་ཁབ་མང་པོའི་ནང་དུ་སྔར་ནས་ད་ལྟའི་བར་ནང་པའི་ཆོས་ལུགས་དར་ཞིང་རྒྱས་པར་གྱུར་ཀྱང་རྒྱལ་ཁབ་དེ་ཚོའི་སྤྱི་ཚོགས་རྗེས་སུ་ལུས་མེད་པ་མ་ཟད། སྔོན་ཐོན་རྒྱལ་ཁབ་ཀྱི་གྲས་ཡིན་ལ། དེ་ལས་ཀྱང་རྒྱལ་ཁབ་འགའ་ཞིག་ནི་ཕྱོགས་གང་ཅིའི་ཐད་ནས་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་མདུན་མདུན་རྐྱང་དུ་གནས་ཡོད་པ་རེད། དེར་བརྟེན་བོད་དུ་ནང་པའི་ཆོས་ལུགས་དར་བས་སྤྱི་ཚོགས་རྗེས་སུ་ལུས་པ་རེད་ཅེས་བཤད་པ་དེ་ཡང་མ་དག་པའམ་ཆ་མ་ཚང་བ་ཞིག་ཡིན་པ་ཤེས་ཐུབ། འོ་ན་བོད་ཀྱི་སྤྱི་ཚོགས་དེ་ལྟ་བུའི་རྗེས་ལུས་ཐེབས་དགོས་པ་གང་ལ་ཐུག་ཅེ་ན། འདིའི་ཐད་ལ་ལོ་ཆིག་སྟོང་ལྷག་གི་བོད་ཀྱི་ལོ་རྒྱུས་དང༌། ལྷག་པར་དུ་བོད་སིལ་བུར་གྱུར་པའི་ལོ་རྒྱུས་ཐོག་བོད་ཀྱི་སྤྱི་ཚོགས་ཡར་ཐོན་མི་ཡོང་བའི་ཕྱི་རྐྱེན་དང་ནང་རྐྱེན་དུ་མ་ཞིག་ཡོད་ཀྱང་འདིར་ནི་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་བྱུང་བ་དང༌། འབྱུང་འགྱུར་སྐོར་རགས་ཙམ་བཤད་པ་ལས་གཞན་སྐབས་སུ་མ་བབས་པས་རེ་ཞིག་ཤོད་འདོད་མེད། འོན་ཀྱང་མདོར་བསྡུས་ན་སྔར་བོད་ཀྱི་སྤྱི་ཚོགས་རྙིང་པའི་ལམ་ལུགས་ལ་ཐུག་ཡོད་པ་རེད། འོ་ན་དེ་ཅི་འདྲ་ཞིག་ཡིན་ཞེ་ན། དེ་ནི་གོང་དུ་དྲངས་ཟིན་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང༌། “ཐམས་ཅད་ཁོང་དུ་སྦེད་པ་ཟམ་མོར་རློམ་” ཞེས་པ་ནས། “འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ་” ཞེས་པའི་ཚིག་རྐང་དྲུག་གི་ནང་དུ་ཕྱོགས་བསྡུས་ཀྱིས་བསྟན་གནང་བ་ལྟར་ཡིན་ནོ།།
ད་ནི་སྐབས་དོན་དངོས་བཤད་པ་ལ་འཇུག་སྟེ། གོང་དུ་བཤད་པ་བཞིན་རང་རེ་བོད་ཀྱི་ཡི་གེ་ནི་ལོ་རྒྱུས་ཧ་ཅང་རིང་པོ་ཞིག་གི་ནང་ཆོས་ལུགས་ཀྱི་ཐད་ལ་སྤྱད་དེ་ཆོས་ལུགས་དང་བོད་ཡིག་གཉིས་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བོད་ཡིག་དེ་འཇིག་རྟེན་སྲིད་ལུགས་ཀྱི་ཐད་ལ་སྤྱད་མ་འོས་པ་ཞིག་གཏན་ནས་མིན་པ་མ་ཟད་སྤྱད་དགོས་ངེས་ཤིག་དང་སྤྱད་ཐུབ་པ་ཞིག་ཡིན་ཡང༌། མི་ལ་ལས། “མི་རིགས་ཀྱི་རིག་གནས་དང་ཡི་གེ་ནི་རྗེས་ལུས་ཡིན་པ་དང༌། བོད་ཡིག་ནི་བླ་མའི་ཡི་གེ་རེད་” ཟེར་བ་དང༌། ཡང་ལ་ལས། “བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན་པས། ད་ལྟའི་བོད་ཡིག་འདི་མི་དགོས་པ་བཟོས་ཏེ། དེའི་ཚབ་ཏུ་ལ་ཏིང་ཡི་གེ་དེ་བོད་ཡིག་དང་མཐུན་པར་སྒྲ་སྦྱོར་བྱས་ན་སྟབས་བདེ་གི་རེད་” ཟེར་བ་སོགས་བྱུང་བར། བོད་རིགས་ཀྱི་མཁས་པ་ལ་ལས་སྔར་ནས་རྒྱུ་མཚན་ལྡན་པའི་ལན་བཏབ་ཟིན་པས་དེ་སྐོར་འདིར་མི་སྤྲོའོ།།
ཕྱིན་ཆད་བོད་ཀྱི་སྐད་ཡིག་མདུན་བསྐྱོད་ཡོང་བར་བྱེད་པའི་སྐོར།
ད་ནི་རང་ཅག་བོད་རིགས་སྤྱི་དང༌། བྱེ་བྲག་ཏུ་ཕུགས་བསམ་ལྡན་པའི་བོད་རིགས་ན་གཞོན་ཚོས་མཁྱེན་དགོས་པ་ཞིག་ནི། ས་གཞི་ཆེན་པོ་འདིའི་ཐོག་ཏུ་རང་རེའི་མི་རིགས་འདི་ཇི་སྲིད་གནས་པ་དེ་སྲིད་དུ་བོད་རིགས་ཀྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྤྱི་སྐད་དེ། བོད་ཡིག་གནས་ཐུབ་མིན་ནི། ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུའི་འགངས་ཆེའི་དུས་མཚམས་ཤིག་ཏུ་སླེབས་ཟིན་པ་དེ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ད་ལྟ་བོད་ཀྱི་སྤྱི་ཚོགས་ནི་གསར་པ་གསར་རྐྱང་ཞིག་ཏུ་གྱུར་ཟིན་པ་རེད། “གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས་”རུང་འདྲ། མ་སེམས་རུང་འདྲ། ཚན་རིག་ཁོ་ནའི་ལམ་ལ་བརྟེན་ཏེ་སྤྱི་ཚོགས་ཡར་རྒྱས་གཏོང་བ་ལས་ཐབས་ལམ་གཞན་མེད་པར་གྱུར་ཟིན་པ་དང༌། དེ་འདྲ་ཡིན་དུས་བོད་རིགས་ཀྱི་གཞོན་ནུ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས་པ་དང༌། གསོ་སྐྱོང་བྱེད་ཡུལ་ནི་དེང་དུས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དགོས་པ་དང༌། སློབ་གྲྭ་དེ་དག་གི་བསླབ་བྱའི་སློབ་དེབ་ཁག་གི་ནང་དོན་ནི་དེང་རབས་ཀྱི་ཚན་རིག་དང་རིག་གནས་ཤ་སྟག་ཡིན་པ་སྟེ། དཔེར་ན། དེང་དུས་ཀྱི་རྩིས་རིག་དང༌། དངོས་ཁམས་རིག་པ། རྫས་འགྱུར་རིག་པ་སོགས་མཐའ་ཡས་པ་ཞིག་ཡོད་ཅིང༌། དེ་ཚོ་བོད་ཡིག་གི་ཐོག་ནས་སློབ་དགོས་དུས་སློབ་ཆོག་གི་དེབ་གཅིག་ཀྱང་མེད་པ་རེད། རྒྱུ་མཚན་དེའི་དབང་གིས་གོང་དུ་བཤད་པ་ལྟར་མི་ལ་ལས་བོད་ཀྱི་སྐད་ཡིག་རྗེས་ལུས་རེད་ཟེར་བ་དང༌། བོད་ཡིག་ནི་བླ་མའི་ཡི་གེ་རེད་ཟེར་བ་དང༌། བོད་ཡིག་ལ་མདུན་ལམ་མེད་ཟེར་བ་སོགས་ཀྱི་སྐད་ཆ་ཡོང་གི་ཡོད་པ་རེད། འོན་ཀྱང་འཛམ་གླིང་གི་སྐད་ཡིག་གང་འདྲ་ཞིག་ཡིན་ཡང་ཐོག་མ་ཉིད་ནས་ཕུན་སུམ་ཚོགས་པ་དང་ཆ་ཚང་བ་ཞིག་མིན་པར་རྒྱུན་མི་འཆད་པར་ཡར་རྒྱས་བཏང་བ་ཁོ་ན་ཡིན་པས་རང་རེ་བོད་ཀྱི་སྐད་ཡིག་ཀྱང་སྤྱི་འགྲོས་དེ་ལ་བརྟེན་ཏེ་ཡར་རྒྱས་གཏོང་དགོས་པ་དང༌། གཏོང་ཡང་ཐུབ་ཐག་ཆོད་ཡིན། འོན་ཀྱང་གཟི་བརྗིད་ཅན་གྱི་བྱ་བ་འདི་སྟེས་དབང་ངམ་སྟབས་བདེ་པོ་ཞིག་གིས་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན་པ་ཤེས་དགོས། བྱ་རིམ་འདིའི་ནང་བསྒྲུབ་དགོས་པ་རགས་ཙམ་བཤད་ན།
གཅིག བོད་ཀྱི་སྐད་ཡིག་ནི་རྨང་གཞི་ཡིན་པས་ཐོག་མར་བོད་ཀྱི་སྐད་ཡིག་གཉིས་པོ་མཐར་ཕྱིན་པ་དང་བྱང་ཆུབ་པ་ཞིག་ཡིན་དགོས། དེ་ལྟར་ཡོང་བ་ལ་འབད་བརྩོན་ཆེན་པོས་སྔར་སྲོལ་བོད་ཀྱི་རིག་གནས་ཀུན་སློབ་དགོས་པ་ལས་བོད་སྐད་ཤོད་ཤེས་པ་དང༌། བོད་ཡིག་འབྲི་ཀློག་ཤེས་ཙམ་གྱིས་ཆོག་ཤེས་པར་མི་བལྟའོ། །གལ་ཏེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་བྱང་ཆུབ་པ་ཞིག་མ་ཤེས་པར་དེས་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སོགས་ཅི་ཙམ་ཤེས་ཀྱང་དེ་དེ་ལ་མཁས་པ་ཡིན་པ་ཙམ་ལས། དེས་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་རྣམས་བླངས་ཏེ་མི་རིགས་རང་གི་རིག་གནས་ཡར་རྒྱས་གཏོང་བར་བྱས་རྗེས་འཇོག་རྒྱུའི་རེ་བ་བྲལ་བ་རེད།
གཉིས། གལ་ཏེ་སུ་ཞིག་མི་རིགས་རང་གི་སྐད་ཡིག་རིག་གནས་དང་བཅས་པར་ཅི་ཙམ་མཁས་ཀྱང་དེས་ཆོག་ཤེས་ཏེ་མི་རིགས་གཞན་གྱི་སྐད་ཡིག་རིག་གནས་དང་བཅས་པ་མི་སློབ་པའམ་སློབ་འདོད་མེད་པ་ཞིག་ཡིན་ཚེ་མི་ལོ་སྟོང་ཕྱིན་ཀྱང་འཕེལ་མེད་རང་སོར་གནས་པ་ལས། མི་དེའི་གྲས་ལ་ལྷག་བསམ་བཟང་པོ་ཅི་འདྲ་ཞིག་ཡོད་ཀྱང་གཞན་གྱི་ལེགས་ཆ་བླངས་ཏེ་མི་རིགས་རང་ཉིད་ཀྱི་རིག་གནས་དེ་དུས་རབས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་བྱེད་ཐབས་བྲལ་བ་ཡིན། དེས་ན་རང་རིགས་བོད་ཀྱི་ཕུགས་རེ་ལྡན་པའི་གཞོན་ནུ་ཚོས་བོད་ཀྱི་སྐད་ཡིག་དང་རིག་གནས་ཕུན་སུམ་ཇེ་ཚོགས་དང༌། ཆ་ཇེ་ཚང་ཡོང་བའི་དོན་དུ་སྔོན་ཐོན་མི་རིགས་གཞན་གྱི་སྐད་དང་རིག་གནས་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱེད་དགོས་པ་དང༌། ལྷག་པར་དུ་རྒྱའི་སྐད་ཡིག་དང་རིག་གནས་སློབ་རྒྱུར་ཆ་རྐྱེན་ཕུན་སུམ་ཚོགས་པ་ལྡན་པས་ཐེ་ཚོམ་མེད་པར་སློབ་དགོས། དེའི་དམིགས་ཡུལ་གཅིག་པུ་ནི་སྔོན་ཐོན་གྱི་སྐད་ཡིག་དེ་ཚོའི་ནང་གི་དེང་གི་དུས་རབས་ཀྱི་དགོས་མཁོར་མེད་དུ་མི་རུང་བའི་ལེགས་ཆ་མཐའ་དག་བོད་ཡིག་ཏུ་ཇི་མ་ཇི་བཞིན་བསྒྱུར་དགོས་པ་དེ་ཡིན། དེ་ནི་བོད་རིགས་ཀྱི་གཞོན་ནུ་ཕུགས་རེ་ལྡན་པ་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་ཧ་ཅང་གཟི་བརྗིད་ཅན་གྱི་ལས་འགན་ཞིག་ཡིན་ལ། བསྒྲུབ་ཐུབ་པ་ཞིག་ཀྱང་ཡིན་ཏེ། སྔར་ལོ་རྒྱུས་ཐོག་བོད་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ་བརྒྱ་ཕྲག་དུ་མས་ཆ་རྐྱེན་ཧ་ཅང་ཞན་པའི་དུས་རབས་སུ་རང་སྲོག་ལའང་མ་བལྟོས་པར་མདོ་རྒྱུད་རིག་གནས་རྒྱ་མཚོ་ལྟ་བུ་བོད་ཡིག་ཏུ་བསྒྱུར་ཏེ་ད་ལྟའི་བར་གནས་པ་དེ་འདྲ་ན། ད་ཆ་མི་རིགས་རང་གི་རིག་གནས་དང༌། མི་རིགས་གཞན་གྱི་རིག་གནས་མཐར་ཕྱིན་སློབ་པའི་ཆ་རྐྱེན་བཟང་པོ་འདི་ལྟ་བུ་ལྡན་སྐབས་ཅིའི་ཕྱིར་ན་བསྒྲུབ་མི་ཐུབ་སྟེ་བསྒྲུབ་ཐུབ་ངེས་ཡིན།
གསུམ། ཐོག་མར་ཁ་ཚ་དགོས་གཏུགས་ཤིག་ཡོད་པ་ནི་བོད་རིགས་ཀྱི་ས་ཁུལ་ཁག་ཏུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་དེང་དུས་དང་མཐུན་པའི་སློབ་དེབ་ཆ་ཚང་བ་ཞིག་དགོས་པ་དེ་ཡིན། དེ་ནི་དུས་འགྱང་ཕྲ་མོ་ཙམ་ཡང་འགྲོ་མི་རུང་བའི་ཤིན་ཏུ་གལ་ཆེ་བའི་ལས་དོན་ཞིག་ཡིན་ཡང་སློབ་དེབ་ཆ་ཚང་བ་ཞིག་བསྒྱུར་ཐུབ་པ་ཙམ་གྱིས་མི་ཆོག་པར་སློབ་དེབ་དེ་ཚོ་བོད་སྐད་ཀྱི་ཐོག་ནས་སློབ་གྲྭ་ཁག་གི་ནང་དུ་སློབ་ཐུབ་པ་ཞིག་དགོས་པས་དམིགས་བཀར་གྱིས་སློབ་དེབ་དེ་ཚོ་སློབ་ཐུབ་པའི་ཕུལ་བྱུང་གི་དགེ་རྒན་གྱི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། དེ་ལྟར་མ་བྱས་ཚེ་སློབ་དེབ་ཚོའི་ནང་གི་མིང་ཚིག་ཕལ་ཆེ་བ་ཞིག་མིང་ཚིག་གསར་པ་ཡིན་པས་བོད་ཀྱི་སྐད་ཡིག་གཅིག་པུའི་པནྜི་ཏ་ཞིག་ཡིན་རུང་དེས་སློབ་མི་ཐུབ་ཐག་ཆོད་ཡིན། དེས་ན་སློབ་དེབ་ཡོད་ཀྱང་སློབ་ཐུབ་མཁན་མེད་ཚེ་དེ་ནི་གཡུལ་སར་མཚོན་ཆ་ཡོད་ཀྱང་བེད་སྤྱོད་མ་ཤེས་པས་གཡུལ་ཕམ་པ་ལྟ་བུ་ཞིག་ཡོང་ངེས་ཡིན། གོ་ཐོས་སུ་ལོ་ཤས་གོང་ནས་གོང་རིམ་ནས་རྒྱབ་སྐྱོར་འོག་ཞིང་ཆེན་ཁ་ཤས་མཉམ་རུབ་ཐོག་ཚད་གཞི་ལྡན་པའི་སློབ་དེབ་ཁག་སྒྱུར་རྩོམ་བྱེད་བཞིན་ཡོད་པ་མ་ཟད། སློབ་དེབ་དེ་ཚོ་སློབ་ཐུབ་པའི་ཕུལ་བྱུང་གི་དགེ་རྒན་ཁག་གཅིག་སྦྱོང་བརྡར་བྱེད་བཞིན་ཡོད་ཚུལ་གོ་བྱུང་བས་དེ་ནི་བོད་རིགས་མི་དམངས་ཀྱི་བླ་ན་མེད་པའི་བཀྲ་ཤིས་པའི་ལས་དོན་ཆེན་པོ་ཞིག་རེད། གལ་ཏེ་དེ་འདྲ་ཞིག་མ་བྱུང་བར་མ་རྩ་རྙིང་པ་ཁོ་ནར་བརྟེན་ཏེ་གསར་པའི་རིགས་དང་དུ་མི་ལེན་པའམ། ཡང་ན་བོད་རིགས་ལ་མདུན་ལམ་མེད་པ་དང༌། བོད་ཡིག་ལ་མཐོང་ཆུང་བྱེད་ཀྱི་འདུག་ཟེར་བ་སོགས་འཁང་ར་ཤ་སྟག་བྱེད་པ་དེ་ནི་དོན་དུ་མི་དེ་གྲས་ཀྱིས་བོད་ཡིག་ལ་མདུན་ལམ་མེད་པ་དང༌། བོད་ཡིག་གིས་མཐོང་ཆུང་འཁུར་དགོས་པ་ཞིག་ཆེད་དུ་བཟོས་པ་དང་ཁྱད་མེད་པར་འགྱུར་ངེས་ཡིན། དེ་བས་རང་ཅག་ཚང་མས་སྐད་གཉིས་སྨྲ་བའི་བོད་རིགས་གཞོན་ནུ་ཚོར་རྒྱབ་སྐྱོར་དང་སྐུལ་ལྕག་བཏང་སྟེ་རང་རེ་བོད་ཀྱི་སྐད་ཡིག་འདི་སྔོན་ཐོན་ཡིན་པའི་སྐད་ཡིག་གཞན་གྱི་རྗེས་ཟིན་ཐུབ་པ་ཞིག་བྱེད་རྒྱུ་དེ་རང་རེའི་ལས་འགན་ཡིན། སྔོན་ཐོན་ཅན་གྱི་མི་རིགས་དེ་ཚོའི་སྐད་ཡིག་ཀྱང་ཐོག་མ་ཉིད་ནས་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་ཞིག་ཡིན་མི་སྲིད་ཀྱང་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་རྒྱུན་མི་ཆད་པར་ཡར་རྒྱས་བཏང་སྟེ་བྱུང་བ་ཡིན་པས་རང་རེའི་སྐད་ཡིག་དང་རིག་གནས་ཀྱང་འཕེལ་མེད་རང་སོར་གནས་ཏེ་མི་སྡོད་པར་མདུན་དུ་བསྐྱོད་དགོས།
བཞི། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བོད་ཡིག་སློབ་དེབ་བཟོ་བ་དང༌། སློབ་གྲྭ་ཁག་གི་ནང་དུ་བོད་སྐད་ཀྱི་ཐོག་ནས་སློབ་རྒྱུའི་ལས་དོན་དེ་ནི་བོད་ཀྱི་སྐད་ཡིག་གཉིས་ཇི་སྲིད་བར་གནས་ཐུབ་པ་དང༌། སྔོན་ཐོན་སྐད་ཡིག་གི་རྗེས་ཟིན་ཐུབ་པའི་ཤིན་ཏུ་གལ་ཆེ་བའི་གོམ་པ་དང་པོ་དེ་ཡིན། གལ་ཏེ་ལས་དོན་དེ་ལ་དེ་ཙམ་མཐོང་ཆེན་མི་བྱེད་པའམ་སྣང་མེད་བྱས་པ་ཡིན་ན་གཞན་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་ཚུལ་གྱི་སྐད་ཆ་ཅི་ཙམ་བཤད་ཀྱང་སྟོང་གཏམ་ཁོ་ན་ཡིན་པས་ལོ་བཅུ་ཕྲག་ཁ་ཤས་སམ་ཡང་ན་བརྒྱ་ཕྲག་གི་རྗེས་བོད་ཡིག་དེ་ལོ་རྒྱུས་ཀྱི་འགྲེམ་སྟོན་ཁང་དུ་བཞུགས་སུ་གསོལ་བ་ལས་ཐབས་གཞན་མེད། ཡིན་ནའང་བོད་མི་རིགས་ཀྱི་སྤྱི་ཚོགས་ནི་མདུན་དུ་བསྐྱོད་ངེས་ཡིན་པས། བོད་མི་རབས་རྗེས་མ་ཚོས་མི་རིགས་གཞན་གྱི་སྐད་ཡིག་སྤྱད་དེ་གང་ལྟར་སྤྱི་ཚོགས་ཡར་རྒྱས་གཏོང་ངེས་ཡིན་པ་ལས་སྔར་བཞིན་འཕེལ་མེད་རང་སོར་གནས་ཐབས་བྲལ་བ་རེད། སྔར་གྱི་དུས་རབས་ལ་བལྟོས་ཏེ་བཤད་ན་བོད་ཡིག་ནི་གཞན་ལ་ངོ་གནོང་མི་དགོས་པ་ཞིག་ཡིན་པས་ད་དུང་ཡང་རྨང་གཞི་འདི་རང་གི་སྟེང་དུ་ད་ལྟའི་དུས་རབས་ཀྱི་རིག་གནས་དང་ཚན་རིག་གིས་བརྒྱན་ཏེ་ལུགས་གཉིས་གང་ཐད་ལ་སྤྱད་ཆོག་པ་ཞིག་མི་བྱེད་པར་མི་རིགས་གཞན་ཞིག་གི་སྐད་ཡིག་གཞི་ནས་བསླབས་ཏེ་དེས་བོད་ཀྱི་སྐད་ཡིག་གི་ཚབ་བྱེད་དགོས་པ་ཞིག་བྱུང་ཚེ་དེ་ནི་དངོས་འབྲེལ་གཞན་ལ་ངོ་གནོང་དགོས་པ་ཞིག་དང༌། ཡིད་སྐྱོ་དགོས་པ་ཞིག་མ་ཡིན་ནམ། བོད་ཀྱི་སྤྱི་སྐད་ཡིན་པའི་བོད་ཡིག་དེ་རིམ་བཞིན་བག་ལ་ཞ་བར་གྱུར་ཚེ་ནམ་ཞིག་བོད་རིགས་ཡིན་ཡང་བོད་སྐད་མི་ཤེས་མཁན་གྱིས་བོད་རིགས་ཀྱི་ས་ཁུལ་ཀུན་ཏུ་ཁྱབ་ཡོང་ངེས་ཡིན། ད་ལྟ་ནས་བོད་རིགས་ཀྱི་ས་གནས་རེ་ཟུང་ལ་དེ་འདྲར་འགྱུར་བའི་སྔ་ལྟས་བསྟན་ཟིན་འདུག །བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུར་གྱུར་པའི་སྐད་ཡིག་གཉིས་པོ་ས་གཞི་ཆེན་པོ་འདིའི་སྟེང་དུ་གནས་ཐུབ་དང་མི་ཐུབ་ཀྱི་འགག་རྩ་འདི་འདྲའི་དུས་སྐབས་སུའང་མི་ལ་ལས་ནི་རང་རང་གནས་ཡུལ་གྱི་ས་ཁུག་ལུང་ཆུང་རེ་ན་ཁྲོན་པའི་སྦལ་པའི་རྣམ་ཐར་བསྐྱངས་ཏེ་མི་རིགས་ནང་ཁུལ་ཁོ་ནར་ས་ཁུལ་གྱི་ཕྱོགས་འཐེན་དང༌། གྲུབ་མཐའི་ཕྱོགས་ཞེན་གྱིས་ང་བཟང་ཁོ་ངན་དང༌། ང་བདེན་ཁོ་རྫུན་གྱི་ཀུ་ཅོ་རྫོགས་མཐའ་མེད་པའི་ཁྲོད་དུ་མགོ་བོ་གདུགས་ལྟར་འཁོར་ཏེ་གནས་པ་ལས་མི་རིགས་སྤྱིའི་ལས་དབང་དང་མདུན་ལམ་ནི་མི་དེ་ཚོའི་སེམས་ལ་དྲན་མ་མྱོང་བ་རེད་ཅེས་བཤད་ཆོག །མི་དེ་གྲས་ལ་འདི་སྐད་ཅེས་བྱ་སྟེ།
ཉམས་པའི་མི་རིགས་མགོ་བོ་འདེགས་པ་ལ། །མེད་དུ་མི་རུང་ནང་གི་མཐུན་སྒྲིལ་ཡིན།།
མཐའ་འཁོབ་གླེན་པ་རང་མཐོང་ཅན་ཚོས་ཀྱང༌། །རང་རྡུང་དབྱུག་པ་བསྐྱུར་ན་མི་ལེགས་སམ།།
རྒྱུན་རིང་བོད་ཀྱི་དབུ་འཕང་ཆུ་བཞིན་དུ། །ཐུར་དུ་གཞོལ་བ་ཡིད་ལ་མ་འཁོར་བར།།
ནང་དུ་བདག་རྒྱལ་གཞན་ཕམ་ཁོ་ནའི་ལས། །བསྒྲུབས་པའི་འབྲས་བུ་ད་དུང་མ་མཐོང་ངམ།།
མི་ལོ་སྟོང་ལ་ཉེ་བའི་དུས་ཡུན་ནང༌། །ང་བཟང་ཁོ་ངན་ང་བདེན་གཞན་རྫུན་གྱི།།
ནང་གི་འཐབ་རྩོད་གཞན་གྱིས་བེད་སྤྱད་དེ། །མགོ་བོ་གདུགས་ལྟར་བསྐོར་བ་མི་དྲན་ནམ།།
ཁ་ནས་རྟག་ཏུ་འགྲོ་བ་རིགས་དྲུག་བཤད། །རང་རང་ཡིད་ལ་རང་དོན་འབའ་ཞིག་སྒོམ།།
ནང་གི་ཕྱོགས་རིས་ཁོ་ནར་མགོ་འཁོར་ཏེ། །མཐའ་མ་གཏམ་དོན་གཉིས་མེད་མ་གྱུར་ཏམ།།
སྟོབས་ཀྱིས་བསྡམས་ན་ཀུན་ཏུ་བཟང་པོ་དངོས། །ཐབས་ཀྱིས་གློད་ན་གླིང་རྗེ་གེ་སར་ཉིད།།
ཕྱི་ལ་ཐུག་དུས་སྔོན་ལས་ཁོ་ན་སྒོམ། །ནང་གི་མི་ལ་གནམ་ལྕགས་ཐོག་ལྟར་རྒོད། །ཅེས་ཀྱང་བྱའོ།།
ཡང་ད་ལྟའི་ཆ་ལ་མི་སེམས་དགའ་འོས་པའི་གནས་ཚུལ་ཞིག་ཡོད་པ་ནི། བོད་རིགས་ཀྱི་ན་གཞོན་ཁག་གཅིག་གིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཅིང་བརྩོན་པ་དྲག་པོས་མི་རིགས་རང་ཉིད་ཀྱི་རིག་གནས་ཁག་དང༌། མི་རིགས་གཞན་གྱི་རིག་གནས་བཅས་སློབ་སྦྱོང་བྱས་ཏེ་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ངོ་མ་དང༌། མ་འོངས་པའི་མདུན་ལམ་དང་ལས་དབང་བཅས་གསལ་པོར་མཐོང་སྟེ་ད་ལྟའི་དུས་སྐབས་སུ་ཅི་འདྲ་བྱས་ཏེ་མི་རིགས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གཏིང་ཟབ་ཀྱིས་བསམ་བློ་གཏོང་བཞིན་ཡོད་ཅིང༌། གཞོན་ནུ་དེ་ཚོའི་གྲངས་ཚད་ཀྱི་ཐོག་ནས་བཤད་ན་ད་ལྟ་ཉུང་ཙམ་ཡིན་ཡང་སྔ་ཕྱི་མ་གཏོགས་དེ་ཚོའི་ནུས་པ་ནི་ནམ་ཞིག་བོད་མི་དམངས་ཡོངས་ཀྱིས་མཐོང་ཐུབ་ངེས་ཡིན་པ་དང༌། ང་ཚོའི་རེ་བ་ཡོད་ཚད་ཕུགས་རེ་ལྡན་པའི་གཞོན་ནུ་དེ་ཚོར་བཅོལ་ཡོད་པ་རེད།
ལྔ༌། གོང་དུ་བཤད་པའི་སློབ་གྲྭ་ཁག་གི་སློབ་དེབ་དང༌། དེ་མིན་རིག་གནས་དང་ཚན་རིག་གི་ཤེས་བྱ་ཧ་ཅང་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་དགོས་ཤིང༌། དེའི་བརྒྱུད་རིམ་ནང་དུ་དཀའ་ངལ་ཡང་ཧ་ཅང་མང་པོ་ཞིག་དང་འཕྲད་རྒྱུ་ནི་བཤད་མི་དགོས་པ་ཞིག་ཡིན། དཔེར་ན་རང་རེས་དངོས་སུ་སྤྱད་རྒྱུ་ལྟ་ཞོག །ཐ་ན་མཐོང་ཐོས་ཙམ་ཡང་མེད་པའི་དངོས་པོ་ནི་བགྲང་གིས་མི་ལང་བ་ཞིག་ཡོད་ཅིང་དེ་ཚོ་རེ་རེ་བཞིན་མིང་འདོགས་དགོས་པ་ཡིན། དཔེར་ན་བོད་སྐད་དུ་བསྒྱུར་ཟིན་པའི་རླངས་འཁོར་ལྟ་བུ་གཅིག་ལ་མཚོན་ན་རླངས་འཁོར་གྱི་མིང་ཧྲིལ་པོ་བསྒྱུར་བ་ཙམ་ལས་རླངས་འཁོར་དེའི་ལྷུག་ལག་ཚང་མ་ཕྲལ་ན་དངོས་པོ་ཆེ་ཆུང་བསྡོམས་ན་གྲངས་ཅི་ཙམ་ཡོད། དེ་ཚོ་རེ་རེ་བཞིན་དུ་མིང་འདོགས་དགོས་པས་སྟབས་བདེ་པོ་ཞིག་ག་ལ་ཡིན། ཡིན་ནའང་སྔོན་ཐོན་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་མིང་ཚིག་རྣམས་གཏན་འཁེལ་ཟིན་པ་དེ་དཔེ་ལྟ་ཡུལ་གྱི་ཆ་རྐྱེན་བཟང་པོ་ཞིག་ཡིན། དངོས་སུ་སྒྱུར་སྐབས་ཐབས་ལམ་གསུམ་སྟེ། དོན་སྒྱུར། སྒྲ་སྒྱུར། འདོད་རྒྱལ་བཅས་ལ་བརྟེན་ནས་བསྒྱུར་དགོས་པ་ཡིན། དེ་ལས་དང་པོ་དོན་སྒྱུར་ཞེས་པ་ནི་དངོས་པོ་དེ་ལ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་བཤད་དུ་ཡོད་པའི་རིགས་རྣམས་ཡིན་ཞིང༌། དཔེར་ན་རླངས་འཁོར་དང༌། རྐང་འཁོར་དང༌། གློག་བརྙན་དང༌། སྒྲ་སྡུད་འཁོར་ལོ་དང༌། བརྙན་འཕྲིན་སོགས་ལྟ་བུ་ཡིན། མིང་འདི་རིགས་མི་ཉུང་བ་ཞིག་བོད་དུ་བཅིངས་འགྲོལ་རྗེས་བཏགས་པ་ཞིག་ཡིན་ཡང་ད་དུང་དངོས་པོ་ཤིན་ཏུ་མང་པོ་ཞིག་ལ་བོད་སྐད་ཀྱི་མིང་མེད་པ་ཡིན།
སྒྱུར་སྟངས་ཡག་པོ་ཞིག་བྱུང་ན་དོན་སྒྱུར་ཤིན་ཏུ་བཟང་སྟེ། མིང་རྐྱང་པ་བརྗོད་པ་ཙམ་གྱིས་དངོས་པོ་དེའི་ཁྱད་ཆོས་སམ་བྱེད་ལས་དེ་ཕྱོགས་ཙམ་བློ་ཡུལ་དུ་འཁོར་ཐུབ་པ་ཡིན། སྔར་བོད་ཀྱི་ལོ་ཙཱ་བ་རྣམ་པས་མདོ་རྒྱུད་རིག་གནས་ཕོན་ཆེན་དེ་འདྲ་ཞིག་བསྒྱུར་པ་མཐའ་དག་བོད་སྐད་དུ་དོན་སྒྱུར་བྱས་པ་ལྟ་བུ་ནི་མི་རིགས་གཞན་སུས་ཀྱང་སྒྱུར་ཐུབ་མེད་པར་གྲགས། འོན་ཀྱང་སྒྱུར་སྟངས་ཡག་པོ་མ་བྱུང་ན་མིང་ཕན་ཚུན་ནོར་ཉེན་ཡོད་པ་རེད། བོད་རིགས་ས་ཁུལ་ཁག་གི་ཡུལ་སྐད་ཅུང་ཟད་མི་འདྲ་བས་སྒྱུར་སྐབས་ཕྱོགས་འཐེན་གྱིས་གཅིག་མཐུན་ཡོང་རྒྱུར་འགོག་རྐྱེན་འབྱུང་སྲིད་པ་ཡིན།
གཉིས་པ། སྒྲ་སྒྱུར་ཞེས་པ་ནི་དངོས་པོ་གང་ཡང་རུང་བའི་མིང་དེ་མི་རིགས་གཞན་གྱི་སྐད་ཡིག་གི་སྒྲ་ཇི་བཞིན་བོད་ཡིག་ཏུ་ཕབ་པ་དེ་ཡིན། སྤྱིར་བཏང་བྱས་ན་དེ་ནི་ཅུང་ཟད་ལས་སླ་བ་ཡིན་ཡང་དོ་སྣང་བྱེད་དགོས་པ་ཞིག་ལ་མིང་དེ་ཐོག་མར་རྒྱལ་ཁབ་བམ་མི་རིགས་སུའི་སྐད་ཡིག་ཡིན་པ་ཤེས་དགོས། སྤྱིར་ན་ཚན་རིག་དང་འབྲེལ་བའི་མིང་ཕལ་མོ་ཆེ་ཞིག་ཐོག་མར་དབྱིན་སྐད་དང་དབྱིན་ཡིག་ལས་བྱུང་བ་མང་བས་ད་ལྟ་དབྱིན་སྐད་དང་དབྱིན་ཡིག་ལ་འཛམ་གླིང་སྤྱིའི་སྐད་ཡིག་ཅེས་པའི་ཐ་སྙད་ཀྱང་ཡོད་པ་རེད། དེ་མིན་རྒྱའི་སྐད་ཡིག་ཀྱང་ཕུན་སུམ་ཚོགས་པོ་ཡོད་པ་དེ་རྒྱ་རིགས་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་སྔར་ནས་ད་བར་རྒྱུན་མི་འཆད་པར་དོན་སྒྱུར་དང་སྒྲ་སྒྱུར་ཅི་རིགས་བྱས་པའི་ལག་རྗེས་ཡིན། དཔེར་ན་རྒྱ་ཡིག་གི་མིང་ཁ་ཤས་དབྱིན་ཡིག་སོགས་ནས་སྒྲ་སྒྱུར་བྱས་པ་ཡིན་ཚེ་དེ་བོད་སྐད་དུ་སྒྲ་སྒྱུར་བྱེད་སྐབས་ཐོག་མའི་མིང་གི་སྒྲ་ཇི་བཞིན་སྒྱུར་བ་ལས་རྒྱ་ཡིག་གི་སྒྲ་གདངས་ཇི་བཞིན་བོད་ཡིག་ཏུ་བསྒྱུར་ན་ཅུང་མི་བཟང་སྟེ། དབྱིན་ཡིག་སོགས་ཀྱི་མིང་རྒྱ་ཡིག་ཏུ་སྒྱུར་སྐབས་སྒྲ་ཇི་བཞིན་མ་བྱུང་བར་ཟུར་ཆག་ཏུ་གྱུར་པ་ཅུང་མང་བས་ཐོག་མའི་མིང་དེ་ཐད་ཀར་བོད་ཡིག་ཏུ་བསྒྱུར་ན་བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་ཡིན་པས་ཇི་མ་ཇི་བཞིན་སྒྱུར་བཏུབ་པའི་ཁྱད་ཆོས་ཡོད་པ་ཡིན། སྤྱིར་སྒྲ་སྒྱུར་བྱེད་རྒྱུ་དེ་ཅུང་ཟད་སྟབས་བདེ་ནའང་ཧ་ཅང་མང་དྲགས་ན་མི་རིགས་རང་གི་སྐད་ཡིག་གི་ཁྱད་ཆོས་རྣམས་ཉམས་ཏེ་གང་ཡིན་འདི་ཡིན་མེད་པའི་སྐད་ཅིག་ཏུ་འགྱུར་ཉེན་ཡོད་ཅིང༌། དོན་གྱི་དབང་འདི་གཟིགས་ནས་སྔར་བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམ་པས་གཞུང་མང་དེ་ཙམ་ཞིག་བསྒྱུར་པ་ཀུན་བོད་རང་གི་སྐད་ཡིག་ཏུ་དོན་སྒྱུར་བྱས་པ་རྣམས་ད་ལྟ་རང་རེའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་འདི་ག་ལགས།
གསུམ་པ་འདོད་རྒྱལ་གྱི་མིང་འདོགས་ཚུལ་ནི། སྨྲ་སྒོ་མཚོན་ཆ་ལས། “འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན།།” ཞེས་གསུངས་པ་བཞིན་གང་ཡང་རུང་བའི་དངོས་པོ་ཞིག་ལ་མིང་འདོགས་སྐབས་དེའི་ཁྱད་ཆོས་དང་བྱེད་ལས་སོགས་ལ་བརྟེན་ནས་བཏགས་པ་ཞིག་མིན་པས་ངེས་ཚིག་བཤད་དུ་མེད་པའི་རིགས་ཡིན། གནམ་དང༌། ས། ཆུ། མེ། རླུང༌། རྒྱ་མཚོ། རི་བོ། ཁང་པ་སོགས་ལྟ་བུ་ཡིན་ཞིང༌། དེ་དག་ལ་དེ་ལྟར་འདོགས་རིགས་པའི་རྒྱུ་མཚན་ནི་ཅུང་ཟད་ཀྱང་བཤད་དུ་མེད་པས་དེ་དག་ལ་འདོད་རྒྱལ་གྱི་མིང་ཞེས་བརྗོད་པ་རེད། དེར་བརྟེན་དངོས་པོ་རྣམས་ལ་རང་གིས་གང་འདོད་ལྟར་བྱུང་རྒྱལ་དུ་མིང་བཏགས་པ་ཞིག་ཡིན་པས་སྟབས་བདེ་ཙམ་ཡིན་ཡང་ཧ་ཅང་མང་དྲགས་ན་གོ་བརྡ་འཕྲོད་དཀའ་བའི་ཉེན་ཡོད་པ་ནི། དཔེར་ན། དངོས་པོ་ཞིག་གི་མིང་ལ། མབ་ཅེས་འདོད་རྒྱལ་དུ་བཏགས་ན་མི་འོས་པ་མེད་ཀྱང་མབ་ཅེས་པའི་དངོས་པོ་དེ་གང་ཡིན་ཤེས་དཀའ་བ་ཡིན། ཡང་ན་དེ་ལ་དབྱིན་ཡིག་གམ་རྒྱ་ཡིག་གི་མཆན་འདེབས་དགོས་པ་དང༌། མཆན་བཏབ་ཀྱང་དབྱིན་ཡིག་དང་རྒྱ་ཡིག་མི་ཤེས་མཁན་ལ་ཕན་པ་གང་ཡང་མེད་པ་དང༌། དེ་ལ་བོད་ཡིག་གི་མཆན་ནི་དེ་བས་ཀྱང་འདེབས་ཐབས་མེད་དེ། དངོས་པོ་དེའི་མིང་བོད་སྐད་བོད་ཡིག་གཉིས་ཀར་མེད་པའི་ཕྱིར། མིང་དེ་གྲས་ནི་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་འཚོ་བའི་ནང་སྤྱད་པས་ནམ་ཞིག་ན་མབ་ཅེས་བརྗོད་པ་དང་དངོས་པོའི་དོན་སྤྱི་བློ་ལ་ལམ་མེར་འཆར་འོང་བ་ཡིན། དེ་ནི་རང་ཚོའི་ནམ་རྒྱུན་འཚོ་བའི་ནང་དུ་མི་ལོ་བརྒྱ་སྟོང་དུ་མའི་རིང་སྤྱད་པའི་ས་ཆུ་མེ་རླུང་སོགས་བརྗོད་པ་དང་དོན་གསལ་པོར་རྟོགས་ཐུབ་པ་ལྟ་བུ་ཞིག་ཡིན། ཡང་ད་ལྟ་འཛམ་གླིང་ན་སྔོན་ཐོན་ཡིན་པར་གྲགས་པའི་སྐད་ཡིག་དེ་ཚོའང་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དངོས་པོ་གསར་པ་བྱུང་རིམ་བཞིན་དུ་རྒྱུན་མི་འཆད་པར་མིང་བཏགས་ཏེ་ཕུན་སུམ་ཚོགས་པར་གྱུར་པ་མ་ཟད་ད་དུང་ཇི་སྲིད་བར་དེ་ལྟར་རང་བྱེད་དགོས་པ་ལས་ད་མིང་ཚིག་གིས་འདང་སོང་ཟེར་བ་ཞིག་ཡོང་མི་སྲིད་དེ། དངོས་པོ་གསར་པ་ཐོན་རྒྱུར་མཐའ་མེད་པས་སོ། །རང་རེ་བོད་མི་རིགས་ནི་བོད་ས་མཐོའི་སྟེང་དུ་ལོ་ངོ་བརྒྱ་སྟོང་མང་པོའི་རིང་འཚོ་བ་བསྐྱལ་ཏེ་གནས་པ་ཡིན་ཞིང༌། འཚོ་ཐབས་གཙོ་བོ་ནི་ཞིང་ལས་དང༌། འབྲོག་ལས། ལག་ཤེས་བཟོ་ལས། ཚོང་ལས་སོགས་ཡིན་ཞིང༌། འཚོ་ཐབས་དེ་ཚོའི་ནང་དུ་མཁོ་བའི་མིང་ཚིག་གིས་འདང་བ་ཙམ་གྱིས་ཆོག་པར་བརྩི་ཞིང༌། མིང་ཚིག་དེ་ཚོ་ཡང་རྒྱ་ཁྱབ་ཏུ་བོད་ཡིག་ཐོག་ཏུ་དག་ཆ་གཅིག་གྱུར་ཞིག་འབྲི་སྲོལ་ཆེར་མེད། དེར་བརྟེན་ཆོས་ལུགས་བྱེད་མཁན་གྱི་མི་སྣ་མ་གཏོགས་སོ་ནམ་དང༌། འབྲོག་ལས། ལག་ཤེས་ཤེས་མཁན་ཚོས་ཡི་གེ་ཤེས་མི་དགོས་པར་བརྩི་བ་ཡིན་པས་ཁྱིམ་པ་ཕོ་མོ་ཚོར་བོད་ཡིག་སློབ་སྲོལ་ཡང་མེད་པ་རེད། འཚོ་ཐབས་སྟབས་བདེ་པོ་དེ་འདྲ་ཞིག་ལ་ཡི་གེ་མ་ཤེས་ཀྱང་ཆོག་པ་ལྟ་བུ་ཞིག་ཀྱང་ཡོད་པ་རེད། དཔེར་ན་འབྲོག་ལས་ལྟ་བུར་མཚོན་ན། མཛོ། མཛོ་མོ། འབྲི། གཡག །རྟ། དྲེལ། ར། ལུག །ཞོ། འོ་མ། མར། ཕྱུར་བ། དར་བ། འོ་ཟོམ། འོ་མདོང༌། འོ་སྐྱེལ་སོགས་ཞིབ་ཏུ་བརྩིས་ན་བཅུ་ཕྲག་ཁ་ཤས་སམ་མང་ནའང་བརྒྱ་ཕྲག་ཁ་ཤས་ལས་མེད་པ་དང༌། དེ་དག་ནི་མི་རབས་ནས་མི་རབས་སུ་ལོངས་སུ་སྤྱད་དེ་ངག་ཐོག་ནས་ཐོགས་པ་མེད་པར་བཤད་ཐུབ་པས་ཡི་གེ་མ་ཤེས་ཀྱང་ཆོག་པའི་འདུ་ཤེས་སྐྱེས་པ་ཡིན། དེས་ན་མི་ལ་ལས་བོད་ཡིག་ནི་བླ་མའི་ཡི་གེ་རེད་ཅེས་བཤད་པ་ལའང་རྒྱུ་མཚན་ཕྲ་མོ་ཙམ་ཡང་མེད་ཅེས་ཤོད་དཀའ་བ་ཡིན་པས། “སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན།།” གསུངས་པ་ལྟ་བུར་སྣང་ཡང་བོད་རིགས་རྒྱུས་མེད་པ་ཞིག་བོད་ཀྱི་ས་གནས་ཁག་ཏུ་ཕྱིན་ཚེ་ཕོ་མོ་རྒན་གཞོན་མེད་པར་ཁ་ཏོན་འདོན་མཁན་ཤ་སྟག་ཡིན་པས། མི་ཐམས་ཅད་ཡི་གེ་ཤེས་མཁན་ཡིན་པའི་སྣང་བ་ཞིག་འཆར་ངེས་ཀྱང༌། དེ་ནི་བོད་རིགས་ཀྱི་ཡུལ་གོམས་གཤིས་ལུགས་སུ་ཆོས་ལུགས་ཀྱི་དཔེ་ཆ་ཁག་གཅིག་ཕན་ཚུན་ངག་ཐོག་ནས་སློབ་རེས་བྱེད་པའམ། འགའ་ཞིག་གིས་ནི་རྒྱུན་རིང་གཞན་གྱིས་བཏོན་པ་རྣ་ལམ་དུ་འཇགས་ནས་བཏོན་པ་ལས། ཁ་ཏོན་འདོན་ཚད་ཀྱིས་བོད་ཡིག་འབྲི་ཀློག་ཤེས་པ་ནི་མིན། མདོར་བསྡུས་ཏེ་བཤད་ན་སྔར་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཆོས་ཕྱོགས་ཙམ་ལས་འཇིག་རྟེན་སྲིད་ཕྱོགས་ཀྱི་ཐད་ལ་བོད་ཡིག་སྤྱོད་པ་དེ་ཤིན་ཏུ་ཉུང་བས་ཕྱིན་ཆད་ལུགས་གཉིས་གང་ལའང་སྤྱད་ཐུབ་པ་ཞིག་ངེས་པར་དགོས། གལ་ཏེ་དེ་འདྲ་ཞིག་བྱེད་མ་ཐུབ་པའམ་བྱེད་འདོད་མེད་པ་ཡིན་ཚེ་གང་ལྟར་བོད་རིགས་ཀྱི་སྤྱི་ཚོགས་ནི་མདུན་དུ་བསྐྱོད་ངེས་དང་སྔ་ཕྱི་མ་གཏོགས་ཚན་རིག་དར་རྒྱས་ཀྱང་ཡོང་ངེས་ཡིན་པས་སྐབས་དེར་བོད་ཡིག་སྤྱོད་ཆོག་ཅིག་མེད་ཚེ་སྐད་ཡིག་གཞན་ཞིག་ལ་མི་བརྟེན་ཐབས་མེད་ཡིན། དེ་ལྟར་གྱུར་ཚེ་དོན་དངོས་ཐོག་བོད་ཡིག་དེ་བླ་མའི་ཡི་གེ་ཁོ་ནར་གྱུར་ཏེ་སྤྱི་ཚོགས་ཐོག་གསོན་པོའི་སྐུ་རིམ་དང་གཤིན་པོའི་རྗེས་ཆོག་ཙམ་ལས་སྤྱོད་སྒོ་གཞན་མེད་པ་ཞིག་ཏུ་འགྱུར་རྒྱུ་དང༌། དེ་ནས་དུས་ཡུན་རིང་ཙམ་སོང་རྗེས་ད་ལྟ་རང་རེས་སྔགས་བགྲངས་པ་ལྟ་བུ་ཀློག་ཐུབ་ཀྱང་དོན་ཇི་བཞིན་གོ་མི་ཐུབ་པ་ཞིག་ཏུ་འགྱུར་ངེས་ཡིན། དེ་འདྲ་ཞིག་ཏུ་མི་འགྱུར་བའི་དོན་དུ་ད་ལྟ་ནས་བོད་རིགས་སྐད་གཉིས་སྨྲ་བ་སྤྱི་དང༌། ཁྱད་པར་དུ་ན་གཞོན་ཚོས་མི་རིགས་གཞན་གྱི་སྐད་ཡིག་གི་ལེགས་ཆ་མཐའ་དག་བླངས་ཏེ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་རྒྱུ་དེ་དུས་འགྱང་ཕྲ་མོ་ཙམ་ཡང་འགྲོ་མི་འོས་པ་ཞིག་ཡིན། ཐབས་ལམ་དེ་ཁོ་ན་ལས་གཞན་བོད་ཀྱི་སྐད་ཡིག་སྐྱོབ་པའི་ཐབས་མེད་ཅེས་ཁ་ཚོན་བཅད་དེ་བཤད་ཆོག་པ་ཡིན།
འདི་ཡན་གྱིས་བོད་ཀྱི་སྐད་ཡིག་བར་གྱི་འབྲེལ་བ་སྤྱི་དང༌། བོད་ཀྱི་སྤྱི་ཚོགས་འཚོ་བ་དང་བོད་ཡིག་བར་གྱི་འབྲེལ་བ། བོད་ཡིག་དང་བོད་དུ་དར་བའི་ནང་པའི་ཆོས་ལུགས་བར་གྱི་ཐུན་མོང་དང་ཐུན་མོང་མིན་པའི་འབྲེལ་བ། ཕྱིན་ཆད་བོད་ཀྱི་སྐད་ཡིག་གཉིས་དུས་རབས་ཀྱི་རྗེས་སུ་མི་ལུས་པར་མདུན་སྐྱོད་བྱེད་ཐུབ་པ་བཅས་ཀྱི་དོན་དུ་དམིགས་ནས་རང་ཉིད་ཀྱི་ལྟ་ཚུལ་ཡང་དག་མིན་ལ་མ་བལྟོས་པར་ལྷག་བསམ་གཙང་མས་ཅུང་ཟད་བཤད་པ་འདི་ལ་འཕེལ་མེད་རང་སོར་གནས་རྒྱུར་ཐུགས་དགྱེས་མཁན་འགའ་དང་དབྱེ་འབྱེད་མེད་པར་རྙིང་བའི་རིགས་ཀུན་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དོན་དུ་བརྩོན་པ་པོ་འགའི་ཐུགས་ལ་འཐད་མིན་ཆ་མ་མཆིས་ཀྱང༌། སྔར་གྱི་བྱུང་བ་དངོས་རྣམས་དང་འབྱུང་འགྱུར་ཡོང་ངེས་ཀྱི་དོན་དངོས་རྣམས་ཟུར་དུ་བཞག ཁོང་ཚོ་འགའི་ཐུགས་ལ་འཐད་པའི་རིགས་ཤ་སྟག་བྲིས་ན་དགོས་པ་ཏིལ་འབྲུ་ཙམ་མེད་པ་ཤེས་ནས་འདི་བཞིན་བྲིས་པ་ལགས་ཤིང༌། སྤྱིར་བོད་ཀྱི་གཏམ་དཔེར་ཡང༌། “དྲང་པོ་བཤད་ན་མི་མི་དགའ་” ཞེས་པ་ལྟར་དང༌། དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་ནས་ཀྱང་ “མི་རིགས་ཕལ་མོ་ཆེ་ཞིག་ལ་ནི་དཀའ་བ་ཞིག་སླ་རུ་བཏང་སྟེ་བཤད་ན་ཡིད་མི་ཆེས་ཤིང་བརྙས་ཆོས་བྱེད། དེ་ལས་སླ་མོ་ཞིག་དཀའ་རུ་བཏང་སྟེ་བཤད་ན་མཁས་པར་བརྩི་ཞིང་ཡིད་ཆེས་པར་བྱེད་འདུག་པས་བྱ་ཐབས་ཟད་” ཅེས་གསུངས་པ་དང༌། དེ་དང་ཕྱོགས་འདྲ་བ་ཇོ་ནང་ཏཱ་ར་ནཱ་ཐའི་ཞལ་ནས་ཀྱང༌། “བོད་འདིར་དག་རུང་མི་དག་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང༌། ཡིད་ལ་མི་བདེ་བ་ཞིག་སྣང་” ཞེས་གསུངས་པ་བཞིན་ཁོ་བོས་བཤད་པའི་དོན་རྣམས་ཀྱང་རྣ་བར་མི་འགྲོ་མཁན་ཡོད་ངེས་ཀྱང་གལ་ཏེ་ཁོང་ཚོ་སྐུ་ཚེ་རིང་ཙམ་བཞུགས་ན་དུས་རབས་ཀྱི་འགྱུར་བས་ཁོང་ཚོའི་རྣ་བར་མི་འགྲོ་ཀ་མེད་ཅིག་བཟོ་ངེས་ཡིན། གཙོ་བོ་ནི་ཕུགས་རེ་ཆེ་བའི་བོད་རིགས་གཞོན་ནུ་ཚོའི་བློ་སྒོ་འབྱེད་པའི་གསོས་སུ་སྨིན་ཐུབ་པ་ཞིག་བྱུང་ན་ཁོ་བོ་ནི་དེ་ག་རང་གིས་བློ་ཁ་རྫོགས་པ་ཡིན་ནོ།། །།
དཔྱད་རྩོམ་འདི་ནི། བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་ཞེས་པ་ལས་ཁོལ་དུ་ཕྱུང་བ་ལགས།
ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་ནི་(༡༩༢༥ – ༡༩༩༨)ཁམས་མི་ཉག་ཏུ་འཁྲུངས། བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ལོ་རྒྱུས་དང་བརྡ་སྤྲོད་སྨྲ་བའི་དབང་པོར་གྱུར། བོད་ཀྱི་སློབ་གསོ་དང་སྐད་ཡིག་ལས་དོན་ལ་མཛད་རྗེས་ཤིན་ཏུ་ཆེ།