(ཆབ་བྲག་ཕོ་ཉ།)

༄༅། །ང་ཚོར་རིག་གནས་མོད་ལ་གཞུང་ལུགས་ཀྱང་ཡོད། འོན་ཀྱང་ང་ཚོས་ལག་ལེན་གསར་པ་བརྒྱུད་དེ་གཞུང་ལུགས་ལ་ཞུ་དག་དང་ཁ་སྣོན་བྱེད་རྒྱུ་དེ་ཞིབ་འཇུག་པ་ཚོའི་འོས་འགན་ཁོ་ན་ཡིན་པའང་བཤད་ཅི་དགོས། དེ་བས་རང་གི་བློ་མིག་གི་མཐོང་ཚོད་དང་ལྕོགས་ཚོད་ཀྱིས་བསམ་ཚུལ་འདྲ་མིན་གླེང་བཞིན་པར་སུས་ཀྱང་དགའ་བསུ་ཞུ་འོས། དེ་ལྟ་ན་ཡང་དེ་དེ་བཞིན་ནོ་ཞེས་བསམ་ཚུལ་ཚང་མ་ངོས་ལེན་བྱེད་ཐབས་བྲལ་བས། ཕན་ཚུན་ལ་དགག་རྩོད་ཀྱི་རོལ་རྩེད་ཀྱང་མང་ཙམ་བྱེད་དགོས་པ་རིག་པའི་དཔའ་བོ་དག་གི་རང་གཤིས་ཡིན་དགོས། མ་མཐར་ཡང་འདྲ་མཉམ་རིགས་མཐུན་དག་དང་ལྷན་དུ་ཁ་རྩོད་རེ་རྒྱག་པའི་སྤོབས་པ་སུ་ལ་ཡང་དགོས་པས། བདག་ཀྱང་རིགས་འདི་ལ་གཏོགས་པས་དུས་དེབ་གོང་མའི་ནང་གི་ན་ག་སངས་རྒྱས་བསྟན་དར་ལགས་ཀྱི་<<རྒྱ་རིམ་པ་བདུན་རྒྱ་ཆེར་བཤད་པ་>>ལ་དོགས་སློང་འགའ་ཞིག་བྱའོ།།

ཀ  རྒྱ་རིམ་པ་བདུན་ཞེས་པར་དོགས་སློང༌།

“་་་ཚེག་གི་རྒྱ། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ” ཞེས་པ་སོགས་ཉིད་ཀྱིས་ལུང་འདྲེན་གནང་བའི་རྒྱ་རིམ་པ་བདུན་གྱི་གྲངས་འདྲེན་དེ་དག་ཙམ་དུ་མ་ཟད་ད་དུང་མི་འདྲ་བ་དང་རྦད་དེ་མི་མཐུན་པའང་ཡོད་དེ། བསྟན་དར་ལྷ་རམས་པའི་<༵ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད>ལས། “ཁ་ཅིག་གིས། གླེགས་ཐག་བདུན་པའི་རྒྱ། གླེགས་ཤིང་པ་ཊའི་རྒྱ། ཡིག་མགོ་གྲངས་ཀྱི་རྒྱ། གསེར་གདོང་ལཉཅའི་རྒྱ། བམ་པོ་ལེའུའི་རྒྱ། སྣེ་ཐིག་སྤྱན་ཁྱེར་གྱི་རྒྱ། དམར་ཤད་ནག་ཤད་ཀྱི་རྒྱ་དང་བདུན་ཟེར་རོ། ་་་་ རྒྱན་སྣང་ལས། སྐེ་རགས་བདུན་གྱིས་དམ་པོར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་གི་མིང་གི་རྒྱ་བདུན་གྱིས་བཏབ་ནས་བཞག་པ་ཡིན་ནོ་ཞེས་ཁ་ཅིག་གིས་འདོད་དོ། །ཞེས་བྱུང་ངོ༌། ཁོ་བོས་བསམ་ཚོད་ལ། སྔ་མ་བོད་དུ་འགྱུར་བའི་གླེགས་བམ་གྱི་དབང་དུ་བྱས་པ་དང༌། བརྒྱད་སྟོང་འགྲེལ་ཆེན་ལས་བྱུང་བ་ནི་འཕགས་ཡུལ་གྱི་གླེགས་བམ་གྱི་དབང་དུ་བྱས་ན་རུང་ངམ་སྙམ་ཞིང་མཁས་པས་དཔྱད་པར་བྱའོ།” གསུངས་པ་ལྟར་ན་དང་པོ་གླེགས་བམ་དཔར་སྐྲུན་ཐད་ཀྱི་རྒྱ་རིམ་པ་བདུན་ཏེ་བོད་ཀྱི་སྲོལ་དང༌། གཉིས་པ་གསང་རྒྱ་ཅན་གྱི་གླེགས་བམ་གང་ཞིག་བཀའ་འཁྲོལ་མེད་པར་གཞན་གྱིས་རང་དགར་ལྟ་ཀློག་མི་ཆོག་པའི་རྒྱས་བཏབ་པ་ཅན་ཏེ་རྒྱ་གར་བའི་ལུགས་ཡིན་ལ་གོ་དོན་ཡང་གཏན་ནས་མི་འདྲའོ།
གླེགས་ཐག་བདུན་པའི་རྒྱ་ཞེས་པའི་དོན་ནི་རྒྱན་སྣང་ལས་གསུངས་པ་དང་གོ་དོན་གཅིག་པས་དེ་ནི་རྒྱས་བཏབ་པ་ཞེས་པའི་ངེས་ཚིག་གི་དོན་ཡང་ཡིན་པས། རྒྱ་རིམ་པ་བདུན་ཞེས་པའི་གོ་དོན་ཐོག་མར་དེ་ལྟ་ཡིན་པ་ཕྱིས་སུ་འགྱུར་བ་སོང་བའམ། ཡང་ན་གསར་པ་ཞིག་བྱུང་བ་གང་ལྟར་མི་འདྲ་བ་གཉིས་ཡོད་པ་ཁས་ལེན་འོས། བཀས་བཅད་སྐབས། འགྱུར་གྱི་ཐོག་མར་སྐད་གཉིས་ཤན་སྦྱར་དང༌། འགྱུར་ཕྱག ཤོག་བུའི་མདུན་ངོས་ཚང་མར་ཡིག་མགོ་འབྲི་བ་དང༌། ཡི་གེ་སྙོམ་ཕྱིར་མཐའ་ཐིག་འདེབས་པ། གཞུང་ཚད་རགས་མཚོན་གྱི་བམ་པོའི་གྲངས་དང༌། འཚོལ་བདེའི་ཕྱིར་སྤྱན་ཁྱེར་རམ་མིང་བྱང། མཐར་ལོ་པཎ་གྱི་འགྱུར་བྱང་དང༌། ཞུས་རྒྱ། རྒྱལ་པོའི་ཐེབ་རྒྱ་བཅས་ངེས་པར་དགོས་པའི་གཅིག་མཐུན་གྱི་ཡིག་སྒྱུར་ལམ་ལུགས་ཤིག་ཆགས་སོ།
སྒྲིག་སྲོལ་དེ་དག་ནི་ཡིག་སྒྱུར་སྐབས་སུ་རྒྱལ་པོའི་བཀའ་རྒྱ་དང་འབྲེལ་གསར་དུ་གཏན་ལ་ཕབ་པ་ཞིག་ཡིན་པས། རྒྱས་བཏབ་པའི་གོ་དོན་ལྡན་ན་ཡང༌། སྤྱིར་བཏང་གི་ཡིག་མགོ་དང༌། ཚེག་དང་ཤད། ལེའུ་བཞི་ནི་ཡིག་སྒྱུར་ཁོ་ནའི་སྒྲིག་སྲོལ་ཞིག་མིན་པར་ཐོག་མ་ནས་ཡོད་པའི་སྤྱིའི་གཏན་སྲོལ་ཞིག་ཡིན་པས་དམིགས་བསལ་གླེགས་བམ་གྱི་རྒྱ་རིམ་པ་བདུན་ཞེས་པའི་ནང་དུ་བགྲངས་པའི་ཚབ་ལ། དབུའི་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག མཇུག་གི་འགྱུར་བྱང་བཅས་བགྲང་ན་དགོས་པ་ཆེ་ན་ཡང་ཡོངས་གྲགས་ཀྱི་སྤྱི་སྲོལ་ལ་འགྱུར་བ་གཏོང་དགོས་དོན་མེད། འོན་ཀྱང༌། སྔ་མོའི་གསུང་རབ་ཡིག་སྒྱུར་བྱ་བའི་སྒྲིག་གཞི་ཞིག་དེང་གི་གསར་རྩོམ་བྱ་བའམ་རྩོམ་ཡིག་ཚང་མར་ཁྱབ་མཉམ་གྱིས་ལག་བསྟར་དགོས་པར་གླེང་ན་དེ་ནི་ལེགས་པར་དཔྱད་པའི་གཏམ་ཞིག་ག་ལ་ཡིན། དེ་བས་གསུང་རབ་ཁོ་ན་དཔར་སྐྲུན་སྐབས་སྔར་སྲོལ་རང་འཇགས་གནང་དགོས་ཟེར་ན་མི་འགྲིགས་པ་ཅི་ཡོད།།

ཁ  བམ་པོ་དང་བམ་གྲངས་ཀྱི་དོགས་སློང༌།

ཉིད་ཀྱིས་”བམ་པོ་ཞེས་པ་ནི་གཞུང་གི་དུམ་བུ་གང་གི་ཚད་ནི་ཤོ་ལོ་ཀ་སུམ་བརྒྱ་ཅན་ཞིག་ལ་ཟེར་རོ།” ཞེས་ཐག་བཅད་ཡོད་ཀྱང༌། བུ་སྟོན་རིན་པོ་ཆེའི་ལུང་སྙེ་ལས། “བམ་པོ་ཆེ་བ་ནི་ཤོ་ལོ་ཀ་སྟོང་གི་སུམ་ཆ་བྱས་པ་དང༌། ཆུང་བ་ཤོ་ལོ་ཀ་གསུམ་བརྒྱ་ལ་བྱས་པ་གཉིས་དང་” ཞེས་ཤོ་ལོ་ཀ་སུམ་ཅུ་ལྷག་གི་ཁྱད་ཙམ་ལས་མེད་པའི་བམ་པོ་ཆེ་ཆུང་གཉིས་སུ་གསུངས་པར་མ་ཟད། བསྟན་དར་ལྷ་རམས་པའི་<<ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད་ཡལས། “སྤྱིར་བམ་པོའི་ཚད་ལ་ངེས་པ་མེད་དེ། ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་བྱས་པ་འགྲེལ་པ་དོན་གསལ་ལྟ་བུ་དང༌། འཇམ་དཔལ་གྱིས་དྲིས་པའི་མདོ་ཤོ་ལོ་ཀ་དགུ་བཅུ་ལ་བམ་པོ་གཅིག་ཏུ་བྱས་པ་དང༌། དེ་བཞིན་གཤེགས་པ་འགྲོ་བའི་མདོ་ཤོ་ལོ་ཀ་དོན་ལྔ་ལ་བམ་པོ་གསུམ་དུ་བྱས་པ་ལྟར་ཤེས་རབ་སྙིང་པོ་ཡང་ཤོ་ལོ་ཀ་ཉེར་ལྔ་ལ་བམ་པོ་གཅིག་ཏུ་བྱས་པ་ཡིན་ནོ།” དེ་ལྟར་ལགས་ན། བམ་པོའི་ཚད་ནི་ཤོ་ལོ་ཀའི་གྲངས་ཚད་ངེས་ཅན་ཞིག་མིན་པ་མ་ཟད།  “གལ་ཏེ་ཚིག་ལྷུག་ཡིན་ན་ཤོ་ལོ་ཀ་རེར་རྐང་པ་བཞི་རེ་ཡོད་པ་དང༌། རྐང་པ་རེར་ཚིག་འབྲུ་བདུན་རེ་བརྩིས་པས་ན་ཚིག་འབྲུ་ཉེར་བརྒྱད་དགོས་ཤིང༌། ཤོ་ལོ་ཀ་སུམ་བརྒྱར་ཚིག་འབྲུ་བརྒྱད་སྟོང་བཞི་བརྒྱ་དགོས་པས་ན་བམ་པོ་གཅིག་ལ་ཚིག་འབྲུ་བརྒྱད་སྟོང་བཞི་བརྒྱ་ཡོད་དོ།” ཟེར་བ་ཁུངས་ཡོད་མེད་ཇི་ལྟར་ཡང༌། བུ་སྟོན་རིན་པོ་ཆེས། “ལྷུག་པ་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག་གོ”གསུངས་པ་ལྟར་ན་ཚིག་རྐང་རེར་ཚེག་བརྒྱད་ཅན་ཡིན། དེ་ཡང་ངེས་པ་མེད་དེ། <<ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད་>>ལས། “ཡུམ་རྒྱས་པ་ལ་བམ་པོ་སུམ་བརྒྱ། ལེའུ་དོན་གཉིས། ཤོ་ལོ་ཀ་སྟོང་ཕྲག་བརྒྱ། ཤད་འབུམ། ཚེག་ས་ཡ་བཞི་དང་འབུམ་ཚོ་གཅིག” ལྟར་ན། བམ་པོ་རེ་ལ་ཤོ་ལོ་ཀ་ ༢༦༦ ལྷག་དང༌། ཤོ་ལོ་ཀ་རེའི་ཚིག་རྐང་རེར་ཉུང་མཐར་ཚེག་ ༡༠ ཅན་ཡིན། ཡང་དེ་ལས། “ཉི་ཁྲི་ལ་བམ་པོ་དོན་བརྒྱད། ལེའུ་དོན་དྲུག ཤོ་ལོ་ཀ་སྟོང་ཕྲག་ཉི་ཤུ ཤད་འབུམ། ཚེག་ས་ཡ་གཅིག་དང་འབུམ་ཚོ་གཅིག” ཡོད་པ་ལྟར་ན། བམ་པོ་རེར་ཤོ་ལོ་ཀ་ ༢༥༦ ལྷག་དང༌། ཤོ་ལོ་ཀའི་རྐང་པ་རེར་ཉུང་མཐར་ཚེག་ ༡༣ ཅན་ནོ། ཡང་དེ་ཉིད་ལས། “བརྒྱད་སྟོང་པ་ལ་བམ་པོ་ཉི་ཤུ་རྩ་བཞི། ལེའུ་སོ་གཉིས། ཤོ་ལོག་སྟོང་ཕྲག་བརྒྱད། ཚེག་སུམ་འབུམ་ལྔ་ཁྲི་ཉིས་སྟོང་” ལྟར་ན། བམ་པོ་རེར་ཤོ་ལོ་ཀ་ ༣༣༣ ཙམ་དང༌། ཤོ་ལོ་ཀ་རེར་ཡིག་འབྲུ་ ༤༤ དང་རྐང་པ་རེར་ཚེག་ ༡༡ ཅན་ཡིན་ལ། ཤེས་རབ་སྙིང་པོ་ཤོ་ལོ་ཀ་ཉེར་ལྔའི་བདག་ཉིད་ཅན་ཡིན་ན། ཉུང་མཐར་ཡིག་འབྲུ་བརྒྱད་བརྒྱ་ནས་མང་མཐར་དགུ་བརྒྱའི་བར་ལས་མེད་པས། ཚིག་རྐང་རེར་ཡང་ཚེག་ཉུང་མཐར་ ༨ ཅན་ནས་མང་མཐར་ ༩ ཅན་ཡིན། དེ་ལྟར་ན། བམ་པོ་སོ་སོའི་ཤོ་ལོ་ཀའི་གྲངས་ཚད་མི་འདྲ་བ་ཙམ་དུ་མ་ཟད་ཤོ་ལོ་ཀ་རེའི་ཡིག་འབྲུའི་མང་ཉུང་ཡང་གཅིག་མཐུན་མིན་པས་ “གཞུང་ཚད་རྟོགས་པ་བམ་པོའི་རྒྱའམ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ” ཞེས་པའི་རྒྱ་དེ་རང་བཞིན་གྱིས་ཞིག་པར་གྱུར་པ་མ་ཟད་ “བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ” ཞེས་པའང་དོན་སྙིང་མེད་པར་མ་གྱུར་ཏམ།
གཞན་ཡང༌། ཉིད་ཀྱིས། “ ༤ གཞུང་ཚད་རྟོགས་པ་བམ་པོའི་རྒྱ། ༥ བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ། གོང་གསལ་རྒྱ་རིམ་པ་བདུན་གྱི་གྲངས་འདྲེན་་་་རྣམས་སུ་ལུང་ཁུངས་ཀྱིས་དབེན་པའི་གྲངས་འདྲེན་རྣམས་ལ་རང་ངོས་ནས་བསམ་ཞིབ་ནན་ཏན་གྱིས་ཞལ་གསལ་དུ་བཏང་བ་དང་ཞུས་དག་བགྱིས་ཏེ་འདིར་བཀོད་པ་ལགས་སོ།” ཞེས་པའི་ནང་གི་བམ་པོ་དང་བམ་གྲངས་གཉིས་སུ་ཕྱེ་བར་དགོས་པ་ཅི་ཡང་མ་མཐོང་སྟེ། བམ་གྲངས་མི་འགོད་ན་བམ་པོས་ཅི་བྱ། བམ་གྲངས་མི་འགོད་པར་བམ་པོ་གཅིག་པུ་ཞིག་ཀྱང་ཇི་ལྟར་འགོད། བམ་པོ་ཞེས་པའི་ནང་དུ་བམ་གྲངས་འདུས་ཡོད་དེ། དཔེར་ན་ལེའུ་ཞེས་པའི་ནང་དུ་ལེའུའི་གྲངས་འདུས་པ་བཞིན་ནོ། གལ་ཏེ་ཁྱེད་ཅག་ལྟར་ན་ལེའུ་མི་འཁྲུགས་པ་ལེའུའི་གྲངས་ཀྱི་རྒྱ་ཞེས་པ་ཞིག་ཀྱང་ཅི་ལ་མི་མཁོ།
<<གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་>>ཏུའང༌། “་་་གཞུང་ཚད་རྟོགས་པ་བམ་པོའི་རྒྱ་བདུན་ནམ་ཡང་ན་ཡིག་མགོའི་རྒྱ་མེད་པར་བམ་པོ་མི་འཆོལ་བ་བམ་གྲངས་ཀྱི་རྒྱ་ཞེས་བདུན་དང༌།” ཞེས་ཡིག་མགོའི་རྒྱ་དང་བམ་གྲངས་ཀྱི་རྒྱ་གཉིས་ཀྱི་གང་རུང་ཞིག་མ་བརྩིས་ཀྱང་ཆོག་པའི་དགོངས་ཚུལ་འདུག་ན་ཡང་ཐག་གཅོད་གནང་མ་ཐུབ་པ་ཅི་ཡིན་ཆ་མ་འཚལ།
“ཡང་བམ་པོ་ལེའུའི་མགོར་དང་ལེའུ་གཞུང་གི་ལེ་ཚན་རྫོགས་མཚམས་སུ་ཡོད་པ་བྱང་ས་ན་ཤིན་ཏུ་གསལ་ལོ།” ཟེར། དེ་ལྟར་ན་ལེའུ་ཚང་མའི་མགོར་བམ་པོ་ཞེས་བྲིས་པ་ཡིན་ནམ། བམ་པོ་དང་ལེའུ་ཡང་དོན་གཅིག་ཏུ་ཐལ་བ་མ་ཡིན་ནམ། འདི་ནི་ཕལ་ཆེར་ཚིག་གི་ཞིབ་ཆ་མ་ཐོན་པའི་སྐྱོན་ནོ།།

ག  ཚེག་གི་རྒྱ་ལ་དོགས་སློང༌།

    མཁས་པ་གཞན་དག་གིས། ཚེག་བྲིས་པས་ཡིག་འབྲུ་ཕན་ཚུན་མ་འདྲེས་པར་གསལ་ཐུབ་པ་ཡིན་པས་ “ཚིག་འབྲུ་མི་འཆོལ་བ་ཚེག་གི་རྒྱ” ཞེས་པ་དང༌། དེ་ལྟར་གསལ་བས་ཚིག་དོན་ཡང་མི་ནོར་བར་བདེ་བླག་ཏུ་གོ་བས་ན་ “དོན་མི་འཁྲུག་པ་ཚེག་གི་རྒྱ” ཞེས་པ་དག་དོན་ལ་གནས་མོད། ཉིད་ཀྱིས། “ཚེག་བར་མི་འཁྲུགས་པ་ཚེག་གི་རྒྱ”ཞེས་བརྗོད་པ་མི་འཚམས་ཏེ། ཚེག་མེད་པར་ཚེག་གི་བར་ཅིག་མེད་ལ་ཚེག་ནི་ཚེག་གི་བར་ཙམ་འབྱེད་པའི་ཆེད་ཀྱང་མིན་པས་ཞུ་དག་བྱ་འོས་མེད།
ཡང་ཉིད་ཀྱིས། “ཤད་གོང་ཚེག་རེ་འབྲི་བ་འཛམ་གླིང་རྒྱན་གཅིག་བསྟན་བཅོས་ཀྱི་དགོངས་པ་ཡིན་ཡང་བསྟན་བཅོས་མཁན་གྱི་དགོངས་པ་མིན། བསྟན་བཅོས་ཀྱི་དགོངས་པ་ཡིན་ཏེ་བསྟན་བཅོས་སུ་དངོས་སུ་གསལ་བའི་ཕྱིར། འོན་ཀྱང་བསྟན་བཅོས་མཁན་གྱི་དགོངས་པ་མིན་ཏེ་སློབ་དཔོན་རང་ཉིད་མ་གཤེགས་གོང་གི་བརྩམས་ཆོས་དཔར་དུ་བསྐྲུན་པ་དང་ཞུས་དག་བགྱིས་པའི་གསུང་རབ་གང་གི་ནང་དུའང་ཤད་གོང་ཚེག་བྲིས་མེད་པས་སོ།” ཟེར་བ་བདེན་བདེན་འདྲ་ཡང༌།༵༵གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིགཀཀལས། “འགའ་ཞིག་གིས་ང་ཡིག་དང་ཤད་བར་ཚེག་གཉིས་དང༌། གསལ་བྱེད་གཞན་གྱི་ཡི་གེ་ལ་ཤད་བར་ཚེག་གཅིག་རེ་ཐོབ་པར་བཤད་པ་གཉིས་ཀ་ཁོ་བོས་མི་འདོད་ཅིང༌། བོད་ཀྱི་མིང་ཚིག་གྲུབ་པ་ཚེག་བར་ལ་རག་ལས་པས་གསལ་བྱེད་སུམ་ཅུ་པོ་ཀུན་གྱི་མཐར་ཡི་གེ་དང་ཤད་བར་ཚེག་རེ་ངེས་པར་འབྲི་དགོས་པ་དང༌། ང་ཡིག་ལ་དམིགས་བསལ་བྱས་ཀྱང་མགོ་རྙོག་ཆེ་བ་དང༌། དགོས་པ་བཤད་པ་ཡང་འཐད་ལྡན་མི་འདུག་པས་ཁོ་བོས་ཚིག་ལྷུག་གི་གཅོད་མཚམས་སུ་ག་ཡིག་བྱུང་ཡང་ཤད་གཉིས་རེ་དང། ལེའུ་སོགས་ཀྱི་མཐར་ག་ཡིག་བྱུང་ཡང་ཤད་བཞི་རེ་དང༌། ཡི་གེ་དང་ཤད་ཀྱི་བར་དུས་རྟག་ཏུ་ཚེག་བྲིས་པ་ཡིན་པས་དགོས་པ་ཆེ་བ་དང་མགོ་རྙོག་ཆུང་བ་དང་གསལ་བར་མཚོན་པ་དང་འཐད་པའི་རྒྱུ་མཚན་གྱིས་ཡིན།” ཞེས་ཁོང་གིས་དགོངས་ཚུལ་ཙམ་ཞིག་གནང་བ་མ་ཡིན་པར་ངེས་པར་འབྲི་དགོས་ཞེས་གདམས་པ་ཙམ་དུ་མ་ཟད”དུས་རྟག་ཏུ་ཚེག་བྲིས་པ”སྟེ་ཕྱག་ལེན་བསྟར་བས་ན་བསྟན་བཅོས་ཀྱི་དགོངས་པ་ཙམ་ལས་བསྟན་བཅོས་མཁན་པོའི་དགོངས་པ་མིན་ཚུལ་གླེང་ན། ཁོང་གི་དགོངས་པ་འཁྱོག་བརྗོད་ཀྱི་ཉེས་པ་མི་ཆེའམ། གཞན་དུ་ན་ཁོང་གིས་ཞལ་རྫུན་གསུངས་པར་ཐལ་བའམ། ཡང་ན་ཡོངས་གྲགས་སྤྱི་སྲོལ་འདི་བསྒྱུར་མི་ཐུབ་པ་ཤེས་ནས་རྗེས་སུ་དགོངས་ཚུལ་འགྱུར་བ་ཡིན་སྲིད་དོ།།

ང  ཤད་ཀྱི་དོགས་སློང༌།

ཉིད་ཀྱིས། “གཅོད་མཚམས་མི་འཁྲུགས་པ་ཤད་ཀྱི་རྒྱ”ཞེས་ཟེར་ཡང༌། ཤད་བརྒྱབ་པ་དེ་གཅོད་མཚམས་ཤིག་ཡིན་པས་ཁྱབ་ཀྱང་གཅོད་མཚམས་ཚང་མར་ཤད་རྒྱག་དགོས་པའི་ངེས་པ་མེད་ལ། གལ་ཏེ་ཤད་མ་བརྒྱབ་པས་གཅོད་མཚམས་འཁྲུགས་འགྲོ་བ་ཞིག་ཡིན་ན་གཅོད་མཚམས་ཡོད་ཚད་ཤད་ཀྱིས་ཕྱེ་དགོས་པར་ཐལ་ལོ། དེ་བས་མཁས་པ་གཞན་ཚོས། “ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ” ཞེས་པ་དོན་ལ་གནས་ཏེ། ཚིག་རྐང་ཡིན་ན་ངེས་པར་ཚིགས་བཅད་ཀྱི་རྐང་པ་ཡིན་མི་དགོས་པས་སོ། ཡང་ན་འདིས་ཚིགས་བཅད་ཀྱི་ཚིག་རྐང་གསལ་ཕྱིར་ཉིས་ཤད་བསྟན་པའི་ཤུགས་ནས་ཚིག་ལྷུག་ལ་ཆིག་ཤད་འཐོབ་པ་གོ་དགོས་སོ། གཞན་དུ་ན། བཞི་ཤད་ཀྱང་འདིའི་ཁོངས་སུ་བསྡུ་དགོས་པས་གསུམ་ཆ་ལ་ཁྱབ་པའི་སྡོམ་ཚིག་ཅིག་འཇོག་དཀའ་འོ།
ཡང་ཉིད་ཀྱིས། རྒྱ་རིམ་པ་བདུན་གྱི་ཤད་ཀྱི་རྒྱའི་ནང་གསེས་སུ གསུམ་ཤད་དང༌། རིན་ཆེན་སྤུངས་ཤད། སྦྲུལ་ཤད། དང་ཀྱོག་བཅས་ཀྱང་བགྲངས་པ་ནི་འདོད་དཀའ་ལ། ལྷག་པར་དང་ཀྱོག་ཤད་ཀྱི་རིགས་སུ་བགྲངས་པ་ནི་ཐུགས་མཉམ་མ་བཞག་པའི་སྐྱོན་ཡང་མིན་ནམ། གཞན་དུ་ན། “གོང་གསལ་རྣམས་ནི་རྒྱ་རིམ་པ་བདུན་གྱི་བཤད་པ་ཡིན་ཞིང༌། འདི་དག་ཆེས་སྔ་མོ་ཞིག་ནས་གསུང་རབ་དཔར་སྐྲུན་ལག་ལེན་དུ་མཁོ་བར་གཟིགས་ཏེ་་་”ཞེས་སྨྲས་མ་ཐག་ཏུ། “བོད་ཡིག་འབྲི་སྐབས་རྒྱ་རིམ་པ་བདུན་གྱི་སྟེང་དུ་ཉེར་མཁོ་ཡང་མི་ཉུང་བ་ཞིག་ཕྱིས་སུ་བསྣན་ཡོད་པ་ལས་འགའ་ཞིག་འདིར་ཅུང་ཟད་གླེང་བར་བྱ། གཅིག དབུ་ཁྱུད། འདི་ཕལ་ཆེར་བསྟན་པ་སྔ་དར་གྱི་དུས་སུ་ཡོངས་གྲགས་སུ་འབྲི་སྲོལ་མེད་པར་སྣང་་་” ཞེས་སྔ་ཕྱི་འགལ་བར་ཅི་ལྟར་སྨྲ།
གསུམ་ཤད་ཅེས་པའང་མི་འཐད་དེ། གལ་ཏེ། ལེའུ་བཅུ་དྲུག་གོ། །། ལྟ་བུ་ལ་གསུམ་ཤད་ཟེར་ན། ཀུན་གྱིས་འདི་དོན་རྟོགས་གྱུར་ཅིག །ལྟ་བུ་ཆིག་ཤད་དེ། ཀ་ག་ཤ་ཡི་རྐང་པས་ཤད་གོ་ཆོད་ཀྱང་ཤད་ལ་མི་བརྩི་ཟེར་དགོས་པར་ཐལ། ཡང་གཅིག་བཤད་ན། ཆིག་ཤད་དང༌། ཉིས་ཤད། བཞི་ཤད་གསུམ་ནི་ཀ་ག་ཤ་གསུམ་གང་རུང་ཅན་མ་ཡིན་པའི་ཚིག་མཚམས་དུ་མར་འཇུག་ཡུལ་མང་བས་རང་རྐྱ་འཕེར་བའི་ཤད་ཡིན་ལ། ཁྱེད་ཅག་གི་གསུམ་ཤད་ཅེས་པ་ནི་ཀ་ག་ཤ་གསུམ་ཅན་མ་ཡིན་པ་གང་དུའང་འབྲི་སྲོལ་མེད་པས་ལོགས་སུ་བགྲངས་པ་ནི་མིང་ཙམ་ལས་ཅི། དེ་བས་ཀ་ག་ཤ་གསུམ་མཐར་ཉིས་ཤད་སྐབས་ཆིག་ཤད་དང༌། བཞི་ཤད་སྐབས་གསུམ་ཤད་ཀྱིས་འཐུས་པ་ནི་སྟབས་བདེར་བཏང་བ་ཙམ་ལས་ཤད་དམིགས་བསལ་བ་ལོགས་སུ་འབྱེད་དགོས་པ་ཞིག་ག་ལ་ཡིན།
ཡང། <<གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་>>ནང༌། རིན་ཆེན་སྤུངས་ཤད་དེ་འབོད་ཤད་ཡིན་པའི་སྒྲུབ་བྱེད་དུ། རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་དུ། ལྷ༑  རྒྱལ་པོ༑ ཞེས་སོགས་མང་ཚུལ་བཀོད་ཅིང༌། དེ་ཡང་རྣམ་དབྱེ་བརྒྱད་པ་བོད་པའི་རྣམ་དབྱེའི་མཐར་སྦྱར་བ་ལེགས་སྦྱར་ལས་བྱུང་བ་ཡིན་ཚུལ་གསུངས་པ་ལ། ཉིད་ཀྱིས་དེ་སྔོན་མཁས་པར་གྲགས་པ་ཀུན་གྱི་ཞལ་ལས་མ་ཐོན་པའི་ལེགས་བཤད་འཁྲུལ་མེད་དོ་ཞེས་བསྟོད་པའང་སྔ་དྲགས་མེད་དམ་སྙམ་སྟེ། ཝཱ་ཎ་མཐོ་སློབ་ཁང་ནས་དཔར་དུ་བསྐྲུན་པའི་འདུལ་བའི་གླེང་འབུམ་དེབ་གཟུགས་མའི་ནང་དུ་ཡོངས་གྲགས་ལྟར་ལས། ལྷ༑  རྒྱལ་པོ༑ ཞེས་པ་ཞིག་རྙེད་མ་སོང༌། གལ་ཏེ་དཔེ་ཆ་སྣ་རིང་མའི་དཔར་རྙིང་ནང་དེ་ལྟར་ཡོད་ངེས་ཚེ་སྒྱུར་བཅོས་བཏང་འདུག སྤྱིར་ཡིན་ན་དེ་ནི་སྒྱུར་བཅོས་གཏོང་ཡང་མི་འོས་ལ་མི་ནུས་པ་ཞིག་ཀྱང་ཅིས་མིན། དེ་བས་ཉིད་ཀྱིས་ཞིབ་འཇུག་གནང་རྒྱུ་གལ་ཆེའོ།
གལ་ཏེ་དཔེ་རྙིང་ནང་དེ་ལྟར་ཡོད་པ་བདེན་ན་ཡང་ད་དུང་བརྟག་པར་བྱ་བ་འདི་ཡོད་དེ། ཐོག་མར་རིན་ཆེན་སྤུངས་ཤད་དེ་དུས་ནམ་ཙམ་ཞིག་ནས་བྱུང་བ་རྩད་ཆོད་དགོས། གལ་ཏེ་འདུལ་བའི་གླེང་འབུམ་མཛད་པའི་སྐབས་དེ་ཙམ་ཞིག་ནས་འབོད་ཤད་དེ་དར་སྲོལ་བྱུང་བ་ཡིན་ན། རྗེས་མ་རྗེས་མས་ནོར་བ་ཡིན་སྲིད་ཀྱང༌། འདུལ་བའི་གླེང་འབུམ་མ་བརྩམས་པའི་སྔོན་གྱི་བསྟན་བཅོས་རྣམས་སུ་ཐིག་མགོར་གཅོད་མཚམས་ཡི་གེ་གཅིག་ཅན་བྱུང་བའི་རྗེས་སུ་བྲིས་པ་ཙམ་ལས་འབོད་ཤད་དུ་བཀོལ་བ་གཅིག་ཀྱང་མེད་ན་འདུལ་བའི་གླེང་འབུམ་ནང་དུ་བཀོལ་བ་དེ་ཉིད་ནོར་བའམ་ཡང་ན་བསམ་བཞིན་གོ་དོན་གསར་བ་ཞིག་མཚོན་ཕྱིར་སྤྱད་པ་ཡིན་ངེས། གང་ལྟར་ཡང༌། ཐིག་མགོར་ཡི་གེ་གཅིག་བྱུང་བ་རྒྱུ་མཚན་དུ་བྱེད་པ་ལས་འབོད་ཤད་དུ་བཤད་ན་དགོས་པ་དང་རྒྱུ་མཚན་འདུག་པས་དེ་ལྟར་སྤྱོད་ཀྱང་མི་འགྲིགས་པ་ཅི་ཡོད་སྙམ། གལ་ཏེ་འདི་ཉིད་ཐོག་མའི་རྒྱ་རིམ་པ་བདུན་གྱི་ཤད་རྒྱའི་ཁོངས་སུ་ཡོད་ངེས་ན་ལོ་ཙཱ་རིམ་བྱོན་གྱིས་ནོར་བའི་སྐབས་མི་སྲིད་དེ་རྒྱ་རིམ་པ་བདུན་པོ་ཡིག་སྒྱུར་གྱི་རྩ་ཁྲིམས་ལྟ་བུ་ཡིན་པས་སོ། དེ་བཞིན་སྦྲུལ་ཤད་ཀྱང་ཐོག་མའི་ཤད་རྒྱའི་ནང་དུ་ཡོད་མེད་དཔྱད་དགོས་སོ།།

ཅ  ཡིག་མགོའི་རྒྱ་ལ་དོགས་སློང༌།

<<གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་>>ལས། “རྒྱབ་མདུན་མི་འཆོལ་བ་ཡིག་མགོའི་རྒྱ” ཞེས་དང༌། ཉིད་ཀྱིས། “དང་ཀྱོག་ནི་རྒྱབ་མདུན་མི་འཁྲུགས་པ་ཁོ་ནའི་ཆེད་དུ་འབྲི་བ་སྟེ་དང་ཀྱོག་གང་དུ་ཡོད་པ་དེ་ནི་མདུན་ངོས་དང་གང་དུ་དང་ཀྱོག་མེད་པ་དེ་ཉིད་རྒྱབ་ངོས་ཡིན་པ་ཤེས་ཕྱིར་འབྲི་བ་ཡིན།” ཞེས་པར་རྒྱུ་མཚན་ཁུངས་ལུང་ཡོད་སྲིད་ཀྱང༌། དང་ཀྱོག་མེད་ཀྱང་ཤོག་བུའི་རྒྱབ་མདུན་ནོར་བའི་སྐབས་མེད་དེ། སྔར་སྲོལ་དཔེ་ཆའི་མདུན་ངོས་ལ་ཤོག་གྲངས་ཀྱི་གྲངས་འགོད་ཀྱང་རྒྱབ་ངོས་ལ་མི་འགོད་པས་དང༌། གལ་ཏེ་བཀོད་ཀྱང་ཤོག་ངོས་ཀྱི་ཨང་གྲངས་ཉུང་བ་གང་དེ་མདུན་ངོས་དང་མང་བ་དེ་ཉིད་རྒྱབ་ངོས་ཡིན་དགོས་པ་སུས་ཀྱང་ཤེས་པས་སོ། དེས་ན་ཤོག་བུའི་མདུན་ངོས་ཁོ་ན་སྟོན་པའི་ཆེད་དུ་དང་ཀྱོག་འབྲི་བར་ཐག་བཅད་ན་མི་འོས་སྙམ། ཤོག་གྲངས་མི་འཁྲུགས་པ་ཨང་གྲངས་ཀྱི་རྒྱ་ཟེར་བ་ཞིག་སུས་ཀྱང་མ་བཤད་ཀྱང་དོན་དངོས་སུ་འདི་མེད་ན་དང་ཀྱོག་གཅིག་པུས་ཅི་ལ་ཕན། བདག་གིས་ནི་དེ་ལ་ཐུན་མོང་མ་ཡིན་པའི་གུས་བརྩི་དང་རིན་ཐང་ཆེ་བ་མཚོན་པའི་དོན་ཡང་ལྡན་པར་སྙམ་མོ།།

ཆ  གདོང་ཡིག་གི་རྒྱའི་དོགས་སློང༌།

    “གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ་ནི་གླེགས་བམ་དཔེ་རས་ཀྱིས་དཀྲིས་ཤིང་སྟེང་འོག་མ་འཁྲུགས་པ།” ཞེས་པའང་མཚར་མཚར་ཏེ། གླེགས་བམ་དཔེ་རས་ནང་བསྒྲིལ་བ་ནི་སྤྱིར་བཏང་ཅ་ལག་ཅིག་བསྒྲིལ་བ་དང་མི་འདྲ་བར་གཅིག་གྱུར་གྱི་བསྒྲིལ་ཚུལ་སྒྲིག་སྲོལ་ཡོད་པས་སྟེང་འོག་ཇི་ལྟར་འཁྲུགས། དེ་ལས་མཆོད་ཁྲིའི་ནང་སྒྲིག་དུས་ཡི་གེའི་དབུ་ཕར་སྟོན་ཚུར་སྟོན་གང་ཡིན་ནོར་ཡང་སྲིད། གདོང་ཡིག་མེད་ན་དཔེ་ཆ་འཚོལ་དཀའ་ལ་གདོང་ཡིག་ཡོད་ན་གླེགས་བམ་གང་དགོས་འཚོལ་བདེ་བས་གླེགས་བམ་མི་འཁྲུགས་པ་ཞེས་པ་ནི་ཀློག་པ་པོས་གླེགས་བམ་གང་དག་མི་ནོར་བར་འཚོལ་བདེ་བའི་དོན་ནོ།།

ཇ  ཆེ་མགོའི་དོགས་སློང༌།

    “འདི་ཐད་ལ་གུས་ཀྱི་བསམ་ཚུལ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཁོ་ནར་ཆེ་མགོ་འབྲི་རྒྱུ་དང་དེ་ལས་གཞན་པའི་སྐྱེས་ཆེན་དམ་པ་སུ་འདྲ་ཞིག་ཡིན་ཡང་ཆེ་མགོ་མི་འབྲི་བའི་ཕྱག་ལེན་ཞིག་བྱུང་ན་ཤིན་ཏུ་འོས་པས་གཅིག་མཚུངས་ཤིག་བཟོ་ཐུབ་པར་རེ། རྒྱུ་མཚན་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པའི་ཆ་ནས་འདི་ལྟར་བྲིས་པར་འགྲེལ་བཤད་བྱས་ཆོག”ཅེས་པ་ལྷག་བསམ་རྣམ་དག་གི་བསམ་ཚུལ་ཞིག་ལོས་ཡིན་མོད། དེ་ལྟར་ན་བོད་ཀྱི་བརྡ་སྤྲོད་པའི་ཐུན་མོང་སྲོལ་རྒྱུན་མཚོན་རྟགས་ཤིག་ཁྱབ་ཆུང་དུ་བཏང་བ་ཙམ་དུ་མ་ཟད་ད་སྔར་ཆེ་བརྗོད་ཐོབ་དང་འཐོབ་འོས་ཀྱི་ྋསྐྱབས་མགོན་དང༌། ྋསྐྱབས་རྗེ། ྋམགོན་པོ། ྋརྗེ་བཙུན་སོགས་མང་པོ་ཞིག་ལ་གུས་མེད་དང་ལྷག་པར་དེ་དག་གི་རྗེས་འཇུག་པ་མང་པོ་ཞིག་ལ་ཕོག་ཐུག་འགྲོ་ངེས་ཀྱི་ཉེས་འགན་སུས་འཁུར།
ྋསྐྱབས་མགོན་སོགས་ཀྱི་ཆེ་མགོའི་མཚོན་དོན་ནི་འཕགས་ནོར་བདུན་ལྡན་ཞེས་པར་འཐད་ན་ཡང༌། ྋགོང་ས་ྋསྐྱབས་མགོན་ཞེས་པའི་ཆེ་མགོ་གཉིས་ཀྱི་དང་པོ་ནི། གོང་ས་སྟེ་གོང་མའམ་རྒྱལ་པོའི་ཁྲི་སར་བཞུགས་པའི་ཆ་ནས་རྒྱལ་སྲིད་སྐྱོང་བའི་ཕུན་ཚོགས་མཐུན་རྐྱེན་རྒྱལ་སྲིད་སྣ་བདུན་གྱི་དཔལ་དང་ལྡན་པ་མཚོན་པར་གོ་ན་བཟློས་སྐྱོན་མེད་པའི་ཁར་མཚོན་དོན་ཡང་དམིགས་བསལ་འོས་བབ་ལྡན་ནོ། དེ་བས་ྋགོང་ས་ཞེས་པའི་ཆེ་བརྗོད་ཐོབ་ས་ཧ་ཅང་ཉུང་སྟེ། སྔོན་གྱི་དུས་སུ་ཤར་སྐལ་ལྡན་རྒྱ་མཚོ་ཚང་ལ་གོང་ས་ཐམས་ཅད་མཁྱེན་པ་ཞེས་དང༌། ྋགོང་ས་ཆོས་ཀྱི་རྒྱལ་པོ། ྋགོང་ས་མཆོག་ཅེས་ཆེ་བརྗོད་བྱེད་པའང་ཁོང་ཚང་རེབ་གོང་གི་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོར་བཀུར་བའི་ཆ་ནས་ཡིན་སྙམ། ད་ལྟ་ྋགོང་ས་ཞེས་པ་འདི་རྒྱལ་བ་རིན་པོ་ཆེ་ལས་གཞན་སུ་ལའང་འོས་བབ་མེད་ཟེར་ན་འགལ་བ་ཅི་ཡང་མེད་ལ། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཞེས་ཆེ་མགོ་ཉིས་ལྡན་གྱི་གུས་ལུགས་འདིས་ཐུན་མོང་མ་ཡིན་པ་མཚོན་པས་མ་འཐུས་པ་ཅང་མེད་སྙམ་མོ།།

ཉ  ཤད་ཀྱི་རྒྱ་ལས་བརྒལ་བའི་མཚན་གཞིར་དོགས་སློང༌།

    “་་་རྣམ་དཔྱོད་ཀྱིས་ཕོངས་པའམ་ཡང་ན་དགོས་མེད་ཀྱི་དྲན་པ་ཤིན་ཏུ་སྐྱེན་པའི་རྐྱེན་གྱིས་རྒྱ་འདི་དང་བརྒལ་བ་མི་ཉུང་བ་ཞིག་མཐོང་ཡུལ་དུ་སྣང༌། འདི་ནི་གསར་བཤད་དང་ལེགས་བཤད་གཅིག་ཏུ་འཁྲུལ་བའི་ཉེར་ལེན་ཁོ་ན་ལ་བརྟེན་ནས་བྱུང་བར་སེམས་སོ། །དེས་ན་ཆུ་མ་ཡོང་གོང་ནས་རགས་དང༌། རྐྱེན་མ་ཡོང་གོང་ནས་ཟློག་པའི་དཔེ་བཞིན་ད་ལྟ་འདི་རིགས་རྒྱུན་འབྱམས་མ་ཆགས་གོང་ནས་སུན་འབྱིན་གནད་དུ་འཁེལ་བ་ཞིག་བྱེད་མ་ཐུབ་ན་འབྱུང་འགྱུར་རི་ལུག་པ་ཐག་པས་མི་འདུམ་པ་དང་གཉིས་སུ་མེད་པར་འགྱུར་ངེས། དེར་བརྟེན་འདིར་མཚན་གཞི་དང་བཅས་བཤད་ན། ་་་” ཞེས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཆེན་པོ་ཞིག་གིས་ཐོག་དྲངས་ཏེ་ཐོག་མདའ་ཅི་འདྲ་ཞིག་འཕེན་ནམ་སྙམ་པ་ན། སུན་འབྱིན་གནད་དུ་འཁེལ་བ་ཕར་ཞོག སྐྱོན་རགས་པ་ཙམ་ཞིག་ཀྱང་གླེང་རྒྱུས་ཕོངས་ཏེ་ཐད་ཀར་ཤད་རྒྱ་ལས་བརྒལ་བའི་མཚན་གཞི་འགའ་ཙམ་བཞག་པ་དེ་ནི། འབྲུག་ངར་སྐད་ཆེ་བའི་ཚོད་ཀྱིས་ཆར་འབབ་རྒྱུ་མ་བྱུང་བའི་དཔེ་རུ་གྱུར་འདུག་གོ
ཉིད་ཀྱིས་དཔེ་མཚོན་དུ་བཀོད་པའི་ནང༌། “བྱེ་བྲག་ཚིགས་བཅད་ཀྱི་རྐང་མཐར་ཉིས་ཤད་འབྲི་དགོས་པ་དེ་མཁས་བླུན་ཀུན་ལ་རླུང་ལྟར་གྲགས་ཀྱང་འགའ་ཞིག་གིས། ཚིགས་བཅད་ཀྱི་རྐང་པ་བཞི་པ་ཁོ་ནར་ཉིས་ཤད་ལས་རྐང་པ་དང་པོ་གསུམ་ལ་ཆིག་ཤད་ཀྱིས་ཆོག་པར་བྱས་པ་དང༌། ཡང་འགའ་ཞིག་གིས་ཚིགས་བཅད་ཐ་མའི་རྐང་པ་ཐ་མ་ལས་ཚིགས་བཅད་གོང་མའི་ཚིགས་རྐང་ཚང་མར་ཆིག་ཤད་ཀྱིས་ཆོག་པར་བྱས་པ་དང༌། ཡང་འགའ་ཞིག་གིས། ཚིགས་བཅད་ཀྱི་རྐང་པ་ཚང་མར་ཆིག་ཤད་ཀྱིས་ཆོག་པར་བྱས་པ་རྣམས་ནི་ཤད་ཀྱི་རྒྱ་ལས་བརྒལ་བའི་མཚན་གཞི་ཡིན་ནོ།།”ཟེར་བ་བདེན་ཏེ། འདི་ཚང་མ་ངེད་ཅག་རྩོམ་སྒྲིག་པས་ཆེད་དུ་བཟོས་པ་ཤ་སྟག་ཡིན་པས་ཉེས་འགན་ཅི་ཞིག་ཡོད་ཀྱང་ངེད་ཅག་གི་མགོར་དང་བས་ལེན་པར་བྱའོ།
བདག་ཅག་གིས་ཡིག་སྲོལ་གྱི་ཁྲིམས་རྒྱ་ལས་བརྒལ་ནས་བསམ་བཞིན་ཉེས་པ་མ་ཡིན་པའི་ཉེས་མིང་ཞིག་ཁུར་བར་བློ་འགྱོད་གང་ཡང་མེད། ཁྲིམས་སྲོལ་དེ་དག་སྐབས་ངེས་ཅན་ཞིག་ལ་དགོས་དབང་གིས་བཟོས་པ་ཡིན་པས་སྐབས་གང་ཞིག་ལ་མི་མཁོ་པའི་དུས་སུའང་ང་ཚོས་དེ་དག་འདོར་འོས་ལ་ཡང་ན་བསྒྱུར་དགོས། འདི་ནི་དུས་དང་མཐུན་པའི་བཅོས་སྒྱུར་ཞིག་གི་སྔོན་འགྲོར་ཡང་བརྩི་ཆོག ཆེས་ཐོག་མའི་ཡིག་རྙིང་རྣམས་སུ། བཅད་ལྷུག་གཉིས་ལ་ཁྱད་པར་མེད་པར་ཆིག་ཤད་ཁོ་ན་ཅན་དང༌། གཉིས་ཀ་ཅན་ཅི་རིགས་པ་བྲིས་ཡོད། བར་སྐབས་ཤིག་ནས་ཚིགས་བཅད་མཐའ་ལ་ཉིས་ཤད་ཐོབ་དགོས་པའི་ཁྲིམས་ཡིག་ཅིག་བཟོས་པ་ནས་ཚང་མས་བརྩི་སྲུང་གནང་ཡོད། དགོས་པ་ནི་ཚིགས་བཅད་ཡིན་པ་མཚོན་ཕྱིར་ཟེར་ཡང༌། དོན་དངོས་སུ་ཚིགས་བཅད་ཡིན་མིན་ནི་ལྟ་ཀློག་ཙམ་གྱིས་ཀྱང་ཤེས་ཐུབ་པས་དེ་འདྲའི་གལ་ཆེན་ཞིག་ཅི་ལ་ཡིན། ཡང་དབུ་མེད་སྐབས་སུ་ཚིགས་བཅད་ལའང་ཆིག་ཤད་ཙམ་དང༌། ལྷུག་མ་ལ་མཇུག་བར་ཤད་གཅིག་ཀྱང་མི་འབྲི། དེ་ཅིའི་ཕྱིར་ཁྲིམས་ལས་མ་བརྒལ་བ་ཡིན་ནམ་ཞེ་ན། དབུ་མེད་ནི་སྟབས་བདེ་དང་མཛེས་རིས་ཀྱི་ཡི་གེ་ཡིན་པས་ཤད་ཀྱང་སྟབས་བདེ་རུ་དང་མང་ན་མི་མཛེས་པས་དོར་ཅེས་བཤད་འོས་པ་འདྲ། གང་ལྟར་ཚིག་རྐང་མི་འཁྲུགས་པ་ལ་ཆིག་ཤད་ཀྱིས་མ་འཐུས་པ་ཡང་ཅི་ཞིག ལྷག་པར་དུས་རབས་འདིར་ང་ཚོའི་དཔེ་སྐྲུན་གྱི་ལག་རྩལ་ལྡབ་དུ་མས་ཡར་རྒྱས་འགྲོ་བཞིན་པ་དང་མཉམ་དུ། ང་ཚོས་འདོར་འོས་པ་དང་ལེན་འོས་པ་ཡང་མང་ཙམ་ཡོད་ངེས། དཔེར་ན། ཚིགས་བཅད་རྣམས་ཀྱང་སྔར་དང་མི་འདྲ་བར་ཚིག་རྐང་རེ་རེ་ཕྲེང་འབེབ་བྱས་ནས་བསྒྲིགས་དུས། ཚིགས་བཅད་ཡིན་པ་ཟུར་ཙམ་མཐོང་བས་ཀྱང་ཤེས་ཐུབ། དེས་ན་ཉིས་ཤད་ཀྱི་ཐོག་མའི་དགོས་པ་ལྷག་པར་ཞན་པར་གྱུར་པས་མེད་ཀྱང་ཅི་ལ་གནོད། འོན་ཀྱང་ཤད་འདིར་རྩོམ་ལུས་དང་འབྲེལ་ཚེ་མཛེས་རྒྱན་གྱི་ཁྱད་ཆོས་ཤིག་ཀྱང་ཡོད་པར་མཐོང་བས། དེ་ཡང་དགོས་པ་ཞིག་ཅིས་མིན། དགོས་པ་དེ་དང་མཉམ་དུ་ཉིས་ཤད་ཅིག་གིས་གྲོལ་བའི་ཚིགས་བཅད་གཅིག་ཚར་བའམ།(བདག་གི་སྙན་ཚིག་པད་དཀར་ཚོམ་བུའི་ཚིགས་བཅད་རེ་རེ་ནི་གྲོལ་བའི་ཚིགས་བཅད་འབའ་ཞིག་ཡིན་པས་ཚིགས་བཅད་གོང་འོག་གཅིག་གཅིག་ལ་ལྟོས་མི་དགོས་པའི་པད་དཀར་རྐང་རེ་རེ་དང་འདྲའོ) ཡང་ན་ཚིགས་བཅད་རྩོམ་ཡིག་ཆ་ཚང་ཞིག་རྫོགས་པའི་དོན་ཡང་བསྟན་པས་ན། བདག་གི་ཉིས་ཤད་ལ་ད་དུང་དགོས་དོན་ལྷག་མ་ཞིག་ཡོད་པར་གྱུར་པ་མ་ཡིན་ནམ།(ཚིགས་བཅད་ཀྱི་རྐང་པ་ཚང་མར་ཆིག་ཤད་ཀྱིས་ཆོག་པར་བྱས་པ་ཟེར་བ་དེ་ནི་རྩོམ་ཡིག་དེ་གཅིག་པུའི་མཐའི་ཤད་གཅིག་ཆད་པ་ལས་གཞན་དག་ཚང་མ་གཅིག་པ་ཡིན། )དེ་བཞིན་དུ། བདག་གིས་ཚིག་ལྷུག་རྩོམ་ཡིག་གི་མཇུག་གམ། དོན་ཚན་བྱེ་བྲག་པ་ཞིག་ཚར་བའི་རྗེས་སུའང་ཉིས་ཤད་འབྲི་བཞིན་པ་འདིས་རྫོགས་པའི་དོན་སྟོན་པ་ལགས་སོ། གཞན་ཡང་གོ་སོགས་སྐབས་དོན་ཙམ་གྱི་རྫོགས་ཚིག་མཐའ་ལ་ཉིས་ཤད་ཟེར་བ་ཡང་དགོས་པ་མེད་དེ། རྫོགས་ཚིག་རང་གིས་རྫོགས་པའི་དོན་མཚོན་པས་སོ། ལེའུའི་མཚམས་སུ་བཞི་ཤད་ཅེས་པའང་འདི་དང་འདྲ། ཡིན་ན་ཡང་རྫོགས་ཚིག་དང་ས་བཅད་མ་བཀོད་པར་ཐད་ཀར་ཉིས་ཤད་དང་བཞི་ཤད་བྲིས་པར་དགོས་པ་ཡོད་དོ།
བདག་གིས་ལྟ་ཚུལ་དེ་འདྲ་ཞིག་བཟུང་ནས་ཤད་རྒྱག་སྟངས་གསར་བའི་ལམ་བུ་ཞིག་འཚོལ་བཞིན་པར་ད་དུང་ཡང་ཁུངས་ལུང་རྒྱུ་མཚན་གང་ཡང་མི་འདུག་སྙམ་ན། ༵གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིགཀལས། “དེ་ཡང་ལེགས་སྦྱར་ལ་ཚིག་ལྷུག་གཅོད་མཚམས་སུ་ཤད་རེ་དང༌། ཚིགས་བཅད་ཐུང་ངུ་ཡིན་ན་རྐང་པ་དང་པོ་གཉིས་མཉམ་དུ་བྲིས་ནས་ཤད་གཅིག་དང༌། ཡང་ཚིགས་བཅད་རིང་པོ་ཡིན་ན་རྐང་པ་དང་པོ་གསུམ་གྱི་མཐར་ཤད་གཅིག་རེ་བྲིས་པ་དང༌། རྐང་པ་བཞི་པའི་མཐར་ཤད་གཉིས་བྲིས་པ་ཡིན། དེར་བརྟེན་ལེགས་སྦྱར་ཚིགས་བཅད་ལ་རྐང་པ་ཐ་མའི་མཐར་ཤད་གཉིས་རེ་དགོས་ཟེར་བ་དང་བོད་སྐད་དུ་གོ་ལོག་བྱུང་བའམ་དམིགས་བསལ་གྱི་རྐང་པ་རེ་རེའི་མཐར་གཉིས་རེ་བྲིས་པ་ཡིན།” གསུངས་པ་འདིས་ཁྱེད་ཅག་ལ་བསམ་གཞིགས་གསར་པ་ཞིག་གི་སྒོ་མོ་ཅིས་ཀྱང་འབྱེད་ངེས་པའི་རེ་བ་ཆེའོ། གཞན་ཡང་ཉིད་ཀྱིས། ཤད་ཀྱི་རྒྱ་ལས་བརྒལ་ཚུལ་ལ་ཧ་ཅང་མ་འདོད་པའི་སྐྱོན་བརྗོད་དང་བཅས། “ཚིག་མཛོད་ཆེན་མོ་དེར། གཏམ་གླེང་བ གཏམ་རྒྱུད སོགས་བཀོད་ཡོད་པས” ཞེས་མཚན་གཞི་ཙམ་བཀོད་པ་དེ་དང་དེ་འདྲའི་རིགས་ནི། ཕལ་ཆེར་རང་མོས་སྙན་དངགས་རྣམས་ཀྱི་འབྲི་སྲོལ་ཞིག་ཏུ་གྱུར་ནས་བོད་ཕྱི་ནང་གཉི་གར་དར་ཅིང་ཁྱབ་ནས་རིང་ཙམ་ཡིན་པས། ད་ནི་ཆུ་མ་ཡོང་གོང་ནས་རགས་ཀྱི་དུས་ལས་འདས་ཏེ་རི་ལུག་པ་ཐག་པས་མི་འདུམ་པའི་སྐབས་ལགས་པའང་མཁྱེན་པར་མཛོད་ཅིག །
སྨྲས་པ།    ཁྲིམས་དང་ལུགས་སྲོལ་གནས་མིན་དགོས་མཁོར་ཐུག དགོས་མཁོ་ཡོད་མེད་ལག་ལེན་དངོས་ཀྱིས་བལྟ།
རྙིང་ཞེན་གསར་དགའ་མ་ཡིན་གཟུ་བོའི་བློས།  དྲང་བོར་དཔྱོད་པ་མཁས་པའི་ཚད་ཐིག་གཅིག
རྙིང་པ་རྙིང་པའི་སྲོལ་དུ་བཞག་ཀྱང་འཚེངས། རྙིང་པས་གསར་ཚབ་བྱེད་དགོས་ཅི་ཡང་མེད།
གསར་པས་གསར་སྲོལ་བཟང་པོ་བཏོད་ཀྱང་འཚེངས། གསར་པས་རྙིང་པར་བཅོས་ཀྱང་ཅི་ཞིག་ཡོད།།

(རྩོམ་ཡིག་འདིའི་ཤད་ཀྱི་འགྲོ་ལུགས་རྩོམ་པ་པོའི་ཞེ་འདོད་ལྟར་བཀོད་པ་ལས། དུས་དེབ་འདིའི་རྩོམ་ཡིག་སྤྱིའི་འགྲོ་ལུགས་ལྟར་བཀོད་མེད་པས་ཐུགས་སྣང་མཛོད། རྩོམ་སྒྲིག་པས།)